ཉོན་མོངས།
ང་ཚོ་ཚང་མས་ཉོན་མོངས་མྱོང་གི་ཡོད་ཅིང་། ཉོན་མོངས་ཞེས་པ་ནི་སེམས་ཀྱི་གནས་བབས་གང་ཞིག་ང་ཚོས་རང་རྒྱུད་ལ་སྐྱེད་པའི་སྐབས་སུ། སེམས་ཀྱི་ཞི་བདེ་བརླག་པ་དང་བྱ་བ་བྱེད་མི་ནུས་པ་བཟོས་ཏེ། ང་རང་ཚོའི་རང་ཚུགས་ཤོར་འགྲོ་གི་ཡོད། ཡོངས་གྲགས་ཀྱི་དཔེ་མཚོན་ནི། འདོད་རྔམ་དང་། འདོད་ཆགས་། སྡང་འཛིན། ཁོང་ཁྲོ། མིག་སེར། ཕྲག་དོག་སོགས་ཡིན། དེ་དག་གིས་སེམས་ཀྱི་སྐུལ་ཤུགས་ལ་རྐྱེན་སློང་པའམ་ལས་སྣ་ཚོགས་གསོག་ཅིང་། རྒྱུན་དུ་མི་དགེ་བའི་སྤྱོད་ལམ་གྱི་རྐྱེན་བྱེད་ཀྱི་ཡོད། སྐུལ་ཤུགས་དེས་སེམས་ཅན་གཞན་ལ་གནོད་པའི་ལས་བྱེད་དུ་འཇུག་པའམ། ཡང་ན་རང་ཉིད་ལ་གནོད་པའི་ལས་བྱེད་དུ་འཇུག་གི་ཡོད། དེ་ལྟར་བྱས་པའི་འབྲས་བུ་ནི། ང་ཚོས་གཞན་ལ་དཀའ་ངལ་དང་སྡུག་བསྔལ་སྐྲུན་པ་དང་སོ་སོ་རང་ལའང་སྡུག་བསྔལ་བཟོ་གི་ཡོད་པ་ནི་བཤད་མི་དགོས་པ་རེད།
ཉོན་མོངས་ཀྱི་དབྱེ་བ་རྒྱ་ཆེན་པོ་ཞེ་དྲགས་རེད། རིག་གཞུང་སོ་སོའི་འཆར་སྒོའི་ཐོག་ནས་སྤྱི་ཚོགས་དེ་གའི་ནང་གི་མི་མང་ཆེ་བས་མྱོང་བཞིན་པའི་ཡོངས་གྲགས་སེམས་ཚོར་གྱི་སྡེ་ཚན་ཐད་སོ་སོའི་འདོད་མོས་ལྟར་དབྱེ་མཚམས་རེ་བཞག་ཡོད་ཅིང་། སྡེ་ཚན་སོ་སོར་ཡིན་པའི་མཚན་ཉིད་གཏན་འབེབས་ཀྱི་སྒོ་ནས་འགྲེལ་བརྗོད་བྱེད་པ་དང་། དེ་ལ་མིང་ཞིག་འདོགས་ཀྱི་ཡོད། རིག་གཞུང་སོ་སོས་ཡོངས་གྲགས་སེམས་ཚོར་གྱི་མྱོང་བའི་སྡེ་ཚན་མི་འདྲ་བ་དང་། དེ་དག་ལ་འགྲེལ་བརྗོད་བྱེད་པའི་མཚན་ཉིད་མི་འདྲ་བ་གདམ་ཀ་བྱེད་ཀྱི་ཡོད། དེ་འདྲའི་ལམ་ནས་ཉོན་མོངས་ཀྱི་དབྱེ་བའི་སྡེ་ཚན་མི་འདྲ་བ་མང་པོ་ཆཌ་ཡོང་གི་ཡོད།
རིག་གཞུང་མི་འདྲ་བས་གསལ་བཤད་བྱས་པའི་ཉོན་མོངས་ཀྱི་སྡེ་ཚན་རྣམས་སྤྱིར་བཏང་ནས་ཕན་ཚུན་གཅིག་ལ་གཅིག་ཁྱབ་པ་མེད། གང་ཡིན་ཟེར་ན། དེ་དག་གི་མཚན་ཉིད་ཏོག་ཙམ་མི་འདྲ་བ་ཡོད། དཔེར་ན། ལེགས་སྦྱར་དང་བོད་སྐད་གཉིས་ལ་ཕྲག་དོག་གི་སྐད་དོད་སོ་སོར་ཡོད། ནུབ་ཕྱོགས་ཀྱི་སྐད་ཡིག་མང་ཆེ་བར་སྐད་དོད་གཉིས་རེ་ཡོད། ཨིན་ཇིའི་སྐད་ཀྱི་ནང་ “ཇེ་ལ་སི་” (jealousy) ཟེར་བ་ཞིག་དང་། “ཨེན་ཝཱི་” (envy) ཟེར་བ་གཉིས་ཡོད། དེ་དང་ཆབས་ཅིག་ཇར་མིན་སྐད་ཀྱི་ནང་ “Eifersucht” དང་ “Neid” ཟེར་བ་གཉིས་ཡོད། དབྱིན་སྐད་ཀྱི་ཐ་སྙད་གཉིས་བར་གྱི་ཁྱད་པར་དེ་ཇར་མིན་གྱི་ཐ་སྙད་དེ་གཉིས་བར་གྱི་ཁྱད་པར་དང་གཅིག་པ་གཅིག་རྐྱང་མ་ཡིན། ལེགས་སྦྱར་དང་བོད་སྐད་ཀྱི་ཐ་སྙད་ཀྱང་བརྒྱ་ཆ་བརྒྱ་ཐམ་པ་སྐད་ཡིག་དེ་གཉིས་ཀ་དང་གཅིག་པ་བསྡད་ཀྱི་མེད། གལ་སྲིད་ནུབ་ཕྱོགས་པ་ཞིག་གིས་ང་ཚོའི་རིག་གཞུང་དང་སྐད་ཡིག་གི་ཐོག་ནས་བཏགས་པའི་སྤྱིར་སྡེ་ཚན་འདིའི་ནང་སེམས་ཚོར་གྱི་དཀའ་ངལ་མྱོང་བ་དང་། དེ་དག་ལས་ཐར་བའི་ཆེད་དུ་ནང་ཆོས་ཀྱི་ཐབས་ལམ་སྦྱོང་འདོད་ཡོད་ན། དེ་དག་ལ་ང་ཚོས་རྟོག་བཏགས་བྱས་ཡོད་དུས། ང་ཚོས་སོ་སོའི་སེམས་ཚོར་ལ་བརྟག་དཔྱད་བྱས་ནས་ཉུང་དུ་གཏོང་དགོས་པ་ཆགས་སྲིད་ལ། ནང་ཆོས་ནང་འགྲེལ་བཤད་བྱས་པ་བཞིན་ཉོན་མོངས་ཁ་ཤས་དང་མཉམ་སྡེབ་བྱས་ནས་མེད་པ་བཟོ་ཐབས་བྱེད་དགོས།
སྐད་འདིར་ནང་ཆོས་ཀྱི་ཐ་སྙད་ཕྲག་དོག་གམ་མིག་སེར་གྱི་དོན་དེ་དབྱིན་སྐད་ནང་གི་ “ཨེན་ཝཱི་” (envy) གྱི་འགྲེལ་བཤད་ལྟར་དོ་སྣང་སྤྲོད་དགོས། གང་ཡིན་ཞེ་ན། དེ་ནི་སྲོལ་རྒྱུན་གྱི་མཚན་ཉིད་དང་ཐག་ཉེ་པོ་ཡོད། ང་ཚོས་ཕྲག་དོག་གི་སྐོར་ལ་ཟུར་དུ་བགྲོ་གླེང་བྱས་ཟིན་པ་རེད། བྱས་ཙང་། “ཉིན་རེའི་ནང་ཆོས་” ཞེས་པའི་སྡེ་ཚན་གྱི་ “འབྲེལ་ལམ་གྱི་ནང་ཕྲག་དོག་ལ་གདོང་ལེན་བྱེད་ཚུལ་” ཞེས་པར་གཟིགས་དགོས།
ཕྲག་དོག་ཟེར་ན་གང་རེད་དམ།
ནང་པའི་གཞུང་ནང་ཕྲག་དོག་ནི་སྡང་འཛིན་གྱི་ཆ་ཤས་སུ་སྡེ་ཚན་ཕྱེ་ཞིང་། ཕྲག་དོག་ནི་གཞན་གྱི་ཡོན་ཏན་དང་། རྒྱུ་ནོར་ལོངས་སྤྱོད། ཡང་ན་གྲུབ་འབྲས་བྱུང་ཡོད་པ་སོགས་ལ་དམིགས་ནས་བཟོད་མི་ཐུབ་པའི་མྱོང་ཚོར་ཞིག་ཡོང་གི་ཡོད། དེ་ནི་རང་ཉིད་ལ་ཐོབ་པའི་རྒྱུ་དངོས་སམ། ཡང་ན་རང་ཉིད་ལ་ཐོབ་པའི་གུས་ཞབས་ལ་ཆགས་སེམས་ཆེ་དྲགས་པའི་རྐྱེན་གྱིས་ཡོང་གི་ཡོད་པས། དེ་ཉོན་མོངས་ཅན་གྱི་སེམས་ཚོར་ཞིག་རེད།
འདིར་འདོད་ཆགས་ཀྱི་དོན་ནི། ང་ཚོས་སོ་སོའི་མི་ཚེའི་ཆ་ཤས་འགར་དམིགས་ནས་གཞན་ལ་རང་ལས་ལེགས་གྲུབ་ཚགས་ཚུད་པ་བྱུང་བ་དེ་དག་གི་བཟང་ཕྱོགས་ཀྱི་རྣམ་པར་སྒྲོ་འདོགས་བྱེད་ཀྱི་ཡོད། ང་ཚོའི་སེམས་ནང་རྣམ་པ་དེ་ནི་མི་ཚེའི་ནང་གལ་ཆེ་ཤོས་སུ་བཟོས་ནས་དེའི་སྟེང་ལ་སོ་སོའི་རང་མཐོང་གི་འདུ་ཤེས་གཞི་རྟེན་བྱེད་ཀྱི་ཡོད། དེས་ཤུགས་ལ་ “ང་” ཞེས་པ་དེར་ཚད་ལས་བརྒལ་བའི་སྔོན་ཚུད་ཀྱི་ལས་བྲེལ་དང་འདོད་ཆགས་ཡོད་པར་སྟོན་གྱི་ཡོད། དེར་བརྟེན་ང་ཚོ་ཕྲག་དོག་ཅན་ཆགས་ཀྱི་ཡོད། རྒྱུ་མཚན་ནི་རང་གི་རྙེད་པའམ་རང་ལ་ཐོབ་པའི་གུས་ཞབས་དང་འབྲེལ་བའི་ཕྱོགས་སུ་རྦད་དེ་ཆགས་ཀྱི་ཡོད། དཔེར་ན། ང་ཚོས་རང་ལ་ཡོད་པའི་དངུལ་གྱི་གྲངས་འབོར་རམ་སོ་སོ་རྫིག་པོ་དང་མཛེས་མ་ག་ཚོད་ཡོད་པ་དེ་ལ་འཛིན་པ་སྐྱེ་བ་ལྟ་བུ་རེད། སྡང་འཛིན་གྱི་རྣམ་པ་ཞིག་ཏུ་གཞན་གྱི་ལམ་ལྷོང་དང་གྲུབ་འབྲས་ལ་ཕྲག་དོག་དབང་གིས་འདོད་ཆགས་ཤིག་སྐྱེས་ནས་འཁོན་འཛིན་གྱི་གྲུབ་ཆ་ཤུགས་ཆེན་པོ་ཞིག་ཁ་སྣོན་བྱེད་ཀྱི་ཡོད། དེ་ནི་གཞན་གྱི་གྲུབ་འབྲས་ལ་རྗེས་སུ་ཡི་རངས་དང་དགའ་བ་སྒོམ་པའི་ལྡོག་ཕྱོགས་དེ་ཡིན་པ་རེད།
ཨིན་སྐད་ནང་གི་ཕྲག་དོག་གམ་མིག་སེར་ནི། ནམ་རྒྱུན་ང་ཚོའི་ཁེ་ཕན་ལ་ལོངས་སྤྱོད་བྱེད་ཀྱི་ཡོད་པར་ཡིད་ཆེས་པའི་མི་ཞིག་གི་ཕྱོགས་སུ་སྡང་སེམས་སྐྱེ་བ་དེ་ཡིན། ཁེ་ཕན་དེ་བདེན་པ་ཡིན་སྲིད་ལ་མིན་ཀྱང་སྲིད། ཡིན་ནའང་དེ་གཉིས་ཀའི་ཆ་ནས་སོ་སོ་རང་གི་དོན་དང་། རང་ཉིད་ལ་གང་མེད་པའི་ཐོག་ལ་སྔོན་ཚུད་ཀྱི་ལས་བྲེལ་ཞིག་ཡོད་པ་རེད།
དེར་མ་ཟད། ནང་ཆོས་ནང་འགྲེལ་བརྗོད་བྱས་པའི་ཕྲག་དོག་དེས་ཨིན་སྐད་ནང་གི་ “ཨེན་ཝཱི་” (envy) ཞེས་པའི་དོན་ཕྱོགས་ཙམ་ཞིག་མ་གཏོགས་ཆ་ཚང་སྟོན་གྱི་མེད། ཨིན་སྐད་ནང་གི་མིག་སེར་རམ་ཕྲག་དོག་དེས་གོ་རྒྱུ་ཏོག་ཙམ་ཆེ་བ་ཡོད། དེས་ནང་ཆོས་ནས་གསུངས་པའི་བརྣབ་སེམས་ཀྱི་དོན་སྣོན་གྱི་ཡོད། བརྣབ་སེམས་ནི་མི་གཞན་ལ་དག་པའི་རྒྱུ་དངོས་ལ་ཚད་ལས་བརྒལ་བའི་འདོད་པའི་བློ་ཞིག་ཡིན། བྱས་ཙང་། དབྱིན་ཇིའི་ནང་གི་མིག་སེར་རམ་ཕྲག་དོག་གི་དོན་ནི། གཞན་གྱིས་ལོངས་སྤྱོད་བྱེད་པའི་ཁེ་ཕན་ལ་དམིགས་ཏེ་གདུང་བའམ་སྡང་འཛིན་བྱས་ནས་རང་ཉིད་ཀྱང་ཁེ་ཕན་དེ་དང་གཅིག་པ་ཞིག་འདོད་པའི་སེམས་བྱུང་ཞིག་ཡིན། ཕྱོགས་གཞན་ཞིག་ནས་མི་ཚེའི་ནང་གཞན་གྱི་གྲུབ་འབྲས་ལ་བཟོད་མི་ཐུབ་པའི་སྟེང་ནང་ཆོས་ནས་གསུངས་པ་བཞིན་ང་ཚོས་དེའི་སྟེང་སྒྲོ་འདོགས་བྱེད་ཀྱི་ཡོད། ཨིན་སྐད་ནང་གི་ཕྲག་དོག་དེས་གཞན་གྱི་གྲུབ་འབྲས་དེ་དག་རང་ལ་བྱུང་ན་བསམ་པའི་འདོད་པ་ཞིག་ཡིན། ང་ཚོ་གནས་སྟངས་དེ་དག་ལ་སྐྱོ་པོ་དང་ལྡེང་མིན་གྱི་ཆ་ཡོད་པའམ། ཡང་ན་ང་ཚོ་དེ་ལས་ཚད་མང་བ་དང་འདང་ངེས་བཞིན་པ་ཞིག་སྔོན་ཚུད་ནས་ཡོད་སྲིད་པ་ཡིན། གལ་ཏེ་ང་ཚོས་ཕྲག་དོག་དང་བཅས་གང་ཡོད་པ་ལས་མང་བ་དགོས་འདོད་བྱས་ན། ང་ཚོའི་བརྣབ་སེམས་དེ་འདོད་རྔམ་ལ་འགྱུར་གྱི་ཡོད། དེ་བཞིན་ཕྲག་དོག་དེས་གཞན་རྣམས་རྒྱུ་དངོས་ལོངས་སྤྱོད་གང་ཡོད་པ་དང་འབྲལ་འདོད་བྱེད་པ་དང་། གཞན་དེ་དག་ལས་བྲལ་ནས་རང་ལ་འཐོབ་འདོད་བྱེད་ཀྱི་ཡོད། གནད་དོན་དེའི་ཐད་ད་དུང་སེམས་ཚོར་གྱི་ཆ་ཞིག་ཡོད་པ་ནི་གནག་སེམས་རེད།
དེ་ལྟར་ཨིན་སྐད་ལྟར། མིག་སེར་རམ་ཕྲག་དོག་དང་བརྣབ་སེམས་གཉིས་མཉམ་སྡེབ་ཀྱིས་འགྲན་སེམས་ཡོང་གི་ཡོད། དེར་བརྟེན་ཆོས་རྒྱམ་དྲུང་པ་རིན་པོ་ཆེས་ཕྲག་དོག་ནི་ཉོན་མོངས་གང་ཞིག་ང་ཚོ་འགྲན་སེམས་ཆེན་པོའི་ནང་འཁྲིད་པར་བྱེད་མཁན་དང་རྨོངས་ཞེན་གྱི་སྒོ་ནས་རང་ངམ་གཞན་ལ་ཟིལ་གྱིས་གནོན་ཐབས་བྱེད་ཀྱི་ཡོད་པར་གསུངས་ཡོད། དེ་ནི་དྲག་ཤུལ་ཅན་གྱི་ལས་ཤིག་སྟེ་ལས་ཀྱི་སྡེ་ཚན་ཟེར་བ་དང་འབྲེལ་ནས་ཡོད། གང་ཡིན་ཟེར་ན། གཞན་གྱི་གྲུབ་འབྲས་ལ་ཕྲག་དོག་བྱེད་པ་སོང་ཙང་། ཚོང་ལས་དང་རྩེད་རིགས་ནང་འགྲན་བསྡུར་ཆེན་པོ་ཡོད་པ་ལྟར། ང་ཚོས་རང་དང་གཞན་ལ་ཨུ་ཚུགས་ཀྱིས་ཟིལ་གྱི་མནན་ནས་རང་གི་དབང་འོག་ཏུ་བསྡུ་ཐབས་བྱེད་ཀྱི་ཡོད། དེ་འདྲ་སོང་ཙང་། ནང་ཆོས་ནང་ཕྲག་དོག་མཚོན་བྱེད་དུ་རྟ་ལ་དཔེ་བཞག་ཡོད། རྟ་རྒྱུག་འགྲན་བསྡུར་སྐབས་ཕྲག་དོག་ལ་བརྟེན་ནས་རྟ་དེས་རྟ་གཞན་དང་འགྲན་རྩོད་བྱེད་ཀྱི་ཡོད་ཅིང་། རྟ་གཞན་རྣམས་རང་ལས་མགྱོགས་པར་རྒྱུག་ན་དེ་ལ་བཟོད་ཐུབ་ཀྱི་མེད་པ་ལྟ་བུ་རེད།
ཕྲག་དོག་དང་འགྲན་སེམས།
ནང་ཆོས་ནང་ཕྲག་དོག་དེ་འགྲན་སེམས་དང་ཧ་ཅང་འབྲེལ་བ་ཆེན་པོ་ཡོད་པ་བདེན་པ་རེད། ཡིན་ནའང་ཕྲག་དོག་གིས་འགྲན་སེམས་ཀྱི་རྐྱེན་བྱེད་པའི་ངེས་པ་མེད། མི་ཁ་ཤས་གཞན་ལ་ཕྲག་དོག་བྱེད་པ་ཡོང་སྲིད་ཀྱང་། རང་མཐོང་ཆུང་བའི་དབང་གིས་འགྲན་ཐབས་བྱེད་ཀྱི་མེད། དེ་ག་ནང་བཞིན་འགྲན་སེམས་ནང་ཕྲག་དོག་ཡོད་པའི་ངེས་པ་མེད། མི་འགའ་ཞིག་གིས་རྒྱལ་ཁ་འཐོབ་པའི་དམིགས་ཡུལ་རྩ་བ་ནས་མེད་པར་གཞན་དང་མཉམ་དུ་སྤྲོ་པོ་དང་སྣང་བ་སྐྱིད་པོ་ཡོང་ཆེད་རྩེད་མོའི་རིགས་ལ་འགྲན་བསྡུར་བྱེད་ཀྱི་ཡོད།
ནང་ཆོས་ནས་ཕྲག་དོག་དང་འགྲན་སེམས་གཉིས་ཐ་དད་དུ་སྟོན་གྱི་ཡོད། དཔེར་ན། སྤྱོད་འཇུག་ནང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས། རང་ལས་མཐོ་བ་ལ་ཕྲག་དོག་དང་། མཉམ་པ་ལ་འགྲན་སེམས། དམའ་བ་ལ་ང་རྒྱལ་བཅས་གསུངས་ཡོད། དེ་ལྟར་གསུངས་པའི་སྐབས་དོན་དེ་ཡང་སེམས་ཅན་ཐམས་ཅད་ལ་འདྲ་མཉམ་དུ་བལྟ་བའི་བློ་སྦྱོང་ཚུལ་གྱི་ཐོག་ནས་གསུངས་ཡོད།
འདིར་ནང་ཆོས་ནས་གསུངས་པའི་དཀའ་ངལ་ནི། “ང་” དམིགས་བསལ་ཞིག་ཡིན་ཞེས་བསམ་པའི་ཚོར་སྣང་དེ་ཡིན། ཚོར་སྣང་དེའི་ནང་ཉོན་མོངས་གསུམ་ག་གཏོགས་ཡོད། གལ་སྲིད་ང་ཚོས་ “ང་” ནི་དམིགས་བསལ་བྱེད་པར་འོས་བབ་ཚང་བ་གཅིག་པུ་དེ་ཡིན་བསམས་ནས་མི་ཚེའི་ནང་མདུན་བསྐྱོད་བྱེད་པ་ལྟ་བུ་དང་། གལ་སྲིད་མི་གཞན་ཞིག་ལམ་ལྷོང་དང་གྲུབ་འབྲས་བྱུང་ན། དེ་ལ་ཕྲག་དོག་དང་འགྲན་སེམས་སྐྱེ་གི་ཡོད། སོ་སོ་ལ་འོས་ཤིང་འཚམས་པའི་ལམ་ལྷོང་དང་གྲུབ་འབྲས་ཐོན་ཡོད་ནའང་། ད་དུང་མི་གཞན་དེ་ལས་རྒྱལ་ཐབས་དང་ཟིལ་གྱིས་གནོན་དགོས་ཀྱི་ཡོད། བྱས་ཙང་། འདིར་ཕྲག་དོག་ནི་ “ང་” ཞེས་པའི་ཚོར་བ་ཤུགས་དྲག་ཡོད་པ་དེ་དང་སོ་སོ་རང་ཉིད་གཅིག་པུའི་དོན་དུ་སྔོན་ཚུད་ཀྱི་ལས་བྲེལ་ཡོད་པ་དེ་ཡིན། ང་ཚོས་སོ་སོར་ལ་བསམ་བློ་བཏང་བ་ནང་བཞིན་གཞན་ལ་བསམ་བློ་མི་གཏོང་བར། སོ་སོ་དམིགས་བསལ་ཅན་ཞིག་ཡིན་བསམ་གྱི་ཡོད།
“ང་” དང་ “ཁྱོད་” ཅེས་པ་དང་འབྲེལ་བའི་འཁྲུལ་སྣང་གི་གཞི་རྟེན་དེ་བཅོས་ཡག་གི་ཆེད་དུ་ནང་ཆོས་ནས་ཕྲག་དོག་དང་། འགྲན་སེམས། ང་རྒྱལ་སོཌ་ཀྱིས་རྐྱེན་བྱས་པའི་དཀའ་ངལ་དང་སྡུག་བསྔལ་རྣམས་ལ་གཉེན་པོ་བསྟན་ཡོད། ང་ཚོས་མི་ཚང་མ་འདྲ་མཉམ་ཡིན་པ་ཤེས་ནས་བལྟ་དགོས། མི་ཚང་མར་སངས་རྒྱས་ཀྱི་རིགས་ཡོད་པའི་ཆ་ནས་རྩ་བའི་ནུས་པ་གཅིག་མཚུངས་པ་ཡོད་ཅིང་། བདེ་བ་འདོད་པ་དང་ལམ་ལྷོང་ཡོང་བར་འདོད་པ། སྡུག་བསྔལ་མི་འདོད་པ་དང་ལམ་ལྷོང་མ་བྱུང་བར་མི་འདོད་པའང་གཅིག་པ་ཡིན། མི་ཚང་མར་བདེ་བ་དོན་དུ་གཉེར་བའི་ཐོབ་ཐང་དང་སྡུག་བསྔལ་འདོར་རྒྱུའི་ཐོབ་ཐང་གཅིག་པ་ཡོད། དེའི་ཐོག་ “ང་” ཞེས་པ་དེ་ལ་དམིགས་བསལ་གང་ཡང་མེད། ནང་ཆོས་ནས་ད་དུང་མི་ཚང་མར་ཉེ་རིང་མེད་པར་བདེ་བ་འབྱུང་ན་བསམ་པའི་བྱམས་བརྩེ་སློབ་ཀྱི་ཡོད།
སངས་རྒྱས་ཀྱི་རིགས་དང་བྱམས་བརྩེའི་ཐོག་ནས་ང་ཚོས་མི་ཚང་མ་འདྲ་མཉམ་ཡིན་པ་བལྟ་ཚུལ་དེ་ཧ་གོ་བའི་སྐབས་སུ། གཞན་ལ་རང་ལས་ལྷག་པའི་གྲུབ་འབྲས་ཐོབ་ཡོད་མེད་ལ་མ་ལྟོས་པར། གཞན་དང་མཉམ་དུ་ཕྱི་གསལ་ནང་གསལ་གྱི་གུ་ཡངས་པོའི་འབྲེལ་བ་ཞིག་བྱེད་ཐུབ་ཀྱི་ཡོད། ང་ཚོས་མི་ཚང་མར་བདེ་བ་འདོད་པའི་དབང་གིས་ཁོང་ཚོའི་གྲུབ་འབྲས་ལ་རྗེས་སུ་ཡི་རངས་བྱེད་ཀྱི་རེད། སོ་སོ་དང་མཉམ་པ་རྣམས་ལ་འགྲན་སེམས་དང་ཟིལ་གྱིས་གནོན་ཐབས་བྱ་རྒྱུ་ལས་ལྡོག་སྟེ། ང་ཚོས་གཞན་ལ་ཉེ་རིང་མེད་པར་རོགས་རམ་བྱེད་ཀྱི་རེད། རང་ཉིད་ལས་གྲུབ་འབྲས་དམན་པ་བྱུང་བ་རྣམས་ལ་ང་རྒྱལ་ངང་སྡང་མིག་བལྟ་རྒྱུའི་ཚབ་ཏུ་རང་ངོས་ནས་དེར་རོགས་རམ་བྱེད་ཐབས་བྱེད་ཀྱི་རེད།
ཕྲག་དོག་དང་འགྲན་སེམས་ལ་རིག་གཞུང་གི་ཤུགས་རྐྱེན།
ནང་པའི་གཞུང་ནས་གསུངས་པའི་ཐབས་ལམ་རྣམས་ཧ་ཅང་ཚད་མཐོ་པོ་ཡིན་པ་དང་། ཁྱད་པར་དུ་རང་ང་ཚོའི་རྒྱུད་ལ་ཤུགས་ཀྱིས་སྐྱེ་བའི་ཕྲག་དོག་དང་འགྲན་སེམས་རྣམས་ཤུགས་ཆེ་རུ་དང་། སྟོབས་ཆེ་རུ། དེ་ག་ནང་བཞིན་ནུབ་ཕྱོགས་པའི་རིག་གཞུང་བྱེ་བྲག་ཅིག་གི་རིན་ཐང་གི་ཤན་ཞུགས་སྐབས་དེ་དག་ལག་ལེན་དུ་འགེལ་རྒྱུ་ཧ་ཅང་ཁག་པོ་ཡོད་པ་བསྟན་ཡོད། གང་ལྟར་ཡང། ཕྲུ་གུ་མང་ཆེ་ཤོས་ནི་སོ་སོར་རྒྱལ་ཁ་ཐོབ་ན་དགའ་བ་དང་མ་ཐོབ་ན་མི་དགའ་བར་ངུ་གི་ཡོད་པ་ནི་རང་ཤུགས་ཀྱིས་ཆགས་ཀྱི་ཡོད། འོན་ཀྱང་། དེའི་སྟེང་དུ་ནུབ་ཕྱོགས་ཀྱི་རིག་གཞུང་མང་པོས་མ་རྩ་རིང་ལུགས་ནི་རང་བཞིན་གྱིས་མང་གཙོའི་སྤྱི་ཚོགས་ཀྱི་རྣམ་པ་ལེགས་ཤོས་ཤིག་ཡིན་ལུགས་བརྗོད་ཀྱི་ཡོད། དེའི་འོག་ཏུ་འཚོ་བའི་རྣམ་གཞག་རན་ཤོས་དེ་གནས་ཡོད་ཅིང་། དེས་འགྲན་བསྡུར་ནི་བྱམས་པ་དང་སྙིང་རྗེ་ལས་ལྡོག་སྟེ། གཞི་རྩའི་མི་ཚེའི་སྐུལ་འདེད་ཀྱི་སྟོབས་ཤུགས་ཤིག་ཏུ་སྐྲུན་གྱི་ཡོད། དེར་མ་ཟད། ནུབ་ཕྱོཌ་ཀྱི་རིག་གཞུང་གིས་ལམ་ལྷོང་དང་རྒྱལ་ཁའི་གལ་གནད་ལ་ཆགས་ཞེན་དང་བཅས་ཏེ་རྩེད་རིགས་འགྲན་སྡུར་དང་། འཛམ་གླིང་ནང་གི་གྱད་རྩལ་པ་ཡག་ཤོས་དང་མི་ཕྱུག་ཤོས་རྣམས་ཀྱི་ཆེ་བསྟོད་ལ་སྐུལ་མ་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད།
དེ་བཞིན་མང་གཙོའི་ཆབ་སྲིད་ཀྱི་སྒྲོམ་གཞིའི་ལམ་ལུགས་དང་འོས་ཤོག་འཕེན་པའི་ནང་འགྲན་བསྡུར་ཡོང་བའི་སྐབས་སུ། ང་ཚོ་རང་ཉིད་འོས་མི་ཞིག་ཏུ་གྱུར་ཏེ། ལས་གནས་དེའི་ཆེད་རང་ཉིད་སོ་སོའི་ཁ་གཏད་དེ་ལས་འཇོན་ཐང་ཆེ་ལུགས་ཡོད་སྐོར་མི་མང་ཁྲོད་དྲིལ་བསྒྲགས་བྱེད་ཀྱི་ཡོད། ནུབ་ཕྱོགས་སུ་ཡོངས་གྲགས་ལག་བསྟར་བྱེད་པ་བཞིན། དྲིལ་བསྒྲགས་ཆེད་ལས་འགུལ་སྤེལ་བ་ལ་བརྟེན་ནས། ཐ་ན་སོ་སོ་སྒེར་གྱི་མི་ཚེའི་ཐོག་ནས་ཀྱང་ཁ་གཏད་འོས་མིའི་སྐྱོན་ཆ་ཡོད་སྲིད་པ་ཐམས་ཅད་འཚོལ་ཐབས་སུ་འབད་རྩོལ་དྲག་པོ་བྱེད་ཅིང་། ཁ་གཏད་འོས་མི་རྣམས་ལ་ཚད་ལས་བརྒལ་བའི་འུད་གཏམ་སྒྲོག་པ་དང་། དེ་དག་ལ་མི་མང་གི་ཡིད་ཆེས་བརླག་ཐབས་ཆེད་རྒྱ་ཆེན་པོའི་སྒོ་ནས་དྲིལ་བསྒྲགས་བྱེད་པ། མི་མང་པོ་ཞིག་གི་དེ་ལྟ་བུའི་ཕྲག་དོག་དང་འགྲན་སེམས་ལ་གཞིར་བྱས་པའི་སྤྱོད་ལམ་དེ་རིགས་བསྔགས་བརྗོད་འོས་པ་དང་དྲང་བདེན་ཞིག་ཡིན་པར་བལྟ་གི་ཡོད། འདིར་ནང་ཚོས་ནང་ཆོས་ཀྱི་ཐ་སྙད་ཨིན་སྐད་ནང་བསྒྱུར་སྐབས་ “jealousy” དང་ “envy” གཉིས་ཀྱི་སེམས་ཚོར་གྱི་ནུས་ཤུགས་གཅིག་པ་ཡིན་ཡང་། ཨིན་སྐད་ནང་གི་ “jealousy” དེ་ “envy” ལས་རན་པ་ཡོད།
ཕྱོགས་གཞན་ཞིག་ནས་བོད་པའི་སྤྱི་ཚོགས་ཁྲོད་གཞན་ལ་མཐོང་ཆུང་བྱེད་མཁན་ལ་མི་འདོད་པའི་རྣམ་འགྱུར་སྟོན་པ་དང་། གཞན་རྣམས་རང་ལས་ལེགས་པ་ཡིན་ཚུལ་བརྗོད་ཀྱི་ཡོད། དེ་དག་ནི་ངན་ཕྱོགས་ཀྱི་རང་གཤིས་ཡིན་པར་བརྩི་གི་ཡོད། དོན་ངོ་མར། བྱང་ཆུབ་སེམས་དཔའི་སྡོམ་པའི་རྩ་བ་དང་པོ་ནི། རང་གིས་རང་ལ་བསྔགས་བརྗོད་བྱེད་པ་དང་རང་ལས་དམའ་བར་ཁྱད་གསོད་ནམ་ཡང་མི་བྱེད་པ་དེ་ཡིན། འོས་བསྡུའི་སྐབས་འོས་ཤོག་འཕེན་མཁན་ཚོ་ལ་ཚིག་རྩུབ་དེ་ལྟར་དྲིལ་བསྒྲགས་བྱེད་པ་ཡོང་གི་ཡོད། དེའི་ཀུན་སློང་གང་ཡིན་ཟེར་ན། ཕ་རོལ་གྱི་མི་དེས་བཤད་པའི་གཏམ་གླེང་ལས་ཁེ་སང་ལེན་འདོད་དང་། བསྟོད་ར་འཐོབ་འདོད། བརྩེ་བ་འཐོབ་འདོད། གུས་བཀུར་འཐོབ་འདོད་སོགས་ཀྱི་འདོད་པ་དང་། ཁྱད་གསོད་བྱས་པའི་མི་དེའི་ཕྲག་དོག་ལ་ངེས་བཤད་བྱས་པ་དེ་ཡིན། ང་ཚོས་བདེན་རྫུན་གང་སྨྲས་ཀྱང་ཁྱད་པར་བཟོ་གི་མེད། དེ་ལས་ལྡོག་སྟེ། རང་ཉིད་ལ་མཚོན་ན་ཡིན་ལུགས་ཚུལ་མཐུན་ངང་ “ང་ལ་ཡོན་ཏན་གང་ཡང་མེད། ངས་གང་ཡང་ཤེས་ཀྱི་མེད་” ཅེས་བརྗོད་སྐབས། དེ་ནི་བསྔགས་བརྗོད་འོས་པར་ལྟ་གི་ཡོད། བྱས་ཙང་། འོས་ཤོག་ཆེད་དམངས་གཙོའི་འོས་བསྡུའི་དྲིལ་བསྒྲགས་ཀྱི་ལས་འགུལ་རྣམས་མཐའ་གཅིག་ཏུ་ཕྱི་སྲོལ་ཡིན་ཅིང་། བོད་པའི་སྤྱི་ཚོགས་ནང་ནུབ་ཕྱོགས་ཀྱི་འགྲོ་ལུགས་ལྟར་ལག་བསྟར་བྱས་ན་དོན་དག་སྒྲུབ་རྒྱུ་དཀའ་ལས་ཁག་པོ་རེད།
ངས་ལས་གནས་འདིའི་ལས་འགན་འཁུར་གྱི་ཡིན་ཞེས་བརྗོད་པ་ཙམ་ནི་ང་རྒྱལ་གྱི་རྟགས་དྭོགས་གཞི་ཅན་ཞིག་དང་གཞན་ཕན་གྱི་བསམ་བློ་མེད་པའི་ཀུན་སློང་ཞིག་ཡིན་པར་བརྩི་གི་ཡོད། ཕྱོགས་གཉིས་ཀའི་བསྟུན་མཁས་ཀྱི་ནང་འགྲིག་ཡོང་སྲིད་པ་གཅིག་པུ་དེ་ནི། ཁ་གཏད་དང་འགྲན་བསྡུར། སྐྱོན་བརྗོད་སོགས་ཅི་ཡང་མ་བྱས་པར། འོས་མི་རང་གིས་གཏམ་བཤད་བྱ་རྒྱུའི་ཚབ་ཏུ་འོས་མིའི་སྐུ་ཚབ་ཅིག་གིས་འོས་མི་དེའི་ཡོན་ཏན་དང་གྲུབ་འབྲས་སྐོར་དྲིལ་བསྒྲགས་བྱེད་རྒྱུ་དེ་ཡིན། འོན་ཀྱང་། དེ་ལྟར་ཧ་ལམ་བྱས་ཐུབ་མེད་པ་རེད། སྤྱིར་བཏང་ནས། དཔེར་ན། སྐུ་དྲག་རིགས་རྒྱུད་དང་བླ་མའི་ཡང་སྲིད་ལྟ་བུ་སྙན་གྲགས་ཆེན་པོ་ཡོད་པའི་འོས་མི་རྣམས་ལ་འདོད་མོས་ཡོད་མེད་སྐད་ཆའང་མ་དྲིས་པར་འོས་མིར་བསྐོ་འཛུགས་བྱེད་ཀྱི་ཡོད། གལ་ཏེ་ཁོང་ཚོས་ལས་གནས་དེར་ཞུགས་རྒྱུར་འདོད་མོས་མེད་ཅེས་བརྗོད་ན། དེ་ནི་ཡིན་ལུགས་ཚུན་མཐུན་དང་གཉེམ་ཆུང་གི་རྟགས་ཤིག་ཏུ་བརྩི་གི་ཡོད། གང་ཡིན་ཟེར་ན། ལམ་སེང་ཁས་ལེན་བྱས་ན། དེས་དབང་ཆ་ལ་ང་རྒྱལ་དང་འདོད་རྔམ་ཡོད་པ་སྟོན་གྱི་ཡོད། བསྐོ་བཞག་བྱས་ཟིན་པའི་གང་ཟག་ཅིག་གིས་ཁས་མི་ལེན་པ་བྱེད་མཁན་ནི་ཕལ་ཆེར་མི་སྲིད་པ་ཡིན། དེ་ལྟར་དྲིལ་སྒྲོག་གི་ལས་འགུལ་མ་སྤེལ་བའི་སྒོ་ནས་འོས་འཕེན་བརྒྱུད་རིམ་མཇུག་རྫོགས་ཀྱི་ཡོད། མི་རྣམས་ཀྱིས་སྤྱིར་བཏང་ནས་སུ་སྙན་གྲགས་ཆེ་བ་ཡོད་པ་དེར་འོས་ཤོག་འཕེན་གྱི་ཡོད།
དེར་བརྟེན། རྒྱལ་ཁ་གཞན་ལ་སྤྲད་དེ་ཕམ་ཁ་རང་གིས་བླངས་ཏེ། གཞན་གྱི་རྒྱལ་ཁ་ལ་རྗེས་སུ་ཡི་རངས་བྱེད་པའི་ནང་པའི་ཐབས་ལམ་ནི། ནུབ་ཕྱོགས་པར་མཚོན་ན། ཐབས་ཤེས་རན་ཤོས་ཞིག་མ་ཡིན། ཁོང་ཚོ་ནི་མ་རྩ་རིང་ལུགས་ཀྱི་ཁེ་ཕན་དང་ནུབ་ཕྱོགས་ཀྱི་འོས་བསྡུའི་ལམ་ལུགས་ཀྱི་དྲིལ་སྒྲོག་བྱེད་སྟངས་ལ་ཡིད་ཆེས་ཤུགས་དྲག་ཡོད་མཁན་ཞིག་ཡིན། ནུབ་ཕྱོགས་པ་ལྟར། ཐོག་མར་ང་ཚོས་སོ་སོའི་རིག་གཞུང་གི་རིན་ཐང་གི་ཁུངས་ཐུབ་ཀྱི་རང་བཞིན་སླར་ཡང་གཏན་འབེབས་བྱེད་དགོས་པ་དང་། རིན་ཐང་དེ་དག་ཁས་བླངས་པ་ལ་བརྟེན་ནས་བྱུང་བའི་ཕྲག་དོག་དང་འགྲན་རྩོད་སོགས་ཆོས་ལ་གཞིར་བྱས་པའི་རྣམ་པ་རྣམས་ལ་གདོང་ལེན་བྱེད་དགོས། དེ་ཡང་རང་ཤུགས་ཀྱིས་མངོན་དུ་འགྱུར་བའི་རྣམ་པ་དེ་དག་སེལ་ཐབས་མ་བྱས་གོང་དུ་གདོང་ལེན་བྱེད་དགོས།
ནུབ་ཕྱོགས་ཀྱི་རིག་གཞུང་ཐོག་ནས་རྩ་བ་ཚུགས་པའི་ཕྲག་དོག་དང་འགྲན་སེམས་ཀྱི་ལྟོས་གྲུབ་རྣམ་གཞག་ཤེས་རྟོགས་ཐུབ་པར་ཕན་ཐོགས་ཆེ་བའི་དཔེ་མཚོན་ཞིག་ནི། རྒྱ་གར་གྱི་ཁྲོམ་ར་ཡིན། རྒྱ་གར་ནང་རས་ཆའི་ཁྲོམ་ར་དང་། རྒྱན་ཆའི་ཚོང་ར། སྔོ་ཚོད་ཀྱི་ཁྲོམ་ར་སོགས་ཡོད། ཁྲོམ་ར་དེ་དག་ཚང་མ་གཅིག་རྗེས་གཉིས་མཐུད་བྱས་ནས་ཚོང་ཁང་དང་ཁྲོམ་སྟེགས་བཙུགས་ཏེ། ཧ་ལམ་ཚང་མས་དངོས་ཟོག་འདྲ་པོ་འདྲ་པོ་ཚོང་གི་ཡོད། ཚོང་པ་མང་ཆེ་བ་ཕན་ཚུན་གྲོགས་པོ་དང་འཆམ་པོ་ཡོད། ཁོང་ཚོ་ནམ་རྒྱུན་ཚོང་ཁང་གི་ཕྱི་ལོགས་སུ་མཉམ་དུ་ཇ་འཐུང་ནས་སྡོད་ཀྱི་ཡོད། བྱས་ཙང། ཁོང་ཚོའི་བསམ་བློ་འཁྱེར་ཕྱོགས་དེ་ནི་ཚོང་ཟོག་བྲིན་རྒྱུག་དང་མི་རྒྱུག་དེ་སོ་སོའི་ལས་ལ་རག་ལུས་ཡོད་པ་ལྟ་བུ་རེད།
འཁྲུལ་སྣང་གི་གཞི་རྟེན་བྱེད་པའི་ཕྲག་དོག
ང་ཚོས་གོང་དུ་མཐོང་བ་ལྟར། ཕྲག་དོག་ནི་གནས་སྟངས་ཤིག་གི་ནང་མི་གཞན་གྱི་གྲུབ་འབྲས་ལ་བཟོད་མི་ཐུབ་པའི་སྒོ་ནས། དཔེར་ན། གཞན་གྱི་དཔལ་འབྱོར་ལམ་ལྷོང་ལྟ་བུར་སྒྲོ་འདོགས་བྱེད་ཀྱི་ཡོད། དེ་ལ་ཕྲག་དོག་སྐྱེས་ནས་གཞན་གྱི་ཚབ་ཏུ་རང་ཉིད་ལ་དེ་འདྲ་ལམ་ལྷོང་བྱུང་ཡོད་ན་ཅི་མ་རུང་བསམ་གྱི་ཡོད། མི་ཞིག་ལ་གཞན་ནས་བྱམས་པ་དང་གཅེས་སྐྱོང་ཤིག་ཐོབ་པའི་སྐབས་སུ། འདི་ལ་ཁྱད་པར་འགྲོ་གི་ཡོད། ང་ཚོས་ཀྱང་དེ་ག་ནང་བཞིན་བྱམས་པ་དང་གཅེས་སྐྱོང་དེ་གཞན་གྱི་ཚབ་ཏུ་རང་ཉིད་ལ་ཐོབ་ན་བསམ་གྱི་ཡོད།
འདི་ལྟ་བུའི་ཉོན་མོངས་ཅན་གྱི་ཕྲག་དོག་ནི་འཁྲུལ་སྣང་གཉིས་ལས་བྱུང་བ་ཡིན། དེ་ཡང་རྨོངས་པ་དང་ཆོས་རྣམས་ཀྱི་གནས་ལུགས་མི་ཤེས་པ་ཙམ་རྒྱུ་མཚན་དུ་བྱས་ནས། ང་ཚོའི་སེམས་ཀྱི་རྟོག་པའི་འཆར་སྣང་སྐྲུན་གྱི་ཡོད། འཁྲུལ་སྣང་གཉིས་ལས། དང་པོ་དེ་ནི། གཉིས་སྣང་ཅན་ཏེ། (༡) “ང་” ཞེས་པ་དེ་ལ་རང་བཞིན་གྱིས་གཅིག་འཐོབ་པ་དང་རྙེད་པའི་འོས་འབབ་ཡོད་དགོས་པའི་ཚུགས་ཐུབ་རྡོག་རྡོག་ལྟར་སྣང་ནའང་། དེ་ལྟར་སྣང་བ་ལྟར་ཡོང་གི་མེད། (༢) “ཁྱོད་” ཅེས་ཚུགས་ཐུབ་ཏུ་རྡོག་རྡོག་ཡོད་པར་བཟུང་སྟེ། གཅིག་འཐོབ་པའི་འོས་འབབ་རང་བཞིན་གྱིས་མེད་པར་ལྟར་སྣང་བ་དེ་ཡིན། སྣང་མེད་དུ་ང་ཚོའི་བསམ་པར། འཛམ་གླིང་འདིས་རང་ལ་སྤྲོད་འཇལ་ཞིག་བྱེད་རྒྱུ་ཡོད་པ་དང་། དེ་མི་གཞན་ལ་ཐོབ་ན་དྲང་བདེན་མེད་པར་ཚོར་གྱི་ཡོད། ང་ཚོས་འཛམ་གླིང་ཡོངས་རྫོགས་རྒྱལ་ཁ་ཐོབ་མཁན་དང་ཕམ་མཁན་ཞེས་ཚུགས་ཐུབ་གནས་པའི་སྡེ་ཚན་གཉིས་སུ་འབྱེད་པ་དང་། མི་རྣམས་བདེན་པར་གྲུབ་ཅིང་རྡོག་རྡོག་ཚུགས་ཐུབ་ཡོད་པར་སྣང་བའི་སྡེ་ཚན་དེ་གཉིས་ཀྱི་སྒམ་ཆུང་ནང་རྙེད་རྒྱུ་ཡོད་པ་ཞིག་ཏུ་ཆ་བཞག་སྟེ། ང་ཚོས་རང་ཉིད་ཚུགས་ཐུབ་དང་རྟག་ཏུ་གནས་པའི་ཕམ་ཁ་བྱུང་མཁན་གྱི་སྡེ་ཚན་བཞག་པ་དང་། གཞན་རྣམས་རྒྱལ་ཁ་ཐོབ་མཁན་གྱི་ཚུགས་ཐུབ་རྟག་པར་གནས་པའི་སྡེ་ཚན་དེའི་ནང་འཇོག་གི་ཡོད། ང་ཚོས་རང་ཉིད་མ་གཏོགས་མི་གཞན་ཚང་མ་རྒྱལ་ཁ་ཐོབ་མཁན་གྱི་སྡེ་ཚན་ནང་དུའང་བཞག་སྲིད། ང་ཚོས་སྡང་འཛིན་སྐྱེ་བ་ཙམ་མ་ཟད། ནག་ཉེས་ཅན་ལྟ་བུའང་ཚོར་གྱི་ཡོད། དེས་སེམས་ནང་ “ང་ཐབས་སྐྱོ་བ་ལ་” ཞེས་གདུང་བའི་བསམ་བློ་ལ་འཛིན་པ་སྐྱེ་འཇུག་གི་ཡོད།
སྤྱོད་ལམ་གྱི་ལས་འབྲས་ཐད་མྱོང་བ་མེད་པའམ་རྨོངས་པ་དེ་ནམ་རྒྱུན་ཕྲག་དོག་དང་མཉམ་དུ་འགྲོགས་ཀྱི་ཡོད། དཔེར་ན། མི་ཞིག་གོ་གནས་སྤར་བའམ་དེ་ལ་གཞན་ཞིག་གིས་བྱམས་བརྩེ་སྤྲད་ན། དེ་ལྟར་ཐོབ་པར། གང་ཡང་བྱས་མེད་པའམ་འོས་འབབ་ཡོད་མེད་ཤེས་ཀྱི་མེད་ལ་ཁས་ལེན་ཡང་བྱེད་ཀྱི་མེད། དེར་མ་ཟད། ང་ཚོས་དེའི་ཐོབ་བྱེད་ཀྱི་རྒྱུ་གང་ཡང་མ་བསགས་པར་རང་ལ་ཐོབ་དགོས་པ་བསམ་གྱི་ཡོད། ཡང་མིན་ན། སོ་སོས་དཀའ་ལས་མང་པོ་བརྒྱབ་ཀྱང་དེའི་འབྲས་བུ་ཐོབ་མེད་པར་ཚོར་གྱི་ཡོད། དེ་འདྲ་ཡིན་དུས། ང་ཚོའི་རྨོངས་པའི་སེམས་ཀྱིས་ཆོས་རྣམས་རྒྱུ་མཚན་རྩ་བ་ནས་མེད་པར་རང་ངོར་སྣང་དུ་འཇུག་གི་ཡོད་པའམ། ཡང་ན་སོ་སོ་གཅིག་པུས་གང་བྱས་པ་ཙམ་རྒྱུ་མཚན་དུ་བྱས་ནས་ཆོས་རྣམས་དངོས་སུ་ཡོང་བར་བྱེད་ཀྱི་ཡོད།
འཁྲུལ་སྣང་ལ་དཔྱད་ཞིབ།
ང་ཚོས་འཁྲུལ་སྣང་གཉིས་པོ་ལ་དཔྱད་ཞིབ་བྱེད་དགོས། སེམས་ཅན་གྱི་འཇིག་རྟེན་ནང་རང་ཆས་སུ་ཡོད་པའི་སྐུལ་འདེད་ཀྱི་རྩ་བ་འཛིན་ས་ནི་འགྲན་རྩོད་རེད། ཅེས་རིག་གཞུང་གིས་ང་ཚོར་བསླབ་ཡོད། དེ་ཡང་རྒྱལ་ཁ་འཐོབ་པའི་སྐུལ་འདེད་དང་འཚོ་བའི་གནས་སྟངས་ཡག་ཤོས་ལྟ་བུ་རེད། འོན་ཀྱང་ཐོག་མའི་བརྗོད་པ་ནི་བདེན་པ་མིན་ཀྱང་སྲིད། ཡིན་ནའང་གལ་སྲིད་ང་ཚོས་དེ་ཁས་ལེན་བྱས་ན། དེ་ནས་ང་ཚོས་འཛམ་གླིང་ནི་ངོ་བོ་ཉིད་ནས་རྒྱལ་ཁ་ཐོབ་མཁན་དང་ཕམ་ཁ་འཁུར་མཁན་ཞེས་ལྟོས་མེད་གཉིས་སུ་དབྱེ་བའི་ནང་རང་བཞིན་གྱིས་ཆ་བགོས་བྱས་ཡོད་པར་ཡིད་ཆེས་བྱེད་སྲིད། དེའི་རྗེས་འབྲས་སུ་ང་ཚོས་འཛམ་གླིང་འདི་རྒྱལ་ཁ་ཐོབ་མཁན་དང་ཕམ་ཁ་འཁུར་མཁན་ཞེས་བརྟན་ཚུགས་པའི་རྟོག་པའི་སྡེ་ཚན་ནང་ཡོད་པར་སེམས་ནང་ཤར་བ་དང་། དེ་ག་ནང་བཞིན་རྟོག་པའི་ཆ་དེ་དང་གཅིག་མཚུངས་ཡོད་པའི་ཐོག་ནས་རང་ཉིད་ཀྱང་དེ་ལྟར་ལྟ་རྒྱུ་ཡིན་པ་བཤད་མི་དགོས་པ་རེད།
མ་གཞི་རྒྱལ་ཁ་ཐོབ་མཁན་དང་། ཕམ་ཁ་འཁུར་མཁན། འགྲན་བསྡུར་བཅས་ནི་བྱ་དངོས་ཀྱི་འཕེལ་རིམ་འགྲེལ་བཤད་ཆེད་བེད་སྤྱོད་ཆེན་པོ་ཡོང་སྲིད་ཀྱང་། དེ་དག་ནི་སེམས་ཀྱིས་བཟོས་པའི་མཐོང་ཚུལ་ཙམ་ཡིན་པ་ང་ཚོས་ཤེས་དགོས་ཀྱི་ཡོད། རྒྱལ་ཁ་ཐོབ་མཁན་དང་ཕམ་ཁ་འཁུར་མཁན་ནི་བློས་བཏགས་པ་ཙམ་ཡིན། དེ་དག་ནི། དཔེར་ན། རྒྱུག་རྩལ་འགྲན་སྡུར་ཞིག་གི་སྐབས་ཨང་དང་པོ་སླེབས་པ་དང་། མི་གཞན་ཞིག་གོ་གནས་སྤོར་རྒྱུའི་ཚབ་ཏུ་རང་ཉིད་སྤར་བ། ཡང་ན་འཛད་སྤྱོད་པའམ་སློབ་མ་ཞིག་གཞན་ལ་ཤོར་བ་ལྟ་བུའི་བྱུང་རྐྱེན་བྱེ་བྲག་པ་ཞིག་འགྲེལ་བརྗོད་བྱེད་པར་བེད་སྤྱོད་བྱེད་པའི་སྟབས་བདེའི་སེམས་ཀྱི་སྡེ་ཚན་ཞིག་ཡིན། ང་ཚོའི་ “ཡག་པོ་” ཞེས་པའི་འགྲེལ་བརྗོད་བྱེད་སྟངས་ལ་བརྟེན་ནས་མི་རྣམས་ “ཡག་པོ་” དང་ “ཡག་པོ་མིན་པ་” ཞེས་པའི་སྡེ་ཚན་ནང་ལས་སླ་པོར་དབྱེ་འབྱེད་བྱེད་ཐུབ།
དེ་ལྟ་བུའི་གཉིས་སྣང་ཅན་གྱི་ཤེས་པའི་སྡེ་ཚན་རྣམས་རྟོག་བཟོ་ཙམ་ཡིན་པ་ང་ཚོས་ཤེས་པའི་སྐབས་སུ། “ང་” དང་ “ཁྱོད་” ཅེས་པ་རང་བཞིན་གྱིས་མ་གྲུབ་པའམ་སྡེ་ཚན་རང་སྐྱ་བ་དེའི་ནང་བཅུག་ནས་སྒོ་རྒྱག་བཞག་པ་ཞིག་མེད་པ་ང་ཚོས་ཤེས་རྟོགས་ཡོང་གི་ཡོད། ང་ཚོ་རྩ་བའི་ཆ་ནས་རང་བཞིན་གྱིས་གྲུབ་པའི་ཕམ་མཁན་ཞིག་མིན་པ་དང་། རང་ཉིད་ཕམ་མཁན་ཞིག་ཡིན་པར་བསམས་ནས། མཐར་ང་ཚོས་ “དོན་དམ་གྱི་ང་” དེ་ཕམ་ཁ་ཁྱེར་མཁན་ཡིན་པའི་བདེན་པ་དེ་ཤེས་རྟོགས་བྱུང་བ་ཡིན། དེ་འདྲའི་ “ང་ཐབས་སྐྱོ་བ་ལ་” བསམ་པ་དང་། འཛད་སྤྱོད་པ་ཞིག་གཞན་ལ་ཤོར་བ་ལས་གཞན་པའི་ཁྱད་ཆོས་མང་པོ་ང་ཚོར་ཡོད་པས། དེ་དག་དོན་དམ་གྱི་ “ང་” ཡིན་པ་ལྟ་བུར་དེའི་སྟེང་དུ་ག་རེ་བྱས་ནས་གནས་ཀྱི་ཡོད་རེད།
དེར་མ་ཟད། ང་རང་ “ཐབས་སྐྱོ་བ་ལ།” ཞེས་དང་། “བྱིས་ཕྲུག་ཁྱོད་” ཅེས་བསམ་བློ་གཏོང་བའི་ང་ཚོའི་ཚད་བཀག་གི་བསམ་བློ་དང་སྔོན་ཚུད་ཀྱི་ལས་བྲེལ་རྐྱེན་པས་རྒྱུ་མཚན་གང་ཡང་མེད་པར་ལེགས་གྲུབ་དང་ལམ་ལྷོང་མ་བྱུང་བ། ཐོབ་པ་དང་ཤོར་བ་སོགས་འབྱུང་བ་འདྲ་པོ་ཡོད། དེ་འདྲ་སོང་ཙང་། ང་ཚོར་གང་བྱུང་བ་དེ་དྲང་པོ་མེད་པ་ཞིག་ཏུ་བསམ་བློ་འཁོར་གྱི་ཡོད། འོན་ཀྱང་། འཛམ་གླིང་ནང་གང་བྱུང་བ་ནི་རྒྱུ་དང་རྐྱེན་དུ་མ་འདུས་པ་ལས་བྱུང་བ་ཡིན། དེར་བརྟེན། རང་དང་གཞན་ལ་གང་བྱུང་བ་རྣམས་རྐྱེན་མང་པོ་ཞིག་གིས་ཤུགས་རྐྱེན་སྤྲོད་ཀྱི་ཡོད། རྐྱེན་དེ་དག་ཚང་མ་འདིར་བརྗོད་རྒྱུ་དེ་བསམ་ཡུལ་ལས་འདས་པ་ཡིན།
ང་ཚོས་འཁྲུལ་སྣང་དེ་གཉིས་ (རྒྱལ་ཁ་ཐོབ་མཁན་དང་ཤོར་མཁན། རྒྱུ་མཚན་ཡང་དག་མེད་པར་བྱུང་བའི་ཆོས།) དཔྱད་ཞིབ་བྱས་ནས་རྟོག་བཟོ་མཚམས་འཇོག་བྱེད་སྐབས། དྲང་བདེན་མིན་པའི་ང་ཚོའི་ཚོར་སྣང་ཞི་ལྷོད་དུ་གཏོང་གི་ཡོད། རང་རྒྱུད་ཀྱི་ཕྲག་དོག་གི་འོག་ཏུ་གང་གྲུབ་པ་དང་བྱུང་བ་རྟོགས་པའི་ཤེས་རབ་ཙམ་ཡོད། ང་ཚོའི་འཛད་སྤྱོད་པ་ཅིག་གཞན་ལ་ཤོར་བ་དང་ད་ལྟ་གཞན་ལ་དག་ཡོད། དེས་ང་ཚོའི་དམིགས་ཡུལ་བསྒྲུབ་དགོ་པ་ཤེས་རྟོགས་བྱེད་འཇུག་གི་ཡོད། གལ་སྲིད་ང་ཚོས་གཞན་ཞིག་ལ་གྲུབ་འབྲས་འཐོབ་ཀྱི་འདུག་བསམས་ནས་མི་དགའ་བའི་རྣམ་འགྱུར་སྟོན་པ་ཡིན་ན། ང་ཚོས་ཕལ་ཆེར་མི་དེས་བྱ་བ་དེ་ཇི་ལྟར་གྲུབ་པའི་ཐད་ལ་བློ་བསྐྱེད་ཐོབ་པར་བྱེད་ཆོག །དེས་སོ་སོའི་ངོས་ནས་ཇི་ལྟར་གྲུབ་དགོས་མིན་བལྟ་ཞིབ་བྱེད་ཐུབ་པ་བཟོ་གི་ཡོད། ང་ཚོས་གཉིས་སྣང་དང་ཚུགས་ཐུབ་རྡོག་རྡོག་ཏུ་གྲུབ་པའི་ངོ་བོ་ཡོད་པར་འཛིན་པའི་སྒོ་ནས་ཤེས་རབ་ལ་ཡོངས་སུ་འགེབས་པའི་རྐྱེན་གྱིས་ཕྲག་དོག་ཅན་དང་མིག་སེར་ཅན་ཆགས་ཀྱི་ཡོད།
ཕྱོགས་བསྡོམས།
དེ་འདྲ་སོང་ཙང་། ནང་པའི་ལུགས་ལྟར་ཕྲག་དོག་ལ་འགྲེལ་བརྗོད་དང་ནུབ་ཕྱོགས་པའི་ལྟ་ཚུལ་ལྟར་གང་བྱས་ཀྱང་། ནང་ཆོས་ནས་ཉོན་མོངས་ཅན་གྱི་ཕྲག་དོག་འདི་ལ་གདོང་ལེན་བྱེད་ཆེད་ཐབས་ལམ་སྣ་ཚོགས་པ་བསྟན་ཡོད། སྤྱིར་ཉོན་མོངས་པའི་དབང་གིས་ང་ཚོར་དཀའ་ངལ་ག་ཚོད་ཅིག་ཕྲད་ཀྱང་། གདོང་ལེན་བྱེད་དགོས་པ་ནི་དེ་དག་གི་མཚན་ཉིད་དང་རིག་གཞུང་གི་རྒྱབ་ལྗོངས་ཤེས་པ་བྱེད་དགོས། སྒོམ་ཉམས་ལེན་བྱས་པ་བརྒྱུད་ང་ཚོས་ཐབས་ལམ་འདྲ་མིན་སྦྱོང་བརྡར་བྱས་ན། ང་ཚོས་མྱོང་བཞིན་ཡོད་སྲིད་པའི་སེམས་ཚོར་གྱི་དཀའ་ཚེགས་རྣམས་ལ་འོས་འཚམ་གྱི་གཉེན་པོ་བསྟེན་ནས་གདོང་ལེན་བྱེད་ཐུབ།།