གོ་ལ་སྤྱིའི་བཟང་སྤྱོད་ལ་བརྟེན་ནས་ཞི་བདེ་སྤེལ་བ།

Uv promoting peace

དེ་སང་སེམས་ཀྱི་འཕྲོད་བསྟེན་དང་འབྲེལ་བའི་དཀའ་ངལ་གྱི་རིགས་ཡོད་མཁན་གཞོན་སྐྱེས་ཀྱི་གྲངས་འབོར་དེ་མྱུར་པོར་མང་དུ་འགྲོ་བཞིན་ཡོད། འདི་ནི་དེང་དུས་འཛམ་གླིང་གི་དཀའ་ཉེན་ཆེ་ཁག་ཅིག་ཡིན་པ་རེད། འདི་ལ་བརྟེན་ནས་དཀའ་ངལ་རྣམས་ཇི་ལྟར་སེལ་དགོས་པའི་དྲི་བ་འབྱུང་གི་ཡོད། 

ང་ཚོས་ཆོས་ལུགས་ཀྱི་མིང་བཀོལ་སྤྱོད་བྱས་ནས་དམག་འཁྲུག་དང་། རྩོད་རྙོག་གི་རིགས། འཇིགས་སྐུལ་རིང་ལུགས་ཀྱི་འཐབ་རྒོལ་སོགས་མང་པོ་ཞིག་འབྱུང་བཞིན་པ་མཐོང་གི་ཡོད། ༧གོང་ས་མཆོག་འགྲུལ་བཞུད་ལ་ག་དུས་གནང་ནའང་། ཤེས་ཡོན་དོན་གཉེར་ཅན་དང་། སྤྱི་ཚོགས་ཞབས་ཞུ་བ། སྨན་དཔྱད་ལ་མཁས་པའི་མི་ཚང་མས་དྲི་བ་གཅིག་རང་འདྲི་གི་ཡོད་པ་ནི། འཛམ་གླིང་གི་དཀའ་ངལ་དེ་གང་རེད་དམ་ཞེས་པ་དེ་རེད། འཛམ་གླིང་འདི་འཇིགས་སྐུལ་རིང་ལུགས་དང་། ལྐོག་ཟ་རུང་སུངས། ཕོ་མོའི་དབྱེ་འབྱེད། དབུལ་ཕྱུག་དབར་གྱི་སྟོང་ཆ། དེ་ག་ནང་བཞིན་གཞོན་སྐྱེས་ཚོའི་སེམས་ཀྱི་དཀའ་ངལ་ལྟ་བུ་གཉན་འཕྲང་ཅན་གྱི་དུས་ཚོད་ནང་འགྲོ་བཞིན་ཡོད། དེང་སང་སེམས་ཀྱི་འཕྲོད་བསྟེན་དང་འབྲེལ་བའི་དཀའ་ངལ་གྱི་རིགས་ཡོད་མཁན་གཞོན་སྐྱེས་ཀྱི་གྲངས་འབོར་དེ་མྱུར་པོར་མང་དུ་ཕྱིན་ཏེ། དེ་ནི་དཀའ་ཉེན་ཆེ་ཁག་ཅིག་ཏུ་གྱུར་ཡོད། དེར་བརྟེན་ང་ཚོས་དཀའ་ངལ་དེ་དག་ཇི་ལྟར་སེལ་ཐུབ་བམ། 

སེམས་ཀྱི་འཕྲོད་བསྟེན་དང་འབྲེལ་བའི་དཀའ་ངལ་གྱི་རིགས་ལ་མཚོན་ན། དེང་དུས་ཀྱི་ཤེས་ཡོན་ནི་དཀའ་ངལ་དེའི་སེལ་བའི་ཆེད་དུ་ཡིན་ནའང་། ད་དུང་དཀའ་ངལ་དེ་དག་མང་དུ་འགྲོ་བའི་རྒྱུ་མཚན་གང་ཡིན་པའི་དྲི་བ་དེ་འདྲི་དགོས་ཀྱི་ཡོད། དཀའ་ངལ་ངོ་མ་དེ་གང་རེད་དམ། དཀའ་ངལ་དེ་ཇི་ལྟར་འབྱུང་གི་ཡོད་དམ། འདི་ནི་༧གོང་ས་མཆོག་ལ་ནམ་རྒྱུན་མི་རྣམས་ཀྱིས་འདྲི་བའི་དྲི་བ་ཡོངས་གྲགས་ཤིག་རེད། དེ་ལ་༧གོང་ས་མཆོག་ནས་ཐེ་ཚོམ་བྲལ་བའི་སྒོ་ནས། དེ་ནི་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ཀྱི་ནང་སྐྱོན་དང་ནོར་འཁྲུལ་ཞིག་ཡོད་པའི་རྒྱུ་མཚན་གྱིས་རེད་ཅེས་གསུང་གི་ཡོད། སྐྱོན་དང་ནོར་འཁྲུལ་དེ་གང་རེད་ཅེ་ན། ང་ཚོའི་ཤེས་ཡོན་གྱི་ལམ་ལུགས་དེ་གཙོ་བོ་རྣམ་དཔྱོད་ཀྱི་རྩལ་གོང་འཕེལ་གཏོང་ཆེད་དུ་བཟོ་བཀོད་བྱས་ཡོད། འཛིན་གྲྭའི་ནང་། གལ་ཏེ་ང་ཚོས་གཉིས་ཀྱི་སྟེང་ལ་གཉིས་བསྡོམས་ན་བཞི་རེད་ཅེས་བརྗོད་ན། ང་ཚོ་ཡིག་རྒྱུགས་འཕྲོད་ཀྱི་ཡོད། ང་ཚོའི་སེམས་རྒྱུད་ལ་ཡོད་པའི་སེམས་པ་ཧ་ཅང་བཟང་པོ་དང་། གཞན་ཕན་གྱི་ལྟ་བ། ཡིད་དབང་འགུགས་ནུས་ཀྱི་ཁྱད་ཆོས་ལ་བརྟེན་ནས་ང་ཚོས་གཉིས་ལ་གཉིས་བསྡོམས་ན་བཞི་རང་ཆགས་ཀྱི་རེད་ཅེས་བརྗོད་ན། ང་ཚོ་ཡིག་རྒྱུགས་འཕྲོད་ཀྱི་མེད། སུས་ཀྱང་སེམས་བཟང་པོ་ལ་བརྩི་འཇོག་མི་བྱེད་པར། ཀླད་པ་ཁོ་ནར་ཡིད་རྟོན་ཆ་འཇོག་བྱེད་ཀྱི་ཡོད། 

འདི་ནི་ལས་འགན་གང་ཡིན་པ་དེ་རེད། ཀླད་པ་གཅིག་པུ་ཡར་རྒྱས་གཏོང་བ་དེས་འཛམ་གླིང་ནང་བདེ་སྐྱིད་སྐྲུན་པའམ། ཡང་ན་འགྲོ་བ་མིའི་ཁྲོད་དུ་ཡིད་ཆེས་དང་། བྱམས་པ། སྙིང་རྗེ་འབྱུང་གི་རེད་ཅེས་ཁག་ཐེག་བྱེད་མི་ཐུབ། དོན་ངོ་མའི་ཁ་ཡོད་ལག་ཡོད་ཀྱི་ཆ་ནས་འགྲོ་བ་མིའི་རིགས་ཀྱི་རང་གཤིས་དེ་ཞི་བདེ་དང་འཆམ་མཐུན་ཆེ་བ་ཡོང་བའི་རྒྱབ་ཀྱི་སྐུལ་རྐྱེན་དེ་གང་ཡིན་སྲིད་དམ། དེ་ནི་ང་ཚོ་འགྲོ་བ་མིའི་སེམས་འདི་ཡིན་པ་རེད། 

འཛམ་གླིང་འདི་སེམས་དང་ནང་འགྲིགས་མི་བྱེད་པའི་སྒོ་ནས་གོང་འཕེལ་འགྲོ་ཐུབ་པར་ངེས་བརྟན་བཟོ་བར། ཤེས་རབ་དེའང་དགོས་གལ་ཞིག་རེད། ཤེས་རབ་དང་སེམས་སམ་སྙིང་གཉིས་པོ་གཅིག་ཕན་གཅིག་གྲོགས་ཐོག་འགྲོ་དགོས་ཀྱི་ཡོད། འདི་སེམས་ལ་བཅངས་པའི་ཐོག་བཟང་སྤྱོད་དང་བསླབ་ཁྲིམས་ཀྱི་མཚོན་རྟགས་ཤིག་ཡིན་པའི་ཆ་ནས་གོ་ལ་སྤྱི་ལ་ཁྱབ་པ་དེ་གང་རེད་ཅེ་ན། དེ་ནི་སྙིང་རྗེ་ཅན་གྱི་སེམས་འདི་ཡིན་པ་རེད། འདི་ནི་ཆོས་ལ་དད་པ་ཡོད་མཁན་ཡིན་ནའང་འདྲ། ཆོས་དད་ཅན་ཡིན་ནའང་འདྲ། ཤེས་ཡོན་ཅན་དང་ཡིག་རྨོངས་ཅན་གང་ཡིན་ནའང་འདྲ་སྟེ། ཁྱད་པར་མེད་པར་སུས་ཀྱང་ཁས་མི་ལེན་པ་མི་བྱེད། མི་ཚང་མ་རང་ཉིད་ལ་བྱམས་བརྩེ་དང་སེམས་འཁུར་བྱེད་མཁན་དེ་ལ་དགའ་པོ་དང་ཡི་རང་བྱེད་ཀྱི་ཡོད། བཟང་སྤྱོད་ཀྱི་རྩ་བ་ནི་སྙིང་རྗེ་སྟེ། གཞན་དོན་དུ་བྱམས་པ་དང་སྙིང་རྗེ་དགོས་རྒྱུ་དེ་ཡིན་པ་སེམས་ལ་བཅང་དགོས། 

དེའི་རྗེས་ལ་ང་ཚོས་གང་བྱེད་ཐུབ་པ་དང་འདི་གོང་འཕེལ་ཇི་ལྟར་གཏོང་ཐུབ་བམ་ཞེས་པའི་དྲི་བ་དེ་རེད། ཐོག་མར་འཛམ་གླིང་གང་སར་ཡོད་པའི་བསྟི་གནས་ཁང་དེ་དག་གིས་རོགས་བྱེད་ཐུབ། དཔེ་ཆ་བཞག་ན། འདི་ག་ལྡི་ལིར་རཱ་མ་ནུ་ཇན་མཐོ་སློབ་ཏུ་ཡོད་པའི་བཟང་སྤྱོད་དང་རིན་ཐང་གི་བསྟི་གནས་ཁང་གི་ནང་། གོ་ལ་སྤྱིའི་བཟང་སྤྱོད་ཀྱི་རྣམ་གཞག་གོང་འཕེལ་གཏོང་བའི་ཕྱིར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གཟིགས་སྐྱོང་འོག་ལས་གཞི་ཧ་ཅང་རྒྱ་ཆེན་པོ་ཞིག་གོ་སྒྲིག་བྱས་ཡོད་པ་ལྟ་བུ་རེད། 

གཞན་རྣམས་སྙིང་རྗེ་ཅན་དུ་འགྱུར་བར་ཐབས་ལམ་གང་ཞིག་གི་ཐོག་ནས་སེམས་སྐུལ་བྱེད་ཐུབ་བམ་ཅེས་ང་ཚོས་དེའི་ཐད་ལ་བསམ་བློ་གཏོང་དགོས་ཀྱི་ཡོད། དེའང་ཆོ་ག་དང་གསོལ་མཆོད་ཀྱི་རྣམ་པ་ཞིག་མིན་པར། དེ་ལས་ལྡོག་སྟེ། བསམ་བློ་གུ་ཡངས་དང་གོ་ཤེས་ཅན་དེ་བཞིན་བྱམས་བརྩེའི་རྣམ་པར་ངེས་པར་དུ་ཡིན་དགོས་པའི་ཐད་ལ་བསམ་བློ་གཏོང་དགོས། ང་ཚོས་འཛམ་གླིང་ནང་འགྱུར་བ་མངོན་གསལ་དོད་པོ་གཏོང་མི་ཐུབ་པ་སྲིད་ནའང་། མ་མཐར་ཡང་སོ་སོའི་ཉེ་འཁོར་དུ་ཡོད་པའི་སྙིང་རྗེ་དང་ལྡན་པའི་སྒོ་ནས་བྱ་བ་བསྒྲུབ་ཐུབ་ངེས་ཀྱང་། དེ་ལྟར་བྱ་རྒྱུའི་བསམ་བློ་མེད་སྲིད་པའི་མི་རྣམས་ལ་ཤུགས་རྐྱེན་སྤྲོད་ཐུབ། ང་ཚོས་གཞན་ལ་ཤུགས་རྐྱེན་ཇི་ལྟར་སྤྲོད་ཐུབ་བམ། གལ་ཏེ་ང་ཚོ་འཛམ་གླིང་ལ་ཤུགས་རྐྱེན་སྤྲོད་ཐུབ་མཁན་གྱི་མི་རྣམས་དང་ཐུག་འཕྲད་མ་ཐུབ་པ་ཡིན་ན། མ་མཐར་ཡང་ང་ཚོས་ལྷག་དོན་དུ་གཞོན་སྐྱེས་ཚོའི་ཁྲོད་དུ་མི་གཞན་དག་སུ་ཡིན་མིན་ལ་མ་ལྟོས་པར། སྙིང་རྗེའི་གལ་གནད་སྐོར་གྱི་གཏམ་དེ་ཁྱབ་སྤེལ་ཇི་ལྟར་གཏོང་ཐུབ་པའི་ཐད་ལ་བརྟག་ཞིབ་བྱེད་དགོས། གང་ལྟར་ཡང་། མ་འོངས་པའི་རེ་བ་ནི་དེང་སང་གི་གཞོན་སྐྱེས་ཚོར་རག་ལུས་ཡོད།།

Top