ཚུལ་ཁྲིམས་ཞེས་པ་ནི་མི་ཚེ་བདེ་སྐྱིད་དང་ལྡན་པ་ཞིག་བསྐྲུན་པ་ལ་ང་རང་ཚོའི་སྤྱོད་ལམ་ལ་བཟོ་ལྟ་འདྲ་པོ་བཟོ་བར་བྱེད་པའི་བཟང་སྤྱོད་རིན་ཐང་གི་ལམ་ལུགས་ཤིག་ཡིན། ཚུལ་ཁྲིམས་དང་ལྡན་པའི་སྒོ་ནས་ང་རང་ཚོ་དྲང་པོར་འཚོ་བ་དང་། རང་ཉིད་ཀྱི་ཉེ་འཁོར་དུ་གནས་པ་རྣམས་ལ་ཡིད་ཆེས་དང་ཕན་ཚུན་འཆམ་མཐུན་གྱི་ལམ་ཕྱོགས་སྟོན་པ་ཡིན། ཚུལ་ཁྲིམས་ནི་བདེ་སྐྱིད་ཀྱི་གཞི་རྩ་དེ་ཡིན།
སངས་རྒྱས་པའི་ཆོས་ལས་བྱུང་བའི་ཚུལ་ཁྲིམས། །
སངས་རྒྱས་པའི་ཆོས་ཀྱི་ནང་དུ་ཚུལ་ཁྲིམས་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ལ་གཞིར་བཅོལ་ཡོད་དེ། ང་ཚོས་བློ་གྲོས་བེད་སྤྱོད་བཏང་ནས་འཛད་མེད་ཀྱི་བདེ་སྐྱིད་དེ་དང་བསྐྱར་ལྡབ་ཡང་ལྡབ་ཀྱི་འབྱུང་བའི་དཀའ་ངལ་གཉིས་རྒྱུ་ག་རེ་ལ་བརྟེན་ནས་བྱུང་བ་ཡིན་མིན་དབྱེ་འབྱེད་གཏོང་གིས་ཡོད། འདི་ནི་དོ་སྣང་རྩ་ནས་མེད་པར་སྒྲིག་གཞིའི་རེའུ་མིག་ལ་གུས་བརྩི་དང་ལེན་བྱེད་པ་ཞིག་མ་ཡིན་པར། ཚུལ་ཁྲིམས་རྩ་འཛིན་ལམ་སྟོན་གྱི་རྗེས་སུ་འབྲང་པ་དེ་རྒྱུ་མཚན་རིགས་པ་དང་ལྡན་པ་ཞིག་ཡིན་པར་ར་སྤྲོད་བྱུང་བ་དེ་ཡིན།
གལ་ཏེ་ང་རང་ཚོ་སོ་སོ་རང་ཉིད་ལ་དངོས་གནས་གཅེས་སྐྱོང་ཡོད་ན། ང་རང་ཚོས་སྤྱོད་ཚུལ་གང་འདྲ་ཞིག་སྟོན་དགོས་པའི་ཐད་ལ་བློ་གྲོས་དང་ལྡན་པའི་ཐག་གཅོད་བྱེད་པ་ལ་དོན་དག་ཅིག་ཡོད་པ་ཡིན། ཚང་མ་བདེ་སྐྱིད་འདོད་པ་དང་། བདེ་སྐྱིད་འདོད་པ་ལ་འོས་བབ་ཡོད་པ་ཞིག་ཡིན། དེའི་ནང་སོ་སོ་རང་ཉིད་ཀྱང་ཚུད་བསྡད་ཡོད། ༼བདེ་སྐྱིད་ཅེས་པ་དེ་ག་རེ་ཡིན་ནམ་ཞེས་པར་གཟིགས།༽ རང་ཉིད་རང་ལ་རིན་ཐང་མཐོང་བའི་བསམ་བློའི་ཁྱེར་སོ་དེས། རང་ཉིད་ཆེ་མཐོང་དང་གཟི་བརྗིད་ཀྱི་ཕྱོགས་སུ་འཁྲིད་པ་དང་ཆབས་ཅིག་རང་མཐོང་ཆུང་ཆུང་དེས་བཟང་སྤྱོད་ལ་སྣང་མེད་རྒྱ་ཡན་དུ་ཤོར་བའི་བློའི་ཁྱེར་སོ་ཞིག་གི་ཕྱོགས་སུ་འཁྲིད་པ་ཡིན། རང་ཉིད་ལ་ཆེ་མཐོང་དང་གཟི་བརྗིད་ཡོད་པའི་ཐོག་རང་སོ་སོ་ལ་གུས་པ་གཏིང་ནས་ཡོད་པས། བཟང་སྤྱོད་མ་ཡིན་པའི་ལས་ཀ་ལ་ཐུར་འབབ་བྱ་ནམ་ཡང་མི་བྱེད་ཅིང་། དེ་ནི་ཡང་དག་པ་ཞིག་ཚོར་གྱི་མེད།
ཆོས་ཀྱི་ཚིགས་སུ་བཅད་པའི་མེ་ཏོག་གི་ལེའུ། ཤློ་ཀ་ཞེ་དགུ་པ་ལས། ཇི་ལྟར་བུང་བས་མེ་ཏོག་གི །ཁ་དོག་དྲི་ལ་མི་གནོད་པར། སྦྲང་རྩི་བླངས་ཏེ་འབྲོས་བྱེད་པ། །དེ་བཞིན་ཐུབ་པ་གྲོང་དུ་རྒྱུ། །ཞེས་གསུངས་སོ།།
ག་རེ་ཡིན་ན་ཡིན་བསམ་པའི་ལྟ་སྟངས་ཀྱི་གཤིས་ལུགས་དེས། རྒྱང་ཐག་རིང་བ་དང་ཁེར་རྐྱང་སེམས་ངལ་ཁོ་ནའི་ཚོར་བའི་ཕྱོགས་སུ་འཁྲིད་པ་ཡིན། ཚུལ་ཁྲིམས་དང་ལྡན་པའི་གནད་དོན་དེས། དེ་འདྲ་བའི་ལྟ་སྟངས་ལས་ཐར་བ་བྱེད་པ་ཡིན། དེ་ལྟར་མི་ཚེ་བདེ་སྐྱིད་དང་གྲུབ་འབྲས་ལྡན་པ་ཞིག་ཡོང་བའི་གཞི་རྩ་ཡིད་ཆེས་དང་ཕན་ཚུན་གྲོགས་འདྲིས་བརྟན་པོ་ཞིག་བསྐྲུན་པ་ཡིན།
རྒྱུ་མཚན་རིགས་པ་ལ་གཞིར་བཅོལ་བའི་ཚུལ་ཁྲིམས་དང་སྡོམ་པ། །
སངས་རྒྱས་པའི་ཆོས་ཀྱི་ཉམས་ལེན་དེ་སྤྱིར་བཏང་མི་སོ་སོའི་བསམ་བློའི་ནུས་རྩལ་ལ་གཞིར་བཞག་ཡོད། གལ་ཏེ་ང་རང་ཚོ་གཞན་གྱི་ཕྱོགས་སུ་ཁོང་ཁྲོ་དང་ང་རྒྱལ་བྱེད་དེ་རང་འདོད་དོན་གཉེར་གྱི་བསམ་བློ་འཁྱེར་བསྡད་པ་ཡིན་ན། སོ་སོ་རང་ཉིད་ཀྱི་མི་ཚེ་དེ་ཞི་བདེ་དང་སྐྱིད་པོ་ཞིག་ཡོང་བ་ལ་ང་ཚོས་རེ་བ་གང་འདྲ་སེ་བྱེད་ཐུབ་བམ།
སངས་རྒྱས་པའི་ཆོས་ནས་སྡོམ་པའམ་སྲུང་བྱའི་རིམ་པ་མི་འདྲ་བ་མང་པོ་བླང་ཆོག་པར་གསུངས་ཡོད། དཔེར་ན། བོད་བརྒྱུད་ནང་བསྟན་གྱི་ནང་། དགེ་སློང་རྣམས་ཀྱིས་སྡོམ་ཁྲིམས་ཉིས་བརྒྱ་ལྔ་བཅུ་ང་གསུམ་ ༢༥༣ རྩི་སྲུང་བྱེད་དགོས། དེ་བཞིན་སངས་རྒྱས་པའི་ཆོས་ཀྱི་རྗེས་འབྲང་སྐྱ་བོ་མང་པོ་ཞིག་གིས་ཁྱིམ་པའི་སྡོམ་ཁྲིམས་ལྔ་ལེན་སྲོལ་ཡོད། དེ་རྣམས་ནི།
༡༽ སེམས་ཅན་གྱི་སྲོག་གཅོད་སྤོང་བ།
༢༽ མ་སྦྱིན་པ་ལེན་པ་སྤོང་བ།
༣༽ ལོག་གཡེམ་སྤོང་བ།
༤༽ རྫུན་སྤོང་བ།
༥༽ སྨྱོས་རྫས་༼ཆང་༽སྤོང་བ་བཅས་སོ།།
སྡོམ་ཁྲིམས་འདི་དག་ནི། རང་ཉིད་ཀྱི་མི་ཚེ་ཆོས་དང་མཐུན་པ་ཞིག་ཡོང་བ་ལ་སངས་རྒྱས་པའི་ཆོས་ཉམས་སུ་ལེན་མཁན་རྣམས་ཀྱིས་མ་བསྐུལ་དང་དུ་བླངས་པ་ཡིན། སྒྲིག་ཁྲིམས་འདི་དག་གིས་ང་རང་ཚོ་ལམ་ཁ་ཏག་ཏག་ཅིག་ལ་གནས་པ་ལ་རོགས་བྱེད་པ་མ་ཟད། མི་ཚེ་བདེ་སྐྱིད་དང་གྲུབ་འབྲས་ལྡན་པ་ཞིག་བསྐྲུན་པའི་རྒྱུའང་བྱེད་པ་ཡིན།
༼སྐྱབས་འགྲོ། མི་ཚེའི་ནང་ཉེན་མེད་དོན་དང་ལྡན་པའི་ཁ་ཕྱོགས་ཞེས་པར་གཟིགས།༽
མི་ཚེ་གྲུབ་འབྲས་ལྡན་པ་ཞིག་ཡོང་བ་ལ་ཚུལ་ཁྲིམས། །
མི་ཁ་ཤས་ཀྱིས། མི་ཚེ་གྲུབ་འབྲས་ཐོན་པ་ནི་ང་ཚོ་ལ་རྒྱུ་ནོར་དབང་ཐང་ཕུན་སུམ་ཚོགས་པ་ཡོད་པ་དེ་རེད་བསམ་པ་ཡོད། ང་ཚོ་ལ་དེ་འདྲ་པོ་ཐོབ་པ་ཡིན་ནའང་། ང་ཚོ་ནམ་ཡང་འདོད་པ་མ་ཁེངས་པ་དང་། རྟག་ཏུ་དེ་དག་བོར་བརླག་འགྲོ་ཡོང་བསམ་པའི་སེམས་ནང་ན་ཚ་ཞིག་ཡོང་བ་ཡིན། ང་ཚོ་རྒྱུ་འབྱོར་དབང་ཐང་ཇི་ཙམ་གྱི་མང་བ་ཡོད་པའམ། དམིགས་བསལ་གྱིས་དེ་དག་གཞན་ལས་ཐོབ་པའི་སྐབས་སུ། ང་རང་ཚོས་དགྲ་མང་དུ་བཟོ་གི་ཡོད། མི་གཞན་དག་གིས་རང་ཉིད་ལ་མི་དགའ་བ་བྱེད་པ་དེ་མི་ཚེ་གྲུབ་འབྲས་ཐོན་པ་རེད་ཅེས་སུས་ཀྱང་མི་བཤད། མི་ཚེ་གྲུབ་འབྲས་དང་ལྡན་པ་ནི། ང་ཚོས་གྲོགས་པོ་མང་པོ་བཟོས་བཞག་པ་དང་། མི་ཚང་མ་ང་ཚོ་དང་མཉམ་དུ་འགྲོགས་པའི་སྐབས་སྐྱིད་པོ་ཡོང་བ་དེ་ཡིན། དེརབརྟེན་ང་ཚོ་ལ་རྒྱུ་འབྱོར་དབང་ཐང་ག་ཚོད་ཡོད་ཀྱང་ཁྱད་པར་འགྲོ་གི་མེད། གང་ཡིན་ཞེ་ན། ཕྱིན་ཆད་ག་རེ་འབྱུང་བར་འགྱུར་བ་ལ་གདོང་ལེན་བྱེད་པར་ནུས་པ་སྟེར་བའི་སེམས་ཚོར་གྱི་རྒྱབ་སྐྱོར་དེ་ང་ཚོ་ལ་ཡོད་པ་ཡིན།
ཚུལ་ཁྲིམས་ཀྱི་རྩ་འཛིན་ལམ་སྟོན་དེས། བདེ་སྐྱིད་ཡོང་བ་དང་སྡུག་བསྔལ་ཡོང་བའི་ཀུན་སྤྱོད་ཀྱི་རིགས་རྣམས་སྟོན་པ་ཡིན། ང་རང་ཚོ་དྲང་པོ་དང་གཞན་ལ་བདེ་སྐྱིད་སྟེར་འདོད་ཡོད་སྐབས། མི་རྣམས་ཀྱིས། ཁོ་ཚོ་ལ་བསླུ་བྲིད་དང་དབང་ཡོད་ཐུབ་ཚོད། བཤུ་བཞོག་བྱེད་མི་ཡོང་བའི་ཡིད་ཆེས་བྱེད་པ་ཡིན། ཡིད་ཆེས་འདིས་ང་རང་ཚོ་སུ་དང་ཐུག་ནའང་ཚང་མར་གྲོགས་འདྲིས་ཡོང་བའི་གཞི་རྟེན་བྱེད་པ་ཡིན། ཁོ་ཚོས་སུ་གང་ལ་ཞེད་སྣང་འཚེར་སྣང་མི་དགོས་པ་དེ་ཤེས་ནས། ང་ཚོ་མཉམ་དུ་ཡོད་དུས་ལྷོད་ལྷོད་དང་སྐྱིད་པ་ཡོད། ང་རང་ཚོ་ཡང་སྐྱིད་པ་ཡོང་གི་ཡོད་རེད། ང་ཚོ་མི་གཞན་དག་གི་ཉེ་འགྲམ་དུ་ག་དུས་སླེབས་ན། ཁོ་ཚོ་ཞེད་སྣང་གི་འདར་སིག་རྒྱབ་པའམ། ཁོ་ཚོ་ལ་ཉེན་ཁ་ལས་སྲུང་མཁན་ཞིག་དགོས་པའི་འདོད་པ་སུ་ལ་ཡོད་དེ་མེད། འཛུམ་མུལ་མུལ་གྱི་བཞིན་རས་ལ་ཚང་མས་དགའ་སྤྲོའི་ངང་ནས་བསུ་བ་ཡིན།
འགྲོ་བ་མི་རྣམས་ནི་སྤྱི་ཚོགས་སེམས་ཅན་ཡིན་པས། ང་ཚོ་འཚོ་བར་བྱེད་པ་ལའང་གཞན་གྱི་རོགས་སྐྱོར་དགོས་བསྡད་ཡོད། ང་རང་ཚོ་ཐོག་མར་སྐྱེས་པའི་སྐབས་ཀྱི་རོགས་མགོན་མེད་པའི་ཕྲུ་གུ་མ་སྦྱར་ལྟ་བུ་ཞིག་དང་། རྒས་གསོ་ཁང་གི་སྨན་ཁང་དུ་ལུས་པའི་ནུས་མེད་ཀྱི་རྒས་འཁོགས་ཡིན་པའི་སྐབས་ཙམ་མ་ཡིན་པར། མི་ཚེ་གང་པོར་ང་ཚོ་ལ་གཞན་གྱི་རོགས་པ་དང་གཅེས་སྐྱོང་དགོས་ཀྱི་ཡོད། ང་རང་ཚོ་ལ་སེམས་ཚོར་གྱི་དཀའ་སྡུག་བྱུང་སྐབས། མཛའ་བརྩེ་ལྡན་པའི་གྲོགས་པོ་རྣམས་ནས་ཐོབ་པའི་རྒྱབ་སྐྱོར་རམ་འདེགས་དེས་དོན་གོ་ཚང་བའི་མི་ཚེ་ཞིག་བསྐྲུན་པ་ཡིན། ཚུལ་ཁྲིམས་ཀྱི་གོ་རྟོགས་ཤུགས་ཆེན་ཡོད་པ་དེས་ང་རང་ཚོ་མི་སུ་འདྲ་ཞིག་དང་ཐུག་ནའང་མཛའ་མཐུན་གྱི་འབྲེལ་བ་ཞིག་ཡོང་ཐུབ་པའི་རྐྱེན་བྱེད་པ་ཡིན་ནོ།།