ཕན་ཚུན་འབྲེལ་ལམ་གྱི་ནང་ཕྲག་དོག་ལ་གདོང་ལེན་བྱེད་སྟངས།

How to jealousy ben blennerhassett unsplash

ཕྲག་དོག་གིས་ང་ཚོ་ལ་སོ་སོའི་གྲོགས་པོ་དང་བཟའ་ཟླས། རང་ཉིད་སྣང་མེད་དུ་གཡུག་ཡོང་སྙམ་པའི་བློ་འཚབ་དང་སེམས་འཁྲེལ་བཟོ་ནས། དེས་ཕན་ཚུན་གྱི་འབྲེལ་ལམ་ལ་བར་ཆད་ཀྱིས་སེམས་ཀྱི་ཞི་བདེ་ཡོངས་སུ་རླག་པར་བྱེད་ཀྱི་ཡོད། ཇི་ཙམ་གྱི་ཕྲག་དོག་དང་གཅེས་འཛིན་གྱི་བློ་ཆེ་བ་དེ་ཚོད་ཀྱི་རང་ཉིད་གཞན་དང་རྒྱང་ཐག་རིང་དུ་གཏོང་གི་ཡོད། ང་ཚོ་ཚང་མ་ཕྲག་དོག་ལས་རྣམ་པར་རྒྱལ་ནས་མི་གཞན་དག་གྲངས་ལས་འདས་པར་བྱམས་བརྩེ་སྤྲོད་ཐུབ་པའི་ནུས་པ་དང་འཇོན་ཐང་ཡོད་པ་ཤེས་དགོས།  རང་ཉིད་ཀྱི་གྲོགས་པོ་དང་ཆེད་ལས། རྩེད་མོའི་རིགས་སོགས་ལ་དགའ་མོས་བྱས་པའི་རྐྱེན་གྱིས། བཟའ་མི་ཕན་ཚུན་གྱི་བརྩེ་དུང་ཇེ་ཆུང་དུ་མི་འགྲོ་བར། དོན་ངོ་མར་དེས་ཕན་ཚུན་གྱི་བརྩེ་དུང་ཇེ་ཆེར་གཏོང་གི་ཡོད།

ཕྲག་དོག་དང་མིག་སེར།

ཕྲག་དོག་ལ་རྣམ་པ་མི་འདྲ་བ་འགའ་ཤས་ཡོད་ཆོག གལ་ཏེ་ང་ཚོ་རང་ཉིད་མི་ཧྲང་ཧྲང་དགའ་རོགས་མེད་མཁན་ཞིག་ཡིན་ཞིང་། བཟའ་ཚང་གཞན་དང་སྔ་ས་ནས་དགའ་རོགས་ཀྱི་འབྲེལ་ལམ་ཡོད་མཁན་གྱི་མི་རྣམས་ལ་ཕྲག་དོག་གི་ཚོར་སྣང་སྐྱེ་བ་ཡིན་ན། དོན་དངོས་དེ་ནི་མིག་སེར་ཞིག་ཡིན། དེ་མིན་ང་ཚོས་གང་ཟག་གཞན་གྱི་བརྩེ་དུང་འཐོབ་འདོད་དང་། གཞན་གྱིས་རང་ལ་དོ་སྣང་བྱེད་ཡོང་གི་རེ་འདོད་དང། ང་ཚོ་ལའང་གཞན་དག་ལ་ལྡན་པའི་བརྩེ་དུང་ཅན་གྱི་ཕོ་མོའི་འབྲེལ་ལམ་དེ་འདྲ་བ་ཞིག་བྱུང་ཡོད་ན་སྙམ་པ་ཡིན། གནད་དོན་དེ་གཉིས་ཀའི་ནང་། རང་ཉིད་ལ་གང་ཞིག་མ་འདང་བའམ་མེད་པ་དེ་ཡོད་ན་བསམ་པའི་མིག་སེར་གྱི་ཚོར་སྣང་ཞིག་ཡོང་གི་ཡོད། དེ་ལ་བརྟེན་ནས་གཅིག་ཚང་མེད་པའི་ཚོར་སྣང་དང་རང་ཉིད་ལ་མཐོང་ཆེན་དུ་འཛིན་པའི་དཀའ་ངལ་ཅན་གྱི་ཚོར་སྣང་གཞན་རྣམས་ཀྱང་འབྱུང་བ་ཡིན།  

ཕན་ཚུན་འབྲེལ་ལམ་གྱི་ནང་ཕྲག་དོག

རང་ཉིད་ཕན་ཚུན་གྱི་འབྲེལ་ལམ་ནང་དུ་ཡོད་པའི་སྐབས་སུ་ཕྲག་དོག་བྱེད་ན། དེ་ནི་དེ་བས་ཀྱང་བསུན་སྣང་ཆེ་བ་ཡོད།  མི་གཞན་དག་ལ་ག་རེ་ཡོད་མེད་ལ་དོ་སྣང་བྱེད་པ་ལས་ལྡོག་སྟེ། རང་ཉིད་ཀྱི་བཟའ་ཟླའམ་གྲོགས་པོ་དང་། གང་ཟག་གསུམ་པ་ཞིག་ལ་དོ་སྣང་བྱེད་པ་ཡིན། དེ་ཡང་རྒྱུན་ལྡན་ང་ཚོས། རང་ཉིད་ཀྱི་དམིགས་བསལ་གྱི་འབྲེལ་ལམ་དེ་གང་ཟག་གསུམ་པ་ཞིག་ལ་ཤོར་འགྲོ་ཡོང་བསམ་པའི་ཞེད་སྣང་བྱེད་ཀྱི་ཡོད། དེ་ལྟར་རང་ལ་ལྷག་བསམ་རྣམ་དག་མི་བྱེད་མཁན་འོང་སྲིད་པའི་མི་དང་། རང་ལ་འགྲན་རྩོད་བྱེད་མཁན་གྱི་མི་ལ་རང་ཉིད་བཟོད་སྒོམ་མེད་པར་ཆགས་ཀྱི་ཡོད། དཔེ་བཞག་ན། གལ་ཏེ་རང་གི་བཟའ་ཟླས་རང་ཉིད་མེད་སར་སོ་སོའི་གྲོགས་པོ་དང་མཉམ་དུ་དུས་ཚོད་མང་པོ་བཏང་བའམ། གཞན་གྱི་བྱེད་སྒོ་ལ་མཉམ་བཞུགས་སོགས་བྱེད་ན། ང་ཚོར་ཕྲག་དོག་སྐྱེ་གི་ཡོད་པ་ལྟ་བུ་ཡིན། དེ་ལྟ་བུའི་ཕྲག་དོག་ནི་མཐའ་ན་དུད་འགྲོ་ཁྱིས་ཀྱང་བྱེད། དེ་ཡང་ཁྱི་ཕྲུག་གསར་པ་ཞིག་ཐོག་མར་ཁྱིམ་དུ་འབྱོར་སྐབས། ཁྱིས་ཀྱང་དེ་ལྟར་ཕྲག་དོག་བྱེད་པ་ཡིན། དེ་འདྲའི་ཕྲག་དོག་གི་རིགས་ལ་སྡང་བའི་སེམས་དང་འཁོན་འཛིན་གྱི་ཆ་གཉིས་ཀ་ལྡན་པའི་སྟེང་དུ་ཉེན་སྲུང་མེད་པ་དང་དང་བློ་དྭོགས་ཀྱི་ཆ་ཡང་ཤུགས་ཆེན་པོ་ཡོད།

གལ་སྲིད་ང་ཚོར་ཉེན་སྲུང་མེད་པ་ཡིན་ན། རང་ཉིད་ཀྱི་བཟའ་ཟླའམ་གྲོགས་པོ་མི་གཞན་གྱི་མཉམ་དུ་ག་དུས་ཡོད་ནའང་ལམ་སེང་ཕྲག་དོག་སྐྱེ་འགོ་ཚུགས་ཀྱི་ཡོད། འདིའི་རྒྱུ་རྐྱེན་ནི་ང་ཚོ་རང་ཉིད་ཀྱི་རིན་ཐང་ལ་ཡིད་རྟོན་མེད་པ་དང་། གང་ཟག་གཞན་གྱི་རང་ལ་བརྩེ་བ་ཡོད་པར་ཉེན་སྲུང་མེད་པ་བཅས་ཀྱིས་རང་ཉིད་ཀྱི་བཟའ་ཟླར་ཡིད་མི་ཆེས་པ་འགྱུར་བ་ཡིན། གཞན་གྱིས་རང་ཉིད་སྣང་མེད་དུ་གཡུག་ཡོང་སྙམ་པའི་ཞེད་སྣང་སྐྱེ་གི་ཡོད། རང་ཉིད་ཀྱི་བཟའ་ཟླ་དང་གྲོགས་པོས་གཞན་སུ་ཞིག་དང་མཉམ་དུའང་། དུས་ཚོད་རྩ་བ་ནས་མི་གཏང་བ་ཡིན་ནའང། དེ་འདྲ་བའི་ཞེད་སྣང་དེ་ཡོད་སྲིད་པ་ཡིན། གཅེས་འཛིན་ཧ་ཅང་ཤུགས་ཆེན་པོས། གཞན་གྱིས་ང་ཚོ་དུས་ནམ་བྱུང་ལ་གཡུག་ནས་འགྲོ་ཡོང་སྙམ་པའི་བློ་འཚབ་དང་སེམས་འཁྲེལ་བྱེད་པ་ཡིན།

ཕྲག་དོག་ལས་ཐར་བ།

ཕྲག་དོག་ལ་གདོང་ལེན་བྱེད་དུས། ང་ཚོས་རང་གི་བློ་ངོར་མི་ཐམས་ཅད་ལ་བྱམས་བརྩེ་བྱེད་པའི་ནུས་པ་གང་འདྲ་ཞིག་ལྡན་མིན་ལ་བསལ་བློ་གཏོང་དགོས། དེ་ནི་ང་ཚོའི་རྒྱུད་ལ་ཡོད་པའི་རང་བཞིན་གནས་རིགས་ཞེས་པ་སངས་རྒྱས་རུང་གི་རིགས་ཤིག་རེད། དེ་འདྲའི་དངོས་ཡོད་ཀྱི་གནས་སྟངས་དེ་ལ་ང་ཚོས་བསྐྱར་དུ་ར་སྤྲོད་བྱུང་ཚེ། གང་ཟག་གཅིག་ལ་བྱམས་བརྩེ་བྱེད་པ་དེས་་གང་ཟག་གཞན་རྣམས་ཟུར་དུ་འདོར་མི་དགོས་པའི་གནས་ལུགས་དེ་མཐོང་ནས། ང་ཚོ་ཕྲག་དོག་ལས་ཐར་བར་རོགས་པ་བྱེད་ཀྱི་རེད། དེ་ཡང་། རང་སོ་སོས་བསམ་བློ་ཞིག་གཏོང་དང་། རང་ཉིད་ཀྱི་བློ་ཡི་སྒོ་མོ་དེ་འགྲོ་བ་མི་གཞན་དང་དངོས་པོ་མང་པོའི་ཕྱོགས་སུ་ཇི་ལྟར་འབྱེད་ཐུབ་བམ། ༼བྱམས་པ་ཞེས་པ་ག་རེ་ཡིན་ནམ་ཞེས་པར་གཟིགས།༽ ང་ཚོས་བློ་ཡི་སྒོ་མོ་ཡངས་པོར་འབྱེད་པའི་ཐོག་ནས། རང་ཉིད་ཀྱི་ཕ་མ་དང་། བཟའ་ཟླ་དང། བུ་ཕྲུག་དང། གྲོགས་པོ་དང། གཅེས་ཉར་སྲོག་ཆགས་དང་། རང་གི་ལུང་པ་དང་། དབྱིངས་ལས་དང། རང་བྱུང་ཁམས་དང་།

དཀོན་མཆོག་སོགས་ལ་བྱམས་སྐྱོང་དང་དགའ་པོ་ཡོང་བ་ཡིན། དེ་དག་ཐམས་ཅད་ཀྱི་ཆེད་དུ། ང་རང་ཚོའི་སེམས་ནང་སེམས་ཅན་གཞན་རྣམས་ཤོང་ཚད་ཀྱི་སྟོང་ཆ་ཞིག་ཡོད་པ་ཡིན། དེ་གང་ཡིན་ཞེ་ན། བྱམས་བརྩེ་ནི་དེ་ལས་ལོགས་སུ་ཡོད་པ་ཞིག་མ་ཡིན་པས་སོ། །བྱམས་བརྩེ་བྱ་ཡུལ་ཐམས་ཅད་ལ་འབྲེལ་བ་བྱེད་པའི་ནུས་པ་ཆ་ཚང་ང་ཚོ་ལ་ཡོད་པས། དེ་དག་རེ་རེ་ལ་རང་ཉིད་ཀྱི་ཚོར་བ་སྟོན་སྟངས་རན་ཞིང་འཚམ་པ་ཞིག་ཡོད། གཞན་རང་ཉིད་ཀྱི་གཅེས་ཉར་བྱེད་པའི་སྒོ་ཁྱིར་བྱམས་བརྩེ་སྟོན་སྟངས་དང་རང་གི་ཕ་མ་དང་བཟའ་ཟླ་ལ་བྱམས་བརྩེ་སྟོན་སྟངས་གཉིས་གཅིག་པ་ག་ལ་ཡིན།

སོ་སོ་རང་ཉིད་སེམས་གུ་ཡངས་དང་ཁ་སངས་གཏིང་སངས་ཤིག་ཆགས་ཐུབ་པ་ལ་ང་ཚོའི་བཟའ་ཟླ་དང་གྲོགས་པོ་རྣམས་ཀྱང་དེ་འདྲ་ཞིག་ཆགས་ལོས་ཐུབ། མི་ཚང་མའི་སེམས་ནང་། སེམས་ཅན་གྲངས་ལས་འདས་པ་དང་དངོས་པོ་གྲངས་ལས་འདས་པར་མ་ཟད། འཛམ་གླིང་ཁྱོན་ཡོངས་ལ་བྱམས་པ་རྒྱ་སྐྱེད་གཏོང་ཐུབ་པའི་ནུས་པ་གཅིག་མཚུངས་སུ་ཡོད། ཁོ་ཚོར་ང་ཚོ་གཅིག་པུ་ལ་བྱམས་བརྩེ་ཡོད་པ་ལས། གཞན་བྱམས་བརྩེ་ལྡན་པའི་གྲོགས་པོའམ། ཡང་ན་ཕྱི་རོལ་ལ་དབྱིངས་རྩ་བ་ནས་མེད་ཅེས་རེ་བ་བྱེད་པ་མ་ཟད། དགོས་འདུན་ཡང་སྟོན་པ་དེ་ནི་དྲང་བདེན་མ་ཡིན་ཞིང་། དངོས་པོའི་གནས་ལུགས་དང་མི་མཐུན་པ་ཡིན། ང་ཚོས། ཁོ་ཚོ་ང་ཚོ་དང་མི་གཞན་དག་གཉིས་ཀར་ཤོང་ཚད་ཀྱི་སྟོང་ཆ་ཞིག་ཁོ་ཚོའི་སེམས་ནང་མེད་པ་ཚོར་ནས། ཁོ་ཚོ་སྣང་ཆུང་གིས་གལ་ཆེན་མ་ཡིན་པ་བསམ་གྱི་ཡོད་དམ། ང་ཚོས་ཁོ་ཚོ་ལ་ཡོད་པའི་སངས་རྒྱས་རུང་གི་རིགས་དང་བྱམས་པའི་ནུས་པ། དེ་བཞིན་དེའི་འབྲས་བུར་གྱུར་བའི་མི་ཚེའི་ནང་གི་བདེ་སྐྱིད་ཕུན་སུམ་ཚོགས་པ་དེ་དག་དངོས་གནས་འཕྲོག་འདོད་ཡོད་དམ།

༼སངས་རྒྱས་ཀྱི་རིགས་ཀྱི་སྐོར་འདི་ནས་རྒྱས་པར་གཟིགས༽

སྐབས་འདིར་ང་ཚོས་བཟའ་ཚང་ཕན་ཚུན་གྱི་འཁྲིག་སྤྱོད་ལོག་གཡེམ་གྱི་སྐོར་བཤད་ཀྱི་མེད། བཟའ་ཟླ་གཅིག་རྐྱང་ལ་བསྟེན་པའི་ལུགས་སྲོལ་དང་ཕན་ཚུན་བློ་མཐུན་མེད་པའམ་ཚུལ་མིན་གྱིས་འཁྲིག་སྤྱོད་རྣམས་ནི་ཤིན་ཏུ་མགོ་རྙོག་ཆེ་བའི་དཀའ་ངལ་ཞིག་ཡིན་པ་དང་། དེས་དཀའ་ངལ་གཞན་ཡང་མང་པོ་བཟོ་གི་ཡོད། གནད་དོན་གང་འདྲ་ཞིག་ཡིན་རུང་། གལ་ཏེ་རང་དང་ལུས་འབྲེལ་བྱེད་རོགས་ཀྱི་མི་སྣ་དང་། དམིགས་བསལ་རང་གི་བཟའ་ཟླ་མི་གཞན་དང་མཉམ་དུ་ལུས་འབྲེལ་བྱེད་པའམ། མི་གཞན་དང་མཉམ་དུ་དུས་ཚོད་མང་པོ་གཏོང་བ་དང་། ལྷག་པར་དུ་བཟའ་ཚང་བར་ལ་ཕྲུ་གུ་ཡོད་ན། ཕྲག་དོག་དང་ཞེ་སྡང་། གཅེས་འཛིན་གྱི་བློ་རྣམས་ནི། ཕན་ཐོགས་གང་ཡང་མེད་པའི་སེམས་ཚོར་གྱི་ཡ་ལན་རྣམས་རེད། ང་ཚོས་གནས་སྟངས་དེེར་ཞི་ཞིང་དུལ་བའི་ལམ་ནས་སྟངས་འཛིན་དང་གདོང་ལེན་བྱེད་དགོས། དེ་གང་ཡིན་ཞེ་ན། རང་གི་འདུག་རོགས་སམ་བརྩེ་བའི་མི་ལ་སྐད་ངན་སྒྲོག་པའམ། ཁོ་ཚོ་ནག་ཉེས་ཅན་ཞིག་བཟོ་ཐབས་ཀྱིས། ང་ཚོར་བྱམས་བརྩེ་འཐོབ་རྒྱུ་ཧ་ཅང་དཀའ་མོ་ཞིག་རེད།

གུ་ཡངས་ཀྱི་བློ་སྒོ་འབྱེད་པའི་བྱམས་བརྩེ།

ང་ཚོས་སྙིང་ཉེ་ལ་བྱམས་བརྩེ་ལྡན་པའི་གྲོགས་པོ་རྣམས་ནི། མི་གཅིག་ཁོ་ན་ལས་ཡོང་མི་ཐུབ་བསམ་པའི་སྐབས་སུ། ང་ཚོས་རང་ཉིད་ཀྱི་བཟའ་ཟླ་དང་གྲོགས་པོ་ལྟ་བུ་མི་གཅིག་རང་གི་བྱམས་བརྩེ་དེ་གལ་ཆེན་དུ་བརྩི་དགོས་པ་ཚོར་གྱི་ཡོད། ང་ཚོ་ལ་ཚུར་བརྩེ་བ་སྤྲོད་མཁན་གཞན་དག་མང་པོ་ཡོད་ཀྱང་། ང་ཚོས་དངོས་ཡོད་ཀྱི་གནས་སྟངས་དེ་ལ་སྣང་མེད་དུ་བཏང་ནས། དེ་གལ་ཆེ་རིན་ཐང་དུ་བརྩི་དགོས་པ་མེད་ཅེས་བསམ་གྱི་ཡོད། རྒྱུན་ཆད་མེད་པར་མི་གཞན་གང་མང་མང་གི་ཕྱོགས་སུ་གུ་ཡངས་ཀྱི་བློ་སྒོ་འབྱེད་ཅིང་། གྲོགས་པོ་དང་དགའ་ཉེ་སྤུན་མཆེད། གཅེས་ཉར་སྲོག་ཆགས་ལ་སོགས་པ་གཞན་དག་མང་པོ་ཞིག་གིས། ང་ཚོར་འདས་མ་འོངས་ད་ལྟ་གསུམ་ལ་བྱམས་བརྩེ་བྱས་པ་ལ་ངོས་ལེན་དང་ཡི་རངས་བྱེད་པ་དེས། ང་ཚོ་ལ་སེམས་ཚོར་གྱི་བདེ་འཇགས་ཉེན་སྲུང་ཡོད་པ་ཞིག་ཚོར་བ་ལ་རོགས་ཕན་བྱེད་པ་དང། དེ་ལས་ང་ཚོ་དམིགས་བསལ་བྱམས་བརྩེའི་ཡུལ་གང་རུང་ཞིག་ལ་ཡོད་པའི་འཛིན་ཞེན་ལས་ཐར་བར་རོགས་ཕན་བྱེད་པ་ཡིན།

ཐམས་ཅད་མཁྱེན་པ་དང་ཀུན་ལ་བརྩེ་བའི་བདག་ཉིད་གཉིས་ཀའི་གོ་དོན་ནི། སེམས་ཅན་ཐམས་ཅད་ང་རང་ཚོའི་སེམས་དང་སྙིང་གི་དབུས་སུ་ཡོད་ཅེས་པའི་དོན་ཡིན། དེ་ལྟ་ནའང། སངས་རྒྱས་ཀྱིས་གང་ཟག་གཅིག་ཁོ་ནར་དམིགས་པ་གཏད་པའི་གནས་སྐབས་སུ། གང་ཟག་ཕོ་མོ་སུ་ཡིན་རུང་དེས་བརྒྱ་ཆ་བརྒྱ་ཐམ་པ་གང་ཟག་དེའི་སྟེང་ལ་དམིགས་པ་གཏད་ཀྱི་ཡོད། དེའི་ཕྱིར་སེམས་ཅན་ཐམས་ཅད་ལ་བྱམས་བརྩེ་བྱེད་ཅེས་པ་ནི་གང་ཟག་སྒེར་པ་རེ་རེར་བརྩེ་བ་བྱ་རྒྱུའི་ནུས་པ་ཉུང་དུ་གཏོང་བའི་དོན་མིན། གལ་སྲིད་ང་ཚོའི་གུ་ཡངས་ཀྱི་བློ་སྒོ་འབྱེད་པའི་བྱམས་བརྩེ་དེ་མི་མང་པོ་ལ་སྦྱིན་ན། རང་ཉིད་སྒེར་གྱི་བྱམས་བརྩེ་བྱ་ཡུལ་དང་མཉམ་དུ་འབྲེལ་ལམ་ཤུགས་ཆུང་དུ་འགྲོ་བའམ་འབྲེལ་ལམ་དོན་གོ་ཆུང་དུ་འགྲོ་ཡོང་བསམ་པའི་དྭོགས་པ་དང་ཞེད་སྣང་བྱེད་དགོས་དོན་མེད། ང་ཚོས་འདོད་པ་ཡོངས་སུ་ཁེངས་པའི་ཕྱིར། འབྲེལ་ལམ་གཅིག་རང་གི་ཐོག་ལ་ཞེན་ཆགས་ཆུང་བ་དང་། གཞན་བརྟེན་ཉུང་བ་ཆགས་སྲིད་ལ། མི་སྒེར་པ་མི་རེ་ངོ་རེ་དང་མཉམ་དུ་དུས་ཚོད་ཉུང་བ་གཏོང་སྲིད་ཀྱང་། མི་རེ་ངོ་རེ་དེའི་ནང་དུ་ཆ་ཚང་ཚུད་ཡོད་པ་ཡིན། གཞན་གྱི་རང་ལ་བྱམས་བརྩེ་བྱེད་པའང་དེ་དང་གཅིག་མཚུངས་ཡིན་པ་དང། ང་ཚོ་ཕྲག་དོག་ཚ་པོ་ཆགས་པའི་སྐབས་བྱམས་བརྩེ་དེ་ཉུང་ཉུང་གྱུར་བ་ཡིན། དེ་གང་ཡིན་ཞེ་ན། ཁོ་ཚོ་ལའང་གཞན་དང་ལྷན་དུ་བརྩེ་ལྡན་གྱི་གྲོགས་འདྲིས་ཡོད་པས་ཡིན།

མི་སུ་འདྲ་ཞིག་ཡིན་རུང་དེ་ནི་རང་ཉིད་ལ་འོས་ཤིང་འཚམ་པ་རེད་བསམ་པ་དེ་དངོས་པོའི་གནས་ལུགས་དང་མི་མཐུན་པ་ཞིག་རེད། རང་གི་བཟའ་ཟླའམ་དགའ་རོགས་ཀྱིས་སྒོ་ཀུན་ནས་ང་ཚོར་ལེགས་སོ་བསྔགས་བརྗོད་དང་། རང་ཉིད་ཀྱི་མི་ཚེའི་གནས་བབ་ཡོད་ཚད་མཉམ་སྤྱོད་བྱེད་ཆོག་པའི་བསམ་བློའི་ཁྱེར་སོ་དེའི་གཞི་འཛིན་ས་ནི། སློབ་དཔོན་པླེ་ཊོ་ Plato ཡིས་བཤད་པའི་མནའ་བོ་གྷི་རི་སིའི་གཏམ་རྒྱུད་ཡིན། དེའི་ནང་ཐོག་མར་ང་ཚོ་ཚང་མ་གོང་བུ་གཅིག་ཡིན་ཞིང་། དེས་ནས་ཁ་གཉིས་སུ་གྱེས་པ་ཡིན་ཞེས་བཤད་པ་ནང་བཞིན། ང་རང་ཚོ་ཆ་ཤས་གཉིས་སུ་གྱེས་པའི་ཕྱེད་ཀ་དེ་ས་ཆ་ག་གེ་མོ་ཞིག་ཏུ་ཡོད་པ་དང་། དུས་ནམ་ཞིག་གི་ཆེ་ང་ཚོས་རང་ཉིད་ཀྱི་ཆ་གཞན་དེ་རྙེད་ཅིང་དེ་དང་མཉམ་དུ་སླར་ཡང་འཛོམས་རྒྱུ་བྱུང་བ་དེ་བརྩེ་དུང་ངོ་མ་ཡིན་པར་འདོད། གཏམ་རྒྱུད་འདི་ནི་ནུབ་ཕྱོགས་པའི་རྩེད་དགའི་ཉམས་ཚོར་གྱི་ལུགས་སྲོལ་གྱི་རྨང་གཞིར་གྱུར་ཡོད་མོད། དེ་ནི་དངོས་པོའི་གནས་ལུགས་དང་མཐུན་པ་ཞིག་ལ་གོ་རྒྱུ་མེད། དེ་འདྲར་ཡིད་ཆེས་བྱེད་པ་ནི། རྫིག་ཉམས་ལྡན་པའི་རྒྱལ་སྲས་ཤིག རྟ་དཀར་པོ་ཞིག་ལ་བཞོན་ནས་ང་ཚོ་སྐྱོབ་ཏུ་འོང་གི་ཡོད་པའི་སྒྲུང་གཏམ་ལ་ཡིད་ཆེས་བྱེད་པ་དང་གཅིག་མཚུངས་རེད། རང་ཉིད་ཀྱི་དབྱིངས་སམ་དགའ་ས་དང་དགོས་མཁོ་རྣམས་གཞན་དང་མཉམ་སྤྱོད་བྱ་ཕྱིར། ང་ཚོར་བརྩེ་ལྡན་གྱི་གྲོགས་འདྲིས་གང་མང་དགོས་པ་ཡིན། གལ་སྲིད་རང་ཉིད་ལ་དེ་ལྟར་དགོས་པ་དེ་དངོས་གནས་ཡིན་ན། རང་གི་བཟའ་ཟླ་དང་གྲོགས་པོ་གཞན་རྣམས་ལའང་དེ་ལྟར་དགོས་ངེས་པ་དངོས་གནས་ཡིན། ང་ཚོས་རང་ཉིད་ཀྱི་བཟའ་ཟླ་སོགས་ཀྱི་དགོས་མཁོ་ཆ་ཚང་སྐོང་མི་ནུས་པས་ཁོ་ཚོ་ལའང་གྲོགས་འདྲིས་ཡོད་པའི་མི་གཞན་དགོས་ཀྱི་ཡོད།

ཕྱོགས་བསྡོམས།

ང་ཚོའི་མི་ཚེའི་ཁྲོད་དུ་མི་གསར་པ་གང་རུང་ཞིག་དང་འབྲེལ་བ་ཡོང་བའི་སྐབས་སུ། ཁོ་ཚོར་རང་ཉིད་ཀྱི་སྒེའུ་ཁུང་འགྲམ་དུ་བྱིའུ་སྙིང་རྗེ་མོ་ཞིག་འབབ་པ་ལྟར་བལྟ་ན་ཕན་ཐོགས་ཆེན་པོ་ཡོད། གལ་སྲིད་བྱིའུ་དེ་མི་གཞན་དག་གི་སྒེའུ་ཁུང་འཁྲིས་སུའང་འབབ་སྐབས། ང་ཚོས་ཕྲག་དོག་བྱེད་ནས་བྱིའུ་དེ་རླུང་ཙི་ཞིག་གི་ནང་དུ་བཅུག་བཞག་ན། བྱིའུ་དེ་ཤིན་ཏུ་ཡ་ང་ལ་ཐབས་སྐྱོ་བར་གྱུར་ཏེ། དེའི་མཛེས་སྡུག་བཀྲག་མདངས་ཉམས་ཤིང་། མཐར་ཤི་ཡང་སྲིད་པ་ཡིན། གལ་སྲིད་ང་ཚོས་དེར་གཅེས་འཛིན་གྱི་བློ་མེད་པའི་སྒོ་ནས་རང་དབང་ངང་འཕུར་དུ་བཅུག་ན། བྱིའུ་དེ་ང་ཚོ་མཉམ་དུ་ཡོད་བསམ་པའི་ཡིད་དུ་འོང་བའི་དུས་ཚོད་ཅིག་མྱོང་ཐུབ། བྱིའུ་དེ་རང་དབང་ངང་འཕུར་འགྲོ་བའི་སྐབས་སུ། དེས་ང་ཚོའི་མཉམ་དུ་བདེ་འཇགས་ཡོད་པ་ཚོར་ན།  སླར་ཡང་ང་ཚོའི་འགྲམ་དུ་ལོག་ཡོང་བ་དེ་རན་ཞིང་འཚམས་པ་ཞིག་ཡོད། གལ་ཏེ་ང་ཚོས་རང་ཉིད་ཚུད་པའི་མི་ཚང་མར་སྙིང་ཉེ་བའི་གྲོགས་པོ་མང་པོ་ཡོད་ཆོག་པའི་ཐོབ་ཐང་ལྡན་ཡོད་པར་ངོས་ལེན་དང་རྩི་མཐོང་བྱེད་ན། ང་ཚོའི་འབྲེལ་ལམ་དེ་ཡུན་རིང་བ་དང་ལམ་ལྷོང་ལྡན་པ་ཞིག་ཡོང་བ་ཡིན།

Top