སྤྱི་སེམས་བཟང་གསུམ་གྱི་སློབ་གཉེར། སྤྱི་ཚོགས་ཀྱི་ཐབས་རྩལ་གོང་འཕེལ་གཏོང་བ།

སྤྱི་ཚོགས་དང་། སེམས་ཚོར། བཟང་སྤྱོད་སློབ་གཉེར། ཨེ་མོ་རི་སློབ་ཆེན་ཁང་། སྒྲོམ་གཞི་སྙིང་བསྡུས།

སྤྱི་སེམས་བཟང་གསུམ་ (SEE) གྱི་སློབ་གཉེར་འདི་ནི་ཨེ་མོ་རི་གཙུག་ལག་སློབ་ཁང་གི་སྒོམ་པའི་ཚན་རིག་དང་སྙིང་རྗེ་གཞི་རྩར་བྱས་པའི་བཟང་སྤྱོད་ཀྱི་བསྟི་གནས་ཁང་ནས་སྤེལ་གནང་བའི་ལས་རིམ་ཞིག་ཡིན་པ་རེད། འདིའི་དམིགས་ཡུལ་ནི་སེམས་ཚོར་གྱི་ཐོག་ནས་བདེ་ཐང་དང་བཟང་སྤྱོད་ཀྱི་ཐོག་ནས་འོས་འགན་ཡོད་པའི་མི་སྒེར་དང་། སྤྱི་ཚོགས་ཀྱི་སྡེ་ཁག །དེ་ལས་ཀྱང་གཞི་རྒྱ་ཆེ་བའི་སྤྱི་ཚོགས་བཅས་གསོ་སྐྱོང་བྱ་རྒྱུ་དེ་རེད། སྤྱི་སེམས་བཟང་གསུམ་གྱི་དུམ་ཚན་གཉིས་པ་སྤྱི་ཚོགས་ཀྱི་ཐབས་རྩལ་གོང་འཕེལ་གཏོང་བ་ཞེས་པ་འདིའི་སྐབས་སུ་ང་ཚོས་གཞན་དང་མཉམ་དུ་ཡོད་པའི་འབྲེལ་ལམ་གྱི་ནང་བདེ་ཐབས་དང་ཞི་མཐུན་གོང་འཕེལ་གཏོང་བའི་སྤྱི་ཚོགས་ཀྱི་ཐབས་རྩལ་མང་དག་ཅིག་སྐྱེད་པར་སྦྱོང་གི་ཡོད།

ང་ཚོས་དོ་བདག་སྒེར་གྱི་གནས་བཤད་པའི་སྐབས་སུ་སྦྱོང་བའི་སེམས་ཚོར་གྱི་གོ་རྟོགས་དང་རང་གིས་རང་ལ་སྒྲིག་སྲོལ་དེ་དག་ནི་མི་ཚེའི་ནང་ཡར་རྒྱས་འགྲོ་བའི་རྒྱུད་རིམ་ནང་ང་ཚོར་ཕན་ཐོགས་ཆེན་པོ་ཡོད་པ་ཐེ་ཚོམ་ག་ལ་ཡོད། འོན་ཀྱང་། འགྲོ་བ་མི་རྣམས་ཀྱི་རང་བཞིན་ལྷན་སྐྱེས་ཀྱི་སྤྱི་ཚོགས་སེམས་ཅན་ཡིན་པའི་ཆ་ནས་ང་ཚོས་གཞན་དང་མཉམ་དུ་འབྲེལ་བ་ཡག་པོ་ཞིག་བྱེད་ཐུབ་པ་དེའང་གཅིག་མཚུངས་ཀྱི་གལ་ཆེན་པོ་ཡིན་པ་རེད། སྤྱི་ཚོགས་ཀྱི་རང་གཤིས་ནི་ལྷན་སྐྱེས་སུ་ཡོད་པ་དང་འགྱུར་དུ་མི་གཏུབ་པ་ཞིག་ཏུ་སྔོན་བསམས་ཡོད་ཀྱང་། ཉེ་ཆར་ཚན་རིག་ཉམས་ཞིབ་ཀྱི་ལམ་ནས་སྤྱི་ཚོགས་ཀྱི་རང་གཤིས་དེ་ཐོས་པ་དང་། བསམ་པ། དམིགས་དོན་གྱི་ཉམས་ལེན་ལ་བརྟེན་ནས་སྐྱེད་ཐུབ་པའི་བསམ་ཚུལ་བརྗོད་ཀྱི་ཡོད། “སྤྱི་ཚོགས་”ཟེར་བ་ནི་དེ་མ་ཐག་པའི་མི་རྣམས་ཀྱི་ཕན་ཚུན་འབྲེལ་བ་ལ་གོ་བ་མ་ཟད། སློབ་གྲྭ་དང་། ལས་ཁུངས། ནང་མི་ཁྱིམ་ཚང་ཡང་ན་ཁྱིམ་མཚེས་ལྟ་བུ་གཞི་རྒྱ་ཆུང་བའི་སྤྱི་ཚོགས་མི་སྡེའི་ནང་གི་ཕན་ཚུན་འབྲེལ་ལམ་ལའང་གོ་བ་ཡིན། གཞི་རྒྱ་ཆེ་བའི་སྤྱི་ཚོགས་མི་སྡེ་ལྟ་བུར་མཚོན་ན། གྲོང་ཁྱེར་དང་། སྤྱི་ཚོགས་ཡང་ན་འཛམ་གླིང་ཁྱོན་ཡོངས་ལྟ་བུ་ནི་གནས་གསུམ་པའམ་མཐའ་མ་གོ་ལ་སྤྱི་ཡོངས་ཀྱི་གནས་ཀྱི་ཁོངས་སུ་གཏོགས་པ་ཡིན། 

སྤྱི་ཚོགས་ཀྱི་སྐབས་དོན་ཞིག་གི་ནང་དྲན་ཤེས་དང་། སྙིང་རྗེ། བྱ་བར་འཇུག་པ། 

སྤྱི་ཚོགས་ཀྱི་གནས་ནི་དོ་བདག་སྒེར་གྱི་གནས་དང་འདྲ་བའི་ཆ་མང་པོ་ཡོད། ཁྱད་པར་གཅིག་གང་ཡོད་ཅེ་ན། ད་ལྟ་ང་ཚོའི་དམིགས་ས་དང་དོ་སྣང་བྱ་ཡུལ་དེ་སོ་སོ་རང་ཉིད་ལ་མིན་པར་གཞན་ལ་ཡིན་པ་དེ་རེད། སླར་ཡང་ང་ཚོས་དྲན་ཤེས་དང་། སྙིང་རྗེ། བྱ་བར་འཇུག་པ་བཅས་ཁྱད་ཆོས་གསུམ་པོ་བརྒྱུད་ནས་འགྲོ་ཡི་ཡོད། སྐབས་འདིར་དྲན་ཤེས་ཟེར་བ་ནི་གཞན་གྱི་གཞི་རྩའི་ཤེས་རྟོགས་དེ་ཡིན་པ་མ་ཟད། སྤྱི་ཚོགས་སེམས་ཅན་ཡིན་པའི་ཆ་ནས་སོ་སོ་རང་ཉིད་ཀྱི་ཤེས་རྟོགས་དེའང་ཡིན་ཏེ། ང་ཚོ་ནི་གཞན་དང་འབྲེལ་ནས་གནས་ཀྱི་ཡོད་པ་དང་ང་ཚོ་ལ་གཞན་དགོས་ལ། ང་ཚོའི་བྱ་སྤྱོད་ཀྱིས་གཞན་ལ་ཤུགས་རྐྱེན་བྱེད་ཀྱི་ཡོད། དྲན་ཤེས་འདིའི་ནང་ང་ཚོ་འགྲོ་བ་མི་ཡིན་པའི་ཆ་ནས་ཐུན་མོང་གི་ཁྱད་ཆོས་གང་ཡོད་པ་དང་། ང་ཚོ་གཅིག་ནས་གཞན་ལ་གང་གིས་ཁྱད་པར་འབྱེད་ཀྱི་ཡོད་པའི་གོ་རྟོགས་ཤིག་ཀྱང་ཡོད་པ་རེད། སྙིང་རྗེའི་སྐབས་སུ་དོ་བདག་སྒེར་གྱི་གནས་ཀྱི་སྐབས་སུ་ཐོབ་པའི་ཤེས་བྱ་བཀོལ་བའི་སྒོ་ནས་ད་ལྟ་གཞན་དང་གཞན་གྱི་སེམས་ཚོར་རྣམས་རྟོགས་རྒྱུ་དེ་རེད། དེ་ལ་བརྟེན་ནས་ང་ཚོ་ཚོར་བ་སྐྱེན་པོ་དང་ཚད་བརྒལ་གྱི་ཚོད་དཔག་ཉུང་བ་བྱེད་མཁན་ཆགས་ཀྱི་ཡོད། ང་ཚོས་ནང་གི་རྟོགས་པ་འདི་བཀོལ་ནས་སྤྱི་ཚོགས་ཀྱི་རང་གཤིས་གཞན་གོང་འཕེལ་གཏོང་གི་ཡོད། དཔེར་ན། བཀའ་དྲིན་བསམ་ཤེས་དང་། བཟོད་གསོལ། གཏོང་ཕོད། སྙེམ་ཆུང་ལ་སོགས་པ་ལྟ་བུའོ། །མཐར་བྱ་བར་འཇུག་པའི་ཁྱད་ཆོས་ཀྱི་ཁོངས་སུ་དྲན་ཤེས་དང་ནང་གི་རྟོགས་པ་འདི་མཉམ་དུ་བསྒྲིལ་ནས་བཟང་ཕྱོགས་དང་དགེ་མཚན་ལྡན་པའི་སྒོ་ནས་གཞན་དང་འབྲེལ་བ་ཇི་ལྟར་བྱེད་ཚུལ་སྦྱོང་རྒྱུ་དེ་གཏོགས་ཡོད། དེར་བརྟེན་སྤྱི་ཚོགས་ཀྱི་གནས་ཀྱི་ཆ་ལག་གསུམ་པོ་ནི།

  • གང་ཟག་ཕན་ཚུན་གྱི་གོ་རྟོགས།
  • གཞན་དོན་དུ་སྙིང་རྗེ།
  • འབྲེལ་ལམ་གྱི་ཐབས་རྩལ་བཅས་ལ་ཆ་འཇོག་བྱེད་ཆོག

གང་ཟག་ཕན་ཚུན་གྱི་གོ་རྟོགས། 

ང་ཚོ་ཚང་མར་བསམ་བློ་རྒྱ་ཆུང་ལ་གུ་དོག་པའི་སོ་སོ་རང་ཉིད་ཀྱི་དོན་དུ་དམིགས་པའི་རང་བཞིན་གྱི་བག་ཆགས་ཤིག་ཡོད་པ་དང་། སེམས་ནང་གཞན་གྱི་དོ་དབྱིངས་ཡག་ཤོས་ཡོད་པ་ལ་བརྟེན་ནས་གཞན་དང་འབྲེལ་བའི་ཐོག་སྦྱོང་བརྡར་བྱེད་པ་ནི་རིམ་པས་སྦྱོང་ཐུབ་པའི་ཐབས་རྩལ་ཞིག་རེད། དཔེར་ན། གཞན་ལ་རྗེས་སུ་ཡི་རང་གི་འདུ་ཤེས་ཤིག་སྐྱེད་པ་དེས་བདེ་ཐབས་ཀྱི་ཚོར་བ་འཕེལ་རྒྱས་གཏོང་བ་མ་ཟད། གང་ཟག་ཕན་ཚུན་འབྲེལ་ལམ་གྱི་ཚོར་བའང་འཕེལ་རྒྱས་གཏོང་གི་ཡོད། གང་ཟག་ཕན་ཚུན་གྱི་གོ་རྟོགས་ནི་བརྗོད་གཞི་གཙོ་བོ་གསུམ་ཀྱི་སྒོ་ནས་འཆད་པར་བྱ་སྟེ།

  • ང་ཚོའི་སྤྱི་ཚོགས་ཀྱི་དངོས་ཡོད་གནས་སྟངས་ལ་གདོང་ལེན་བྱེད་པ།
  • ང་ཚོའི་གཞན་དང་མཉམ་སྤྱོད་བྱེད་པའི་དངོས་ཡོད་གནས་སྟངས་ལ་གདོང་ལེན་བྱེད་པ།
  • མི་འདྲ་བའི་ཁྱད་པར་ལ་ཡི་རང་བྱེད་པ།

ང་ཚོའི་སྤྱི་ཚོགས་ཀྱི་དངོས་ཡོད་གནས་སྟངས་ལ་གདོང་ལེན་བྱེད་པ་ཞེས་པ་ནི་ང་ཚོར་ལྷན་སྐྱེས་སུ་ཡོད་པའི་སྤྱི་ཚོགས་ཀྱི་རང་བཞིན་དང་། གཞན་གྱི་གལ་གནད། དེ་དག་གིས་ང་ཚོའི་མི་ཚེའི་ནང་ལས་འགན་གང་སྒྲུབ་ཀྱི་ཡོད་པ་བཅས་ངོས་འཛིན་པའི་ནུས་པ་དང་ལྡན་པ་ལ་གོ་བ་ཡིན། ང་ཚོའི་གཞན་དང་མཉམ་སྤྱོད་བྱེད་པའི་དངོས་ཡོད་གནས་སྟངས་ལ་གདོང་ལེན་བྱེད་པ་ཞེས་པའི་ནང་། ང་ཚོས་གཞི་རྩའི་རིམ་པའི་ཐོག་ནས་གཞན་དང་མཉམ་དུ་གང་ཞིག་མཉམ་སྤྱོད་བྱེད་པར་རྗེས་སུ་ཡི་རང་བྱེད་པ་སྟེ། དཔེར་ན། བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ལྟ་བུ་རེད། མཐར་མི་འདྲ་བའི་ཁྱད་པར་ལ་ཡི་རང་བྱེད་པ་ཞེས་པ་ནི། དོ་བདག་སྒེར་སོ་སོ་དང་སྡེ་ཁག་གི་མི་འདྲ་བའི་ཁྱད་པར་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ་གུས་ཞབས་བྱེད་པ་དང་དེ་དག་གིས་ང་ཚོའི་སྤྱི་མཐུན་གྱི་མི་ཚེ་ལ་ཇི་ལྟར་ཁ་སྣོན་བྱེད་པ་རྟོགས་རྒྱུ་དེ་རེད། 

ང་ཚོའི་སྤྱི་ཚོགས་ཀྱི་དངོས་ཡོད་གནས་སྟངས་ལ་གདོང་ལེན་བྱེད་པ།

དེ་ཡང་ཇི་སྐད་དུ། “གཞན་རྟེན་མི་དགོས་པར་རང་ཚུགས་ཐུབ་པའི་མི་ནི་མེད་”ཅེས་གསུངས་པ་ལྟར། ང་ཚོས་ཤེས་ཀྱི་ཡོད་མེད་ལ་མ་ལྟོས་པར། དོན་ངོ་མར་ང་ཚོ་འགྲོ་བ་མི་རྣམས་ནི་སྤྱི་ཚོགས་སེམས་ཅན་ཡིན་པ་དང་མི་གཞན་བགྲང་བ་ལས་འདས་པས་ང་ཚོའི་མི་ཚེའི་ནང་ལས་དོན་གལ་ཆེན་པོ་སྒྲུབ་ཀྱི་ཡོད་པ་ནི་དངོས་ཡོད་གནས་སྟངས་ཤིག་རེད། ང་ཚོ་ནང་བཞིན་གཞན་རྣམས་འཚོ་གནས་བྱེད་པ་དང་འཛམ་གླིང་ཉམས་སུ་མྱོང་གི་ཡོད་པའི་གཞི་རྩའི་བདེན་དོན་དེ་སྐབས་འགར་ང་ཚོ་ལ་སྣང་མེད་ཤོར་སྲིད་པ་རེད། འདིས་ང་ཚོ་ནི་དགོས་མཁན་དང་འདོད་མཁན་དེ་བཞིན་གཅེས་སྐྱོང་བྱེད་དགོས་ངེས་ཁོ་ན་དེ་ཡིན་པ་སོགས་ཀྱི་བསམ་བློའི་རྒྱ་རྙིའི་ནང་ཧ་ཅང་ལས་སླ་པོའི་སྒོ་ནས་ལྷུང་འཇུག་གི་ཡོད། 

དེའང་ཐོག་མར་འགོ་འཛུགས་བྱེད་པར། ང་ཚོས་སོ་སོ་རང་ཉིད་སུ་ཡིན་པ་ལ་བཟོ་ལྟ་བཟོ་མཁན་དང་། ང་ཚོའི་འཚོ་གནས་ཀྱི་ནང་མུ་མཐུད་ནས་ཤུགས་རྐྱེན་སྤྲོད་མཁན། དེ་བཞིན་མ་འོངས་པ་ལའང་ཤུགས་རྐྱེན་སྤྲོད་པར་འགྱུར་བའི་མི་རྣམས་ལ་བསམ་ཞིབ་དང་བཅས་འགོ་འཛུགས་བྱེད་ཆོག དཔེ་ཆ་བཞག་ན། ང་ཚོས་སོ་སོའི་ཕ་མ་དང་གཞན་སུ་འདྲ་ཞིག་གིས་རང་ལ་གཞི་རྩའི་དགོས་གལ་གང་ཡོད་པ་དང་སྲུང་སྐྱོབ་བྱིན་པ་དང་སྦྱིན་བཞིན་པ་རྣམས་ལ་བསམ་བློ་གཏོང་ཆོག གཞན་དག་གིས་ང་ཚོར་ཟླ་གྲོགས་བྱེད་ཀྱི་ཡོད། དེ་ལས་རྒྱ་ཆེ་བའི་རིམ་པའི་ཐོག་ནས་བཤད་ན། བགྲང་བ་ལས་འདས་པའི་མི་རྣམས་ཀྱིས་ང་ཚོས་བཟའ་བའི་ཟས་འདེབས་ལས་བྱེད་པ་དང་གྱོན་པའི་གོས་རྣམས་བཟོ་སྐྲུན་བྱེད་ཀྱི་ཡོད། བདེན་དོན་དེ་དག་ལ་བསམ་ཞིབ་བྱེད་པ་ནི་གཞན་ལ་ཡི་རང་དང་། གཞན་ཚོར་ཤེས་ནུས། སྙིང་རྗེ་སྐྱེད་པའི་རྨང་གཞིའི་ལས་ཀ་བྱེད་པ་ཞིག་ཡིན། 

ང་ཚོའི་གཞན་དང་མཉམ་སྤྱོད་བྱེད་པའི་དངོས་ཡོད་གནས་སྟངས་ལ་གདོང་ལེན་བྱེད་པ།

གཞན་རྣམས་འཚོ་གནས་བྱེད་པ་དང་ང་ཚོ་ལ་མཐུན་རྐྱེན་མཁོ་སྤྲོད་བྱེད་ཀྱི་ཡོད་པའི་བདེན་དོན་དེ་ལས་བརྒལ་ནས་ཁོང་ཚོ་ལ་སེམས་ཚོར་ཀྱི་མི་ཚེ་ཡོད་པའི་ངོས་འཛིན་བྱེད་དགོས་ཀྱི་ཡོད། གཞན་གྱི་གཞི་རྩའི་ཡི་རང་ནི་འདིར་ང་ཚོའི་གཞི་རྩའི་འདྲ་ཆོས་རྣམས་ངོས་འཛིན་པའི་སྒོ་ནས་འཕེལ་རྒྱས་ཕྱིན་ཡོད་པ་དང་ཁྱད་པར་གང་འདྲ་ཞིག་གིས་ང་ཚོ་དེ་དག་ལ་ཡི་རང་བྱེད་པ་ལ་མི་འགོག་པ་ཡིན། ང་ཚོས་རྩེ་གཅིག་ཏུ་སེམས་གཏད་པའི་འདྲ་བའི་ཆོས་རྣམས་ནི་འགྲོ་བ་མིའི་གཞི་རྩའི་མྱོང་བ་རྣམས་ཡིན་པ་རེད། དེ་དག་ནི་འགྲོ་བ་མི་ཐམས་ཅད་ལ་ཐུན་མོང་རེད། ང་ཚོ་ནང་བཞིན་གཞན་རྣམས་ཀྱང་བདེ་བ་འདོད་པ་དང་སྡུག་བསྔལ་དང་དཀའ་ངལ་རིགས་མི་འདོད་པ་ཡིན། ཁོང་ཚོ་ལ་སེམས་ཚོར་དང་འབྲེལ་བའི་མི་ཚེ་ཡོད་པ་དང་དེའི་ནང་དགོས་འདོད་དང་། འཐོབ་འདོད། ཞེད་སྣང་། རེ་བ་སོགས་ཡོད། དེ་དག་ན་བ་དང་སྐྱོན་གྱི་ཆ་དང་ལྡན་པ། བར་ཆད་དང་འཕྲད་པ། བདེ་བ་དང་འཐུས་ཤོར་གྱི་རིགས་ཉམས་སུ་མྱོང་གི་ཡོད། ཐུན་མོང་གི་ཁྱད་ཆོས་དེ་དག་ངོས་འཛིན་པ་ནི་གོང་འཕེལ་གཏོང་ཐུབ་པ་དང་རང་རྒྱུད་ལ་འཇགས་ཐུབ་པའི་ཐབས་རྩལ་ཞིག་ཡིན་པ་རེད།

ང་ཚོས་སེམས་ཀྱི་ས་ཁྲ་དང་གང་ཟག་དང་པོའི་སེམས་ཚོར་གྱི་དྲན་ཤེས་ཚུད་པའི་སེམས་ཚོར་གྱི་གོ་རྟོགས་གང་འཚམས་གོང་འཕེལ་བཏང་བའི་རྗེས་སུ་ང་ཚོས་གཞན་དང་མཉམ་དུ་སྤྱོད་པའི་འདྲ་ཆོས་རྣམས་ལ་དོ་སྣང་བྱ་རྒྱུ་ལས་སླ་པོ་ཡོད། དེ་དང་ཆབས་ཅིག་ང་ཚོས་གཞན་རྣམས་ང་ཚོ་དང་འདྲ་པོ་ཇི་ལྟར་མེད་པའི་ཚུལ་དེ་འཚོལ་ཞིབ་བྱེད་དགོས། མི་ཚང་མར་དགོས་འདོད་དང་། ཞེད་སྣང་། རེ་བ་བཅས་ཡོད་ནའང་། ང་ཚོ་ནང་བཞིན་ཁོང་ཚོ་ལའང་དགོས་འདོད་དང་། ཞེད་སྣང་། རེ་བ་གཅིག་པ་ཞིག་ཡོད་པའི་ངེས་པ་མེད། བདེན་དོན་འདི་ལ་ངོས་ལེན་དང་གུས་ཞབས་བྱེད་དགོས་ཀྱི་ཡོད། དེར་མ་ཟད། གཞན་ལ་མི་ཚེའི་མྱོང་བ་དང་། ལྟ་ཚུལ། ཤེས་རྒྱ་མི་འདྲ་བ་ཡོད་པ་དང་དེ་དག་ཚང་མར་རྗེས་སུ་ཡི་རང་བྱེད་ཆོག་པ་ཡིན། ང་ཚོའི་འདྲ་བའི་ཆོས་རྣམས་ལ་ཡི་རང་བྱེད་བཞིན་དུ་མི་འདྲ་བའི་ཆ་རྣམས་ངོས་འཛིན་བྱེད་པ་དེས་ཕན་ཚུན་འབྲེལ་ལམ་གྱི་ཐབས་རྩལ་ལ་གལ་ཆེ་བའི་རྣམ་པ་ཞིག་བྱེད་པའི་རང་དང་གཞན་གྱི་གོ་རྟོགས་ཤིག་སྐྲུན་གྱི་ཡོད། 

མི་འདྲ་བའི་ཁྱད་པར་ལ་ཡི་རང་བྱེད་པ།

ང་ཚོའི་གཞན་དང་མཉམ་སྤྱོད་བྱེད་པའི་དངོས་ཡོད་གནས་སྟངས་ཀྱི་ཆ་ཤས་གཅིག་ནི་ང་ཚོ་ཚང་མ་ཐུན་མོང་མ་ཡིན་པ་དང་མི་འདྲ་བ་རེད། རང་སོ་སོར་མི་འདྲ་བའི་ཁྱད་ཆོས་རེ་རེ་དང་ལྡན་ཞིང་། སྡེ་ཁག་གཞན་ཁག་ལས་མི་འདྲ་བའི་སྤྱི་ཚོགས་སྡེ་ཁག་ཅིག་གི་ཁོངས་སུ་གཏོགས་ཀྱི་ཡོད། ང་ཚོ་རེ་རེ་ལ་འཚར་ལོངས་མི་འདྲ་བ་དང་། ནང་མི་ཁྱིམ་ཚང་གི་གནས་སྟངས་མི་འདྲ་བ། དེ་བཞིན་ང་ཚོའི་ལྟ་ཚུལ་དང་། ཀུན་སློང་། མངོན་འདོད་བཅས་ལ་བཟོ་ལྟ་བཟོ་མཁན་གྱི་ཉམས་མྱོང་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་རེད། 

དེར་བརྟེན་མི་འདྲ་བའི་ཁྱད་པར་ནི་ང་ཚོའི་མཉམ་སྤྱོད་བྱེད་པའི་དངོས་ཡོད་གནས་སྟངས་ཀྱི་ཆ་ཤས་ཤིག་ཆགས་ཀྱི་ཡོད་པ་དང་དེ་ལ་དེ་ལྟ་བུའི་ཡི་རང་བྱེད་ཆོག་པ་སྟེ། ང་ཚོ་ཁ་བྲལ་དུ་མི་གཏོང་བར་མཉམ་རུབ་མཉམ་གནས་ཐུབ་པར་བྱེད་ཀྱི་ཡོད། མི་འདྲ་བའི་ཆ་རྣམས་ལ་གུས་ཞབས་བྱེད་པ་དང་མི་འདྲ་བའི་ཁྱད་པར་དེས་ང་ཚོའི་སྤྱི་མཐུན་གྱི་མི་ཚེ་ལ་ཆ་རྐྱེན་སྦྱོར་ཚུལ་དེ་ནི་དམིགས་བསལ་གྱི་འཕེལ་བཞིན་པའི་དུ་མ་ཅན་དང་གོ་ལ་གཅིག་གྱུར་གྱི་འཛམ་གླིང་ནང་གོ་རྟོགས་གལ་ཆེན་ཞིག་ཡིན་པ་རེད། དེས་བཅོས་མིན་གྱི་གཞན་ཚོར་ཤེས་ནུས་དང་སྙིང་རྗེ་ལ་རྨང་གཞི་ཞིག་མཁོ་སྤྲོད་བྱེད་ཀྱི་ཡོད། 

གཞན་དོན་དུ་སྙིང་རྗེ།

སྤྱི་ཚོགས་ནང་གཞན་ཕྱོགས་སུ་བློའི་ཁྱེར་སོའི་རང་གཤིས་ནི། གཞན་དོན་སྙིང་རྗེ་ལས་འབྱུང་བ་དང་དེ་ལ་ཆ་རྐྱེན་སྦྱོར་བ་གཉིས་ཀར་ཡིན་ཆོག གང་ཟག་ཕན་ཚུན་གྱི་གོ་རྟོགས་ཀྱིས་སྤྱི་ཚོགས་ནང་གཞན་ཕྱོགས་སུ་བློའི་ཁྱེར་སོའི་རང་གཤིས་རྒྱ་ཆེན་པོ་སྐྱེད་པའི་ལམ་སྐྲུན་པའི་སྐབས་སུ་སྙིང་རྗེས་དེ་དག་བཟང་སྤྱོད་ཀྱི་སྐབས་དོན་ཞིག་གི་ནང་འཇོག་པར་རོགས་བྱེད་ཀྱི་ཡོད། གཞན་དོན་དུ་སྙིང་རྗེ་སྐྱེད་ཚུལ་གསུམ་ཡོད་དེ།

  • སྐབས་དོན་དང་བསྟུན་ཏེ་གཞན་གྱི་ཚོར་བ་དང་སེམས་ཚོར་རྣམས་རྟོགས་པ།
  • བྱམས་པ་དང་སྙིང་རྗེ་ལ་ཡི་རང་བྱེད་པ་དང་རང་རྒྱུད་ལ་སྐྱེད་པ།
  • བཟང་སྤྱོད་ཀྱི་རང་གཤིས་གཞན་དང་གཞན་ལ་ཡི་རང་བྱེད་པ་དང་རང་རྒྱུད་ལ་སྐྱེད་པ།

སྐབས་དོན་དང་བསྟུན་ཏེ་གཞན་གྱི་ཚོར་བ་དང་སེམས་ཚོར་རྣམས་རྟོགས་པ།

སོ་སོ་རང་ཉིད་ཀྱི་སེམས་ཚོར་རྣམས་མི་རྟོགས་པ་དེས་རང་གིས་རང་ལ་དཔྱད་ཁྲ་བྱེད་དུ་འཇུག་སྲིད་པ་ནང་བཞིན་ང་ཚོས་གོ་མ་ཚོད་པའམ་མོས་མཐུན་མེད་པའི་བྱ་སྤྱོད་ཀྱི་རིགས་མི་གཞན་གྱིས་བྱེད་པ་མཐོང་བའི་སྐབས། ང་ཚོས་རང་བཞིན་གྱིས་དེ་ལ་དཔྱད་ཁྲ་དང་བཅས་ཡ་ལན་སྤྲོད་ཀྱི་ཡོད། དེ་དང་གཅིག་མཚུངས་སུ་ང་ཚོའི་སེམས་ཚོར་རྣམས་དགོས་འདོད་དང་མཁོ་གནད་ལས་ཇི་ལྟར་འབྱུང་གི་ཡོད་པ་དེ་རྟོགས་པ་ལ་བརྟེན་ནས་རང་གིས་རང་ལ་ཁས་ལེན་དང་རང་གིས་རང་ལ་སྙིང་རྗེ་བྱེད་དུ་འཇུག་གི་ཡོད། དེ་ག་ནང་བཞིན་རྒྱུད་རིམ་འདིས་གཞན་ལ་བལྟ་བའི་སྐབས་སུའང་བྱ་བ་བྱེད་ཀྱི་ཡོད།

གལ་ཏེ་ང་ཚོས་མི་གཞན་གྱི་ལས་ནི་སེམས་ཚོར་གྱིས་སྐུལ་འདེད་བྱས་པ་དང་སེམས་ཚོར་དེ་དག་སྐབས་དོན་གཅིག་གི་ནང་མཁོ་གནད་ཀྱི་རྟེན་དུ་གྱུར་བ་ཞིག་ལས་འབྱུང་གི་ཡོད་པ་དེ་རྟོགས་ན། དེས་ཁོང་ཁྲོ་དང་དཔྱད་ཁྲ་ལས་ལྡོག་སྟེ། གཞན་ཚོར་ཤེས་ནུས་དང་སྙིང་རྗེ་ལ་འཇུག་པར་བྱེད་ཐུབ། སྐབས་འདིར་ཀུན་སློང་ནི་འོས་འཚམས་མིན་པའི་སྤྱོད་ལམ་ལ་ཁ་གཡར་བ་མིན་པར། གཞན་དང་གཞན་གྱི་སེམས་ཚོར་རྣམས་འགྲོ་བ་མིའི་རིམ་པའི་ཐོག་ནས་རྟོགས་རྒྱུ་དེ་རེད།  

བྱམས་པ་དང་སྙིང་རྗེ་ལ་ཡི་རང་བྱེད་པ་དང་རང་རྒྱུད་ལ་སྐྱེད་པ།

ང་ཚོས་སྙིང་རྗེ་དེ་ཡ་ང་སྙིང་རྗེ་བྲལ་བ་ལས་རིན་ཐང་ཆེ་བར་བརྩི་དགོས་རྒྱུ་དེ་གསལ་པོ་ཡིན་པ་ལྟར་སྣང་ནའང་། ད་དུང་གཞི་རྩའི་བདེན་དོན་འདི་ལས་བློ་ཐག་རིང་དུ་འགྲོ་རྒྱུ་ལས་སླ་པོ་ཡོད། ང་རང་ཚོ་སོ་སོ་རང་ཉིད་ཀྱི་ཉམས་མྱོང་དང་ལོ་རྒྱུས་ནང་གསལ་བའི་དཔེ་མཚོན་ལས་ང་ཚོས་རང་ཉིད་ཀྱིས་སྙིང་རྗེ་ལ་རྟག་ཏུ་རིན་ཐང་ཇི་ལྟར་བརྩིས་མེད་པ་དེ་མཐོང་ཐུབ། ལོ་རྒྱུས་ཀྱི་མགོ་མཇུག་བར་གསུམ་དུ་འགྲོ་བ་མི་རྣམས་ཀྱིས་གཞན་ལ་སྙིང་རྗེ་མེད་པའི་གདུག་རྩུབ་ལ་ཁས་ལེན་བྱས་པའམ། ཡང་ན་དེ་དག་སོ་སོའི་གདུག་རྩུབ་ཅན་གྱི་ལས་རྣམས་བློས་གཏོང་བྱས་པའི་སྐབས་ཀྱི་དཔེ་མཚོན་གྲངས་མེད་ཡོད། 

སྙིང་རྗེ་ནི་ང་ཚོ་ལ་ཕན་ཐོགས་ཧ་ཅང་ཆེ་བའི་ནུས་ཤུགས་ཅན་གྱི་རྩ་བའི་རྣམ་གཞག་ཅིག་ཡིན་པ་རེད། འོན་ཀྱང་། ང་ཚོའི་སེམས་ལ་སྙིང་རྗེ་ཅན་བྱེད་དགོས་ཞེས་བཀའ་གཏོང་བ་ཙམ་གྱིས་ཕན་གྱི་མེད། ང་ཚོས་སྙིང་རྗེ་ཟེར་བ་དེ་གང་ཡིན་པ་དང་གང་མིན་པ་རྟོགས་དགོས་ཤིང་། དེ་ནི་ང་ཚོའི་རྒྱུད་ལ་སྐྱེད་འདོད་ཡོད་པ་ཞིག་ཏུ་རིན་ཐང་བརྩི་དགོས་ཀྱི་ཡོད། ནམ་རྒྱུན་བྱམས་པ་ནས་འགོ་འཛུགས་བྱ་རྒྱུ་དེ་ལས་སླ་བ་ཡོད། དེ་ནི་སྙིང་རྗེ་ལ་མ་འཇུག་གོང་དུ་གཞན་གྱི་ཕྱོགས་སུ་བསམ་ཤེས་ལྡན་པ་དང་གཅེས་སྐྱོང་གི་ཀུན་སློང་ཞིག་སྐྱེད་རྒྱུ་དེ་རེད། 

སྙིང་རྗེ་ནི་གཞན་གྱི་སྡུག་བསྔལ་ཉུང་དུ་གཏོང་བའི་འདུན་སེམས་ལ་འགྲེལ་བརྗོད་བྱས་ཡོད། མི་མང་པོས་སྙིང་རྗེ་ནི་འགྲོ་བ་མིའི་འཚོ་གནས་ཀྱི་རྣམ་པ་གཙོ་བོ་ཞིག་ཡིན་པར་ལྟ་ཡི་མེད་ནའང་། ཉམས་ཞིབ་ཀྱི་ལམ་ནས་སྙིང་རྗེ་དེ་སྐྱེ་དངོས་རིག་པའི་རྩ་བར་མཛུབ་སྟོན་བྱེད་ཀྱི་ཡོད། ནུ་གསོ་སེམས་ཅན་དང་བྱ་བྱིའུ་ཚང་མར་འཚོ་གནས་ཐུབ་པར་ཨ་མའི་བྱམས་སྐྱོང་དགོས་ཀྱི་ཡོད། དེ་གང་ཡིན་ཞེ་ན། ཁོང་ཚོ་མའི་མངལ་ནས་སྐྱེས་པའི་རྗེས་སུ་རང་རྐང་ཚུགས་ནས་གཞན་ལ་བརྟེན་མི་དགོས་པའི་ཐོག་འཚོ་ཐུབ་ཀྱི་མེད་པའི་བདེན་དོན་གྱིས་རེད། འགྲོ་བ་མི་ཚུད་པའི་སྲོག་ཆགས་ཀྱི་རིགས་སྣ་ཚོགས་པར་གཞན་ཕན་གྱི་སྤྱོད་ལམ་ཡོད་པ་དེས་སྒེར་སོ་སོ་དང་སྡེ་ཁག་གི་རིམ་པ་གཉིས་ཀ་འཚོ་གནས་དང་དར་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་གཅིག་ལན་གཅིག་འཇལ་གྱི་འབྲེལ་བ་དམ་པོ་སྐྲུན་གྱི་ཡོད། དེར་བརྟེན་ཕྱོགས་མང་པོ་ཞིག་ནས་སྙིང་རྗེ་ནི་འཚོ་གནས་ཀྱི་གནད་དོན་ཞིག་ཆགས་ཀྱི་ཡོད། འདིས་འགྲོ་བ་མི་རྣམས་ལ་ལོ་ན་གཞོན་དུས་ནས་བཟུང་སྟེ་བྱམས་བརྩེའི་གདམ་ཀ་ཤུགས་ཆེན་པོ་ཞིག་ཅིའི་ཕྱིར་ཡོད་པ་དང་། ཐ་ན་ལུས་ཁམས་ཆགས་ཚུལ་གྱི་རིམ་པའི་ཐོག་ནས་ང་ཚོས་སྙིང་རྗེ་ལ་བཟང་ཕྱོགས་དགེ་བའི་ལམ་ནས་ཡ་ལན་ཅིའི་ཕྱིར་སྤྲོད་ཀྱི་ཡོད་པ་དེ་འགྲེལ་བརྗོད་བྱེད་ཀྱི་ཡོད། 

བཟང་སྤྱོད་ཀྱི་རང་གཤིས་གཞན་དང་གཞན་ལ་ཡི་རང་བྱེད་པ་དང་རང་རྒྱུད་ལ་སྐྱེད་པ།

སྙིང་རྗེ་ལས་ལོགས་སུ་ང་ཚོས་བཀའ་དྲིན་བསམ་ཤེས་དང་། བཟོད་གསོལ། ཆོག་ཤེས། སྙེམ་ཆུང་། བཟོད་པ་ལ་སོགས་པའི་རང་གཤིས་ཀྱང་རང་རྒྱུད་ལ་སྐྱེད་ཆོག བཟང་སྤྱོད་ཀྱི་རང་གཤིས་དེ་དག་ཐམས་ཅད་དང་ཐུན་མོང་ཡིན་པ་ནི། དེ་དག་ང་ཚོའི་མི་ཚེའི་ནང་ཕན་བདེ་འབྱུང་བར་བྱེད་པའི་ནང་གི་ཁྱད་ཆོས་སམ་ཡོན་ཏན་ལ་གོ་བ་ལས། ཕྱི་དངོས་པོའི་ལོངས་སྤྱོད་དང་ལེགས་འགྲུབ་ལ་གོ་ཡི་མེད། མི་རྣམས་ལ་རིན་ཐང་བརྩི་བ་དང་ཁོང་ཚོས་ང་ཚོའི་མི་ཚེ་ཇི་ལྟར་ལེགས་བཅོས་གཏོང་བར་ཡི་རང་བྱེད་པ་ལ་དམིགས་པ་ནི་རང་གིས་རང་འཕེལ་རྒྱས་གཏོང་བ་དང་རྒྱུ་ནོར་ལོངས་སྤྱོད་ཀྱི་དགོས་མཁོ་རྣམས་ནི་ཕུགས་རྒྱང་རིང་པོའི་འདོད་བློ་ཁེངས་པ་དང་བདེ་སྐྱིད་ཀྱི་གཙོ་བོ་ཡིན་པའི་བསམ་བློའི་ལྡོག་ཕྱོགས་དེ་ཡིན་པ་རེད། ང་ཚོས་ནང་གི་ཁྱད་ཆོས་དེ་དག་ཇི་ལྟར་གལ་ཆེན་ཡིན་པ་ཙམ་ལ་ཡི་རང་བྱེད་དགོས། ཉམས་ཞིབ་ཀྱི་ལམ་ནས་དངོས་པོའི་བདེ་ཐབས་ཀྱི་རིམ་པ་ངེས་ཅན་ཞིག་ལ་བསླེབས་པའི་རྗེས་སུ་མི་ཚེའི་ཚིམ་པ་དེ་མེད་པ་ཆགས་པ་དང་ཕྲུ་གུ་དང་དར་མའི་གནས་སྐབས་སུ་བཀའ་དྲིན་བསམ་ཤེས་དང་བདེ་སྐྱིད་ཀྱི་དབར་ལ་འབྲེལ་བ་བརྟན་པོ་ཡོད། བཀའ་དྲིན་བསམ་ཤེས་ལ་བརྟེན་ནས་མི་ཚེ་ཚིམས་ཆེ་བ་ཆགས་པ་ཙམ་དུ་མ་ཟད། དེ་ནི་སྤྱི་ཚོགས་བརྒྱུད་ལམ་ཁག་དང་། ཁྱབ་བསྒྲགས། བརྙན་འཕྲིན་གྱི་ལམ་ནས་དངོས་གཙོའི་གནས་ཚུལ་སྤེལ་བའི་གཉེན་པོ་སྟོབས་ཆེན་ཞིག་ཀྱང་ཆགས་ཐུབ། 

མི་གཞན་གྱིས་ང་ཚོར་རྣམ་པ་སྣ་ཚོགས་པའི་སྒོ་ནས་ཕན་འདོགས་ཀྱི་ཡོད་པ་དང་ང་ཚོས་ཕན་ཡོན་དེ་ཆེད་མངགས་ཉམས་སུ་མྱོང་དགོས་ངེས་ཤིག་མིན། ང་ཚོས་ད་དུང་གཞན་གྱིས་གང་མ་བྱས་པའི་ལས་ལའང་རྗེས་སུ་ཡི་རང་བྱ་ཆོག་པ་སྟེ། ཁོང་ཚོས་ང་ཚོ་ནས་མ་བྱིན་པ་མ་བླངས་བ་དང་། ང་ཚོར་གནོད་མ་བསྐྱལ་བའམ་མཐོང་ཆུང་ཁྱད་གསོད་བྱས་མེད་པ་ལྟ་བུ་རེད། དེ་ལས་ཚད་མཐོ་བའི་རིམ་པའི་ཐོག་ནས་བཤད་ན། གཞན་གྱིས་གནོད་འཚེ་དང་བཅས་བྱ་བ་བརྩམས་པའི་སྐབས། ང་ཚོས་ཐ་ན་དེ་ལས་བྱུང་བའི་ཕན་ཡོན་ལ་ཡི་རང་བྱ་རྒྱུ་སྦྱོང་ཆོག ང་ཚོས་དེ་འདྲ་ཉམས་སུ་མྱངས་ནའང་ད་དུང་ཡང་དཀའ་ངལ་ཚབས་ཆེན་ཐོག་འཚོ་གནས་བྱེད་མཁན་གྱི་མི་རྣམས་ཀྱི་དཔེ་མཚོན་དག་ལ་སློབ་སྦྱོང་བྱེད་ཆོག་པ་དང་། དེ་དག་གི་ལྟ་ཚུལ་རྣམས་བཅོས་སྒྱུར་གཏོང་རྒྱུ་དང་མི་ཚེ་བདེ་སྐྱིད་ལྡན་ལ་དོན་གོ་ཚང་བ་ཞིག་སྐྱེལ་བར་སྟངས་འཛིན་བྱེད་ཆོག ང་ཚོས་གཞན་གྱི་སྤྱོད་ལམ་ནོར་བ་དག་ལ་ཆག་ཡང་གཏོང་རྒྱུ་མེད་པ་དང་ལྟ་ཚུལ་གསར་པ་ཞིག་དང་དུ་ལེན་ནུས་པ་འདི་ནི་ཁོང་ཁྲོ་དང་། འཁོན་འཛིན། ཞེ་སྡང་བཅས་ལས་ཐར་བའི་ཐབས་ལམ་ནུས་སྟོབས་ཅན་ཞིག་རེད། གཞན་གྱིས་ང་ཚོར་ཕན་འདོགས་པའི་ཚུལ་གྱི་ང་ཚོའི་འཚོལ་ཞིབ་དེས་བཅོས་མིན་དང་ཡུན་བསྲིངས་པའི་བཀའ་དྲིན་བསམ་ཤེས་ཀྱི་འདུ་ཤེས་ཤིག་སྐྱེད་པའི་འབྲས་བུ་སྦྱིན་ཐུབ་པ་དང་། དེས་ཀྱང་གཞན་དང་མཉམ་དུ་འབྲེལ་བ་ནུས་ཤུགས་ཅན་གྱི་བྱ་བ་བྱེད་ཀྱི་ཡོད། 

ང་ཚོས་རང་གཅེས་འཛིན་གྱི་བསམ་བློའི་ཉེས་དམིགས་དང་ང་རང་ཚོ་སོ་སོའི་བདེ་སྐྱིད་དང་བདེ་ཐབས་དེ་དག་ནི་གྲངས་མེད་པའི་གཞན་གྱིས་བྱས་པའི་བཀའ་དྲིན་ལ་རག་ཇི་ལྟར་ལུས་ཡོད་པར་བསམ་ཞིབ་བྱེད་པའི་སྐབས། ང་ཚོས་རང་བཞིན་གྱིས་བཀའ་དྲིན་བསམ་ཤེས་དེ་ཚོར་གྱི་རེད། 

དེར་མ་ཟད། ང་ཚོས་གཞན་ཚོར་ཤེས་ནུས་དེའང་རང་རྒྱུད་ལ་སྐྱེད་པར་བྱེད་དགོས་ཤིང་། དེ་ནི་གཞན་གྱི་མྱོང་བ་ལ་ཚོར་བ་སྐྱེན་པོ་བྱེད་པ་དང་དེ་དག་ངོས་འཛིན་ཐུབ་པའི་ནུས་པ་དེ་རེད། དེའི་ནང་གཞན་གྱི་བདེ་སྐྱིད་དང་སྡུག་བསྔལ་གཉིས་ཀ་ཚུད་ཡོད། ང་ཚོ་མང་ཆེ་བ་སོ་སོའི་གྲོགས་པོ་དང་དགའ་པོ་ཉེ་པོ་ལ་རང་ཤུགས་ཀྱིས་གཞན་ཚོར་ཤེས་ནུས་ཀྱི་ཚོར་བ་ཞིག་སྐྱེ་ཡི་ཡོད། འོན་ཀྱང་། དེ་ནི་ད་དུང་རྒྱ་ཆེ་ལ་ཕྱོགས་རིས་བྲལ་བ་ཞིག་ཏུ་རྒྱ་སྐྱེད་གཏོང་ཐུབ་པ་ཞིག་རེད། གཞན་ཚོར་ཤེས་ནུས་དེ་ང་ཚོའི་གཞི་རྩའི་མཉམ་སྤྱོད་འདྲ་ཆོས་ཀྱི་ཤེས་རྒྱ་དང་མཉམ་སྡེབ་བྱེད་པའི་སྐབས། ཕྱོགས་ལྷུང་གིས་བཙན་སྐུལ་ཉུང་བ་བྱས་པའི་བཅོས་མིན་གྱི་གཞན་ཚོར་ཤེས་ནུས་ཞིག་མངོན་དུ་འགྱུར་ཐུབ། གཞན་དང་མཉམ་དུ་འབྲེལ་བ་བྱེད་པའི་སྐབས་སུ་གཞན་ཚོར་ཤེས་ནུས་ཀྱི་སྒོ་ནས་དེ་དག་གི་ལྟ་ཚུལ་དང་གནས་སྟངས་རྟོགས་ཐབས་ལ་འབད་བརྩོན་བྱེད་ཀྱི་ཡོད། དཔེར་ན། “མི་འདི་རང་འདོད་དོན་གཉེར་ཅན་རེད།” ཅེས་བརྗོད་རྒྱུའི་ཚབ་ལ་ང་ཚོས་“ཁོང་ཚོའི་སྤྱོད་ལམ་དེ་རང་འདོད་དོན་གཉེར་ཅན་དུ་བརྩི་ཆོག་”ཅེས་བརྗོད་ཆོག འདིས་མི་དེ་རྟག་ཏུ་རང་འདོད་དོན་གཉེར་ཅན་ཞིག་ཡིན་པར་མི་ལྟ་བར་ཕན་པ་དང་དེ་དག་རང་འདོད་དོན་གཉེར་ཅན་མིན་པའི་སྐབས་སུ་དཔེ་མཚོན་དེ་དག་ལ་དོ་སྣང་བྱེད་པར་གུ་ཡངས་ཀྱི་བསམ་བློ་སྦྱིན་གྱི་ཡོད། 

ང་ཚོས་སོ་སོའི་འདྲ་བའི་ཆ་རྣམས་གཞན་དང་མཉམ་དུ་འཚོལ་ཞིབ་ཀྱིས་རྟོགས་ཐབས་བྱེད་པ་དང་བཀའ་དྲིན་བསམ་ཤེས་དང་གཞན་ཚོར་ཤེས་ནུས་གོང་འཕེལ་གཏོང་བའི་སྐབས། ང་ཚོས་རང་བཞིན་གྱིས་བཟོད་གསོལ་ཡང་སྐྱེད་འགོ་བཙུག་གི་ཡོད། དངོས་ཡོད་དང་མི་མཐུན་པའི་རེ་བ་རྣམས་གློད་གྲོལ་གཏོང་བ་དང་རང་གིས་རང་ཁས་ལེན་བྱེད་པའི་སྐབས། གཞན་གྱི་ཕྱོགས་སུ་འཛིན་པའི་ཁོང་ཁྲོ་དང་འཁོན་འཛིན་རྣམས་གློད་རྒྱུ་ལས་སླ་པོ་ཡོད། དེར་བརྟེན་བཟོད་གསོལ་ནི་ང་ཚོས་སོ་སོ་རང་ཉིད་ལ་སྟེར་བའི་ལེགས་སྐྱེས་ཤིག་ཆགས་ཀྱི་ཡོད། 

འབྲེལ་ལམ་གྱི་ཐབས་རྩལ།

ང་ཚོས་ནམ་རྒྱུན་འཆར་ཅན་བཞིན་དུ་གྲོགས་པོ་གྲོགས་མོ་ནས་ནང་མི་ཁྱིམ་ཚང་དང་ལས་ཁུངས་ཀྱི་ལམ་ལུགས་ནང་གི་འགྱུར་ལྡོག་བར་དུ་སྤྱི་ཚོགས་ཀྱི་འབྲེལ་བ་རྙོག་འཛིངས་ཅན་ལ་ཁ་ལོ་སྒྱུར་དགོས་ཀྱི་ཡོད། སྤྱི་ཚོགས་ཀྱི་བཀོད་པ་རྒྱ་ཆེན་པོ་ཞིག་ལ་རན་འཚམས་བཟོ་བའི་ནུས་པ་དེ་ནི་དོན་དང་ལྡན་ཞིང་བཟང་ཕྱོགས་ཀྱི་འབྲེལ་ལམ་བཟོ་བ་དང་རྒྱུན་འཛིན་བྱེད་པའི་ནུས་པ་དང་གལ་གནད་ཆེན་པོའི་སྒོ་ནས་འབྲེལ་བ་ཆགས་ཡོད། དེ་དང་ཆབས་ཅིག་གནོད་འཚེའི་རིགས་ངོས་འཛིན་བྱེད་པ་དང་མཚམས་འཇོག་བྱེད་ནུས་པ་དེའང་དགོས་ཀྱི་ཡོད། 

རྒྱུད་རིམ་འདིའི་སྔོན་གྱི་ཆ་ལག་གཉིས་ཏེ། ང་ཚོའི་སྤྱི་ཚོགས་ཀྱི་རང་བཞིན་ལ་གོ་རྟོགས་དང་དེ་ཡང་སྐབས་དོན་གྱི་ནང་གཞན་གྱི་སེམས་ཚོར་རྟོགས་པ་དང་ཟུང་དུ་འབྲེལ་བ་ཞིག་དགོས། རྨང་གཞི་ཞིག་བསྐྲུན་ནས་དེའི་སྟེང་ལ་ང་ཚོས་སོ་སོ་རང་ཉིད་དང་གཞན་གྱི་བདེ་ཐབས་ལ་མཐུན་ཆེ་ཤོས་ཀྱི་ཐབས་རྩལ་དང་། སྤྱོད་ལམ། ཉམས་ལེན་གྱི་རིགས་དངོས་རྣམས་གོང་འཕེལ་གཏོང་ཐུབ། ཐ་ན་ང་ཚོའི་སྤྱོད་ལམ་ནི་གཞན་ཚོར་ཤེས་ནུས་དང་སྙིང་རྗེ་ལ་གཞི་རྟེན་བྱས་ཡོད་ནའང་། སྐབས་འགར་ང་ཚོའི་བྱ་སྤྱོད་ཀྱིས་དངོས་གནས་ལྡོག་ཕྱོགས་ཀྱི་འབྲས་བུ་ཁུངས་སྐྱེལ་བྱེད་ཀྱི་ཡོད། ང་ཚོར་ཀུན་སློང་བཟང་པོ་ཡོད་སྲིད་ནའང་། དེ་ནི་སྣང་མེད་ལྷོད་གཡེང་གི་སྒོ་ནས་རང་གཞན་གཉིས་ཀར་དཀའ་ངལ་གྱི་རྒྱུ་བྱེད་པའི་ནང་མཇུག་རྫོགས་སྲིད་པ་རེད། ང་ཚོས་ཉམས་མྱོང་མང་དུ་བསགས་ནས་འདི་ཉུང་དུ་གཏོང་ཐུབ། ཐབས་རྩལ་གང་འདྲ་ཞིག་སྦྱངས་པ་དེ་དག་ངོ་བོ་གཅིག་ཏུ་བསྡུ་བ་དང་རང་བཞིན་ཅན་དུ་མ་ཆགས་བར་ལ་ཧུར་བརྩོན་དང་ལྡན་པའི་སྒོ་ནས་ལག་བསྟར་བྱེད་ཆོག ང་ཚོས་སྦྱོང་བརྡར་བྱེད་ཐུབ་སའི་རྣམ་པ་བཞི་ཡོད་དེ།

  • གཞན་ཚོར་ཤེས་ནུས་ཀྱི་ཉན་པ།
  • ཐབས་རྩལ་ལྡན་པའི་འབྲེལ་གླེང་།
  • གཞན་ལ་ཕན་འདོགས་པ།
  • རྩོད་རྙོག་བཅོས་སྒྱུར།

གཞན་ཚོར་ཤེས་ནུས་ཀྱི་ཉན་པ།

གཞན་ཚོར་ཤེས་ནུས་ཀྱི་ཉན་པ་ནི་གུ་ཡངས་ཀྱི་སེམས་དང་བཅས་ཏེ་གཞན་ལ་ཉན་པ་དང་སེམས་ཚོར་གྱི་རྣམ་འགྱུར་སྐྱེན་པོའི་གནས་བབས་ལ་བརྟེན་ནས་གོ་ཤེས་ཅན་མིན་པ་མི་ཆགས་པ་དེ་རེད། དེ་ནི་ཐ་ན་མི་གཞན་གྱི་ལྟ་བ་དེ་ང་ཚོའི་ལྟ་བ་དང་མི་འདྲ་བའི་ཁྱད་པར་ཡོད་ནའང་། མི་གཞན་དེ་ལ་གུས་ཞབས་ཡོད་པ་དང་ཡི་རང་བྱེད་པ་ལ་གཞི་རྩ་བྱས་ཡོད། ང་ཚོས་གཞན་ཚོར་ཤེས་ནུས་ཀྱི་ཉན་པ་དེ་ནི་གཞན་ལ་དུས་གཅིག་ལ་སྐར་མ་འགའི་རིང་འགྲེལ་བརྗོད་དང་དཔྱད་ཁྲ་མེད་པའི་སྒོ་ནས་ཉན་རྒྱུའི་འབད་རྩོལ་བྱེད་པའི་“གཏིང་ཟབ་ཉན་པའི་སྦྱོང་བརྡར་” ལ་བརྟེན་ནས་ཉམས་ལེན་བྱེད་ཆོག་པའམ། ཡང་ན་ང་ཚོས་མོས་མཐུན་མེད་སྲིད་པའི་རིགས་བཤད་མཁན་གྱི་མི་གཞན་དག་ལ་ལྟ་བའམ་ཉན་ཆོག་ནའང་། ང་ཚོས་དེ་ལ་སེམས་ཚོར་གྱི་སྒོ་ནས་ཡ་ལན་གྱི་རྣམ་འགྱུར་མ་སྟོན་གོང་ལ་ཁོང་ཚོས་གང་བརྗོད་པ་དེ་ཚིག་འགྲེལ་བྱེད་པའམ་ཡང་ན་སླར་ཡང་བརྗོད་པའི་ཆེད་དུ་བར་མཚམས་འཇོག་དགོས་ཀྱི་ཡོད། 

གཞན་ཚོར་ཤེས་ནུས་ཀྱི་ཉན་པ་དེ་བརྗོད་དོན་གྱི་ཕྱིའི་སྣང་ཚུལ་ཙམ་ལ་དོ་སྣང་བྱེད་པར་ཉན་པ་མ་ཟད། སྐབས་དོན་གྱིས་མི་རྣམས་ཀྱི་གང་བརྗོད་པའི་བརྗོད་དོན་རྟོགས་པའི་ཕྱིར་མཁོ་སྤྲོད་བྱེད་སྲིད་པའི་དགོས་གལ་དང་མངོན་འདོད་རྨང་གཞིར་བྱེད་པ་དེ་ལའང་དོ་སྣང་བྱེད་ཀྱི་ཡོད། 

ཐབས་རྩལ་ལྡན་པའི་འབྲེལ་གླེང་།

ཉན་པ་དེ་ཧ་ཅང་གལ་ཆེན་པོ་ཡིན་ནའང་། ང་ཚོས་གང་བརྗོད་འདོད་ཡོད་པ་དེ་རང་གཞན་གཉིས་ཀར་བསམ་ཤེས་ལྡན་པ་དང་། ཕན་འབྲས་ལྡན་པ། ནུས་ཤུགས་སྤེལ་བའི་ཚུལ་དུ་འབྲེལ་གླེང་བྱེད་ཐུབ་པ་ཞིག་ཀྱང་དགོས་ཀྱི་ཡོད། “འབྲེལ་གླེང་ལ་ནུས་ཤུགས་སྤེལ་བའི་”ལྟ་ཚུལ་དེ་ནི་ང་ཚོའི་གུས་ཞབས་ལྡན་པ་དང་ཚིག་སྒྲ་གསལ་པོའི་སྒོ་ནས་སྐད་ཆ་ཤོད་ཐུབ་པའི་ནུས་པ་ལ་གོ་བ་ཡིན། དེ་ཡང་སོ་སོ་རང་ཉིད་ཁོ་ནར་གོ་བ་མིན་པར། མི་གཞན་དག་སོ་སོ་རང་ཉིད་ཀྱི་ཆེད་དུ་སྐད་ཆ་ཤོད་མི་ཐུབ་མཁན་དེ་དག་ལའང་གོ་བ་ཡིན། རྩོད་གླེང་ནི་ཐབས་ལམ་ཧ་ཅང་ནུས་སྟོབས་ལྡན་པ་ཞིག་ཡིན་སྲིད། དཔེར་ན། ང་ཚོས་སོ་སོའི་གྲོགས་པོ་རྣམས་དང་རྩོད་གླེང་བྱ་རྒྱུའི་གདམ་ཀ་བྱས་ཏེ། ནམ་རྒྱུན་མོས་མཐུན་མེད་སའི་ཕྱོགས་ལ་རྒྱབ་སྐྱོར་བྱ་ཆོག་པ་ལྟ་བུ་རེད། ང་ཚོ་འགྲོ་བ་མི་རྣམས་ལ་ཁྲིམས་མཐུན་གྱི་གོ་གནས་ནས་ཕྱིར་འཐེན་བྱེད་པའམ། ཐ་ན་སོ་སོའི་ལྟ་ཚུལ་ལ་རྒྱབ་འགལ་བྱེད་མཁན་དག་ལ་མིའི་ཆེ་མཐོང་ལ་ཁྱད་གསོད་བྱེད་པའི་འདུན་མོས་སམ་གཤིས་ཀ་ཞིག་ཡོད་པ་སོང་ཙང་། དེ་ལྟ་བུའི་བྱ་སྤྱོད་ཀྱིས་སྙེམ་ཆུང་གི་རང་བཞིན་དང་། རྣམ་དཔྱོད་ཀྱི་རྒྱུན་ཤེས་ལ་དོན་གཉེར་གྱི་འདུན་པ། དེ་བཞིན་འགྲོ་བ་མི་ཐུན་མོང་གི་འདུ་ཤེས་ཤིག་སྐྱེད་པར་ཕན་འདོགས་ཐུབ་ཀྱི་ཡོད། 

གཞན་ལ་ཕན་འདོགས་པ།

ཉན་པ་དང་འབྲེལ་གླེང་ནི་རྨང་གཞི་རེད་དེ་ཡིན་ནའང་། གཞན་ལ་ཕན་འདོགས་པའི་ཐབས་གྲངས་ལས་འདས་པ་ཡོད། གཞན་ལ་ཕན་འདོགས་པ་ནི་རྟག་ཏུ་གཞན་གྱི་དགོས་མཁོ་དང་འཚམས་པ་ཞིག་དགོས་པ་དང་སོ་སོ་རང་ཉིད་ཀྱི་འཇོན་ནུས་དང་འཚམས་པ་ཞིག་ཀྱང་དགོས་ཀྱི་ཡོད། སྤྱི་ཚོགས་མི་སྡེའི་ཞབས་ཏོག་ནས་བཟུང་དྭང་བླངས་རིང་ལུགས་ནས་“བྱམས་བརྩེའི་ངེས་མེད་ཀྱི་བྱ་སྤྱོད་”བར་དུ་ཉམས་ཞིབ་ཀྱི་ལམ་ནས་ཕར་ཕན་འདོགས་པ་དེས་ཚུར་ཕན་ཐོགས་འབྱུང་བཞིན་པ་ལས་ང་ཚོའི་སོ་སོ་རང་ཉིད་ཀྱི་བདེ་ཐབས་ལ་མཐུན་རྐྱེན་མང་བ་སྦྱོར་གྱི་ཡོད་ཅེས་གསལ་སྟོན་བྱེད་ཀྱི་ཡོད། 

ང་ཚོས་ཕན་འདོགས་པའི་སྐབས་སུ་གང་འདྲ་ཞིག་ཚོར་གྱི་ཡོད་པ་དང་། དེ་ལས་ང་ཚོས་གང་ཤེས་རྟོགས་ཡོང་གི་ཡོད་པ། དེ་ཇི་ལྟར་འཕེལ་རྒྱས་གཏོང་ཐུབ་པ། ཕན་འདོགས་ཐབས་བྱེད་བཞིན་པ་རྣམས་ལ་དེས་ཤུགས་རྐྱེན་གང་ཞིག་སྤྲོད་ཀྱི་ཡོད་པ་བཅས་གཞན་ལ་ཕན་འདོགས་པའི་རྒྱུད་རིམ་ལ་བསམ་ཞིབ་བྱེད་པར་དུས་ཚོད་གཏོང་ཆོག མཐར་ང་ཚོས་གཞན་རྣམས་ལ་ཁོང་ཚོའི་ཕུགས་རྒྱང་རིང་པོའི་བདེ་ཐབས་ཀྱི་ཆེད་དུ་དངོས་གནས་དྲང་གནས་ཕན་ཐོགས་གང་འདྲ་ཞིག་དགོས་པ་དང་། དེ་ཡང་ང་ཚོར་ཕྱིའི་སྣང་ཚུལ་ལ་གང་སྣང་སྲིད་པ་ལས་འདས་པའི་གནས་སྟངས་དེ་འཚོལ་ཞིབ་བྱེད་ཆོག

རྩོད་རྙོག་བཅོས་སྒྱུར།

མི་ཚེ་གང་པོར་ང་ཚོ་རྩོད་རྙོག་དང་འཕྲད་ཀྱི་ཡོད་པ་ནི་ཤོད་ག་ལ་དགོས། རྩོད་རྙོག་དེ་སྡུག་ཅག་ཅིག་ཡིན་དགོས་པའི་ངེས་པ་མེད་པར། རྩོད་རྙོག་དེ་རང་དང་གཞན་གྱི་ཕྱོགས་སུ་ཁ་ལོ་སྒྱུར་སྟངས་སྦྱོང་བ་ནི་གནད་འགག་ཆེ་བའི་ཐབས་རྩལ་ཞིག་རེད། རྩོད་རྙོག་གཅིག་འདུམ་སྒྲིག་བྱེད་པ་ནི་ཕྱོགས་གཉིས་ཀའི་བདེ་ཐབས་གོང་འཕེལ་གཏོང་ཐུབ་པའི་གནས་སྟངས་དང་འབྲེལ་ལམ་གྱི་བཅོས་སྒྱུར་ཞིག་གི་ཕྱོགས་སུ་འགྲོ་བའི་ཐབས་ལམ་གྱི་ཆ་ཤས་ཙམ་ཞིག་རེད། འདིའི་ཆེད་དུ་ང་ཚོས་རྩོད་རྙོག་ལ་བཟང་ཕྱོགས་ཀྱི་སྒོ་ནས་ཡ་ལན་སྤྲོད་ཐུབ་པ་དགོས་ཤིང་། མཉམ་ལས་དང་། འདུམ་སྒྲིག ཞི་བའི་འབྲེལ་ལམ་ལ་མཐུན་རྐྱེན་སྦྱོར་དགོས། 

ནང་སེམས་ཀྱི་ཞི་བདེའི་རང་བཞིན་དེས་ཕྱིའི་ཞི་བདེའི་རང་བཞིན་གྱི་རྨང་གཞི་ལྟ་བུར་བྱ་བ་བྱེད་ཀྱི་ཡོད། དེ་མཚུངས་ནང་གི་འདུམ་སྒྲིག་དེས་ཕྱིའི་འདུམ་སྒྲིག་བྱེད་ཐུབ། ང་ཚོའི་ནང་གི་འཛམ་གླིང་ལ་གདོང་ལེན་བྱེད་པ་དེས་རྩོད་རྙོག་བཅོས་སྒྱུར་ལམ་ལྷོང་ལྡན་པ་ཞིག་ཡོང་བའི་གོ་སྐབས་ཆེ་རུ་གཏོང་གི་ཡོད། སྙེམ་ཆུང་གི་རང་བཞིན་དང་། གཞན་ཚོར་ཤེས་ནུས། སྙིང་རྗེ། བཟོད་གསོལ། ཕྱོགས་རིས་བྲལ་བ། དེ་བཞིན་ང་ཚོའི་འགྲོ་བ་མིའི་རིགས་ཀྱི་ཐུན་མོང་དུ་མཉམ་སྤྱོད་བྱེད་པའི་ཁྱད་ཆོས་དེ་དག་དང་བྲལ་ན། རྩོད་རྙོག་བཅོས་སྒྱུར་དང་འདུམ་སྒྲིག་མི་སྲིད་པ་མིན་ནའང་། དཀའ་ལས་ཁག་པོ་རེད། ཐབས་རྩལ་དེ་དག་དང་ལྡན་པའི་སྐབས། རྩོད་རྙོག་འདུམ་སྒྲིག་གི་བསྒྲུབ་བྱའི་ལས་དོན་དེ་ཤོག་ཁག་དང་སྡེ་ཁག་ཁོངས་སུ་གཏོགས་པ་ཚང་མའི་ཆེད་དུ་གཏིང་ཟབ་པོ་དང་དངོས་གནས་བཅོས་སྒྱུར་ལྡན་པའི་ཉམས་མྱོང་ཞིག་ཆགས་ཐུབ། 

ཕྱོགས་བསྡོམས།

རྒྱུད་རིམ་འདིའི་དུམ་ཚན་དང་པོའི་ནང་། ང་ཚོས་རང་གིས་རང་ཉིད་ཡག་པོ་ཞིག་རྟོགས་པའི་ཕྱིར་སེམས་ཚོར་གྱི་གོ་རྟོགས་སྐོར་བཤད་པ་རེད། དུམ་ཚན་གཉིས་པའི་ནང་། ང་ཚོས་གོ་རྟོགས་དེ་བཀོལ་ནས་ང་ཚོའི་ནང་མི་དང་། གྲོགས་པོ། ལས་རོགས། ང་ཚོར་ཐུག་པའི་རྒྱུས་མེད་ཀྱི་མི་སོགས་གཞན་ལ་འཇུག་པར་བྱེད་ཀྱི་ཡོད། འབྲེལ་ལམ་གྱི་ཐབས་རྩལ་སྐྱེད་པ་དེ་ནི་བྱམས་པ་དང་སྙིང་རྗེའི་རྩ་དོན་ལ་བཅིངས་ནས་ཡོད། ང་ཚོས་དེ་དག་འདང་ངེས་ཉམས་ལེན་བྱས་པའི་རྗེས་སུ་སྤྱི་ཚོགས་ཀྱི་ཐབས་རྩལ་རྣམས་ཐབས་ཚུལ་གྱི་ཚན་པ་ཙམ་དུ་མི་གནས་པར། དེ་དག་ང་ཚོའི་ཡི་རང་གི་འདུ་ཤེས་ཀྱི་རྗེས་འབྲས་རང་བཞིན་དང་གཞན་ལ་སེམས་འཁུར་ཡོད་པ་ཞིག་ཏུ་བཅོས་སྒྱུར་གཏོང་གི་ཡོད། ང་ཚོས་ཉམས་སུ་མྱོང་བའི་སྤྱི་ཚོགས་ཀྱི་སྐབས་དོན་ཡོངས་སུ་རྫོགས་པའི་ནང་བཟང་ཕྱོགས་ཀྱི་ཐབས་ཚུལ་ལ་དང་ལེན་དང་ལག་བསྟར་བྱེད་པའི་སྐབས། ང་ཚོའི་འབྲེལ་ལམ་ཞི་ལྷིང་ཆེ་བ་ཆགས་པ་ཙམ་དུ་མ་ཟད། སྔར་ལས་སྐྱིད་པ་དང་དགོས་དོན་ལེགས་སྒྲུབ་ཆགས་ཀྱི་ཡོད།


གལ་ཏེ་ཁྱེད་ཀྱིས་འདི་ལས་གཏིང་ཟབ་པ་ཤེས་འདོད་ཡོད་ན། སྤྱི་སེམས་བཟང་ (SEE) གསུམ་གྱི་སློབ་གཉེར་གྱི་སྒྲོམ་གཞིའི་འགྲེལ་ཚུལ་ཆ་ཚང་ཀློག་དགོས་པ་དང་། དེ་ག་ནང་བཞིན་སྒོམ་པའི་ཚན་རིག་དང་སྙིང་རྗེ་གཞི་རྩར་བྱས་པའི་བཟང་སྤྱོད་ཀྱི་བསྟི་གནས་ཁང་གི་ (Centre for Contemplative Science and Compassion-Based Ethics) ལས་གཞི་གཞན་ཁག་ལ་ཤེས་རྟོགས་བྱེད་དགོས།

Top