འདོད་ཆགས། ཉོན་མོངས་ལ་གདོང་ལེན་བྱེད་ཚུལ།

མི་ཞིག་ལ་ཡོད་པའི་ཉོན་མོངས་འདོད་ཆགས་ཀྱིས་རྐྱེན་བྱས་ནས་རང་གི་སེམས་ཀྱི་ཞི་བདེ་དང་རང་ཚུགས་ཤོར་བ་བྱེད་ཀྱི་ཡོད། འདོད་ཆགས་ལ་བརྟེན་ནས་མི་དེའི་རྣམ་འགྱུར་ལྟ་བུ་ཁྱད་ཆོས་བཟང་པོ་རྣམས་ལ་སྒྲོ་བཏགས་ནས་མི་དེ་ཡུལ་ཞིག་གི་ངོ་བོར་བཟུང་བ་དང་། དེ་ལ་ཆགས་ཞེན་སྐྱེས་ཏེ་གློད་འདོད་མེད་པ་ཆགས་ཀྱི་ཡོད། འོན་ཀྱང་སྒོམ་ཉམས་ལེན་གྱི་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་ང་ཚོས་འདོད་ཆགས་ལས་ཐར་ཐུབ་པ་དང་། མི་དེ་དང་མཉམ་དུ་འབྲེལ་བ་བཟང་པོ་ཞིག་གོང་འཕེལ་དུ་གཏོང་ཐུབ་པ་ཡིན།

མི་ཤེས་པའམ་མ་རིག་པ་ནི། ང་ཚོའི་ཉོན་མོངས་པའི་སེམས་ཚོར་དང་བསམ་ཕྱོགས་ཚང་མའི་མཐར་ཐུག་གི་རྒྱུ་ལྟ་བུ་རྩ་བ་དེ་ཡིན་ཅིང་། མ་རིག་པ་ཞེས་པ་ནི་རྒྱུ་དང་འབྲས་བུ་ལ་རྨོངས་པའི་མ་རིག་པའམ་རང་གི་སྤྱོད་ལམ་གྱི་འབྲས་བུ་ཧ་མ་གོ་བའི་མ་རིག་པ་ཞིག་དང་། དོན་དམ་དངོས་པོའི་གནས་ལུགས་ལ་རྨོངས་པའི་མ་རིག་པ་བཅས་ཡོང་ཆོག། སྤྱོད་ལམ་གྱི་རྒྱུ་འབྲས་ལ་རྨོངས་པའི་མ་རིག་པ་དེར་དུས་རྒྱུན་མི་དགེ་བའི་བྱ་སྤྱོད་སྤེལ་བ་དང་ལས་ཀ་སྡུག་ཅག་བྱེད་པའི་འགན་འཁྲི་ཡོད་པར་ངོས་འཛིན་བྱེད་པ་ཡིན། ཡིན་ནའང་དོན་དམ་དངོས་པོའི་གནས་ལུགས་ལ་རྨོངས་པའི་མ་རིག་པ་དང་གནས་སྟངས་མ་ཤེས་པའི་མ་རིག་པས་འཁོར་བའི་སྤྱོད་ལམ་གྱི་རིགས་དགེ་དང་མི་དགེ་གང་རུང་གི་རྨང་གཞིར་བྱེད་ཀྱི་ཡོད། དེར་བརྟེན་གལ་སྲིད་མ་རིག་པས་ང་ཚོའི་ཉོན་མོངས་དང་བསུན་གཙེར་ཅན་གྱི་བསམ་བློའི་འཁྱེར་སོ་ཡི་རྨང་གཞི་ཇི་ལྟར་བྱེད་ཀྱི་ཡོད་པ་ཤེས་འདོད་ཡོད་ན། དངོས་པོའི་གནས་ལུགས་དང་གནས་སྟངས་ལ་རྨོངས་པའི་མ་རིག་པའི་སྐོར་མང་ཙམ་ཤེས་པར་བྱེད་དགོས།

“དངོས་པོའི་གནས་ལུགས་” ཞེས་པའི་ཐ་སྙད་དེ་ཁྱད་མཚར་ཞིག་ཡོད། འདི་ལ་ཐུན་མིན་གྱི་གོ་དོན་མི་འདྲ་བ་མང་པོ་ཡོང་ཆོག་པ་ཡིན། ནམ་རྒྱུན་བེད་སྤྱོད་བྱེད་པའི་ཚིག་ནི་ “བདེན་པ་” ཟེར་བ་དེ་རེད། དེ་ནི་དངོས་པོ་གང་ཡང་རུང་བ་ཞིག་གི་བདེན་པའི་གནས་ལུགས་དེ་ཡིན། ཆོས་ག་འདྲ་ཞིག་ཡིན་ཀྱང་དེ་ལ་བདེན་པ་གཉིས་ཡོད། གཅིག་ནི་ལྟོས་བཅས་ཀུན་རྫོབ་ཀྱི་བདེན་པའམ། ཡང་ན་ཆོས་གང་ཞིག་སྣང་ཚུལ་གྱི་ཆ་ནས་བདེན་པ་ཡིན་པ་དེ་རེད། གཉིས་པ་ནི་མཐར་ཐུག་དོན་དམ་བདེན་པའམ། ཡང་ན་ཆོ་གང་ཞིག་ཇི་ལྟར་ཡོད་པའམ་གནས་པ་དེ་ཡིན། འདིར་བདེན་པའི་ “རིམ་པ་” ཞེས་པའི་ཚིག་དེས་བདེན་པ་གཉིས་གཅིག་གཞན་དེ་ལས་བདེན་ཤས་ཆེ་བར་ཤུགས་བསྟན་བྱེད་སྲིད་ཀྱང་། དེ་ལྟར་མ་ཡིན། དེ་གཉིས་ཀ་བདེན་པ་ཡིན་པ་གཅིག་པ་ཡིན། ངས་བདེན་པ་འདི་གཉིས་འགྲེལ་བཤད་རྒྱག་པའི་སྐབས་སུ་བདེན་པ་གཉིས་པ་དང་འབྲེལ་བའི་དོན་དམ་ལ་ཨིན་སྐད་དུ་ “absolute” ཞེས་པའི་ཚིག་དེ་བེད་སྤྱོད་གཏོང་རྒྱུར་དགའ་པོ་མེད། གང་ཡིན་ཟེར་ན། ཨིན་ཚིག་ “absolute” ཞེས་པ་དེས་བདེན་པ་གཅིག་ལས་གཞན་བདེན་ཤས་ཆེ་བ་ཡོད་པ་ལྟ་བུའི་གོ་བ་ཞིག་སྤྲོད་ཀྱི་ཡོད། བྱས་ཙང་། དེའི་ཚབ་ལ་ངས་དགའ་འདེམས་བྱེད་པའི་ཨིན་སྐད་ཀྱི་ཚིག་ནི་མཐར་ཐུག་གམ་གཏིང་ཟབ་ཤོས་ “deepest” ཟེར་བ་དེ་ཡིན། དེ་ལྟར་བདེན་པ་གཉིས་ལས་གཅིག་ནི་དངོས་པོ་གང་ཞིག་ཕྱིའི་སྣང་ཚུལ་གྱི་ཆ་ནས་བདེན་པ་དང་། གཞན་དེ་ནི་མཐར་ཐུག་གི་ཆ་ནས་དངོས་པོ་གང་ཞིག་ཇི་ལྟར་ཡོད་པའམ་གྲུབ་ལུགས་གང་ཡིན་པ་དེ་ཡིན།

Top