ནང་པ་སངས་རྒྱས་པའི་ཆོས་ཀྱིས། ང་རང་ཚོའི་ཉིན་རེའི་འཚོ་བ་སྐྱེལ་སྟངས་སྐོར་ལ་བསླབ་བྱ་ཧ་ཅང་འབེལ་པོ་བསྟན་གྱི་ཡོད། དེའི་སྐོར་གཤམ་དུ་གཅིག་གཟིགས་དང་།
ཞོགས་པ་ང་ཚོ་ཡར་ལངས་བའི་སྐབས།
ཞོགས་པ་གཉིད་ལས་སད་པའི་སྐབས་དང་། མལ་ཆས་ལས་ལང་བཞིན་པའི་སྐབས་སུ། ང་ཚོ་ད་དུང་ཡང་མ་ཤི་བར་འཚོ་ཞིང་གནས་པའི་ངང་། ཉིན་མ་གསར་པ་ཞིག་དང་འཕྲད་རྒྱུའི་གྲ་སྒྲིག་ཡོད་པར་སེམས་གཏིང་ནས་དགའ་བ་སྐྱེ་དགོས་ངེས་དང་བཀའ་དྲིན་བསམ་ཤེས་ཡོད་དགོས། དེ་ནས་ང་ཚོས་རང་གི་སེམས་ནང་དུ་ཀུན་སློང་ཤུགས་དྲག་པོ་ཞིག་བསྐྱེད་པའི་སྒོ་ནས།
༡༽ ཉིན་མོ་དེ་དོན་དང་ལྡན་པ་ཞིག་བཟོ་དགོས།
༢༽ རང་ཉིད་ཡར་རྒྱས་གཏོང་རྒྱུ་དང་། གཞན་ལ་ཕན་པ་བསྒྲུབ་རྒྱུའི་གོ་སྐབས་རྩ་ཆེན་དེ་འཕྲོ་བརླག་གཏོང་རྒྱུ་མེད།
གལ་ཏེ་ང་ཚོ་ལས་ཀ་ལ་འགྲོ་དགོས་ན། ང་ཚོས་རང་གི་སེམས་ལ་བཟོ་བཅོས་བརྒྱབ་ནས། ཉིན་མོ་དེར་སེམས་རྩེ་གཅིག་དང་དོན་སྨིན་ལྡན་པ་ཞིག་ཡོང་བར་འབད་བརྩོན་བྱེད་དགོས། དེ་ལྟར་བྱེད་ན། ང་ཚོས་རང་གི་ལས་རོགས་ཚོར་ཁོང་ཁྲོ་དང་སྤྲོ་ཐུང་ཐུང་མི་བྱ་བར་བཟོད་བསྲན་དང། མི་ཚང་མ་དང་མཉམ་དུ་འཆམ་པོ་ཡོང་བ་ཡིན། འོན་ཀྱང་མི་གཞན་དང་མཉམ་དུ་དོན་མེད་ངག་འཁྱལ་གྱི་སྐད་ཆ་བཤད་ནས་དུས་ཚོད་འཕྲོ་བརླག་ཏུ་གཏོང་གི་མ་རེད། གལ་སྲིད་ང་ཚོས་རང་གི་ནང་མི་ལ་ལྟ་རྟོག་བྱེད་ཀྱི་ཡོད་ན། བཟོད་སྒོམ་མ་བརླག་པར། ཁོ་ཚོའི་ལུས་པོ་དང་སེམས་པ་གཉིས་ཀ་ལ་ག་ཚོད་ཐུབ་ཐུབ་ཀྱིས་བྱམས་པོའི་ལྟ་སྐྱོངས་བྱ་རྒྱུའི་ཆོད་སེམས་འཇོག་པ་ཡིན།
ཞོགས་པའི་སྒོམ།
སྤྱིར་བཏང་ང་ཚོས་ནམ་རྒྱུན་ཞོགས་ཟས་མ་བཟའ་གོང་ལ་དུས་ཚོད་ཐུང་ཐུང་ཞིག་སྒོམ་རྒྱག་ཆོག དེ་ཡང་སྐར་མ་ལྔའམ་བཅུའི་རིང་ལ། ཁ་ཁུ་སིམ་པོའི་ངང་དབུགས་འབྱུང་རྡུབ་ལ་སེམས་པ་གཏད་ནས་བློ་གཅིག་ལ་སྒྲིམ་ན་ཕན་ཐོགས་ཡོད།
ང་རང་ཚོའི་མི་ཚེ་འདི་ཉེ་འཁོར་དུ་ཡོད་པའི་མི་ཚང་མ་དང་འབྲེལ་བ་ཧ་ཅང་ཉེ་པོ་ཡོད་པའི་ཚུལ་ལ་བསམ་ཞིབ་བྱེད་ཀྱི་ཡོད། ཁོ་ཚོའི་ཚོར་སྣང་དང་བྱ་སྤྱོད་ཀྱིས། ང་ཚོ་དང་མི་གཞན་ཚང་མར་ཤུགས་རྐྱེན་ག་འདྲ་ཐེབས་ཀྱི་ཡོད་མིན་ཤེས་པ་དང། ང་ཚོས་ཁོ་ཚོ་ཚང་མར་བདེ་སྐྱིད་དང་ལྡན་པར་ཤོག་སྙམ་པའི་བྱམས་བརྩེའི་ཚོར་བ་དྲོན་མོ་ཞིག་སྐྱེད་ཀྱི་ཡོད། དེར་མ་ཟད། ཁོ་ཚོ་ཚང་མར་སྡུག་བསྔལ་དང་དཀའ་ངལ་ག་རེ་ཡོད་པ་ཐམས་ཅད་ལས་ཐར་བར་ཤོག་སྙམ་པའི་སྙིང་རྗེ་ཡང་སྐྱེད་པ་ཡིན། ང་ཚོས་དེ་རིང་མི་གཞན་ལ་རོགས་པ་ག་ཚོད་ཐུབ་ཐུབ་བྱ་རྒྱུ་དང། གལ་སྲིད་རོགས་པ་བྱེད་མ་ཐུབ་ཀྱང་། མ་མཐའ་ཡང་གཞན་ལ་གནོད་པ་སྐྱེལ་གྱི་མིན་བསམ་པའི་ཆོད་སེམས་འཇོག་པ་ཡིན།
ཉིན་མོའི་དུས་སྐབས་སུ་དྲན་ཤེས་ལྡན་པ།
ང་ཚོས་ཉིན་མ་གཅིག་ཆ་ཚང་གི་ནང། རང་གིས་ལུས་ཀྱི་བྱ་བ་བྱེད་སྟངས་དང་། ངག་གི་སྐད་ཆ་ཤོད་སྟངས་དང། ཡིད་ཀྱི་བསམ་བློ་གཏོང་སྟངས་དང་། ཚོར་སྣང་ག་འདྲ་ཡོང་གི་ཡོད་མེད་བཅས་ལ་དྲན་ཤེས་ལྡན་པར་གནས་ཐབས་བྱེད་ཀྱི་ཡོད། གལ་སྲིད་སེམས་མ་སྐྱིད་པ་བཟོ་མཁན་གྱི་སེམས་ཚོར་ ༼ཉོན་མོངས་༽ ཁོང་ཁྲོ་དང། འདོད་རྔམས་དང། ཕྲག་དོག་དང། ཁེང་དྲེགས་སོགས་ག་ལེར་སྐྱེ་ཡོང་གི་ཡོད་པ་ཚོར་བའི་སྐབས་སུ། ང་ཚོས་དེ་རྣམས་ལ་དམིགས་སུ་བཀར་ནས་ཤེས་ཐབས་བྱེད་ཀྱི་ཡོད། ང་ཚོས་སོ་སོ་རང་འདོད་ཚ་པོའམ་སྣང་མེད་བྱེད་པ། ཡང་ན་རང་ཉིད་རང་སྡུག་འཁུར་བ་དང་དྲང་བདེན་མེད་པ་དེ་འདྲ་བྱེད་བཞིན་པའི་སྐབས་སུ། ང་ཚོས་དེ་དག་ལ་དོགས་ཟོན་བྱེད་ཀྱི་ཡོད། དེ་ལས་ཞིབ་ཕྲ་བའི་སྒོ་ནས་བཤད་ན། སྤྱིར་བཏང་ང་ཚོས་རང་ཉིད་དང་གཞན་དག དེ་བཞིན་གནས་སྟངས་བཅས་ལ་ཁུངས་ལུང་མེད་པའི་སྒྲུང་གཏམ་མང་པོ་འཆར་འགོད་བྱེད་བཞིན་པའི་སྐབས་སུ། ང་ཚོས་དེ་རྣམས་ལ་དོ་སྣང་སླེབས་པ་དམིགས་ཡུལ་དུ་བཟུང་གི་ཡོད། ང་ཚོས་རང་ཉིད་ཀྱིས་ཡུན་རིང་སྒུག་པའི་ལས་དོན་ནམ་ཡང་མི་བསྒྲུབ་སྙམ་པ་དང་། ང་ཚོ་ལྟ་བུར་དུས་ནམ་ཡང་གཞན་སུ་ཞིག་གིས་ཀྱང་བརྩེ་བ་སྤྲོད་མི་ཐུབ་སྙམ་པ་དང། ང་ཚོས་གང་ཚོར་བ་ཐམས་ཅད་ནི། རང་ཉིད་སྡུག་པོ་དང་སྐྱོ་པོ་ཡིན་བསམ་པ་བཅས་ཀྱི་དུས་སྐབས་དེ་དག་ལ་ཟབ་ནན་གྱིས་བལྟ་གི་ཡོད།
ང་ཚོས་རང་གི་ལུས་ཀྱིས་བྱ་བ་བྱེད་བཞིན་པའི་སྐབས་དང་། ངག་གི་སྐད་ཆ་ཤོད་ཀྱིན་པའི་དུས་དང་། ཡང་ན་ཡིད་ཀྱིས་བསམ་བློ་གཏོང་བཞིན་པ་དང་མཉམ་དུ། དཀའ་རྙོག་བཟོ་མཁན་གྱི་རིགས་གང་རུང་དེ་རྣམས་ངང་ངམ་ཤུགས་ཤུགས་ཀྱིས་སྐྱེ་བ་ངོས་ཟིན་པའི་སྐབས་སུ། ང་ཚོས་དྲན་ཤེས་ཀྱི་རིམ་པ་གཞན་ཞིག་བསྟེན་གྱི་ཡོད། དང་པོར་ང་ཚོས་རང་ཉིད་རྗེས་སུ་འགྱོད་པ་སྐྱེ་གཞིའི་ལས་ཀ་མ་བྱེད་གོང་དང་། སྐད་ཆ་མ་བཤད་གོང་ནས་རང་ཉིད་དེ་ལས་འགོག་ཐབས་བྱེད་དགོས། གལ་སྲིད་ང་ཚོས་དེ་ལྟར་བྱས་ཚར་ཡོད་ན། དེ་ལས་སྡུག་པའི་ལས་ཀ་མ་བྱེད་གོང་དང་སྐད་ཆ་མ་བཤད་པའི་གོང་ནས་ལམ་སེང་དེ་ལས་བཀག་འགོག་བྱེད་དགོས། གལ་ཏེ་ང་ཚོས་རང་ཉིད་བསམ་བློ་ངན་པའི་འཁོར་ལོའི་ནང་དུ་གནས་ན། ང་ཚོས་དེ་ག་རང་གཅིག་པ་བྱེད་ཀྱི་ཡོད། ང་ཚོས་བློ་དང་སེམས་ཚོར་གྱི་དཀྲོག་རྐྱེན་༼ཉོན་མོངས་༽དེ་དག་ལ་ཁ་གཏད་གཅོག་པའི་ཆེད་དུ། ང་ཚོས་གཉེན་པོ་དེ་རྣམས་བློ་ལ་ངེས་ཤིང་། སླར་ཡང་སེམས་ཞི་ལྷོད་བག་ཕེབས་མ་བྱུང་བར་དེ་རྣམས་རྒྱུན་བསྲིངས་ནས་བེད་སྤྱོད་གཏོང་དགོས།
ང་ཚོ་ཕལ་ཆེ་བས་ངོས་འཛིན་ཐུབ་པའི་དཔེ་ཞིག་ནི། རང་ལ་གཞན་གྱིས་ལས་ཁུངས་དང་ཁྱིམ་ཚང་བཅས་སུ་སྐྱོན་བརྗོད་བྱེད་པའམ། རང་ཉིད་ལ་ཁོང་ཁྲོ་སླངས་བའི་རིགས་བྱེད་པའི་སྐབས་སུ། ང་ཚོས་ངེས་པར་དུ་སྒྲུབ་དགོས་པ་ནི།
༡༽ ཞོགས་པ་རང་གིས་སྒོམ་བརྒྱབ་པ་ནང་བཞིན། དབུགས་འབྱུང་རྔུབ་ལ་བློ་རྩེ་གཏད་ནས་སེམས་ལྷོད་ལ་ཕབ་དགོས་པ་ལས། གཞན་ལ་སྐད་ངན་བརྒྱབ་ན་ཕན་ཐོགས་གང་ཡང་མེད།
༢༽ མི་ཚང་མ་བདེ་བ་འདོད་པ་ལས་སྡུག་བསྔལ་འདོད་ཀྱི་མེད་པ་དེ་དྲན་དགོས། ཡིན་ན་ཡང་། མི་མང་ཆེ་བ་གནད་དོན་དེ་ལ་མགོ་འཐོམ་ནས་དཀའ་ངལ་ཡོང་བའི་ལས་ཀ་དེ་འདྲ་བྱེད་ཀྱི་ཡོད།
༣༽ ཁོ་ཚོར་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པའི་རེ་སྨོན་སྐྱེད་དགོས།
༤༽ གལ་སྲིད་ཁོ་ཚོས་ང་ཚོའི་བསླབ་བྱ་་ལ་ཉན་འདོད་བྱེད་ཀྱི་འདུག་ན། ཁོ་ཚོའི་ཀུན་སྤྱོད་ཀྱི་གནོད་པའི་ཤུགས་རྐྱེན་རྣམས་མཛུབ་མོས་བསྟན་ནས། དེ་ལྟར་མི་བྱ་བར་བཀག་འགོག་བྱེད་དགོས་པའི་སྐོར་བཤད་དགོས།
༥༽ གལ་ཏེ་ཁོ་ཚོས་ང་ཚོའི་སྐད་ཆར་ཉན་འཇོག་རྩ་བ་ནས་བྱེད་ཀྱི་མི་འདུག་ན། ང་ཚོས་གང་ཡང་མི་སྨྲ་བར་ཁ་ཁུ་སིམ་མེར་བསྡད་ནས། དོན་རྐྱེན་དེ་བཟོད་པ་སྒོམ་རྒྱུའི་སློབ་ཚན་འདྲ་པོར་བརྩི་དགོས། ད་དུང་གལ་ཏེ་ང་ཚོས་དཀྲོག་རྐྱེན་བཟོ་བའི་རིགས་སེལ་ཐུབ་པ་འདུག་ན། ང་ཚོས་ཡ་ལན་མི་བྱེད་པར་ནམ་ཡང་སྒུག་ནས་སྡོད་རྒྱུ་མེད།
གཞན་དག་གིས་ང་ཚོར་སྐྱོན་བརྗོད་བྱེད་པའི་སྐབས་སུ། ང་ཚོས་སྟངས་འཛིན་བྱེད་པའི་གནད་དོན་གཙོ་བོ་གཅིག་ནི། ལྷན་སྐྱེས་ཀྱིས་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན། ང་ཚོས་སེམས་ཞི་ལྷོད་དུ་གནས་ཤིང་ཁོ་ཚོས་གང་བཤད་པ་དེ་འགྲིག་ཡོད་མིན་དྲང་པོའི་སྒོ་ནས་བརྟག་དཔྱད་བྱ་ཆོག། གལ་ཏེ་དེ་འགྲིག་འདུག་ན། ང་ཚོས་དགོང་སེལ་ཞུ་བ་དང་རང་ཉིད་ཀྱི་སྤྱོད་ལམ་ལ་ཡོ་བསྲང་བྱེད་དགོས། གལ་ཏེ་ཁོས་ཚོས་བཤད་པ་དེ་ཆོ་མེད་དོན་མེད་དང་གལ་ཆེན་པོ་མིན་ན། ང་ཚོས་དེ་སྣང་མེད་དུ་གཡུག་རྒྱུ་རང་རེད། གལ་ཏེ་དེ་འབྲེལ་ཡོད་ཀྱི་གནད་དོན་གལ་ཆེན་ཡིན་ཚེ། ང་ཚོར་བརྙས་བཅོས་དང་ཁེངས་དྲེགས་བཅས་ཀྱི་བརྡ་ཙམ་ཡང་མེད་པའི་སྒོ་ནས་ཁོ་ཚོའི་ནོར་འཁྲུལ་ཅན་གྱི་བསམ་བློ་ལ་མཛུབ་སྟོན་བྱེད་ཆོག
ཕྱི་དྲོའི་སྒོམ།
ང་ཚོས་དགོང་མོ་མ་ཉལ་གོང་ལ། ཉིན་མོའི་ལས་ཀ་ལ་བརྟེན་ནས་སེམས་ཐང་ཆད་པ་དེ་ལྷིང་འཇགས་སུ་ཡོང་བའི་ཕྱིར། སླར་ཡང་དབུགས་འབྱུང་རྔུབ་ལ་དམིགས་པ་གཏད་དེ་སྒོམ་ཐུན་ཐུང་ཐུང་ཞིག་རྒྱག་ཆོག ང་ཚོས་ཉིན་མོའི་གལ་ཆེན་གྱི་བྱུང་བ་རྣམས་ལ་བསྐྱར་ཞིབ་ཀྱིས། ང་ཚོས་དེ་དག་མཉམ་དུ་ཁ་གཏད་དང་འདྲིས་གཤིབ་ཇི་ལྟར་བྱས་ཡོད་མེད་ལ་ཕྱིར་བལྟ་བྱེད་དགོས། ང་ཚོས་སྤྲོ་ཐུང་ཐུང་བྱས་འདུག་གམ། ལྐུག་རྟགས་ཀྱི་སྐད་ཆ་བཤད་འདུག་གམ། གལ་སྲིད་དེ་འདྲ་བྱས་ཡོད་ཚེ། ང་ཚོས་རང་ཉིད་རང་གིས་སྟངས་འཛིན་མ་ཐུབ་པར་འགྱོད་པ་སྐྱེ་དགོས། ནག་ཉེས་གང་ཡང་མེད་པའི་སྒོ་ནས། སང་ཉིན་ལས་ཀ་ཡག་པོ་བྱ་རྒྱུའི་ཆོད་སེམས་འཇོག་དགོས། ང་ཚོས་བློ་གྲོས་དང་ལྡན་པ་དང་བརྩེ་བའི་ངང་ནས་གནས་འབབ་རྣམས་སྟངས་འཛིན་བྱས་ཡོད་པ་དག་ལའང་དོ་སྣང་བྱེད་དགོས། དེ་རྣམས་ལ་དགའ་སྤྲོ་དང་མུ་མཐུད་དེའི་ཕྱོགས་སུ་འགྲོ་རྒྱུའི་ཆོད་སེམས་འཇོག་དགོས། དེ་ནས་ང་ཚོ་གཉིད་ཉལ་བའི་ཞོར་ལ། ང་ཚོས་སང་ཉིན་གྱི་ཉི་མ་གསར་པའི་དུས་སྐབས་ལ་མུ་མཐུད་རང་ཉིད་ཡར་རྒྱས་གཏོང་རྒྱུ་དང་། གཞན་ལ་ཕན་པ་བསྒྲུབ་པའི་ཕྱོགས་སུ་སྤྲོ་སེམས་དང་བཅས་བལྟ་དགོས། དེ་ལྟར་ང་ཚོའི་རྩ་ཆེ་བའི་མི་ཚེ་འདི་བཞིན་དོན་སྙིང་ལྡན་པ་ཞིག་བསྐྲུན་གྱི་ཡོད་པའི་སེམས་ནང་དགའ་སྤྲོ་ཆེན་པོ་སྐྱེ་ཐུབ་པ་ཡིན། །