བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ། ཝཱིརྱ་པཱ་ར་མི་ཏཱ།

བོད་མིའི་ཁ་རྒྱུན་དུ་དགེ་བ་ནི་བོང་བུ་གྱེན་དུ་འདེད་པ་ནང་བཞིན་ཁག་པོ་ཡོད་པ་དང་། མི་དགེ་བ་ནི་རྦབ་རྡོ་ཐུར་དུ་འདྲིལ་བ་ནང་བཞིན་ལས་སླ་པོ་ཡོད་ཅེས་ཟེར་སྲོལ་ཡོད། ང་རང་ཚོ་ག་ཚོད་ཀྱི་བཟོད་བསྲན་ཆེ་བ་དང་། གཏོང་ཕོད་ཆེ་བ། རྣམ་དཔྱོད་ལྡན་པ་བཅས་ཡོད་ཀྱང། ལེ་ལོ་དབང་དུ་བསྡུ་མ་ཐུབ་པ་ཡིན་ན། གཞན་སུ་ལའང་ཕན་ཐོགས་ནམ་ཡང་བྱེད་མི་ཐུབ་པ་ཡིན། དེར་བརྟེན་ཞུམ་མེད་ཀྱི་སྙིང་སྟོབས་དང་བརྩོན་འགྲུས་ཀྱིས་ང་ཚོ་དཔའ་བོ་ལྟ་བུར་ཆགས་ནས། ང་ཚོས་འཚོལ་ཐབས་བྱེད་བཞིན་པའི་སངས་རྒྱས་ཀྱི་གོ་འཕང་དང་སེམས་ཅན་གྱི་འགྲོ་དོན་ལ་ཕྱི་ནང་དམག་གི་བར་ཆད་གང་འདྲ་ཞིག་བྱུང་ནའང་དེ་དག་ལ་གདོང་ལེན་བྱ་རྒྱུའི་གྲ་སྒྲིག་ཨང་བསར་ཡོད་པ་ཡིན།

ངོ་སྤྲོད།

ཕ་རོལ་ཏུ་ཕྱིན་པ་དྲུག་ལས་བཞི་པ་ནི་བརྩོན་འགྲུས་རེད། དེ་ནི་ཧུར་བརྩོན་གྱི་སྒོ་ནས་དགེ་བའི་སྤྱོད་ལམ་ལ་འཇུག་ཅིང་། དེ་ནི་འབད་བརྩོན་རྒྱུན་སྲིང་བར་བྱེད་པའི་སེམས་ཀྱི་གནས་བབས་ཤིག་ཡིན། འོན་ཀྱང་དེ་ནི་དགེ་བའི་བྱ་བར་དམིགས་པ་ཙམ་མིན་པར། ཞུམ་མེད་དཔའ་བོའི་སྙིང་སྟོབས་ཀྱི་སྒོ་ནས་དགེ་བའི་ལས་བྱེད་པ་ལ་སྤྲོ་བ་ཡོད་པ་ཞིག་ཀྱང་ཡིན།

འདི་ནི་རང་ཉིད་ཀྱིས་སྒྲུབ་བཞིན་པའི་བྱ་བར་དགའ་མོས་མེད་ཀྱང་། འོས་འགན་དང་། ཉེས་པ། ཁས་ལེན་ལྟ་བུར་སྡུག་རུས་ཀྱི་ངང་ནས་སྒྲུབ་དགོས་པའི་བསམ་ཕྱོགས་ཞིག་མ་ཡིན་ལ། ལས་ཀ་མི་བྱེད་པར་སྡོད་པར་དཀའ་བའི་མི་ལྟ་བུར་རང་ཉིད་ཀྱིས་ག་རེ་བྱེད་ཀྱི་ཡོད་མི་ཤེས་པར་ཉིན་ལྟར་བྱེད་དགོས་པའི་བྱ་བ་ཞིག་ཀྱང་མིན། དེ་ནི་ང་ཚོས་འབོད་པའི་ “ཡུན་ཐུང་གི་འབད་བརྩོན་” ཞེས་བྱ་བ་ཞིག་བསྒྲུབ་རྒྱུར་དགའ་མོས་ཆེན་པོ་བྱེད་པ་དང་། དེའི་ཆེད་དུ་ཧ་ལས་པའི་ནུས་ཤུགས་མང་པོ་སྤུངས་ནས་སྒྲུབ་པར་བྱེད་ཀྱང་། བདུན་ཕྲག་གཅིག་ཕྱིན་རྗེས་ཡིད་ཐང་ཡོངས་སུ་ཆད་ནས་ལས་ཀ་དེ་གཡུགས་བཞག་གི་ཡོད་པ་ལྟ་བུའང་མ་རེད། འདིར་ང་ཚོས་ཡུན་གནས་རྒྱུན་སྲིང་གི་རྩོལ་བའི་སྐོར་བཤད་ཀྱི་ཡོད། དེ་འདྲ་སོང་ཙང་། འདི་ལ་བརྩོན་འགྲུས་ཞེས་འབོད་པ་ཡིན། བརྩོན་འགྲུས་དེ་ཡང་ཡུན་གནས་རྒྱུན་སྲིང་ཡིན་པའི་རྒྱུ་མཚན་ནི། ང་ཚོས་དགེ་བའི་བྱ་བ་གང་འདྲ་ཞིག་བྱེད་ཀྱང་དེ་ལ་སྐྱིད་པོ་དང་སྤྲོ་བའི་ངང་འཇུག་གི་ཡོད་པས་ཡིན། བྱས་ཙང་། སྙིང་སྟོབས་དང་ཟུང་དུ་འབྲེལ་བའི་བརྩོན་འགྲུས་ནི་ལེ་ལོ་དང་ཕྱི་བཤོལ་གྱི་གཉེན་པོ་ཡག་ཤོས་དེ་ཡིན།

གོ་ཆ་ལྟ་བའི་བརྩོན་འགྲུས།

བརྩོན་འགྲུས་ལ་དབྱེ་བ་གསུམ་ཡོད་པ་ལས། དང་པོ་ནི་གོ་ཆའི་བརྩོན་འགྲུས་རེད། དེ་ནི་ཡུན་རིང་པོ་ག་ཚོད་འགོར་བ་དང་དཀའ་ཚེགས་ཆེན་པོ་ག་ཚོད་ཡོད་པ་ལ་མ་ལྟོས་པར། མུ་མཐུད་མདུན་བསྐྱོད་བྱེད་པའི་འདུན་སེམས་དེ་ཡིན། གནད་དོན་གང་ཞིག་བྱུང་ནའང་བློ་སྟོབས་མི་ཞུམ་པའམ་ལེ་ལོའི་དབང་དུ་མི་ཤོར་བ་བྱེད་དགོས། གལ་སྲིད་རང་ཉིད་ཀྱི་ཆོས་སྒྲུབ་པའི་ལམ་ཐག་དེ་ཧ་ཅང་རིང་བ་ཤེས་པ་དང་། སེམས་ཅན་གཞན་གྱི་དོན་སྒྲུབ་པའི་ཆེད་དུ་དམྱལ་བར་ཡང་འགྲོ་ཕོད་པའི་འདུན་པ་ཡོད་ན། དཀའ་ངལ་ཆུང་ཙག་རིགས་འཕྲད་པའི་རྐྱེན་གྱིས་རང་ཉིད་ལེ་ལོའི་དབང་དུ་ཤོར་བ་དང་སེམས་ཤུགས་ཆག་པ་དེ་འདྲ་ཡོང་མི་སྲིད་པ་ཡིན། རང་ཉིད་ལ་གོ་ཆ་ལྟ་བུའི་ “སུ་གང་གིས་ཀྱང་གཡོ་འགུལ་གཏོང་མི་ཐུབ་” བསམ་པའི་བློའི་འཁྱེར་ཕྱོགས་ཤིག་ཡོད་པས། འདི་ལྟ་བུའི་དཔའ་བོའི་སྙིང་སྟོབས་ཀྱིས་རང་ཉིད་དཀའ་སྡུག་ག་འདྲ་ཞིག་དང་འཕྲད་ཀྱང་དེ་དག་ལས་སྲུང་སྐྱོབས་བྱེད་ཀྱི་ཡོད། དེ་གང་ཡིན་ཟེར་ན། ཐོག་མ་ཉིད་ནས་དུས་ཚོད་ག་ཚོད་འགོར་ཡང་རུང་། དཀའ་ངལ་ག་ཚོད་འཕྲད་ཀྱང་རུང་སྟེ། བྱ་བ་དེ་ངེས་པར་དུ་བསྒྲུབ་ཀྱི་ཡིན་ཞེས་སེམས་ཐག་གཙང་བཅད་ཟིན་པས་རེད།

ང་ཚོས་སངས་རྒྱས་ཀྱི་གོ་འཕང་ཐོབ་རྒྱུར་དུས་ཡུན་རིང་པོ་འགོར་བའི་རེ་བ་བྱེད་པ་དེ་ཚོད་ཀྱིས་མགྱོགས་པོར་སངས་རྒྱས་ཀྱི་གོ་འཕང་འཐོབ་ཀྱི་ཡོད་པ་དང། ཡང་ང་ཚོས་ལམ་སང་ལས་སླ་པོར་སངས་རྒྱས་ཀྱི་གོ་འཕང་རྙེད་ཐབས་བྱེད་པའི་སྐབས་སུ། དེ་ལ་དུས་ཚོད་ཧ་ཅང་རིང་པོ་འགོར་གྱི་ཡོད་པ་འདྲ་པོ་ཞིག་ཡོད། གཞུང་ལུགས་མང་པོ་དང་བླ་མ་མང་པོས་ཞལ་ནས། གལ་སྲིད་ང་ཚོས་དེ་མ་ཐག་ལས་སླ་པོའི་སྒོ་ནས་འཚང་རྒྱ་བར་འདོད་ན། དེ་ནི་གཞི་རྩའི་རང་འདོད་དོན་གཉེར་དང་ལེ་ལོའི་རང་བཞིན་གྱི་རྟགས་ཡིན་པར་གསུངས་ཡོད། ང་ཚོ་ལ་འབྲས་བུ་འདོད་ཀྱི་ཡོད་ཀྱང་། སེམས་ཅན་གྱི་དོན་སྒྲུབ་པ་ལ་དུས་ཚོད་ཡུན་རིང་པོ་གཏོང་འདོད་མེད། ང་ཚོ་ལ་ཁ་ལག་ཟས་རྗེས་ཀྱི་འཇུ་ཟས་འདོད་ཀྱི་ཡོད། དེ་ནི་སངས་རྒྱས་ཀྱི་གོ་འཕང་གི་འཇུ་ཟས་ཞིམ་པོ་ཙམ་དེ་འདོད་པ་ཡིན། ང་ཚོ་རང་བཞིན་གྱིས་ལེ་ལོ་ཅན་ཡིན་པས། བརྩོན་འགྲུས་བྱེད་དགོས་པ་དེ་བྱེད་འདོད་མེད་པ་རེད།  ང་ཚོ་ལ་སངས་རྒྱས་ཀྱི་གོ་འཕང་དེ་ཚོང་རྫས་རིན་གོང་ཁེ་པོ་ཆགས་པ་ནང་བཞིན་རིན་གོང་ག་ཚོད་ཆུང་ཆུང་གི་ཐོག་ནས་ཉོ་འདོད་བྱེད་ཀྱི་ཡོད་ཀྱང། དེ་ལྟ་བུའི་གོང་ཚད་སྒྲིག་སྟངས་དེ་ལམ་འགྲོ་ནམ་ཡང་རྒྱུག་གི་མ་རེད།  

ང་ཚོ་ལ་སྙིང་རྗེ་ཡོད་པའི་སྐབས་སུ་ “ངས་གཞན་དོན་དུ་བསྐལ་ཆེན་གྲངས་མེད་གསུམ་གྱི་བར་ཚོགས་གསོག་གི་ཡིན་” ཞེས་པའི་བློའི་འཁྱེར་ཕྱོགས་ཀྱི་བླ་ན་མེད་པའི་སྙིང་སྟོབས་དེས་སངས་རྒྱས་ཀྱི་གོ་འཕང་མགྱོགས་པོ་འཐོབ་པ་ལ་ཕན་ཐོགས་ཀྱི་ཡོད།

དགེ་བའི་ལས་ལ་སྦྱོར་བའི་བརྩོན་འགྲུས། ༼སྦྱོར་བའི་བརྩོན་འགྲུས།༽

བརྩོན་འགྲུས་ཀྱི་རིགས་གཉིས་པ་ནི། རང་ཉིད་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་ལ་དགོས་པའི་དགེ་བའི་ཚོགས་གསོག་པའི་ཆེད་དུ་དགེ་བའི་ལས་ལ་འབད་བརྩོན་ཆེན་པོས་འཇུག་པ་དེ་ཡིན། འདིའི་དོན་ནི་ང་ཚོས་ཕྱག་འཚལ་བ་ལ་སོགས་པའི་སྔོན་འགྲོའི་ཉམས་ལེན་བྱེད་པ་ལ་ལེ་ལོ་མེད་པ་དང། དེ་བཞིན་ཐོས་པ་དང་། བསམ་པ། སྒོམ་པ་བཅས་ལའང་ལེ་ལོ་མི་བྱེད་པ་དེ་ཡིན། ང་ཚོས་དེ་དག་ཐམས་ཅད་སྒྲུབ་དགོས་ཤིང་། དེ་ཡང་སྤྲོ་བ་དང་ལྡན་པའི་སྒོ་ནས་སྒྲུབ་དགོས་པ་ཡིན།

སེམས་ཅན་གྱི་དོན་སྒྲུབ་པའི་བརྩོན་འགྲུས། ༼སེམས་ཅན་དོན་བྱེད་ཀྱི་བརྩོན་འགྲུས།༽

བརྩོན་འགྲུས་ཀྱི་རིགས་གསུམ་པ་ནི། གཞན་དག་ལ་རོགས་རམ་དང་ཕན་ཐོགས་སྒྲུབ་པར་འབད་བརྩོན་ཆེན་པོ་ཞིག་བྱེད་དགོས་པ་དེ་ཡིན། འདི་ནི་གོང་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐབས་བཤད་པ་ལྟར། གཞན་དག་རང་གི་དགེ་བའི་ཤུགས་རྐྱེན་འོག་ཏུ་བསྡུ་བའི་ཐབས་ལམ་བཞི་ ༼བསྡུ་བའི་དངོས་པོ་བཞི་༽ དང་། ཕན་ཐོགས་བྱེད་དགོས་པའི་གང་ཟག་བཅུ་གཅིག་ལ་གོ་བ་ཡིན། འོན་ཀྱང་འདི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐབས་དང་དོན་རྦད་དེ་གཅིག་པ་གཅིག་རྐྱང་མ་རེད། གཞི་རྩའི་ཆ་ནས་སེམས་ཅན་དོན་བྱེད་ཀྱི་བརྩོན་འགྲུས་ཀྱི་སྐབས་སུའང་ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས་གང་ཟག་དེ་དག་ལ་ཕན་པ་སྒྲུབ་ཚུལ་སྟོན་གྱི་ཡོད། ང་ཚོས་འདི་དག་ཐམས་ཅད་བྱེད་པ་ལ་སྤྲོ་བ་ཡོད་པ་དང་གཞན་ལ་ཕན་ཐོགས་ཐུབ་པ་ལ་ཧ་ཅང་སྐྱིད་སྣང་གི་ཚོར་བ་ཞིག་ཡོང་གི་ཡོད། དེར་མ་ཟད། བཟོད་པ་ལ་བརྟེན་ནས་དཀའ་ངལ་གང་འདྲ་འཕྲད་ཀྱང་དེ་ལ་གདོང་ལེན་དང་། ཚུལ་ཁྲིམས་ལ་བརྟེན་ནས་གཞན་ཕན་དངོས་སུ་སྒྲུབ་པ་ལ་འགོག་རྐྱེན་བྱེད་མཁན་གྱི་ཉོན་མོངས་ཐམས་ཅད་སྤོང་གི་ཡོད། བྱས་ཙང་། དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དེ་དག་ཕན་ཚུན་གཅིག་ཕན་གཅིག་གྲོགས་བྱེད་ཀྱི་ཡོད་པ་གསལ་པོར་ཤེས་ཐུབ་པ་ཡིན།

ལེ་ལོ་རྣམ་པ་གསུམ།

བརྩོན་འགྲུས་ལ་གེགས་བྱེད་པའི་ལོ་ལོ་རྣམ་པ་གསུམ་ཡོད་། བརྩོན་འགྲུས་ཉམས་ལེན་དང་གོང་འཕེལ་གཏོང་བ་ལ། རང་ཉིད་ལེ་ལོ་དེ་དག་ལས་ཐར་བར་བྱེད་དགོས་ཀྱི་ཡོད།

སྒྱིད་ལུག་དང་ཕྱི་བཤོལ་གྱི་ལེ་ལོ། ༼སྒྱིད་ལུག་པའི་ལེ་ལོ།༽

ལེ་ལོ་དང་པོ་འདི་ནི་ང་ཚོ་མང་ཆེ་བ་ལ་ཐད་ཀར་ཉམས་མྱོང་ཡོད་པའི་ལེ་ལོ་ཞིག་སྟེ། དེ་ནི་ང་ཚོས་རྟག་ཏུ་བྱ་བ་གང་ཞིག་ཉིན་འགྱངས་ཞག་འགྱངས་བྱེད་འདོད་ཡོད་པ་དེ་རེད། དེ་འདྲའི་ལེ་ལོ་དེ་ལས་ཐར་ཐབས་སུ་འཆི་བ་དང་མི་རྟག་པར་བསམ་བློ་བཏང་ནས་སྒོམ་དགོས། ང་རང་ཚོ་འཆི་རྒྱུ་ངེས་པ་དང་། ནམ་འཆི་ཆ་མེད་ཡིན་པ། དེ་བཞིན་ཕུལ་དུ་བྱུང་བའི་བྱ་བ་མང་པོ་སྒྲུབ་ཐུབ་པའི་གོ་སྐབས་སྦྱིན་མཁན་གྱི་མི་ལུས་རིན་ཆེན་འདི་ནི་རྙེད་པར་དཀའ་བ་ཡིན་པ་བཅས་ཤེས་དགོས།

ང་རང་ལ་ཛཻན་བསམ་གཏན་པའི་ཆོས་ལུགས་ཀྱི་ཤོད་འགྲོས་དགའ་ཤོས་ནི། “འཆི་བ་ནི་ག་དུས་ཡིན་ཡང་ཡོང་སྲིད་པས། ལྷོད་ལྷོད་བྱོས།” ཤེས་པ་འདི་རེད། ཤོད་འགྲོས་འདིར་བསམ་བློ་གཏོང་ན་ཡག་པོ་འདུག། འཆི་བ་ག་དུས་ཡིན་ཡང་སླེབས་སྲིད་པ་དེ་བདེན་པ་རེད། ཡིན་ནའང་ང་ཚོ་དེ་ལ་དངངས་སྐྲག་དང་བློ་འཚབ། དེ་བཞིན་སེམས་ཚ་གི་ཚི་གི་བྱས་ནས་བསྡད་ན། བྱ་བ་གང་ཡང་སྒྲུབ་ཀྱི་མ་རེད། དེ་ནས་ང་ཚོས་ “བྱ་བ་ཐམས་ཅད་དེ་རིང་རང་ངེས་པར་དུ་སྒྲུབ་དགོས་” བསམས་ནས་མཐའ་གཅིག་གི་ནང་ལྷུང་བའི་བསམ་བློ་ཞིག་འཁྱེར་བས། དེས་ཕན་ཐོགས་ཀྱི་མེད། དེ་ལས། རེད། ང་ཚོ་འཆི་བ་ངེས་པ་རེད་ལ། དེ་ཡང་ད་ལྟའི་སྐད་ཅིག་གཉིས་པར་ཡང་འཆི་སྲིད་པ་རེད། དེར་བརྟེན་གལ་ཏེ་རང་ཉིད་ཀྱི་མི་ལུས་རིན་ཆེན་ལས་ཁེ་ཕན་ལེན་འདོད་ན། གོང་གསལ་གྱི་བདེན་དོན་གཉིས་པོ་དེར་ལྷོད་ལྷོད་དང་བག་ཡོད་ངེས་པར་དུ་བྱེད་དགོས། གལ་ཏེ་ང་ཚོ་ལ་དུས་རྟག་ཏུ་འཆི་རྒྱུར་ཞེད་སྣང་ཚབས་ཆེན་ཞིག་ཡོད་པ་ཡིན་ན། དེ་ནས་རང་ཉིད་ལ་དུས་ཚོད་འདང་ངེས་ཤིག་ནམ་ཡང་མེད་པའི་ཚོར་བ་སྐྱེ་གི་རེད།

གལ་གནད་མེད་པའི་བྱ་བ་ལ་ཞེན་པའི་ལེ་ལོ། ༼བྱ་བ་ངན་ཞེན་གྱི་ལེ་ལོ།༽

ལེ་ལོའི་རིགས་གཉིས་པ་ནི། གནད་དོན་ཆུང་ཙག་གི་རིགས་ལ་ཆགས་ཞེན་བྱེད་པ་དེ་ཡིན། དེ་ཡང་ང་ཚོ་མང་ཆེ་བས་ལས་སླ་པོའི་སྒོ་ནས་ཤེས་ཐུབ་པ་ཞིག་ཡིན། དཔེ་ཆ་བཞག་ན། ང་ཚོས་བརྙན་འཕྲིན་ལྟ་བ་དང་། རང་གི་གྲོགས་པོ་ཚོ་དང་མཉམ་དུ་དོན་མེད་ཀྱི་སྐད་ཆ་ངག་འཁྱལ་སྨྲ་བའམ། ཡང་ན་རྩེད་མོའི་སྐོར་སྐད་ཆ་བཤད་པ་སོགས་དོན་དག་ཆུང་ངུའི་རིགས་ལ་མགོ་འཁོར་ནས་དུས་ཚོད་མང་པོ་འཕྲོག་བརླག་གཏོང་བ་ལྟ་བུ་རེད། འདི་ལྟ་བུའི་བྱ་བའི་རིགས་ནི་རང་ཉིད་ཀྱི་རྩ་ཆེན་དུས་ཚོད་འཕྲོ་བརླག་ཏུ་གཏོང་བར་བརྩིས་ཤིང་། དེ་ནི་ལེ་ལོའི་རྣམ་པ་ཞིག་ཀྱང་ཡིན། གོ་བདེ་པོ་བཤད་ན། བརྙན་འཕྲིན་གྱི་མདུན་དུ་སྡོད་རྒྱུ་ནི་སྒོམ་རྒྱག་རྒྱུག་ལས་ཧ་ཅང་ལས་སླ་བ་ཞིག་རེད། དེ་འདྲ་རེད་དམ་མ་རེད། རང་ཉིད་ཀྱི་ལེ་ལོའི་དབང་གིས་འཇིག་རྟེན་པའི་བྱ་བ་ཕལ་པ་དེ་རྣམས་ལ་ཞེན་ཆགས་སྐྱེ་གི་ཡོད་པས། དཀའ་ཚེགས་ཆེ་བ་ཡོད་ཀྱང་དོན་སྙིང་ཡང་ཆེ་བ་ཡོད་པའི་བྱ་བ་རྣམས་སྒྲུབ་མི་འདོད་པ་དང་སྒྲུབ་ཐབས་ཀྱང་མི་བྱེད་པ་ཡིན།

དེ་ནི་སྐབས་རེ་བག་ཡངས་དང་སྤྲོ་སེང་ངང་སྐྱིད་པོ་གཏོང་མི་ཆོག་པའི་དོན་མིན། མཚམས་མཚམས་ང་ཚོ་ལ་ནུས་པ་དང་གསོན་ཤུགས་གསར་པ་ཞིག་སླེབས་པའི་ཆེད་དུ་བགས་ཡངས་དང་སྤྲོ་སེང་གི་རིགས་བྱེད་དགོས་པ་ཡིན། གནད་འགག་གཙོ་བོ་ནི་དེའི་རིགས་ལ་ཞེན་ཆགས་བྱ་རྒྱུ་མེད་ལ། ལེ་ལོའི་དབང་གིས་ཐལ་དྲགས་པ་བྱེད་རྒྱུ་མེད། ང་ཚོས་རྒྱུན་དུ་ངལ་གསོ་བ་དང་། འཆམ་འཆམ་འགྲོ་བ། བརྙན་འཕྲིན་ལྟ་བ་སོགས་བྱེད་ཆོག་ཀྱང་། དེ་དག་ལ་ཆགས་ཞེན་བྱེད་དགོས་དོན་མེད། དེ་རྣམས་རན་ཚོད་གཅིག་བྱས་ནས་རང་ཉིད་ཀྱི་སྔར་རྒྱུན་གྱི་བྱ་བ་དོན་སྙིང་ཆེ་བ་དང་བཟང་བ་རྣམས་སྒྲུབ་དགོས་པ་ཡིན།

བྱ་བ་ཆུང་ཙག་ལ་ཞེན་ཆགས་བྱེད་པའམ་བྱ་བ་ངན་ཞེན་གྱི་ལེ་ལོ་ལས་ཐར་བའི་ཐབས་ལམ་ཡག་ཤོས་ནི། འཇིག་རྟེན་ཕལ་པའི་བྱ་གཞག་ལེགས་གྲུབ་བྱུང་བ་ལས་ཐོབ་པའི་ཚིམས་པ་དང་བདེ་བ་དེ་དག་གིས་གང་འདྲ་བྱས་ནས་རང་ཉིད་ལ་གཏན་གྱི་བདེ་བ་ཞིག་འདྲེན་ཐུབ་ཀྱི་མེད་པ་ལ་བསམ་བློ་གཏོང་དགོས་པ་དེ་ཡིན། ང་ཚོས་གློག་བརྙན་ག་ཚོད་མང་པོར་ལྟ་བ་དང་། གྲགས་ཅན་གྱི་མི་སྣ་དེ་དག་གི་སྐོར་ལ་ངག་འཁྱལ་ཇི་ཙམ་ཤོད་པ། ས་ཆ་མི་འདྲ་བར་ག་ཚོད་ཀྱིས་འགྲུལ་བསྐྱོད་བྱེད་ཀྱི་ཡོད་ཀྱང་། དེ་རྣམས་ཀྱིས་རང་ལ་མཐར་ཐུག་གཏན་གྱི་བདེ་བ་སྤུ་ཙམ་ཞིག་ཀྱང་ནམ་ཡང་འདྲེན་གྱི་མ་རེད། གཏན་གྱི་བདེ་བ་ཐོབ་པའི་ལམ་གཅིག་པུ་ནི་ཆོས་ཀྱི་ལམ་ལ་བརྟེན་ནས་རང་ཉིད་ཀྱི་སེམས་ལ་སྦྱོངས་བརྡར་སྤྲོད་པ་ལས་བྱུང་བ་ཡིན།  ང་ཚོས་རྐང་རྩེད་སྤོ་ལོ་རྡོག་རྒྱག་བཞུས་ནས་དྲ་བའི་སྒོ་ནང་བླུགས་ཐུབ་པའི་ཆེད་དུ་དུས་ཚོད་ཡོད་ཚད་བཏང་ནས་སྦྱོང་བརྡར་བྱས་ཆོག་ཀྱང་། དེ་ལྟར་བྱས་པས་ཚེ་ཕྱི་མར་སྐྱེ་བ་བཟང་པོ་ཞིག་ཐོབ་པར་ཕན་ནུས་གང་ཡང་མེད།

དེར་བརྟེན། ཤེས་དགོས་པའི་དོན་དག་སྙིང་པོ་ནི་ཞེན་ཆགས་བྱ་རྒྱུ་མེད་པ་དེ་ཡིན། ང་ཚོས་སྐབས་རེ་བག་ཡངས་དང་ངལ་གསོ་་བྱེད་སྲིད་པས། དེ་ལྟར་བྱེད་ཆོག་ཀྱང་། བྱ་བ་དེར་ཆགས་ཞེན་གྱིས་དབང་ལས་རང་ཉིད་ཀྱི་ནུས་ཤུགས་ཡོད་ཚད་དེར་གཏོང་ཞིང་། དེ་རྣམས་ལས་གལ་ཆེ་བའི་དགེ་བའི་བྱ་བ་རྣམས་སྒྲུབ་རྒྱུར་ལེ་ལོ་བྱས་པ་ཡིན་ན། དེ་ནི་དུས་ཚོད་འཕྲོ་བརླག་རང་རེད།  དེ་ལྟ་བུའི་ལེ་ལོ་ནི། རང་ཉིད་དགེ་བའི་བྱ་བ་བསྒྲུབ་པར་སྤྲོ་བ་ལ་དངོས་གནས་བར་ཆད་བྱེད་ཀྱི་ཡོད།

སེམས་ཤུགས་ཆག་པའི་ལེ་ལོ། ༼བདག་ཉིད་ལ་བརྙས་པའི་ལེ་ལོ།༽

ལེ་ལོའི་རིགས་གསུམ་པ་ནི། རང་ཉིད་ལ་བྱ་བ་གང་ཞིག་སྒྲུབ་ཐུབ་པའི་ནུས་པ་མེད་སྙམ་པའི་འཁྲུལ་སྣང་ཞིག་ཡོད་པ་དེ་ཡིན་ཞིང་། རང་གི་བསྒྲུབ་བྱའི་བྱ་བ་དེ་ཤིན་ཏུ་དཀའ་ཚེགས་ཆེ་བ་དང་། དེ་དག་ནམ་ཡང་སྒྲུབ་མི་ནུས་བསམ་ཞིང་། དེ་ལ་བརྟེན་ནས་རང་ཉིད་སེམས་ཤུགས་ཆག་གི་ཡོད། ང་ཚོས་ “ཨོ། ངས་འདི་སྒྲུབ་ཐུབ་པ་མི་འདུག ང་ལྟ་བུས་འདི་གང་འདྲ་བྱས་ནས་སྒྲུབ་ཐུབ་བམ་” ཞེས་ནམ་རྒྱུན་ག་ཚོད་ཙམ་བསམ་གྱི་ཡོད། བསྒྲུབ་བྱའི་དམིགས་ཡུལ་ཆེན་པོ་སངས་རྒྱས་ཀྱི་གོ་འཕང་ལྟ་བུ་ནི་བསྒྲུབ་དཀའ་ལ་དཔའ་ཞུམ་དགོས་པ་ལྟར་སྣང་གི་ཡོད་ཀྱང་། དེ་ལ་འབད་བརྩོན་གྱིས་ཐབས་ཤེས་ཙམ་ཡང་མི་བྱེད་པ་ནི་ལེ་ལོ་ཡིན།

དེ་ལྟ་བུའི་ལེ་ལོ་ལས་ཐར་བར་བྱེད་པ་ལ་ང་ཚོས་རྒྱུ་བདེ་གཤེགས་སྙིང་པོ་དྲན་དགོས་ཏེ། དོན་ངོ་མར་ང་ཚཽ་ཚང་མར་ཡོན་ཏན་དང་ནུས་པ་ཕུལ་དུ་བྱུང་བ་རེར་ཡོད་ཅིང་། དེས་རང་ཉིད་ཀྱི་འདོད་དོན་བསྐོང་ཐུབ་ཀྱི་ཡོད། གལ་ཏེ་མི་མང་པོས་ཞོགས་པ་ནས་དགོང་མོ་བར་ཁེ་ཚོང་ཆུང་ཙག་འགྱིག་བྱི་རིལ་ལྟ་བུའི་ཚོང་ལས་གཉེར་ཐུབ་ཀྱི་ཡོད་ན། དེ་ལས་ལྷག་པའི་འབྲས་བུ་དོན་སྙིང་ལྡན་པའི་ལས་དོན་ང་ཚོས་བསྒྲུབ་མི་ཐུབ་པ་ག་ལ་སྲིད། གལ་ཏེ་ང་ཚོས་དུས་ཚོད་ཧ་ཅང་རིང་པོ་བཏང་ནས་རོལ་དབྱངས་སྤྲོ་སྟོན་སྐར་མ་དགུ་བཅུ་ལས་མེད་པ་ཞིག་གི་འཛིན་བྱང་ཐོབ་པའི་ཆེད་དུ་གྲལ་གྱི་ནང་ལངས་ནས་སྒུག་ཐུབ་ཀྱི་ཡོད་ན། མཐར་ཐུག་གི་བསྒྲུབ་བྱ་སངས་རྒྱས་ཀྱི་གོ་འཕང་ལ་འཁྲིད་པར་བྱེད་པའི་དགེ་བའི་ལས་བསྒྲུབ་པའི་ནུས་པ་ང་ཚོར་མེད་ཅེས་ནམ་ཡང་བསམ་རྒྱུ་མེད།

བརྩོན་འགྲུས་གོང་འཕེལ་གཏོང་བའི་རྒྱབ་རྟེན་གྱི་དཔུང་བཞི།

སློབ་དཔོན་ཞི་བ་ལྷས། ང་ཚོར་བརྩོན་འགྲུས་གོང་འཕེལ་གཏོང་བའི་དཔུང་བཞི་གསུངས་ཡོད་པ་ནི།

མོས་པའི་དཔུང་།

དཔུང་དང་པོ་ནི། ཆོས་ཀྱི་ཁྱད་ཆོས་བཟང་པོ་རྣམས་དང་དེས་ང་ཚོར་སྦྱིན་པའི་ཕན་ཡོན་ལ་མོས་པའམ་འདུན་པ་བརྟན་པོ་ཡོད་པའི་སྒོ་ནས་ཆོས་ཉམས་སུ་ལེན་འདོད་ཀྱི་ཀུན་སློང་ཤུགས་དྲག་འཐོབ་པ་དེ་ཡིན།

བརྟན་པ་དང་རང་གི་རང་ལ་གདེང་སྤོབས། ༼བརྟན་པའི་དཔུང་།༽

དཔུང་གཉིས་པ་ནི། ཁམས་བདེ་གཤེགས་སྙིང་པོར་གོ་རྟོགས་དང་རང་གི་རང་ལ་གདེང་སྤོབས་ཡོད་པ་ལ་གཞིར་བྱས་ནས་རང་ཉིད་གཡོ་བ་མེད་པར་བརྟན་པོར་གནས་དགོས་པ་དེ་ཡིན། རང་གི་རྒྱུད་ལ་གདོད་ནས་ཡོད་པའི་རྒྱུ་བདེ་གཤེགས་སྙིང་པོར་ངེས་ཤེས་ངོ་མ་ཞིག་རྙེད་པའི་སྐབས་སུ། རང་ཉིད་ལ་རང་བཞིན་གྱིས་བླ་ན་མེད་པའི་གདེང་སྤོབས་ཤིག་ཐོབ་པ་ཡིན། དེ་ལ་སློབ་དཔོན་ཞི་བ་ལྷས་ “སྤོབས་པའམ།” ཡང་ན་ “རང་གི་རང་ལ་གདེང་སྤོབས་” ཤེས་གསུངས་ཡོད། དེ་ལྟ་བུའི་གདེང་སྤོབས་ཤིག་རང་ལ་ཡོད་ན། རང་ཉིད་ཀྱི་རྩོལ་བ་ལ་གཡོ་བ་མེད་པ་བརྟན་པོ་ཆགས་ཀྱི་ཡོད་པས། གནས་སྟངས་དར་རྒུད་གང་འདྲ་ཞིག་འཕྲད་ཀྱང་། ང་ཚོས་དཔའ་བོའི་སྙིང་སྟོབས་ཆེན་པོས་བརྩོན་འགྲུས་བྱེད་ཀྱི་རེད།

དགའ་བའི་དཔུང་།

དཔུང་གསུམ་པ་ནི། བྱ་བ་གང་ཞིག་སྒྲུབ་བཞིན་པ་དེ་སྤྲོ་སྣང་ལྡན་པའི་སྒོ་ནས་སྒྲུབ་པ་དེ་ཡིན། དེ་ནི་ང་ཚོས་མི་ཚེའི་ནང་གང་ཞིག་སྒྲུབ་བཞིན་པར་ཆོག་ཤེས་དང་ཡིད་ཚིམས་པའི་ཚོར་བ་ཞིག་ཡིན། དེ་ནི་རང་ཉིད་ཡར་རྒྱས་གཏོང་བ་དང་གཞན་ལ་ཕན་ཐོགས་བྱེད་པའི་བྱ་བར་རང་བློ་ཡོངས་སུ་ཚིམས་པ་ཞིག་དང་། འདི་ལྟར་བྱེད་པའི་སྐབས་སུ་རང་བཞིན་གྱིས་རང་ཉིད་ཀྱི་སེམས་ནང་དགའ་བའི་ཚོར་བ་སྐྲུན་གྱི་ཡོད།

དོར་བའི་དཔུང་།

དཔུང་བཞི་པའམ་མཐའ་མ་ནི། ག་དུས་ངལ་གསོ་རྒྱག་དགོས་མིན་ཤེས་དགོས་པ་དེ་ཡིན། ལས་ཀ་གང་ཞིག་བྱས་ཀྱང་མཐའ་མ་ཁུངས་མ་འཁྱོལ་བར་དོར་དགོས་ཐུག་པའམ། ཡང་ན་སླར་བྱེད་མི་ཐུབ་པར་གྱུར་བའི་བར་དུ་ཨུ་ཚུགས་ཀྱིས་འབད་རྩོན་བྱ་རྒྱུ་མེད། ང་ཚོས་ཨུ་ཚུགས་ཀྱིས་དཀའ་སྤྱད་སྡུག་རུས་བྱེད་པ་དང་རང་ཉིད་ལ་ཕྲུ་གུ་མ་འབྱར་གྱི་ལྟ་ཚུལ་འཛིན་པའི་མཐའ་གཉིས་སྤངས་པའི་དབུ་མའི་ལམ་ཞིག་འཚོལ་དགོས་པ་ཡིན། འདིའི་དོན་ནི་དཀའ་ལས་ཅུང་ཟད་ཁག་མ་ཐག་ལམ་སེང་མར་ཉལ་ནས་གཉིད་ཐུང་ཞིག་ཁུག་ཅེས་བཤད་ཀྱི་མེད།

གང་ལྟར་ཡང། ༸གོང་ས་མཆོག་གི་ཡོངས་འཛིན་གཞོན་པ་ཁྲི་བྱང་རིན་པོ་ཆེས། རང་ཉིད་ངོ་མ་གནས་སྟངས་སྡུག་ཅག་དང་སེམས་ཁམས་ཀྱི་ཉམས་འགྱུར་ངན་པ་ཡོད་པའི་སྐབས་ཆོས་ཀྱི་ཐབས་ལམ་གང་གིས་ཀྱང་ཕན་ཐོགས་ཀྱི་མེད་པ་ཡིན་ན། དེ་དུས་གཉིད་ཐུང་ངུ་ཞིག་ཁུག་རྒྱུ་དེ་ཡག་ཤོས་རེད་ཅེས་གསུངས་ཡོད། ཡར་གཉིད་ལས་སད་སྐབས་རང་ཉིད་ཀྱི་སེམས་ཁམས་ཀྱི་ཉམས་འགྱུར་དེ་མི་འདྲ་བ་ཞིག་ཡོང་བ་ཡིན། དེ་ནི་གཉིད་ཐུང་ཞིག་ཁུག་པའི་རང་བཞིན་ཙམ་གྱིས་ཡིན་པས། འདི་ནི་ལག་ལེན་དངོས་ཀྱི་མན་ངག་ཅིག་རེད།

སྙིང་སྟོབས་སྤེལ་བའི་ཆ་རྐྱེན་གཉིས།

སློབ་དཔོན་ཞི་བ་ལྷས་མུ་མཐུད་ཕན་ནུས་ལྡན་པའི་ཆ་རྐྱེན་གཉིས་བསྟན་གནང་ཡོད་པ་ནི།  

གྲ་སྒྲིག་ཨང་སར་གྱི་དང་དུ་ལེན་པ། ༼ལྷུར་ལེན་པ།༽

རང་ཉིད་ཀྱིས་གང་ཞིག་ཉམས་སུ་ལེན་དགོས་པ་ལ་གྲ་སྒྲིག་ཨང་སར་གྱི་དང་དུ་ལེན་དགོས་པ་དང་། གང་ཞིག་འདོར་དགོས་པ་དེ་དང་དུ་ལེན་དགོས་པ་དེ་ཡིན། དེར་མ་ཟད། དཀའ་སྤྱད་ལ་དང་དུ་ལེན་དགོས་པའང་ཚུད་ཡོད། འདི་དག་ཐམས་ཅད་ནི་གནད་དོན་རེ་རེའི་ཐད་ལ་དངོས་ཡོད་ཀྱི་གནས་ལུགས་དང་མཐུན་ཞིང་། དེ་རྣམས་ལ་གདོང་ལེན་བྱེད་པའི་ནུས་པ་གཞི་ལ་བཞག་པ་ཞིག་ཡིན། དེ་ཡང་གཞན་ཕན་སྒྲུབ་པ་དང་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཆེད་དུ་དགེ་བའི་ལས་ལ་དངོས་སུ་དང་ལེན་བྱེད་དགོས་པ་དང། དེ་བཞིན་ང་ཚོས་མཚམས་འཇོག་བྱེད་དགོས་པའི་བྱ་བ་དང་དཀའ་སྤྱད་གང་ཡོད་པ་རྣམས་ཀྱང་ལྷུར་ལེན་དགོས་པ་ཡིན།

རང་ཉིད་ཀྱི་ནུས་པ་དང་གནས་ལུགས་གང་ཡོད་རྟོགས་པའི་སྒོ་ནས་དཀའ་སྤྱད་གང་ཡིན་རང་ཐོག་ཏུ་དང་དུ་ལེན་དགོས། དངོས་ཡོད་དང་མི་མཐུན་པའི་བསམ་བློ་འཁྱེར་རྒྱུ་མེད། གལ་ཏེ་ང་ཚོས་ཕྱག་འབུམ་འཚལ་རྒྱུའི་འཆར་གཞི་ཡོད་ན། དེ་ལས་སླ་པོ་མེད་པ་དེ་ཡང་ཤེས་དགོས། རྐང་པར་ན་ཟུག་བྱིན་པ་དང་། ལག་མཐིལ་ལ་རྨ་འཐོན་ཞིང་། ང་ཚོ་ཡིད་ཐང་ཆད་ངེས་རེད། བྱས་ཙང། ང་ཚོས་དེའི་ཕན་ཡོན་གང་ཡོད་པ་རྣམས་དྲན་དགོས།

ང་ཚོས་མཚམས་འཇོག་བྱེད་དགོས་པའི་བྱ་བ་ལ་གང་བྱེད་དགོས་སམ། དེ་འགོ་བཙུག་པ་ལ་ང་ཚོས་དུས་ཚོད་འདོན་དགོས་ཀྱི་ཡོད། དེ་ལ་དཀའ་ངལ་གང་འཚམས་ཡོད་ཀྱང་། རང་ཉིད་ཀྱིས་དུས་ཚོད་བཀོད་སྒྲིག་བྱེད་དགོས། དུས་ཚོད་གཏོན་ནས་རང་ཉིད་ཀྱིས་ “ངས་དེ་སྒྲུབ་ཐུབ་བམ་” ཞེས་དྲང་པོ་དྲང་གཞག་གིས་བརྟག་དཔྱད་བྱེད་དགོས། དངོས་པོའི་གནས་ལུགས་གང་ཡིན་པ་དེ་དང་དུ་བླངས་ནས་སྤྲོ་བ་དང་ལྡན་པའི་འབད་བརྩོན་གྱིས་བློ་གཅིག་སེམས་གཅིག་གིས་བྱ་བ་སྒྲུབ་དགོས་པ་ཡིན།

སྟངས་འཛིན་བྱེད་པ། ༼དབང་བསྒྱུར།༽

སློབ་དཔོན་ཞི་བ་ལྷས་བསྟན་པའི་བརྩོན་འགྲུས་བསྐྱེད་པའི་ཆ་རྐྱེན་གཉིས་པ་ནི། རང་ཉིད་ལ་གོང་དུ་བཤད་པའི་དངོས་པོའི་གནས་ལུགས་ལ་ལྷུར་ལེན་པའི་བསམ་བློའི་འཁྱེར་ཕྱོགས་དེ་ཡོད་པ་ཡིན་ན། དེ་རང་ངོས་ནས་ཉམས་ལེན་བྱ་རྒྱུར་སྟངས་འཛིན་དང་དབང་བསྒྱུར་བྱེད་དགོས། དེ་ལྟར་འདུན་པའི་སྟོབས་ཀྱིས་ལེ་ལོ་ལྟ་བུ་རང་གི་གོམས་གཤིས་རྙིང་པའི་ཕྱོགས་སུ་ཤོར་འཇུག་རྒྱུ་མེད། རང་ཉིད་ཀྱིས་ཡོངས་སུ་སྒྲུབ་པར་འདོད་པའི་དགེ་བའི་བྱ་བ་ལ་སྟངས་འཛིན་གྱིས་དབང་བསྒྱུར་དང་བཅས་སྒྲུབ་དགོས། ཨིན་སྐད་ནང་དེ་ལ་ང་ཚོས་ “བློ་གཅིག་སེམས་གཅིག་ཏུ་གཏད་ནས་” སྒྲུབ་དགོས་ཟེར་གྱི་ཡོད།

ཕྱོགས་བསྡོམས།

ཆོས་ཉམས་སུ་བླངས་པ་ལས་བྱུང་བའི་ཕན་ཡོན་དང་། དེས་སྦྱིན་པའི་བདེེ་བ་ནི་འགྲན་ཟླ་མེད་པ་ཞིག་ཡིན་པར་ངེས་ཤེས་བརྙེད་པའི་སྐབས་སུ། དེ་ལ་བརྩོན་འགྲུས་རང་བཞིན་གྱིས་བསྐྱེད་ཡོང་བ་ཡིན། མི་ཚེའི་ནང་གནས་སྟངས་གང་འདྲ་འབྱུང་བཞིན་ཡོད་པ་ལ་མ་ལྟོས་པར། གལ་ཏེ་རང་ལ་བརྩོན་འགྲུས་དང་ཟུང་དུ་འབྲེལ་བའི་འདུན་པ་ཤུགས་དྲག་པོ་ཞིག་ཡོད་པ་ཡིན་ན། དཔའ་བོ་དང་འདྲ་བར་རང་ཉིད་ཀྱི་དམིགས་ཡུལ་དེ་བསྒྲུབ་ཐུབ་ཀྱི་རེད།

བརྩོན་འགྲུས་ཀྱིས་རང་ཉིད་བསྒྲུབ་བྱ་སྒྲུབ་ཐབས་བྱེད་པའི་སྐབས་སུ་འཕྲད་པའི་བར་ཆད་ཆེ་ཤོས་ལེ་ལོ་དེ་ལས་ཐར་བ་ལ་རོགས་རམ་བྱེད་ཅིང་། འདིར་བཤད་པའི་ཐབས་ལམ་རྣམས་སངས་རྒྱས་ཀྱི་གོ་འཕང་ལ་བགྲོད་པའི་ལམ་གཅིག་པུར་བེད་སྤྱོད་ཡོད་པ་ཙམ་མ་ཟད། རང་ཉིད་ཀྱི་ཚེ་འདིའི་རིང་གི་དམིགས་ཡུལ་སྒྲུབ་པ་ལའང་བེད་སྤྱོད་ཡོད་པ་ཡིན།།

Top