ཁོང་ཁྲོ་ལ་གདོང་ལེན་བྱེད་པར། ནང་པ་སངས་རྒྱས་པའི་མན་ངག་བརྒྱད།

ང་ཚོའི་ཁོང་ཁྲོ་དེ་ཕྱིར་འདོན་བྱེད་དགོས་ཤེས་བཤད་པའི་དུས་རབས་ཤིག་གི་ནང་འཚོ་བཞིན་ཡོད་ཀྱང་། སངས་རྒྱས་ཀྱིས་དེ་ལྟར་ཞལ་བཞེས་གནང་གི་མ་རེད། ཁོང་ཁྲོ་ལངས་མ་ཐག་ཕྱིར་འདོན་པའི་བྱ་སྤྱོད་དེས། མ་འོངས་པར་སླར་ཡང་ཁོང་ཁྲོ་ལས་སླ་པོར་ལངས་འཇུག་ཅིང་། ནམ་ཡང་འཛད་མཐའ་མེད་པའི་ཁོང་ཁྲོའི་འཁོར་ལོ་ཞིག་གི་ནང་དུ་འཁྲིད་ཀྱི་ཡོད། སངས་རྒྱས་ཀྱིས། ང་ཚོར་དགའ་སྡུག་གི་་སེམས་ཚོར་ཁེངས་ནས་ཡོད་པ་རྣམས་ཕྱིར་ལུད་འཇུག་རྒྱུ་མེད་ལ། སེམས་ཁོང་ན་ཉར་ནས་སྡོད་རྒྱུ་མེད། འོན་ཀྱང་དེ་རྣམས་ལ་དཔྱད་པ་གཏོང་ནས་ཁོང་ཁྲོའི་རྒྱབ་ལྗོངས་ཀྱི་བསམ་བློ་ནོར་བའམ་ཚུལ་མིན་ཡིད་བྱེད་ཀྱི་བློ་དེ་རྟོགས་དགོས་པའི་ལམ་སྟོན་གནང་ཡོད།
Study buddhism 8 buddhist tips dealing with anger

ནང་པ་སངས་རྒྱས་པས་བྱམས་པ་དང་། བརྩེ་བ། བཟོད་སྒོམ་སོགས་ཀྱི་སྐོར་མང་པོ་ཞིག་བཤད་ཀྱི་ཡོད་ཀྱང་། མཚམས་རེ་༸གོང་ས་མཆོག་ལྟ་བུའི་སྐྱེས་ཆེན་རྣམས་ཀྱང་ཁོང་ཁྲོ་སྐྱེ་གི་ཡོད་པའི་ཞལ་བཞེས་གནང་གི་ཡོད་པས། དེ་བྱིངས་ང་ཚོ་དང་འདྲ་བ་རྣམས་ལ་ཁོང་ཁྲོ་མི་སྐྱེ་བའི་རེ་བ་ཞིག་ཡོད་དམ། ཕྱོགས་གཅིག་ནས་ཚན་རིག་པས་ཁོང་ཁྲོ་ནི་སྤྱིར་བཏང་འཆར་ཅན་གྱི་ཚོར་བ་རང་ཡིན་པར་བཤད་སྲིད་པ་དང་། སེམས་ཁམས་རིག་པ་བ་ཚོས་ང་ཚོར་ཁོང་ཁྲོ་ཕྱིར་འདོན་དགོས་པའི་སློབ་སྟོན་བྱེད་ལ། དེ་མིན་ཆོས་ལུགས་འགའ་རེར་དགེ་མཚན་ཅན་གྱི་ཁོང་ཁྲོ་ཞིག་ཀྱང་ཡོད་པར་སྲིད། ཕྱོགས་གཞན་ཞིག་ནས་ནང་པ་སངས་རྒྱས་པས་ཁོང་ཁྲོ་ནི་མཐའ་གཅིག་ཏུ་མི་དགེ་བའམ་གནོད་པ་ཅན་ཞིག་ཡིན་པར་གསུང་གི་ཡོད།

དུས་རབས་བརྒྱད་པའི་ནང་དུ་བྱོན་པའི་ནང་པའི་མཁས་པ་ཆེན་པོ་སློབ་དཔོན་ཞི་བ་ལྷས། ཁོང་ཁྲོ་ནི་མཐའ་གཅིག་ཏུ་མི་དགེ་བའི་ནུས་སྟོབས་ཆེ་ཤོས་ཤིག་ཡིན་པར་འགྲེལ་བརྗོད་གནང་ཡོད། དེ་ཡང་། དཀའ་སྤྱད་འབད་བརྩོན་ཆེན་པོས་བསགས་པའི་ལས་དགེ་བ་རྣམས་ཁོང་ཁྲོས་སྐད་ཅིག་ཉིད་ལ་འཇོམས་ནུས་པར་གསུངས། དེའི་ཐོག་ལ་མནོ་བསམ་ཞིག་ཐོངས་དང་། མི་ཞིག་གིས་ཁོང་ཁྲོ་སྐད་ཅིག་ཙམ་ལངས་པ་དང་མཉམ་དུ་མེ་མདའ་བེད་སྤྱོད་བྱེད་པས། ཁོ་པའི་མ་འོངས་རང་དབང་ལྡན་པའི་མི་ཚེ་དེ་བཙོན་རའི་ནང་དུ་ཚུད་པའི་མི་ཚེ་ཞིག་ལ་ཡོངས་སུ་བསྒྱུར་གྱི་ཡོད། ཉིན་རེའི་འཚོ་བ་དང་སྦྱར་ནས་དཔེ་བཞག་ན། ང་ཚོས་ལོ་བཅུ་ཕྲག་དུ་མར་བསྐྲུན་པའི་གྲོགས་པོ་ཕན་ཚུན་གྱི་མཛའ་བཤེས་དང་ཡིད་ཆེས་རྣམས་ཁོང་ཁྲོས་ཇི་ལྟར་མེད་པར་བཟོ་ནུས་པ་ལྟ་བུ་ཡིན། མཐར་ཐུག་ན་ཁོང་ཁྲོ་ནི་འཛམ་གླིང་སྟེང་གི་འབར་མདེལ་་དང་མེ་མདའ། རལ་གྲི་དང་བཅས་པ་ཚང་མ་ལྷན་གཅིག་ཏུ་བསྡོམས་པ་ལས་ཀྱང་ཉེན་ཁ་ཆེ་བ་ཡོད།

བརྙན་པར། ༸གོང་ས་མཆོག “ཁོང་ཁྲོ་འགོག་ཐབས།”

ང་ཚོ་ཚང་མས་ཁོང་ཁྲོ་ནི་སེམས་ཀྱི་གནས་བབས་བདེ་སྐྱིད་དང་ལྡན་པ་ཞིག་མིན་པ་ཤེས་ཀྱི་ཡོད་ཀྱང་། དེ་ལ་ང་ཚོས་ག་རེ་བྱེད་ཐུབ་པ་དང་ག་རེ་བྱེད་དགོས་སམ་ཞེ་ན།  ནང་པ་སངས་རྒྱས་པའི་ཆོས་ཀྱི་ནང་། ང་ཚོའི་སེམས་ལ་འགྱུར་བཅོས་གཏོང་ཐབས་ཀྱིས་ཐབས་ལམ་སྟབས་བདེ་པོ་རིམ་པ་མང་པོ་ཞིག་བསྟན་ཡོད། འོན་ཀྱང་ཁོང་ཁྲོ་ཞི་ཐབས་སུ་རྫུ་འཕྲུལ་གྱི་རིལ་བུ་དེ་འདྲ་གང་ཡང་མེད་པས་གཟབ་གཟབ་བྱེད་དགོས། འདིར་ཁོང་ཁྲོ་ལ་གདོང་ལེན་བྱེད་པར་ནང་པ་སངས་རྒྱས་པའི་མན་ངག་གལ་ཆེ་ཤོས་བརྒྱད་ནི།

༡༽ མི་ཚེ་ནི། འཁོར་བ་ཡིན།

ད་ལྟ་ནས་མི་ལོ་༢༥༠༠གོང་དུ་སངས་རྒྱས་ཀྱིས་ཆོས་ཐོག་མར་གསུངས་པ་དེ་མི་ཚེ་ནི་ཚིམ་རྒྱུ་མེད་པའི་སྡུག་བསྔལ་ཞིག་ཡིན་པ་དེའི་དོན་གནད་ལ་ཁེལ་བ་ཡིན། དེ་གང་ཡིན་ཞེ་ན། ང་ཚོའི་མི་ཚེ་ནམ་ཡང་འདོད་པ་ཚིམས་པ་ཞིག་ཡོང་གི་མེད་པ་དེ་ཡིན།

ང་ཚོ་སྐྱེས་ནས་འཆི་བ་ཡིན། སྐྱེ་འཆི་གཉིས་ཀྱི་བར་དུ་དུས་ཀྱི་གནས་སྟངས་ལེགས་ཉེས་གཉིས་ཀ་ཡོད་ལ། ང་ཚོས་ཕལ་ཆེར་དེ་ཙམ་ཚོར་བ་མེད་པའི་དུས་ཀྱི་གནས་སྟངས་བཏང་སྙོམས་དེ་འདྲའང་ཡོང་གི་ཡོད། འདི་ལྟ་བུའི་འཛད་མཐའ་མེད་པའི་དུས་ཀྱི་འཁོར་ལོ་ལ་ནང་པ་སངས་རྒྱས་པས་འཁོར་བ་ཞེས་ཟེར་བ་ཡིན།  ང་ཚོ་འཛམ་གླིང་འདིའི་ཐོག་སྐྱེས་རྗེས། མི་སུ་ཞིག་གིས་ཀྱང་མི་ཚེ་ནི་བདེ་སྐྱིད་ཕུན་སུམ་ཚོགས་ལ་དགའ་དགའ་སྤྲོ་སྤྲོས་ཁེངས་ཞིང་། རྟག་ཏུ་རང་ཉིད་ཀྱིས་གང་བསམ་གང་འདོད་དུ་བསྒྲུབ་ཅེས་ལབ་མཁན་ཞིག་བྱུང་མེད། ང་ཚོས་རང་ཉིད་ཀྱི་འཁོར་བའི་ནང་གི་གནས་སྟངས་དེ་ལེགས་པར་རྟོགས་སྐབས། དེས་གཞན་ཐམས་ཅད་ཀྱི་གནས་སྟངས་ཀྱང་ཤེས་རྟོགས་ཡོང་བར་བྱེད་ཀྱི་ཡོད།

གནས་སྟངས་ག་འདྲ་ཞིག་ལ་ཁོང་ཁྲོ་ལངས་པའི་སྐབས་སུ་རང་གཞན་སུ་ཞིག་ཡིན་ནའང་གནས་སྟངས་དེ་ཇེ་བཟང་སུ་གཏོང་གི་མེད་པར། ང་ཚོ་ཚང་མ་གནས་སྟངས་དེའི་ནང་མཉམ་དུ་ཡོད་པ་ཡིན། ང་ཚོ་སྣང་བ་མི་འགྲོ་ཞིང་མི་དགའ་བའི་བྱ་སྤྱོད་ཀྱི་རིགས་མི་གཞན་གྱིས་བཤད་སྲིད་ལ་བྱེད་ཀྱང་སྲིད། དེ་ཡང་ཡིན་ཏེ། ཁོ་ཚོའི་མི་ཚེ་ཡང་ཆོ་མེད་ཐབས་ཆག་ཡིན་པས་རེད།

དེ་འདྲ་བའི་བསམ་བློ་གཏོང་སྟངས་ཀྱིས། ང་ཚོའི་ལྟ་ཚུལ་ལ་རྩ་བ་ནས་འགྱུར་བ་གཏོང་ཐུབ། ང་ཚོ་མི་རེ་ངོ་རེས་རང་ཉིད་ཀྱི་འཇིག་རྟེན་ཐོག་རང་ཉིད་གཙོ་ཆེ་ཤེས་སུ་མཐོང་ཡང་། དེ་ནི་གང་ཡིན་པ་དང་གང་ཡོད་པ་ཚང་མ་རང་ཉིད་ཀྱིས་གང་འདོད་ལྟར་ཏག་ཏག་ཅིག་ཡོང་དགོས་པའི་དོན་མ་ཡིན།

༢༽ དཔའ་བོ་ཞིག་བྱེད་དགོས་པ་ནི། བཟོད་སྒོམ་ཡིན།།

སེམས་རྒྱུད་དཀྲུག་མཁན་གྱི་སེམས་ཚོར་རམ་ཉོན་མོངས་པ་རྣམས་ལས་ཐར་བར་བྱེད་པ་ལ། དེ་དག་དང་འཛིན་སྟངས་དངོས་སུ་འགལ་བའི་ཤེས་པ་ཞིག་གཉེན་པོར་བསྟེན་རྒྱུ་ནི་ཐབས་ཡག་ཤོས་ཡིན། དེ་མིན་མེ་ཡིས་ཁ་གཏད་དུ་མེ་སྤྱད་ན་བྱ་བ་གང་ཡང་མི་སྒྲུབ། དེ་གང་ཡིན་ཞེ་ན། ང་ཚོའི་བློ་ངོར་འཛིན་སྟངས་དངོས་འགལ་གྱི་སེམས་ཚོར་གཉིས་དུས་གཅིག་ལ་གནས་མི་སྲིད་པས་ཡིན། དེ་ཡང་། ཁྱེད་ཀྱིས་ཡུལ་གཅིག་ལ་ཁོང་ཁྲོ་དང་བཟོད་སྒོམ་དུས་གཅིག་ལ་བྱེད་མི་ཐུབ་ལ། དེ་ལྟར་ཡོང་མི་སྲིད་པ་ཞིག་རེད། དཔེར་ན། ཁྱེད་ཀྱིས་མི་གཅིག་ལ་སྐད་ངན་སྒྲོག་བཞིན་པའི་དུས་དེ་ག་རང་ལ་བཟོད་སྒོམ་མཉམ་དུ་བྱེད་མི་ཐུབ་པ་ལྟ་བུ་ཡིན། རྒྱུན་གཏན་མི་མི་ཉུང་བ་ཞིག་གིས་བཟོད་སྒོམ་ནི་ཉམས་ཆུང་ནུས་མེད་ཀྱི་རྟགས་མཚན་ཞིག་ལ་མཐོང་གི་ཡོད། དེ་ཡང་། མི་གཞན་གྱིས་རང་ལ་གཉའ་གནོན་ཐུབ་ཚོད་བྱེད་དུ་བཅུག་ནས། ཁོ་ཚོས་གང་འདོད་འདོད་བྱས་ཏེ་ཐར་ནས་འགྲོ་གི་ཡོད་པ་ཞིག་ལ་གོ་བ་ལེན་གྱི་ཡོད། འོན་ཀྱང་། དངོས་པོའི་གནས་ལུགས་ནི་དེ་ལས་ཤིན་ཏུ་ཐ་དད་པ་ཞིག་རེད། ང་ཚོ་ཡིད་བསུན་ཏེ་རླུང་ལངས་པའི་སྐབས་སུ་སྐད་ངན་སྐད་ལོག་རྒྱག་རྒྱུ་ཙམ་དེ་ཅི་འདྲའི་ལས་སླ་པོ་ཡོད་པ་དང། རང་གི་སེམས་ཚོར་ལ་སྟངས་འཛིན་གྱིས་ཞི་དུལ་ངང་སྡོད་རྒྱུ་དེ་ཅི་འདྲའི་དཀའ་ལས་ཁག་པོ་ཞིག་ཡོད་དམ། རང་ཉིད་ཀྱི་ཚོར་བས་གང་དུ་འཁྲིད་ཀྱང་དེའི་རྗེས་སུ་རྒྱུག་པས་ང་ཚོ་དཔའ་བོར་གྱུར་བ་མ་ཡིན་པར། དེས་ང་ཚོ་ཉམ་ཆུང་ནུས་མེད་དུ་གཏོང་གི་ཡོད། དེས་ན་རྗེས་མ་ཁོང་ཁྲོའི་སྐད་ལོག་གི་རྩེ་ཟུར་ལ་སླེབས་གྲབས་ཡོད་སྐབས། སྐད་ལོག་རྒྱག་ཡག་གི་ཚབ་ལ་བཟོད་པའི་རལ་གྲི་བཏོན་ནས་རང་རྒྱུད་ཀྱི་ཁོང་ཁྲོའི་མགོ་བོ་དེ་གཅོད་དགོས།

དེ་ཡང་ཇི་ལྟར་བྱ་དགོས་སམ་ཞེ་ན། གལ་ཏེ་རང་ཉིད་ཀྱི་སེམས་འཁྲུག་པའམ་དངངས་འཚབ་ཅན་ཆགས་ཀྱི་ཡོད་པ་ཤེས་མ་ཐག དབུགས་གཏིང་རིང་པོ་ཞིག་ནང་དུ་རྔུབས་དགོས། དེ་ནི་སྤྱིར་ང་ཚོ་ཁོང་ཁྲོ་ལངས་པའི་སྐབས་དབུགས་ཐུང་ལ་རྣོ་ངར་ཆེ་ཞིང་ཧལ་བའི་རང་བཞིན་ཞིག་ཡོད་པ་དེའི་ཐད་ཀར་གཉེན་པོ་དེ་ཡིན། ང་ཚོས་གལ་ལེར་དབུགས་ཀྱི་གྲངས་༡༠༠ཐམ་པར་འབྱུང་རྔུབ་ཀྱིས་བརྩིས་ནས། ཕྱིས་སུ་རང་ཉིད་གནོང་འགྱོད་སྐྱེ་གཞིའི་སྐད་ཆ་མི་བཤད་པའི་སྔོན་འགོག་བྱེད་དགོས། ཡང་ན། གལ་ཏེ་ང་ཚོས་དེར་ཐད་ཀར་གདོང་ལེན་བྱེད་པའི་སྐབས་སུ། གནས་སྟངས་དེ་ཛ་དྲག་དང་ཇེ་སྡུག་ཏུ་མ་འགྲོ་གོང་ནས་རང་ཉིད་གནས་སྟངས་དེ་ལས་ཐར་བར་བྱ་རྒྱུའི་འདོད་པ་ཡོང་སྲིད་པ་ཡིན། གནས་སྟངས་རེ་རེ་བཞིན་མི་འདྲ་བ་ཡོད་པས། ཐབས་ལམ་གང་ཞིག་སོ་སོ་ལ་ཡག་ཤོས་དང་འཚམ་ཤོས་ཡིན་མིན་དེ་རང་ཉིད་ཀྱི་ཀླད་པའམ་རྣམ་དཔྱོད་བེད་སྤྱོད་གཏང་ནས་བལྟ་དགོས།

༣༽ དོན་ངོ་མ་དེ་ཧ་གོ་བར། གནས་སྟངས་ལ་དབྱེ་ཞིབ་བྱེད་དགོས།  

ཁོང་ཁྲོ་ལངས་པའི་སྐབས་སུ། འགོག་མི་ཐུབ་པའི་ཁོང་ཁྲོ་དེ། རང་ལ་སྲུང་སྐྱོབ་བྱེད་མཁན་ལྟ་བུ་ཞིག་ཏུ་སྣང་ཡོང་གི་ཡོད། དཔེར་ན། སོ་སོའི་གྲོགས་པོ་ཡག་ཤོས་དེས་ང་ཚོའི་དོན་དུ་གཡུལ་སར་ཡོང་ནས་རོགས་པ་བྱེད་པ་འདྲ་པོ་ཡིན། དེ་ལྟ་བུས་འཁྲུལ་སྣང་གིས། ང་ཚོས་ཁོང་ཁྲོ་ལངས་བ་དེ་ཡང་དག་པ་དང་རྒྱུ་མཚན་ལྡན་པ་ཞིག་ཡིན་བསམ་དུ་བཅུག་གི་ཡོད། འོན་ཀྱང་། གལ་ཏེ་ང་ཚོས་ཟབ་ནན་གྱིས་བལྟ་བ་ཡིན་ན། ཁོང་ཁྲོ་ནི་ང་ཚོའི་གྲོགས་པོ་མིན་པར། དེ་ལས་ལྡོག་ཏེ་ང་ཚོའི་དགྲ་བོ་ཡིན།

ཁོང་ཁྲོ་ནི་ང་ཚོར་སེམས་ངལ་དང་དཀའ་སྡུག་འབྱུང་བའི་རྐྱེན་བྱེད་པ་མ་ཟད། དགོང་མོ་གཉིད་མེད་པ་དང་། ཉིན་མོ་ཟས་ཟ་འདོད་མེད་པ་བཟོ་བ་ཡིན། གལ་སྲིད་ང་ཚོས་མི་ཞིག་ལ་རྟག་ཏུ་ཁོང་ཁྲོ་ཟ་ནས་བསྡད་ན། དེས་མི་གཞན་དག་ལ་དུས་ཡུན་རིང་པོའི་མཐོང་སྣང་དང་ཤུགས་རྐྱེན་སྤྲད་ཀྱི་ཡོད། ང་ཚོས་ག་རེ་བྱེད་དགོས་རེད་ཅེ་ན། ཁོང་ཁྲོ་ལ་ཁ་གཏད་གཅོག་དགོས། ཁོང་ཁྲོ་ཅན་གྱི་གང་ཟག་དང་མཉམ་དུ་དུས་ཚོད་སྐྱེལ་འདོད་མཁན་སུ་ཡོད་དམ།

ང་ཚོ་གནད་དོན་ཞིག་ལ་ཉེས་འཛུགས་བྱས་ནས་རང་ཉིད་སྲུང་སྐྱོབ་ཀྱི་ཆིངས་ཐག་འདྲ་པོ་ཞིག་གིས་གྲོད་ཁོག་བསྡམ་འགོ་བཙུགས་པའི་སྐབས་སུ། ཁོང་ཁྲོ་མི་ཟ་བར། དེ་མཚམས་འཇོག་གྱིས་རྒྱུ་མཚན་དང་ལྡན་པའི་སྒོ་ནས་བསམ་བློ་གཏོང་དགོས། དེ་ལ་འདམ་ཀ་གཉིས་ལས་མེད། ཉེས་འཛུགས་བྱེད་པ་དེ་བདེན་པའམ། ཡང་ན། རྫུན་མ་ཡིན་པ་དེ་གཉིས་རེད། གལ་ཏེ་དེ་བདེན་པ་ཡིན་ན། ང་ཚོ་ཁོང་ཁྲོ་ཟ་དགོས་དོན་གང་ཡིན་ནམ། གལ་ཏེ་ང་ཚོ་རང་ཉིད་ན་ཚོད་ཟིན་པའི་མི་དར་མ་ཞིག་ཆགས་འདོད་ཡོད་ན། རང་སྐྱོན་ངོས་ལེན་བྱེད་དགོས་པ་དང། དེ་ལས་བསླབ་བྱ་ལེན་པའི་ཐོག་ང་ཚོའི་མི་ཚེའི་ནང་གོམ་པ་མདུན་སྤོས་བྱེད་དགོས་ངེས་ཡིན། གལ་ཏེ་དེ་བདེན་པ་མིན་ན། ཡང་བསྐྱར་ང་ཚོ་ཁོང་ཁྲོ་ཟ་དགོས་དོན་གང་ཡིན་ནམ་ཞེས་པའི་དྲི་བ་དེ་རེད། མིས་ནོར་འཁྲུལ་བྱེད་པ་དེ་ང་ཚོས་མི་ཚེའི་ནང་ནམ་ཡང་བྱས་མྱོང་མེད་པ་ཞིག་ཡིན་ནམ།

༤༽ རང་ཉིད་ཀྱི་སེམས་ལ་ལྟོས་དང་། དེ་ནི་སྒོམ་ཡིན།

ཁོང་ཁྲོར་འཐབ་འཛིང་དང་ཁ་གཏད་གཅོག་རྒྱུར་ཕན་ཐོགས་ཤོས་ནི་སྒོམ་དང་དྲན་པ་ཉེར་བཞག་གྱི་ཉམས་ལེན་ཡིན། མི་མང་པོ་ཞིག་གིས། སྒོམ་རྒྱག་པ་ནི་དུས་ཚོད་འཕྲོ་བརླག་གཏོང་གི་ཡོད་པ་འདྲ་པོ་མཐོང་སྲིད་ལ། ང་ཚོའི་མི་ཚེའི་ཉིན་གཅིག་གི་ནང་སོ་སོ་དགའ་ས་དང་སྣང་བ་འགྲོ་བའི་ལས་ཀའི་རིགས་བྱ་རྒྱུ་འདྲ་མིན་ཡོད་པས། སྐར་མ་ཉི་ཤུ་བེད་སྤྱོད་བཏང་ནས་གདན་སྟེང་དུ་ག་རེ་བྱས་ནས་སྡོད་དགོས་བསམ་པ་དང་།  ཡང་ཁ་ཤས་ཀྱིས། སྒོམ་རྒྱག་པ་ནི་རང་གི་བཟའ་ཟླ་དང་ཕྲུ་གུ དེ་བཞིན་ཉིན་རེའི་སྤྱི་ཚོགས་བརྒྱུད་ལམ་ཁག་གི་དྲ་རྒྱ་དང་། དྲ་ཐོག་འཕྲིན་ཡིག་ལ་སོགས་པའི་དངོས་ཡོད་ཀྱི་མི་ཚེ་ལས་རྒྱང་ཐག་རིང་བར་དུས་ཚོད་གཏོང་ཆོག་པའི་གཡོལ་ཐབས་ཡག་པོ་ཞིག་རེད་སྙམ་གྱི་ཡོད།

ཡིན་ནའང་། སྒོམ་ལ་དེ་ལས་ལྷག་པའི་ཁྱད་ཆོས་མང་པོ་ཡོད་དེ། དེ་ནི་དངོས་ཡོད་ཀྱི་མི་ཚེར་འཇུག་པའི་སྟ་གོན་ཞིག་ཡིན། གལ་ཏེ་ང་ཚོས་ཞོགས་པ་རྟག་པར་སྙིང་རྗེ་སྒོམ་ནས། ལས་ཀ་ལ་སླེབས་པ་དང་ང་ཚོས་ལས་མི་གཞན་རྣམས་ལ་སྐད་ལོག་རྒྱག་པ་དང་། ལས་རོགས་རྣམས་ཀྱི་སྐོར་ལ་ཞུ་གཏུགས་དང་སྐྱོན་བརྗོད་བྱེད་པ་ཡིན་ན། ཞོགས་པ་རྟག་པར་སྙིང་རྗེ་སྒོམ་པ་དོན་མེད་དང་ཕན་ཐོགས་མེད་པ་ཡིན།

སྒོམ་གྱིས་ང་ཚོའི་བཟང་ཕྱོགས་ཀྱི་བསམ་བློ་བཟོད་པ་དང་། བྱམས་པ་དང་། སྙིང་རྗེ་ལ་སོགས་པར་གོམས་འདྲིས་ཆགས་པར་བྱེད་ཀྱི་ཡོད། དེ་ཡང་ང་ཚོས་ཡུལ་དུས་གནས་སྐབས་གང་དུ་ཡིན་ནའང་སྒོམ་རྒྱག་ཆོག གལ་ཏེ་ང་ཚོས་ཉིན་ལྟར་ཞོགས་པ་ཚོུད་ཕྱེད་ཀ་རང་ཉིད་ཀྱི་སྣང་བ་འགྲོ་བའི་གླུ་དབྱངས་ཉན་པར་དུས་ཚོད་གཏོང་གི་ཡོད་ན། དེ་ལས་ཉུང་མཐར་སྐར་མ་བཅུ་ཙམ་དུས་ཚོད་དེ་གཞན་ཕན་བྱམས་བརྩེའི་བསམ་པ་ཞིག་སྐྱེད་པར་བེད་སྤྱོད་བཏང་ན། དེས་ཁོང་ཁྲོ་ཉུང་དུ་འགྲོ་བར་ཕན་ཐོགས་ཡོད་པ་མ་ཟད། རང་ཉིད་ཀྱང་མི་གཞན་གྱིས་དགའ་པོ་བྱ་ཡུལ་དུ་འགྱུར་བ་ཡིན།

༥༽ གུས་འདུད་ཀྱིས་རང་ཉིད་ཀྱི་དགྲ་ལས་བློ་བསྐྱེད་ལེན་དགོས།

ནང་པ་སངས་རྒྱས་པའི་ཆོས་ཀྱིས། ང་ཚོས་རྒྱུན་ལྡན་གང་བྱེད་འཆར་ཡོད་པའི་བྱ་བ་རྣམས་ཀྱི་ལྡོག་ཕྱོགས་དེ་ཏག་ཏག་སྒྲུབ་དགོས་པ་ཡང་ཡང་གསུངས་ཀྱི་ཡོད། དེ་ཡང་། ང་ཚོས་རང་གི་དགྲ་ལྟ་བུ་ཞིག་ལ་ཁོང་ཁྲོ་ཟ་བའི་སྐབས་སུ། དགྲ་ཤ་ལེན་དགོས་པ་དེ་ང་ཚོའི་སྐུལ་ཤུགས་དེ་ཡིན་མོད། དེའི་མཇུག་འབྲས་གང་ཡོང་ངམ་ཞེ་ན། མཇུག་འབྲས་ནི། ང་ཚོ་རང་ཉིད་སྔར་ནང་བཞིན་དང་། ཡང་ན་སྔར་ལས་ཀྱང་ཐབས་རྡུག་པའི་གནས་སུ་ལུས་འགྲོ་བ་ཡིན། དེ་ནི་རང་གི་ཤེས་ཚོད་དང་འགལ་འདུ་ལྟ་བུར་སྣང་ཡང་། ལྡོག་ཕྱོགས་ཀྱི་ལམ་ནས་ཉམས་ལེན་བྱ་རྒྱུ་དེས་ལྡོག་ཕྱོགས་ཀྱི་འབྲས་བུ་ཞིག་སྦྱིན་པ་ཡིན། དེ་ནི་བདེ་སྐྱིད་ཀྱི་ལམ་ཡིན།

 དེ་ལྟར་བརྗོད་ཚེ་གླེན་རྟགས་འདྲ་ཞིག་ཡོད་ཀྱང་། ཁོང་ཁྲོ་བྱ་ཡུལ་གྱི་མི་དེ་རང་ཉིད་ཀྱི་དགེ་རྒན་ལྟ་བུར་བསམ་བློ་གཅིག་གཏོང་དང་། གལ་ཏེ་རང་ཉིད་བཟོད་སྒོམ་ཆེ་བ་དང་། བྱམས་བརྩེ་ཆེ་བ་དང་། སེམས་ཇེ་བཟང་དང་། བདེ་སྐྱིད་ཕུན་སུམ་ཚོགས་པའི་ཡར་རྒྱས་ཤིག་འགྲོ་འདོད་ན། ང་ཚོས་ལག་ལེན་བསྟར་དགོས་ངེས་ཡིན། འཛམ་གླིང་ནང་རྐང་རྩེད་པོ་ལོ་རྩེད་འགྲན་པ་ཡག་ཤོས་སམ། ཡང་ན་རོལ་ཆ་ཨོག་ལེན་གཏོང་མཁན་ (violinist) ཡག་ཤོས་ཞིག་ཆགས་པ་ལ་འབད་བརྩོན་དང་དུས་ཚོད་མང་པོ་ཞིག་གཏོང་དགོས་པ་ང་ཚོ་ཚང་མས་ཤེས་གསལ་ལྟར་ཡིན་པས། ང་ཚོའི་ནང་སེམས་ཀྱི་ལུས་རྩལ་སྦྱོང་བརྡར་དེ་ག་རེ་བྱས་ནས་འདི་དང་གཅིག་པ་མིན་ཏེ། གཅིག་པ་ཡིན་པས་སོ། གལ་ཏེ་ང་ཚོ་རྟག་ཏུ་རང་ཉིད་དང་མཐུན་པའི་ཕྱོགས་ཏེ། ང་ཚོས་གང་འདོད་པ་ལྟར་དུ་མོས་མཐུན་བྱེད་མཁན་གྱི་ཁྲོད་དུ་བསྡད་ན། ང་ཚོར་དཀའ་ངལ་ཆེན་པོ་གང་ཡང་མེད།

དེ་འདྲ་སོང་ཙང་། ང་ཚོས་ཁོང་ཁྲོ་བྱ་ཡུལ་གྱི་གང་ཟག་དེ་ཧ་ཅང་གི་རྩ་ཆེན་པོ་ཞིག་ཆགས་པ་ཡིན་ཏེ། དེས་ང་ཚོར་དངོས་གནས་དྲང་གནས་བཟོད་པའི་ཉམས་ལེན་བྱ་རྒྱུའི་གོ་སྐབས་སྤྲོད་ཀྱི་ཡོད། འདིས་ཁོང་ཁྲོའི་ཚོར་བའི་རླབས་རྒྱུན་ལངས་པ་དེ་ལམ་སེང་བཀག་གི་ཡོད། གང་ཡིན་ཞེ་ན། དེས་གཞན་གྱིས་རང་ལ་ག་རེ་བྱས་ཡོད་པ་དང་། ག་རེ་བྱེད་བཞིན་ཡོད་པ་བཅས་ལ་སོ་སོ་རང་ཉིད་ཀྱི་ལྟ་སྟངས་འགྱུར་བ་གཏོང་གི་ཡོད།

༦༽ འཆི་བ་མི་རྟག་པ་དྲན་དགོས།

ཁྱོད་རང་འཆི་རྒྱུ་རེད་ལ། ང་ཡང་འཆི་རྒྱུ་རེད། དེ་བཞིན་ང་ཚོ་ཚང་མ་འཆི་རྒྱུ་རེད། དེ་འདྲ་སོང་ཙང་། རང་ཉིད་ལ་བཟོད་མི་ཐུབ་པའི་བསུན་པོ་བཟོ་མཁན་གྱི་མིའི་བྱེད་སྟངས་ལ་ཁོང་ཁྲོ་ཟ་སྐབས། དེ་ལ་ཡ་ལན་མི་བྱེད་པར་བསམ་བློ་འདི་ལྟར་གཏོང་དགོས་ཏེ། ང་འཆི་སའི་མལ་ཁྲིའི་སྟེང་དུ་ལྷག་པའི་སྐབས་སུ། ངས་གནད་དོན་ཆུང་ཚག་གི་རིགས་ལ་དོ་སྣང་བྱེད་དམ། འཛམ་གླིང་དབང་དུ་བསྡུས་ཏེ་གཏོར་བཅོམ་བྱ་རྒྱུ་སེམས་གཏིང་ནས་བློ་ཐག་ཆོད་པའི་མི་ཞིག་ཡིན་ན་མ་གཏོགས། གོང་གསལ་དྲི་བ་དེའི་ལན་ཕལ་ཆེར་སྐད་གསངས་མཐོན་པོའི་སྒོ་ནས་མིན་ཞེས་པ་དེ་རེད། མན་ངག་ཆུང་ཆུང་འདི་ལས་སླ་པོ་དཔེ་ཡོད་པ་མ་ཟད། ད་དུང་མི་ཚེའི་ནང་གི་སུན་སྣང་ཆུང་ཙག་རིགས་ཞི་བར་བྱེད་པར་ཕན་ཐོགས་ཡོད།

ང་ཚོ་ཚང་མ་འཆི་རྒྱུ་ཡིན་པ་ཤེས་ཀྱི་ཡོད་ཀྱང་། དེ་ང་ཚོས་དངོས་གནས་དྲང་གནས་མངོན་གསལ་དོད་པོ་ཞིག་ཤེས་ཀྱི་མེད། འཆི་བ་ཞེས་པ་ནི། དངོས་མེད་མཐོང་རེག་དང་བྲལ་བ་ཞིག་ཡིན་ལ། དེ་ནི་སོ་སོ་རང་ཉིད་དང་ཐག་རིང་པོར་མི་གཞན་ལ་བྱུང་གི་ཡོད་པ་དང་། མི་རྣམས་རྒ་བ་དང་ན་བ། དེ་བཞིན་གློ་བུར་དོན་རྐྱེན་གྱི་ནང་དུ་འཚུད་པའི་ལྟ་ཚུལ་ཞིག་ཡོད། འོན་ཀྱང་། དེ་ནི་དོན་དངོས་དེ་མ་ཡིན། ཉིན་མ་རེ་རེའི་ནང་མི་ལོ་ན་གཞོན་པ་དེ་རྒས་འཁོགས་ཀྱི་སྔོན་དུ་འཆི་བ་དང་། མི་གཟུགས་པོ་ཐང་པོ་ཡོད་པ་དེ་མི་ནད་ཀྱི་མནར་བ་དེའི་སྔོན་དུ་འཆི་བའང་ཡོད།

ང་ཚོས་སང་ཉིན་དང། ལོ་གཅིག་དང་། ཡང་ན་ལོ་ལྔ་བཅུའི་ནང་ཚུད་སོགས་སོ་སོ་མ་འོངས་པར་ག་དུས་འཆི་ངེས་པ་དེའི་ཐད་ལ་སེམས་གཏད་པའི་སྐབས་སུ། ང་ཚོ་དོན་ངོ་མ་གང་ཡང་འཁྱེར་རྒྱུ་མེད་པར་ལག་སྟོང་ངང་ཐོན་དགོས། འཆི་བ་མི་རྟག་པར་བསམ་བློ་བཏང་བས་མི་གཞན་གྱིས་ང་ཚོར་སུན་སྣང་སློང་བ་ཉུང་དུ་མི་འགྲོ་ཡང་། ང་ཚོས་དེ་དག་གི་ཆེད་རང་ཉིད་ཀྱི་རྩ་ཆེའི་དུས་ཚོད་དང་ནུས་པ། ཚེ་སྲོག་བཅས་འཕྲོ་བརླག་བཏང་བ་དེ་དོན་སྙིང་གང་ཡང་མེད་པ་ཞིག་ཏུ་ངོས་འཛིན་བྱེད་ཐུབ།

༧༽ ལས་འབྲས་ལ་བསླུ་བ་མེད།

ནམ་རྒྱུན་མི་ཚོས། ཅི་འདྲ་བ་ཡི་ལས་བྱས་པ། འབྲས་བུ་དེ་འདྲ་བ་ཞིག་ཐོབ། ཅེས་དང་། ཡང་ན་དེ་ནི་ཁོའི་ལས་དབང་རེད། ཁོ་ལ་ལས་རྒྱུ་འབྲས་འཁོར་བ་དེ་འོས་ཤིང་འཚམས་པ་རེད། ཅེས་རང་ཉིད་གང་བཏབ་པའི་རྒྱུ་དེ་ལ་འབྲས་བུའང་དེ་འདྲ་བ་ཞིག་སྨིན་གྱི་ཡོད་པར་གོ་བ་ཡིན། འདི་ནི་ནང་པ་སངས་རྒྱས་པའི་འདོད་པའི་རྒྱུ་འབྲས་ཀྱི་རྣམ་གཞག་ཧ་ཅང་ཞིབ་ཅིང་ཕྲ་ལ་སྣ་ཚོགས་པ་དེ་མ་ཡིན། ད་དུང་མི་གཞན་དག་གི་སྡུག་བསྔལ་ནི་ཁོ་ཚོའི་ལས་དབང་ཡིན་ཞེས་མཛུབ་སྟོན་བྱེད་པ་ལ་དགའ་སྣང་འདྲ་པོ་ཞིག་བྱེད་བཞིན་པའི་སྐབས། མི་མང་ཆེ་བ་ཞིག་ནི། ཁོ་ཚོ་རང་ཉིད་དཀའ་ངལ་གྱི་གནས་སྟངས་ནང་ཡོད་སྐབས། དེ་ལས་ཀྱི་འབྲས་བུ་རེད་ཅེས་མི་བསམ་པར་ཁུ་སིམ་མེར་སྡོད་མཁན་ཞིག་ཆགས་ཀྱི་ཡོད།

ང་ཚོས་བདེ་སྐྱིད་ཕུན་སུམ་ཚོགས་པའི་དུས་ཚོད་ལ་ཉམས་སུ་མྱོང་བ་ནས་བཟུང་སྟེ་རེ་བ་གཏིང་ནས་ཟད་པའི་སྡུག་བསྔལ་ཞིག་མྱོང་བ་དེ་དག་ཐམས་ཅད་རྒྱུ་ལས་བྱུང་བ་ཞིག་ཡིན། རྒྱུ་དེ་དག་ཀྱང་ག་ནས་ཡོང་མི་ཤེས་པའི་ས་ཆ་ཞིག་ནས་རང་ཉིད་ཀྱི་པང་སྟེང་དུ་ལྷུངས་བ་ཞིག་མིན་པར། དེ་ནི་སོ་སོ་རང་གིས་བཟོས་པ་ཞིག་ཡིན། དེ་འདྲ་སོང་ཙང་། གནས་སྟངས་ཐབས་རྡུག་པོ་དེ་འདྲ་མྱོང་བའི་སྐབས་ཁོང་ཁྲོས་དབང་སྒྱུར་བྱེད་དུ་འཇུག་རྒྱུའི་ཚབ་ལ། དེ་དག་གང་ནས་འོང་མིན་དང་། རང་ཉིད་ཀྱིས་གནས་སྟངས་ཇེ་སྡུག་ཏུ་གཏོང་འདོད་ཡོད་དམ་མེད་བཅས་ཀྱི་སྐོར་ལ་ང་ཚོས་བསམ་བློ་ཡག་པོ་ཞིག་གཏོང་ཐུབ་པ་ཡིན།

ལས་ནི་ང་ཚོས་རང་ཤུགས་ཀྱིས་སྤྱོད་ཚུལ་ཇི་ལྟར་སྟོན་པ་དང་། སྤྱོད་ཚུལ་དེ་དག་ལ་རྟག་ཏུ་ང་ཚོར་ཡོད་པའི་ལམ་ཁ་རྙིང་པའི་སྒོ་ནས་ཕན་ནུས་འབྲེལ་བའི་ཡ་ལན་རང་འཇགས་བྱེད་བཞིན་ཡོད་པའི་སྐོར་ལ་ཡིན། གལ་ཏེ་ང་ཚོས་ལས་ཀྱི་རྣམ་བཞག་གམ་ལས་ཀྱི་བྱ་བ་བྱེད་སྟངས་དེ་ཤེས་ན། ད་ལྟ་རང་ཉིད་ཀྱིས་བྱེད་བཞིན་པའི་བྱ་བས། རང་ཉིད་ཀྱི་མ་འོངས་པའི་ཉམས་མྱོང་ལ་འགྱུར་བ་གཏོང་ཐུབ་པའི་ནུས་པ་དེ་རང་ཉིད་ལ་ཡོད་པ་ཤེས་པར་འགྱུར་ལ། འདིར་དེའི་དོན་ནི་ཁོང་ཁྲོ་ལངས་པའི་སྐབས་བཟོད་པ་སྒོམ་དགོས་ཞེས་པ་དེ་ཡིན་ནོ།།

༨༽ དེ་བདེན་པ་མིན། སྟོང་ཉིད་ཡིན།

ཁོང་ཁྲོའི་ཐད་ཀའི་གཉེན་པོ་བཟོད་པ་ཡིན་སྲིད་ཀྱང་། གཉེན་པོ་སྟོབས་ཆེ་ཤོས་ནི་སྟོང་པ་ཉིད་ཡིན། དེ་ནི་ཁོང་ཁྲོ་ཙམ་མ་ཟད། ང་ཚོར་འཕྲད་བཞིན་པའི་དཀའ་ངལ་ཐམས་ཅད་ཀྱི་གཉེན་པོ་ཡིན་ནོ། དོན་དངོས་ང་ཚོ་བཟོད་སྒོམ་ག་ཚོད་ཆེ་མིན་ལ་མ་ལྟོས་པར། ང་ཚོས་གལ་ཏེ་སྟོང་པ་ཉིད་ཀྱི་དོན་མ་ཤེས་ན། དཀའ་ངལ་རྒྱུན་མི་ཆད་པར་རྒྱ་གར་གྱི་ཆར་འདྲེན་རླུང་དང་འདྲ་བར་རང་གི་ཐོག་ཏུ་འབབ་པ་ཡིན།

ང་ཚོ་ཁོང་ཁྲོ་ལངས་པའི་སྐབས་སུ། གལ་ཏེ་ང་ཚོས་རང་ཉིད་ཀྱི་སེམས་ལ་དཔྱད་པ་ཞིབ་མོ་རེ་བྱས་ཚེ། ང་ཚོས་བློ་ངོར་ང་དང་ང་ཡི་ཞེས་པའི་ཚོར་བ་ཤུགས་དྲག་པོ་ཞིག་ཡོད་པ་མཐོང་ཐུབ། དཔེར་ན། ཁྱོད་ཀྱིས་ང་ལ་བཤད་པའི་སྐད་ཆ་དེར་ང་ཁོང་ཁྲོ་ཞེ་དྲགས་ལངས་སོང་ཞེས་དང། ཁོས་ངའི་གྲོགས་པོ་ལག་རེ་བྱས་པ་དེ་ང་ཡིད་ཆེས་ཀྱི་མི་འདུག་ཟེར་བ་དང་། ལས་དོན་འདིའི་ཐད་ལ་ང་ཏན་ཏན་འགྲིག་ཡོད། མོ་རང་ནོར་བ་རེད་ཅེས་སོགས་ང་དང་ང་། ང་དང་ང་རྐྱང་རྐྱང་འབོད་ཀྱི་ཡོད།

ཁོང་ཁྲོ་ལངས་པའི་སྐབས་སུ། ང་ཞེས་རྡོག་རྡོག་ཧྲེང་ཧྲེང་དུ་སྣང་བ་དེ་ལ་དཔྱད་པ་བྱ་རྒྱུའི་གོ་སྐབས་ཡག་པོ་ཞེ་དྲགས་རག་གི་ཡོད། དེ་འདྲའི་ང་དེ་བདེན་པར་གྲུབ་མེད། འོན་ཀྱང་། དེ་ཡི་དོན་ནི་ང་ཚོ་རྩ་བ་ཉིད་ནས་མེད་པའམ་གཞན་གང་ཡང་གལ་ཆེན་མ་ཡིན་ཞེས་པའི་དོན་མིན། གལ་ཏེ་ང་ཚོས། ང་དེ་སེམས་ནང་དུ་ཡོད་དམ། ལུས་དེ་ང་ཡིན་ནམ། ལུས་སེམས་གཉིས་ཀ་ང་ཡིན་ནམ། ཞེས་དེ་ལྟར་འཚོལ་ཐབས་བྱེད་པའི་སྐབས་སུ། ཨོ། འདི་རེད་ཅེས་སྟོན་ཐུབ་པ་ཞིག་རྩ་ནས་མེད།

དེ་ལྟ་བུ་ང་ཚོ་ཚང་མར་གོ་བ་སླེབས་ཡག་དེ་དཀའ་ལས་ཁག་པོ་ཡོད་ཀྱང་། དོན་དངོས་ང་ཚོས་དངོས་པོའི་གནས་ལུགས་ལ་དཔྱད་པ་གཏོང་འགོ་བཙུགས་པ་ནས་བཟུང་། དེས་ང་ཚོའི་ལྟ་ཚུལ་ལ་ཡང་དག་པའི་འགྱུར་བ་གཏོང་གི་ཡོད། ཁོང་ཁྲོ་ལངས་པའི་སྐབས་ཐོག་མ་ཉིད་ནས་ཁོང་ཁྲོ་ཟ་ཡུལ་ཞིག་ཏག་ཏག་མཛུབ་མོ་བཙུག་ས་དང་ངོས་འཛིན་བྱེད་ཡག་ཅིག་གང་ཡང་མེད་པར་ང་ཚོས་ཤེས་ཡོང་།

བརྙན་པར། རྗེ་བཙུན་མ་བསྟན་འཛིན་དཔལ་མོ། “ཁོང་ཁྲོ་མྱུར་དུ་བཅོས་ཐབས།”

ཕྱོགས་བསྡོམས།

དངོས་གནས་དྲང་གནས་ཀྱི་འབད་རྩོན་ཞིག་མ་བྱས་པར། ང་ཚོས་ཁོང་ཁྲོ་ཟ་གི་མ་རེད། ཅེས་ཡང་ནས་ཡང་དུ་ཇི་ཙམ་བརྗོད་མ་བརྗོད་མེད་ལ། ང་ཚོ་ཚང་མས་འདོད་པའི་སེམས་ཀྱི་ཞི་བདེ་དེ་ནམ་ཡང་མི་ཐོབ།

གོང་དུ་བཤད་པའི་གནད་དོན་རྣམས་ལེགས་པར་བཀོད་སྒྲིག་བྱས་པའི་ཐོ་གཞུང་ཙམ་ཞིག་མ་ཡིན་པར། དེ་དག་ནི་རང་ཉིད་ཁོང་ཁྲོ་དང་ཞེད་སྡང་། སྐྱོ་སྣང་བཅས་ལས་ཐར་བར་བྱེད་པ་ལ་ང་ཚོས་བེད་སྤྱོད་གཏོང་ཆོག་པའི་ལག་ཆའམ་ཐབས་ལམ་དངོས་དེ་ཡིན། དེ་ཡང་ཉམས་ལེན་གྱི་ཐོག་ནས་ང་ཚོ་སུ་ཡིན་ནའང་དེ་ལྟར་བྱེད་ཐུབ་བོ།།

Top