སེམས་འཚབ་ལ་གདོང་ལེན་བྱེད་སྟངས། །

How to deal with anxiety

བརྙན་པར། ༸གོང་ས་མཆོག “རེ་བཟང་ཕུགས་བཅོལ།”

འཛམ་གླིང་འདི་ཡང་ནས་ཡང་དུ་སྨྱོ་ཚུབ་ཚུབ་ཀྱི་གནས་ས་འདྲ་པོ་ཞིག་ཡོད། དེ་ཡང་གསར་འགྱུར་བལྟ་ཡག་འགོ་ཚུགས་དང་། འཇིགས་སྐུལ་རིང་ལུགས་པ་རྣམས་ཀྱིས་གནོད་འཚེ་སྐྱེལ་གྲབས་ཡོད། དཔལ་འབྱོར་གྱི་གནས་སྟངས་ཡག་པོ་མེད་པ་དང་། འཁོར་ཡུག་གི་གནས་སྟངས་ཐད་ལ་སྨྲོས་མི་དགོས་པ་རེད། བདུན་ཕྲག་ལྷག་མ་ཚང་མ་རང་ཉིད་ཀྱི་ཉལ་ཁྲིའི་སྒང་ལ་བསྡད་འདོད་སྐྱེ་རུ་བཅུག་པ་ལ་དེས་འདང་ངེས་བཞིན་པ་ཡོད།

དེ་ནི་འཛམ་གླིང་འདིའི་ཕྱི་རོལ་ཙམ་གྱི་སྐད་ཆ་ཡིན། ང་ཚོ་རང་སོ་སོའི་མི་ཚེ་ལའང་གདོང་ལེན་བྱེད་དགོས་ཀྱི་ཡོད། དཔེར་ན། གུང་སེང་རྗེས་མའི་སྐབས་ལ་ག་པ་འགྲོ་དགོས་པ་དང་། ཉེ་བའི་ཆར་ང་ཚོ་ལ་ཡིན་གཅིག་མིན་གཅིག་དགོས་པའི་ལས་ཀའི་གོ་གནས་སྤར་ཡག་དེ་རང་ཉིད་ཀྱི་ལས་རོགས་ལ་རག་པ་དེ་དང་གདོང་ཐུག་ཇི་ལྟར་བྱ་དགོས་མིན། དེ་བཞིན་ང་རང་ཚོའི་མི་ཚེ་དང་མཉམ་དུ་དོན་ངོ་མར་ག་རེ་བྱེད་དགོས་པ་བཅས་སོ། 

ང་ཚོ་གཞོན་གཞོན་ཡིན་སྐབས། ང་ཚོ་ག་རེ་འདོད་པ་ནང་བཞིན་ཆགས་ཐུབ་ཀྱི་རེད་ཅེས་ལབ་ཀྱི་ཡོད། དཔེར་ན། ཁྱེད་རང་ལ་རྨི་ལམ་ག་རེ་ཡོད་པ་དེའི་རྗེས་སུ་འགྲོ་དགོས་ཞེས་བཤད་ཀྱི་རེད། ཡིན་ནའང་ང་ཚོ་མི་ག་ཚོད་ཙམ་ཞིག་རྨི་ལམ་ནང་གནས་ཀྱི་ཡོད། མི་ག་ཚོད་ཙམ་ཞིག་ང་ཚོའི་སྤྱི་ཚོགས་བརྒྱུད་ལམ་གྱི་ཐབས་ལམ་ལ་དྲིལ་བཀོད་ཀྱིས་རྨི་ལམ་ནང་དངོས་སུ་གནས་པའི་མི་རྣམས་ལ་ཕྲག་དོག་བྱེད་ཀྱི་ཡོད་དམ། ང་ཚོ་ཡིད་མུག་པའི་ལས་ཁུངས་ནང་འཁར་བསྡད་པའི་སྐབས་སུ། མཚོ་ངོགས་གུང་སེང་གི་སྤྲོ་སྐྱིད་དང་དག་གཙང་སོ་ལྡན་གྱི་མི་ཡིན་མདོག་ཁ་པོ་དེ་རྣམས་ཀྱིས་ནི་ཁོ་ཚོའི་མི་ཚེའི་གནད་འགག་དེ་རྙེད་བསྡད་ཡོད། 

བདེ་སྐྱིད་ཀྱི་བསམ་བློ་དེ་ལྷ་སྒྲུང་ལྟ་བུའམ་དྲིལ་བསྒྲགས་ཀྱི་འབོད་ཚིག་གཞན་ཞིག་ཏུ་མཐོང་སྲིད་པ་ཡིན། དེ་དག་ནི་མ་འོངས་པར་དུས་ཚོད་ངེས་མེད་ཀྱི་སྐབས་སུ་སྐྱིད་པོ་གཏང་ཡག་གི་ཆེད་དུ་ད་ལྟ་ང་ཚོས་ལས་ཀ་བྱེད་ཀྱི་ཡོད། འོན་ཀྱང་ང་ཚོས་ལས་ཀ་ལ་འབད་འབུངས་ཇི་ཙམ་བྱེད་ཀྱང་བདེ་སྐྱིད་ཅིག་ཡོང་བའི་ངེས་པ་ནི་མེད། མི་ཁ་ཤས་འབུམ་རམས་པའི་ལག་ཁྱེར་ཐོབ་སྟེ་མཐར་ཟ་ཁང་མེཀ་ཌོ་ནལ་ (McDonald’s) དེ་འདྲའི་ནང་ལས་ཀ་བྱེད་པ་དང་ཆབས་ཅིག་མི་ཧ་ཅང་ཕྱུག་པོ་དང་སྐད་གྲགས་ཅན་དུ་གྱུར་བ་རྣམས་ནི་སེམས་མ་སྐྱིད་པ་སོགས་ཀྱིས་མཐར་རང་ཤི་བརྒྱབ་པའང་ཡོད། དེ་དག་གིས་ང་ཚོའི་མི་ཚེ་ལ་བློ་འཚབ་བཟོ་བ་དང་། རྟག་ཏུ་ང་ཚོ་གཞན་དང་འགྲན་བསྡུར་བྱེད་དགོས་པའི་སེམས་འཚབ་ཅན་གྱི་སྤྱི་ཚོགས་ཞིག་གི་ནང་དུ་སྐྱེལ་བ་ཡིན། མི་གཞན་ཞིག་དང་ག་དུས་ཐུག་ནའང་ང་ཚོའི་མིག་ལམ་དུ་བདེ་པོ་མེད་པའི་ཚོར་བ་ཞིག་དང་། སྲུང་ཆ་མེད་པའི་ཚོར་བ་ཞིག་འབྱུང་བ་ཡིན། དེ་དུས་ང་ཚོས་ལག་ཐོགས་ཁ་པར་གྱི་སྲུང་ཡོལ་རྒྱབ་ཏུ་ཡིབ་ཐབས་བྱེད་ཀྱི་ཡོད། 

འདི་ནི་ང་ཚོའི་དུས་ཀྱི་འགོ་ཉེན་ཅན་གྱི་ནད་ཡམས་དྲག་པོ་ཞིག་ཡིན། དེ་བཅོས་ཐབས་མེད་པའི་ནད་གཞི་ཨེཌ་སིའམ་གཉན་ནད་རེག་དུག་དང་། འབྲས་ནད་དང་། སེམས་ངལ་གྱི་ན་ཚ་འདྲ་པོ་ཉེན་ཁ་ཆེན་པོ་མེད་པ་ལྟ་བུ་ཞིག་ཡིན་ནའང་། སེམས་འཚབ་དེས་ང་ཚོའི་ནུས་པ་སྐམ་པའམ་ཉམས་སུ་བཅུག་པ་དང་། དུས་རྒྱུན་བག་མི་ཕེབས་པའི་མཚེར་སྣང་གི་ཚོར་བ་ཞིག་བསྐྲུན་གྱི་ཡོད། དེས་ང་ཚོ་གཟུགས་མཐོང་བརྙན་ཕྲིན་གསར་པའི་ནང་གི་ལྟད་མོ་དང་། དེང་སང་གི་ངོ་དེབ་ལ་ཞིབ་བལྟ་བྱེད་པ་བཅས་ལ་རྣམ་པར་གཡེང་དུ་འཇུག་པ་ཡིན། དེའི་རྒྱུ་མཚན་ནི། ང་ཚོའི་རྣམ་རྟོག་དང་མཉམ་དུ་ཁེར་རྐྱང་ཡིན་པ་ལ་བཟོད་མི་ཐུབ་པ་ཞིག་ཡོང་གི་ཡོད་པས་ཡིན། བཟོད་ཐུབ་པ་ཞིག་ཡོང་བ་ལ་དུས་རྒྱུན་དུ་ང་ཚོའི་རྣ་བར་འཇུག་རྒྱུའི་ཡོ་ཆས་དང་རོལ་གཞས་དགོས་ཀྱི་ཡོད་པ་ཡིན། 

འདི་འདྲ་པོ་ཞིག་དགོས་ཡག་གང་ཡང་མེད། ང་ཚོ་ཚང་མས་ཤེས་གསལ་ལྟར། ང་ཚོའི་མི་ཚེའི་ནང་གང་འཛོམས་པ་དེ་ལ་དྲིན་དྲན་ཤེས་དགོས་པ་དང་། ང་ཚོས་དུས་ནམ་ཡང་རང་ཉིད་གཞན་དང་མཉམ་དུ་འགྲན་རྒྱུ་མེད། ཡིན་ནའང་དེའི་དོན་ངོ་མ་དེ་ག་རེ་རེད། ང་ཚོས་སེམས་འཚབ་དེ་གང་འདྲ་སེ་སེལ་ཐུབ་བམ།

གོམ་པ་ཕྱི་སྤོས་ཤིག་བྱེད་དང་།

ང་ཚོ་གོམ་པ་ཕྱི་སྤོས་ཤིག་བྱས་ཏེ་མི་ཚེ་ལ་བརྟག་དཔྱད་ཅིག་བྱེད་དགོས་ཀྱི་འདུག དེ་བྱེད་པར་ཉོབ་ཏོ་འདྲ་པོ་ཞིག་ཡོད་ཀྱང་། ང་ཚོས་དེ་ག་སེ་སྣང་མེད་དུ་གཏང་མི་ཐུབ། ང་ཚོ་མི་ཚེ་ནང་ནས་ག་རེ་དགོས་ཀྱི་ཡོད། མི་ཚང་མ་ལ་ལམ་ཁ་ཏག་ཏག་ཏིག་ཏིག་ཅིག་མེད། ཡིན་ནའང་ང་ཚོའི་སྔོན་དུ་ལམ་ཁ་དེ་ག་རང་ལ་མི་ཡོད་ཡོད་པ་རེད། ང་ཚོ་སྐད་གྲགས་ཆེ་བའི་གླུ་བ་དང་གླུ་མ་འཁྲབ་སྟོན་པ་ཆགས་འདོད་ཡོད་སྲིད་ཀྱང་། སྐད་གྲགས་ཅན་གྱི་མི་སྣའི་རྗེས་སུ་དེད་པའི་པར་པས་ (paparazzi) ཉིན་མ་རྟག་པར་ང་ཚོའི་རྗེས་འདེད་གཏོང་བ་ལ་དངོས་གནས་ང་ཚོ་སྐྱིད་པོ་ཞིག་ཡོང་ས་རེད་པས། སྐད་གྲགས་ཡོད་པའི་གཞས་སྣ་འཁྲབ་སྟོན་པ་རྣམས་ལོ་ཁ་ཤས་ཀྱི་ནང་སྐྱིད་པ་བྱུང་བ་ཡིན་ནམ། མི་ཇི་ཙམ་ཞིག་ཆང་རག་དང་སྨྱོས་རྫས་རིགས་ལ་ཁ་བསྒྱུར་ཡོད། དེ་ནས་དེའི་ཆེད་དུ་ང་ཚོས་དུས་ཚོད་དང་ནུས་པ་གཏང་འདོད་ཡོད་མེད་བཅས་ལ་ང་ཚོས་བསམ་བློ་གཏོང་དགོས་ཡག་ཆགས་བསྡད་ཡོད།

མིག་དཔེ་བལྟ་འོས་པ་ཞིག་འཚོལ་དགོས།

གལ་ཏེ་ང་ཚོས། མི་ཚེ་དོན་དང་ལྡན་པ་ཞིག་དང་བདེ་སྐྱིད་ལྡན་པ་ཞིག་ཡོང་བ་ལ་མི་ཚེ་སྐྱེལ་སྟངས་ཤིག་རྙེད་པ་ཡིན་ན། གོམ་པ་རྗེས་མ་དེ་ང་ཚོས་དེ་འདྲ་ཚང་བའི་གང་ཟག་གཅིག་འཚོལ་དགོས་པ་ཡིན། རོལ་དབྱངས་ལ་མཁས་པའི་གྲགས་ཅན་མི་སྣ་ཞིག་ཆགས་པ་ལ་ང་ཚོས་སྦྱོང་བརྡར་བྱེད་དགོས། རྐང་རྩེད་སྤོ་ལོ་རྩེད་མཁན་ཞིག་ཆགས་པ་ལ་ང་ཚོས་སྦྱོང་བརྡར་བྱེད་དགོས། ང་ཚོས་ད་ལྟ་ད་ལྟ་མ་དྲན་པ་ཡིན་སྲིད་ཀྱང་། ཐ་ན་གོམ་པ་ཞིག་སྤོ་བ་ལའང་སྦྱོང་བརྡར་བྱེད་དགོས་ཀྱི་ཡོད། འདིར་བསྟན་དོན་གཙོ་བོ་ནི། རྒྱུ་མེད་པ་ལས་འབྲས་བུ་ཞིག་མི་འབྱུང་བ་དེ་ཡིན། མི་ཚེའི་ནང་རང་ཉིད་གཅིག་ལ་སླེབས་པའམ། རང་ཉིད་ལ་གཅིག་འཐོབ་པར་བྱེད་པ་ལ་འབད་པ་ལྷོད་མེད་ཅིག་དགོས་པ་ཡིན། མིག་དཔེ་བལྟ་འོས་པའི་གང་ཟག་དེས་ང་ཚོ་ལ་གདམས་ངག་སྤྲད་ཐུབ་པ་དང་། ང་ཚོ་ལ་སེམས་ཤུགས་ཀྱི་འབྱུང་ཁུངས་ཆེན་པོ་ཞིག་ཆགས་བསྡད་ཡོད།

གཞན་ལ་རོགས་པ་བྱེད་དགོས།

ང་ཚོའི་མི་ཚེའི་བསམ་བློ་དང་འདོད་པ་མཉམ་དུ་འཐིམ་འགྲོ་ཡག་དཔེ་ལས་སླ་པོ་རེད། ང་ཚོ་ལ་མི་ཚེ་འདི་ལས་ག་རེ་དགོས་པ་དང་། ག་རེ་འདོད་པ་དེ་ལ་གཙོ་བོ་བསམ་བློ་གཏང་གི་ཡོད་པ་དང་། མི་ཁ་ཤས་ག་དུས་ང་ཚོའི་ལམ་ཁར་སླེབས་པ་ལ་ང་ཚོ་དངངས་འཚབ་སྐྱེ་བ་ཡིན། སེམས་འཚབ་ཀྱི་ཆ་ཤས་ཆེན་པོ་ཞིག་ནི་ཁེར་རྐྱང་གི་ཚོར་བ་དེ་རེད། ཡིན་ནའང་གཞན་དང་མཉམ་འབྲེལ་བྱེད་ཡག་གི་ཐབས་ལམ་ཡག་ཤོས་དེ་ནི་དེ་དག་ལ་བཅོས་མ་མ་ཡིན་པའི་བྱམས་སྐྱོང་བྱེད་པ་དེ་ཡིན། གལ་ཏེ་ང་ཚོས་རང་སོ་སོ་ཁོ་ནའི་དོན་དུ་བསམ་ནས་བསྡད་པ་ཡིན་ན། ང་ཚོ་སྡུག་བསྔལ་གྱི་ནང་དུ་འཆིང་རྒྱུ་ངེས་པ་རེད། དེ་འདྲའི་གནས་སྐབས་སུ་ལྷག་བསམ་རྣམ་དག་གིས་གཞན་ལ་ཕན་བཏགས་པ་ནི། སེམས་འཚབ་སེལ་བ་དང་བདེ་སྐྱིད་སྐྱེད་བསྲིང་བྱེད་ཀྱི་ཡོད་པ་དེང་དུས་ཚན་རིག་གི་ལམ་ནས་ཁུངས་སྐྱེལ་ཟིན་པ་ཡིན། 

ཆེན་པོ་དེ་འདྲ་གང་ཡང་མི་དགོས་པར་སྐྱིད་པོ་མེད་པའི་ཉིན་མུན་འཐིབ་པའི་སྐབས་སུ་ཁ་ཅིག་ལ་འཛུམ་ཞིག་སྟོན་པའམ། ཡང་ན་གཞན་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཙམ་གྱིས་རང་གཞན་གཉིས་ཀར་སེམས་ཤུགས་སྤར་བར་བྱེད་པ་ལ་འདང་ངེས་ཤིག་ཡིན། འགན་ཞིག་ཡོད་པའི་ཚོར་བ་ཞིག་གི་སྒོ་ནས་མ་ཡིན་པར། མི་གཞན་ཞིག་གི་ཉིན་མོ་སྤྲོ་ཉམས་ལྡན་པ་ཞིག་བཟོ་བ་ལ་བཅོས་མིན་གྱི་འདོད་མོས་ཡོད་དགོས་པ་ཡིན། དེའི་རྗེས་སུ་རང་ཉིད་སེམས་ཀྱི་གནས་སྟངས་གང་འདྲ་ཞིག་ཡོང་གི་ཡོད་མེད་བལྟ་དགོས།

རང་ཉིད་སུ་ཡིན་པ་ཤེས་དགོས།

ང་ཚོ་ཚང་མ་གཞན་དང་མི་འདྲ་བ་ཞིག་ཡིན་བསམ་ཡག་ལ་དགའ་པོ་ཡོད། ཡིན་ནའང་དེས་ང་ཚོ་ཚང་མ་གཅིག་ཡིན་པ་སྒྲུབ་ཀྱི་ཡོད། ཁྱེད་རང་སུ་ཡིན་ཤེས་པར་བྱེད་དགོས་ཤེས་ལབ་དུས་དེ་ནི་དངོས་གནས་ང་རང་ཚོ་སུ་ཡིན་པའི་སྐོར་ལ་ཤེས་རྟོགས་བྱ་རྒྱུ་དེ་ཡིན། ང་ཚོ་ཚང་མ་ལ་དཀའ་ངལ་ཡོད་པ་དང་མི་ཚེ་རྣམ་པར་དག་པ་ཞིག་ནི་མེད། ཁྱེད་རང་གིས་གང་བསམ་པ་ཚང་མ་ལ་ཡིད་ཆེས་བྱེད་ཡག་མེད། 

ང་ཚོ་འདྲ་པར་ནང་མདོག་ཉེས་ཐེབས་འདུག་བསམ་པ་དེ་ནམ་ཡང་གཞན་ལ་མི་སྟོན་པ་ནང་བཞིན་མི་གཞན་གྱིས་ཀྱང་དེ་གཞིན་མི་སྟོན་པ་ཡིན། ང་ཚོ་མང་ཚོགས་ཀྱི་དཀྱིལ་དུ་འཕྱ་སྨོད་བྱེད་ས་ཆགས་ཡོང་བསམ་པའི་ཞེད་སྣང་སྐྱེ་བ་དང་། བསམ་བློ་གཏང་ན་མི་གཞན་དག་ཚང་མའང་དེ་བཞིན་ཡིན། ང་ཚོ་གནས་ས་ནི་ཡང་དག་ལྟར་སྣང་གི་མི་ཚེས་འཐབ་རྒོལ་གྱི་དུས་ཚོད་ནང་གནས་ཡོད་པས་དེའི་དྲྭ་རྙིའི་ནང་དུ་མ་ལྷུང་བ་ཞིག་ངེས་པར་དུ་བྱེད་དགོས། གལ་ཏེ་ང་ཚོ་གནད་དོན་དེ་དག་ལ་དོ་སྣང་ཡག་པོ་ཞིག་བྱེད་ནས་བསམ་པ་རྣམ་དག་གིས་གཞན་ལ་བདེ་སྐྱིད་སྟེར་བ་དང་། རང་སོ་སོའི་མི་ཚེ་དོན་དང་ལྡན་པ་ཞིག་བཟོ་བ་ལ་འབད་འབུངས་བྱེད་ན། ང་ཚོའི་སེམས་འཚབ་རིམ་བཞིན་ཡལ་འགྲོ་བ་ཡིན་ནོ། །

Top