ཚོང་ལས་གཉེར་སྟངས་ལ་ཕན་པའི་ནང་པའི་གཞི་རྩའི་རྣམ་གཞག་ལྔ།

How to 5 tips business

ནང་པ་སངས་རྒྱས་པའི་ཆོས་ནི། ཡང་སེ་སྒོམ་ཉམས་ལེན་དང་འབྲེལ་ནས་ཡོད། འོན་ཀྱང་དེས་ཤེས་བྱའི་ཡུལ་གང་འདྲ་ཞིག་ལའང་བཀོལ་སྤྱོད་བྱ་ཆོག་པའི་བསམ་བློ་གཏོང་ཕྱོགས་ལ་གཏིང་རིང་པོའི་གོ་རྟོགས་སྣ་ཚོགས་པ་ཞིག་མཁོ་སྤྲོད་བྱེད་ཀྱི་ཡོད། དེ་དག་ལས་ཚོང་ལས་སམ་ལས་འཆར་གང་འདྲ་ཞིག་གཉེར་བ་ལ་ཕན་པའི་ནང་པ་སངས་རྒྱས་པའི་གཞི་རྩའི་རྣམ་གཞག་ཁག་གཅིག་ལ་བལྟ་རྒྱུ་ཡིན།

དམིགས་ཡུལ་གཏན་འབེབས་བྱེད་དགོས།

ནང་པ་སངས་རྒྱས་པའི་ཉམས་ལེན་ལ་མ་བཞུགས་གོང་དུ། བསྒྲུབ་བྱའི་དམིགས་ཡུལ་དེར་གོ་རྟོགས་གསལ་པོ་ཞིག་དང་ཁ་ཕྱོགས་ངེས་གཏན་ཞིག་དགོས་པའི་ཐད་ལ་སངས་རྒྱས་པའི་ཆོས་ཀྱིས་ནན་བསྐུལ་ཤུགས་ཆེན་བྱེད་ཀྱི་ཡོད། བསྒྲུབ་བྱའི་དམིགས་ཡུལ་ནི། སོ་སོས་སེམས་ཚོར་ངན་པའི་རིགས ༼ཉོན་མོངས་༽ རྣམས་ཡོངས་སུ་སྤངས་ནས། ང་རང་ཚོའི་སེམས་ཀྱི་ནུས་པ་ཡོངས་རྫོགས་རྟོགས་པར་བྱ་རྒྱུ་དེ་ཡིན། དེའི་མཐར་ཐུག་གི་གོ་འཕང་ལ་སངས་རྒྱས་ཀྱི་གོ་འཕང་ཞེས་ཟེར་བ་ཡིན།

དེ་དང་ཕྱོགས་མཚུངས། ང་ཚོས་ལས་འཆར་དང་ཚོང་ལས་ཀྱི་རིགས་གང་འདྲ་ཞིག་གཉེར་འགོ་བཙུགས་སྐབས། ཐོག་མར་དམིགས་ཡུལ་གཏན་འབེབས་བྱེད་དགོས་པ་ནི་གནད་འགག་ཡིན། དམིགས་ཡུལ་དེ་ཁེ་བཟང་ཡིན་ནམ། དེ་ཚོང་ཤག་དང་འཛད་སྤྱོད་པར་རིན་ཐང་ངེས་ཅན་ཞིག་བསྐྲུན་པའམ། ཁོ་ཚོར་ཡོད་པའི་དཀའ་ངལ་རྣམས་སེལ་བ་དེ་ཡིན་ནམ། གང་ལྟར་ཡང་ཇི་ཙམ་གྱིས་དམིགས་ཡུལ་དེ་གནད་དུ་འཁེལ་བ་ཞིག་གཏན་ལ་ཕབ་ཡོད་པ་དེ་ཙམ་གྱིས་དེའི་ཕྱོགས་སུ་བསྐྱོད་པའི་ལམ་ཁ་རྙེད་ཐུབ་ལ། དམིགས་ཡུལ་དེར་བསྙེག་ཐུབ་པ་ཞིག་ཡོང་བའི་རེ་བ་ཆེན་པོ་ཡོད།

རྒྱུ་འབྲས་རྣམ་གཞག་གི་རྗེས་སུ་འབྲང་དགོས།

དམིགས་ཡུལ་དེ་གཏན་འབེབས་བྱས་པའི་རྗེས་སུ། དམིགས་ཡུལ་དེའི་ཕྱོགས་སུ་འཁྲིད་པར་བྱེད་པའི་རྒྱུ་རྣམས་ཧ་གོ་བར་བྱེད་དགོས། སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱེད་པ་ལ། རྒྱུ་ནི་རང་ཉིད་ཀྱི་མི་དགེ་བའི་སྤྱོད་ལམ་རྣམས་འགོག་དགོས་པ་དང་། ང་རང་ཚོའི་སེམས་ཀྱི་བཟང་པོའི་ཡོན་ཏན་རྣམས་ལ་སྦྱོང་བརྡར་གྱིས་སོ་སོ་རང་ཉིད་དགེ་བ་དང་དངོས་པོའི་གནས་ལུགས་ལ་འདྲིས་པར་བྱེད་པའི་སྒོ་ནས་འཇིག་རྟེན་རྟོགས་པ་དང་གདོང་ལེན་བྱེད་དགོས།

ཚོང་ལས་ཀྱི་འཆར་གཞིའི་གནད་དོན་ལ་མཚོན་ན། དེའི་མཐར་ཐུག་གི་དམིགས་ཡུལ་གྱི་ཕྱོགས་སུ་འཁྲིད་པའི་རྒྱུ་རྣམས་ཤེས་པའི་ཆེད་དུ་རྒྱུ་མཚན་དང་རིག་པ་བེད་སྤྱོད་གཏོང་དགོས། དེའི་བརྒྱུད་རིམ་ནི། བཟོ་ལས་གཞན་གྱི་ཐོན་རྫས་བསྐྱར་བཟོ་བྱེད་པ་འདྲ་པོ་ཡིན། ང་ཚོས་རང་ཉིད་དམིགས་ཡུལ་གསལ་པོ་དེའི་ཕྱོགས་སུ་འཁྲིད་པའི་རིག་པའི་བྱུང་རིམ་གྱི་རྩ་བ་དེ་འཚོལ་འགོ་བཙུགས་དགོས། དེ་འདྲའི་བརྒྱུད་རིམ་དེས་རང་གི་དམིགས་ཡུལ་དེ་སྒྲུབ་པར་དགོས་ངེས་ཀྱི་གོམ་སྟབས་སྤོ་བ་དང་། རང་གི་འཆར་གཞིའི་ཕྱོགས་སུ་བགྲོད་པའི་ས་ཁྲ་ལེགས་པོ་ཞིག་གཏན་འབེབས་བྱེད་ཀྱི་ཡོད།

སྙིང་རྗེའི་སྒོ་ནས་འཛད་སྤྱོད་པའི་དཀའ་ངལ་སེལ་དགོས།

སྙིང་རྗེ་ནི་ནང་པ་སངས་རྒྱས་པའི་གཞི་རྩའི་རྣམ་གཞག་གི་ནང་ནས་གལ་ཆེ་ཤོས་ཀྱི་གྲས་ཤིག་རེད། སངས་རྒྱས་ཀྱི་ཆོས་ལྟར་ན།

སྙིང་རྗེ་ནི། གཞན་དག་སྡུག་བསྔལ་དང་འབྲལ་བར་ཤོག་སྙམ་པའི་ཡིད་སྨོན་དེ་ཡིན།

སྙིང་རྗེས་ཚོང་ལས་ལ་ག་རེ་བྱེད་ཀྱི་ཡོད་དམ་སྙམ་ན། ཚོང་ལས་ཀྱིས། འཛད་སྤྱོད་པ་རྣམས་ཀྱི་དཀའ་ངལ་ལ་ཐབས་ལམ་མཁོ་སྤྲོད་བྱེད་ཀྱི་ཡོད། གལ་ཏེ་ཚོང་ལས་ཀྱི་མཁོ་སྤྲོད་བྱས་པའི་ཐབས་ལམ་དེ་ཡོད་བཞིན་པའི་ཐབས་ལམ་གཞན་རྣམས་ལས་བཟང་བ་ཡོད་ན། དེས་ཚོང་ལས་ཀྱི་རྒྱུག་རྩལ་འགྲན་སྡུར་ལས་རྒྱལ་བ་ཡིན། བྱས་ཙང་། ཕན་ནུས་ཆེ་བའི་འཛད་སྤྱོད་པ་རྣམས་ལ་འཕྲད་སྲིད་པའི་དཀའ་ངལ་ཤེས་རྟོགས་དང་། དེ་དག་གི་མྱོང་ཚོར་ཤེས་ནུས་པའི་བསམ་བློའི་འཁྱེར་སོ་ཞིག་དགོས་པ་ནི་གལ་འགང་ཆེན་པོ་ཡིན། ང་རང་ཚོའི་ཆེད་དུ་དམིགས་པའི་འཛད་སྤྱོད་པ་མི་ཚོགས་ཀྱི་མི་ཚེའི་ནང་འཕྲད་བཞིན་པའི་དངོས་གནས་དྲང་གནས་ཀྱི་དཀའ་ངལ་ཁ་ཤས་ངོས་འཛིན་གྱིས་ཡིད་འཇོག་བྱེད་དགོས་ཤིང་། གོ་རྟོགས་དེ་ལ་གཞི་བཅོལ་བའི་སྒོ་ནས་ཐབས་ལམ་ཡག་ཤོས་ཐོག་དཀའ་ངལ་དེ་སེལ་ཐབས་བྱེད་དགོས། དེ་ལྟར་སྙིང་རྗེ་ནི། འཛད་སྤྱོད་པའམ། ཡང་ན་ཚོང་ཤག་སོ་སོའི་ལངས་ཕྱོགས་ལ་ཆེད་དུ་དམིགས་པའི་ཚོང་ལས་ཀྱི་རྨང་གཞི་དེ་ཡིན།

མི་རྟག་པའི་སྒོ་ནས་འཛམ་གླིང་འཕོ་འགྱུར་དང་བསྟུན་དགོས།

ནང་པ་སངས་རྒྱས་པའི་དཔྱད་ཞིབ་ལས། ང་ཚོར་དངོས་པོའི་གནས་ལུགས་ལ་ལྟ་བའི་རིན་ཐང་ཅན་གྱི་རྟོགས་པ་ཞིག་རྙེད་ཡོད་པ་ནི། ང་ཚོ་རང་ཉིད་དང་ཁོར་ཡུག རང་ཉིད་ཀྱི་ཉེ་འཁོར་ལ་གང་ཡོད་པ་ཐམས་ཅད་རྒྱུན་ཆད་མེད་པར་འགྱུར་བ་འགྲོ་གི་ཡོད་པ་དེ་ཡིན། སྤྱིར་མངོན་གསལ་དོད་པོ་དང་རྡོག་རྡོག་འདྲ་པོ་ཡོད་པའི་བསམ་ཕྱོགས་དེའི་ནང་འཚུད་པར་ལས་སླ་པོ་ཞེ་དྲགས་ཡོད་ཀྱང་། འགྱུར་བ་མྱུར་པོ་འགྲོ་བཞིན་པའི་གནས་ལུགས་ནང་། དེ་ཡང་ནས་ཡང་དུ་བསམ་བློ་གུ་དོག་པོ་དང་ཨུ་ཚུགས་ཚ་པོ། བློ་ཁ་འགུགས་མི་ཐུབ་པར་གྱུར་བའི་རྒྱུ་བྱེད་ཀྱི་ཡོད།

དེང་སང་སྤྱི་ཚོགས་བརྒྱུད་ལམ་ནང་གྲགས་ཆེ་བའི་གཟུགས་མཐོང་བརྙན་འཕྲིན་ལྟད་མོ་བལྟ་ས་ནེཊ་ཧྥི་ལེཀྶ་ (Netflix) ཞེས་པའི་ཨ་རིའི་ཚོང་ལས་ཁང་ལ་དཔེར་བཞག་ན། ཁོ་ཚོས་དྲ་རྒྱས་བརྒྱུད་ལམ་ཉེར་སྤྱོད་ཀྱི་ལམ་ལུགས་ལ་འགྱུར་བ་བཏང་བར་ཤེས་རྟོགས་བྱུང། དེ་སྔའི་བསམ་བློ་རྙིང་པའི་ལུགས་ཀྱི་གློག་བརྙན་དང་བརྙན་འཕྲིན་ཚོང་ལས་ལོངས་སུ་སྤྱོད་པ་ལ་ཐབས་ལམ་གཅིག་རང་ལས་མེད་པ་ནི། བརྙན་འཕྲིན་འོད་སྡེར་ (DVD) གཡར་ཚོང་བྱ་རྒྱུ་དེ་ཡིན། འོན་ཀྱང་ནེཊ་ཧྥི་ལེཀྶ་ (Netflix) ཞེས་པའི་ཚོང་ལས་ཁང་གིས་བརྙན་འཕྲིན་རྒྱང་སྲིང་དང་སྡུ་ལེན་བྱེད་སྟབས་བདེ་བའི་ཚོང་ལས་གཉེར་སྟངས་ཤིག་ཡོད་པ་ཤེས་རྟོགས་བྱུང་། བརྒྱུད་ལམ་ཉེར་སྤྱོད་ཀྱི་བཟོ་ལས་ཡོངས་སུ་རྫོགས་པས། ཁྲོམ་ར་དེའི་མི་རྟག་པ་དང་་འགྱུར་བའི་རང་བཞིན། དེ་བཞིན་འཛད་སྤྱོད་པའི་གཤིས་ཀ་རྣམས་རྟོགས་མེད། འོན་ཀྱང་ནེཊ་ཧྥི་ལེཀྶ་ (Netflix) ཚོང་ལས་ཁང་གིས་ཁྲོམ་རའི་མི་རྟག་འགྱུར་བའི་རང་བཞིན་དེ་ཐོག་མར་རྟོགས་ཤིང་། དེས་བཟོ་ལས་ཁེ་ཚོང་ཁྱོན་ཡོངས་ལ་གཏན་དུ་འགྱུར་བ་བཏང་ཡོད།

བཟང་སྤྱོད་ཀྱི་སྒོ་ནས་རང་ཉིད་དང་། རང་གི་རུ་ཁག་དང་། འཛད་སྤྱོད་པ་བཅས་ལ་གུས་བརྩི་བྱེད་དགོས།

ནང་པ་སངས་རྒྱས་པའི་བཟང་སྤྱོད་ནི་འཚེ་བ་མེད་པའི་གཞི་རྩའི་རྣམ་གཞག་ལ་གཞི་བཅོལ་ཡོད། ང་ཚོས་མི་ཚང་མ་བདེ་བ་འདོད་པ་དང་སྡུག་བསྡུལ་མི་འདོད་པ་ཡིན་པ་ཤེས་ཀྱི་ཡོད། གལ་སྲིད་ང་ཚོས་རང་ཉིད་ཀྱི་བྱ་སྤྱོད་རྣམས་བསམ་བློའི་གོ་རྟོགས་དེ་འདྲ་ཞིག་ལ་གཞི་བཅོལ་ཏེ། གཞན་ལ་གནོད་འཚེ་སྤོངས་ཐབས་བྱེད་ན། རང་ཉིད་ལ་གཞན་གྱི་གུས་བཀུར་དང་ཡིད་ཆེས་ཐོབ་པ་ཡིན། དེ་བཞིན་གལ་ཏེ་རང་གི་ལས་རོགས་ཚོར་གུས་བརྩི་བྱས་ན། དེས་རང་གི་ཚོང་རོགས་རུ་ཁག་ནང་ཁུལ་དུ་བསམ་ཤེས་དང་ཡིད་ཆེས་ཡོང་གི་རེད། ང་ཚོས་མི་གཞན་གྱི་རྒྱབ་མདུན་གང་དུ་ཡིན་ནའང་ཚིག་རྩུབ་དམའ་འབེབས་ཀྱི་རྒྱབ་བཤད་མི་རྒྱག་པའི་ཐབས་ཤེས་བྱེད་པ་དང། ཕྱི་གསལ་ནང་གསལ་བྱ་རྒྱུའི་ཐབས་ཤེས་བྱེད་ཀྱི་རེད། དེར་མ་ཟད་ཇི་ཙམ་གྱིས་རང་ཉིད་ཀྱི་འཛད་སྤྱོད་པར་གུས་བརྩི་བྱས་པ་དེ་ཙམ་གྱིས་རང་ལ་གཞན་གྱི་ལར་ཞེན་དང་ཡིད་ཆེས་ཐོབ་ཀྱི་རེད། ཚོང་གི་ཁེ་ལས་གྲགས་ཅན་ཛེ་པྤོ་སི་ (Zappos) ལྟ་བུར་མཚོན་ན། ཁོ་ཚོའི་ཚོང་ལས་ཀྱི་འཆར་གཞི་བཀོད་སྒྲིག་གི་གཞི་འཛིན་ས་ནི། འཛད་སྤྱོད་པའི་དགོས་མཁོར་ལ་གུས་བརྩི་དང་། ཚོང་རོགས་ལས་མིར་ནང་ཁུལ་ལ་བཏང་སྙོམ་དང་ཕྱི་གསལ་ནང་གསལ་ཡོད་པ་དེ་ཡིན།

བརྙན་པར། མེ་ཐིའུ་རི་ཁརྡ། “དྲན་པ་ཉེར་བཞག་གི་གསར་བརྗེ།”

ཕྱོགས་བསྡོམས།

ང་རང་ཚོས་ཚོང་ལས་སྟོབས་ཤུགས་ཆེ་རུ་གཏོང་བར། ནང་པ་སངས་རྒྱས་པའི་གཞི་རྩའི་རྣམ་གཞག་གཙོ་བོ་ལྔ་བེད་སྤྱོད་གཏོང་ཆོག དེ་དག་ནི།  

  • དམིགས་ཡུལ་གཏན་འབེབས་བྱེད་དགོས།
  • རྒྱུ་དང་འབྲས་བུ་ལ་བརྟེན་དགོས།
  • འཛད་སྤྱོད་པར་སྙིང་རྗེ་དང་དེ་དག་གི་ཚོར་བ་ཤེས་ནུས་ཀྱི་འདུ་ཤེས་གོང་འཕེལ་གཏོང་དགོས།
  • མི་རྟག་འགྱུར་བའི་རང་བཞིན་ལ་དྲན་ཤེས་དང་། བསྟུན་བདེ་པོ་དང་གསར་གཏོད་ལྡན་པ་དགོས།
  • བཟང་སྤྱོད་ཀྱི་གཞི་རྩའི་ལམ་ལུགས་ཁག་གི་རྗེས་སུ་འབྲང་དགོས་པ་དང་། ཚོང་རོགས་ལས་མི་དང་འཛད་སྤྱོད་པ་རྣམས་ལ་གུས་བརྩི་བྱེད་དགོས།
Top