སྤྱི་སེམས་བཟང་གསུམ་གྱི་སློབ་གཉེར། ང་ཚོའི་སེམས་ཚོར་རྟོགས་པ།

སྤྱི་ཚོགས་དང་། སེམས་ཚོར། བཟང་སྤྱོད་སློབ་གཉེར། ཨེ་མོ་རི་སློབ་ཆེན་ཁང་། སྒྲོམ་གཞི་སྙིང་བསྡུས།

སྤྱི་སེམས་བཟང་གསུམ་ (SEE) གྱི་སློབ་གཉེར་འདི་ནི་ཨེ་མོ་རི་གཙུག་ལག་སློབ་ཁང་གི་སྒོམ་པའི་ཚན་རིག་དང་སྙིང་རྗེ་གཞི་རྩར་བྱས་པའི་བཟང་སྤྱོད་ཀྱི་བསྟི་གནས་ཁང་ནས་སྤེལ་གནང་བའི་ལས་རིམ་ཞིག་ཡིན་པ་རེད། འདིའི་དམིགས་ཡུལ་ནི་སེམས་ཚོར་གྱི་ཐོག་ནས་བདེ་ཐང་དང་བཟང་སྤྱོད་ཀྱི་ཐོག་ནས་འོས་འགན་ཡོད་པའི་མི་སྒེར་དང་། སྤྱི་ཚོགས་ཀྱི་སྡེ་ཁག །དེ་ལས་ཀྱང་གཞི་རྒྱ་ཆེ་བའི་སྤྱི་ཚོགས་བཅས་གསོ་སྐྱོང་བྱ་རྒྱུ་དེ་རེད། སྤྱི་སེམས་བཟང་གསུམ་གྱི་དུམ་ཚན་དང་པོ་ང་ཚོའི་སེམས་ཚོར་རྟོགས་པ་ཞེས་པ་འདིའི་སྐབས། ང་ཚོས་སེམས་ཚོར་ལ་ཁ་ལོ་སྒྱུར་ཚུལ་དང་གདོང་ལེན་བྱེ་ཚུལ་སྐོར་སྦྱོང་གི་ཡོད།

ངོ་སྤྲོད།

སྤྱི་སེམས་བཟང་གསུམ་ (SEE) གྱི་སློབ་གཉེར་འདི་ནི་ང་ཚོའི་མི་ཚེའི་གནས་གསུམ་ལ་ཕན་པའི་ཆེད་དུ་བཟོ་བཀོད་བྱས་ཡོད་པ་སྟེ། དོ་བདག་སྒེར་དང་། སྤྱི་ཚོགས། གོ་ལ་སྤྱི་ཡོངས་བཅས་གསུམ་རེད། གནས་གསུམ་པོ་དེ་དག་ལ་རང་དབང་ཐོག་ནས་སམ་ཡང་ན་གོ་རིམ་གང་འདྲ་ཞིག་གི་ཐོག་ནས་འཇུག་ཆོག་ཀྱང་། གལ་ཏེ་ང་ཚོས་གཞན་དང་རྒྱ་ཆེ་བའི་སྤྱི་ཚོགས་ཀྱི་དགོས་གལ་ལ་གདོང་ལེན་བྱ་རྒྱུ་དང་ཐ་ན་འཛམ་གླིང་ཁྱོན་ཡོངས་ལ་གདོང་ལེན་བྱ་རྒྱུ་སྦྱོང་བའི་དབང་དུ་བཏང་ན། ང་ཚོས་ཐོག་མར་སོ་སོ་རང་ཉིད་ཀྱི་དགོས་གལ་དང་ནང་སེམས་ལ་གདོང་ལེན་བྱེད་དགོས་ཀྱི་ཡོད། 

དེའང་ “སེམས་ཚོར་ཀྱི་གོ་རྟོགས་” གོང་འཕེལ་གཏོང་བའི་སྒོ་ནས་བྱེད་དགོས། འདིའི་ནང་སེམས་ཚོར་དང་དེ་དག་ལ་ཡོད་པའི་རང་གཞན་གཉིས་ཀའི་ཤུགས་རྐྱེན་ངོས་འཛིན་པ་དང་ངོ་རྟགས་ཆོད་པའི་ནུས་པ་བཅས་ཚུད་ཡོད། ངོས་འཛིན་འདིས་ང་ཚོར་སེམས་ཚོར་རྣམས་དོན་འབྲས་ལྡན་པའི་སྒོ་ནས་ཁ་ལོ་སྒྱུར་ཐུབ་པར་བྱེད་ཀྱི་ཡོད། ང་རང་ཚོ་སོ་སོའི་ཕུགས་རྒྱང་རིང་པོའི་ཁེ་ཕན་གྱི་ནང་ཡོད་པའི་ཐག་གཅོད་ཡག་པོ་བྱེད་པར་དགོས་ངེས་པའི་སེམས་ཀྱི་ཞི་ལྷིང་ཡོད་བཞིན་དུ་མཐར་ཐུག་སེམས་ཚོར་གྱི་གོ་རྟོགས་ཀྱིས་རང་གཞན་གཉིས་ཀར་གནོད་སྲིད་པའི་རང་ཤུགས་ཀྱི་སྤྱོད་ལམ་སྤོང་དུ་འཇུག་གི་ཡོད། དེར་བརྟེན་སེམས་ཚོར་གྱི་གོ་རྟོགས་ནི་ང་ཚོ་ཡར་རྒྱས་འགྲོ་བའི་ཐབས་རྩལ་མེད་དུ་མི་རུང་བ་ཞིག་ཡིན་པ་རེད། 

དོ་བདག་སྒེར་གྱི་གནས་ཀྱི་ནང་དྲན་ཤེས་དང་། སྙིང་རྗེ། བྱ་བར་འཇུག་པ།

སྤྱི་སེམས་བཟང་གསུམ་ (SEE) གྱི་སློབ་གཉེར་གྱིས་དྲན་ཤེས་དང་། སྙིང་རྗེ། བྱ་བར་འཇུག་པ་བཅས་ཀྱི་ནུས་པ་གསུམ་ལ་དམ་འཛིན་དང་ཆེད་དུ་འབད་པ་བྱེད་ཀྱི་ཡོད། དེ་ལ་ “ཁྱད་ཆོས་” ཞེས་སུ་གྲགས་པ་རེད། ཁྱད་ཆོས་དེ་དག་མཉམ་དུ་བསྒྲིལ་ནས་སོ་སོ་རང་ཉིད་སྒེར་གྱི་དཀའ་ངལ་ཁག་ལ་གདོང་ལེན་དང་། འཕེལ་བཞིན་པའི་འཛམ་གླིང་གི་རྙོག་འཛིངས་ལ་གདོང་ལེན། དེ་བཞིན་འགན་ཡོད་ཀྱི་གོ་ལ་སྤྱིའི་མི་སེར་ཞིག་ཆགས་ཕྱིར། ཤེས་རྒྱ་དང་། རིག་རྩལ། སེམས་ཤུགས་བཅས་སྦྱིན་གྱི་ཡོད། དོ་བདག་སྒེར་སོ་སོའི་གནས་ཀྱི་ནང་། ཁྱད་ཆོས་གསུམ་པོ་ལ་ལྟ་ཚུལ་མི་འདྲ་བ་གསུམ་གྱི་སྒོ་ནས་བསམ་ཞིབ་བྱས་ཡོད་དེ།

  • རང་སེམས་ཀྱི་གནས་ཚུལ་ཡིད་ལ་བྱེད་པ་དང་རང་གིས་རང་ལ་གོ་རྟོགས།
  • རང་གིས་རང་ལ་སྙིང་རྗེ།
  • རང་གིས་རང་ལ་སྒྲིག་ཁྲིམས།

དོ་སྣང་དང་རང་གིས་རང་ལ་གོ་རྟོགས་ནི། སོ་སོའི་ལུས་སེམས་ཀྱི་གནས་བབས་གང་མང་རྟོགས་པའི་ཕྱིར་དོ་སྣང་བྱེད་པ་ལ་གོ་བ་ཡིན། དེ་དག་གི་ནང་ “སེམས་ཀྱི་ས་ཁྲ་” ཞིག་གི་ལམ་སྟོན་ལ་བརྟེན་ནས་སོ་སོའི་སེམས་ཚོར་གྱི་སྐོར་སྦྱོང་གི་ཡོད། དེ་ལྟར་རང་གིས་རང་ལ་སྙིང་རྗེ་ལ་བརྟེན་ནས་ང་ཚོས་སོ་སོའི་ཚོར་བ་དང་སེམས་ཚོར་རྣམས་ལ་ཤེས་རྟོགས་བྱེད་པ་དང་དེ་དག་རྒྱ་ཆེ་བའི་སྐབས་དོན་གྱི་ནང་དེ་དག་གི་གོ་དོན་སྟོན་ཐབས་བྱེད་ཀྱི་ཡོད། འདིའི་ནང་ང་ཚོའི་སེམས་ཚོར་རྣམས་རྒྱུ་དང་རྐྱེན་སྣ་ཚོགས་པ་ལས་ཇི་ལྟར་འབྱུང་གི་ཡོད་པའི་ཐད་ལ་བརྟག་ཞིབ་བྱེད་ཀྱི་ཡོད་པ་དང་། དེས་དེ་ལས་རྒྱ་ཆེ་བའི་རང་གིས་རང་ཁས་ལེན་བྱེད་ཐུབ་པ་ཡོང་གི་ཡོད། མཐར་ལྟ་ཚུལ་དང་པོ་གཉིས་ལས་ཐོབ་པའི་ནང་གི་རྟོགས་པ་ལ་བརྟེན་ནས་ང་ཚོ་རང་ཤུགས་ཀྱི་སྟངས་འཛིན་སྐྱེད་པ་དང་བཟང་ཕྱོགས་ཀྱི་སྒོ་ནས་ཉིན་རེའི་མི་ཚེའི་དཀའ་ངལ་རྣམས་གདོང་ལེན་དང་ཡ་ལན་སྤྲོད་པའི་ནུས་པ་ཡར་རྒྱས་གཏོང་བའི་ཆེད་རང་གིས་རང་སྒྲིག་ཁྲིམས་ལ་འཇུག་གི་ཡོད། 

ཁྱོན་ཡོངས་ནས་བསམས་ཏེ། དོ་བདག་སྒེར་སོ་སོའི་གནས་ཀྱི་བརྗོད་གཞི་འདི་དག་ཐམས་ཅད་སེམས་ཚོར་གྱི་གོ་རྟོགས་སྐྱེད་པར་ལྟ་ཆོག ང་ཚོའི་སེམས་དང་སེམས་ཚོར་གྱི་རྙོག་འཛིངས་ཅན་གྱི་ནང་གི་ཆགས་ཚུལ་ལ་གྲོས་མོལ་བྱེད་པའི་ནུས་པ་མེད་པར། གཏིང་ཚུགས་པར་གནས་པའི་རང་གིས་རང་ལ་གནོད་པའི་བག་ཆགས་དེ་དག་ལས་ཐར་བ་ནི་ཕལ་ཆེར་མི་སྲིད་པ་ལྟ་བུ་རེད། འདིས་ང་ཚོའི་རང་གིས་རང་ལ་སྟངས་འཛིན་དང་ཐ་ན་ང་ཚོའི་རང་དབང་གི་འཇོན་ནུས་ལ་ཚད་བཀག་བཟོ་ཡི་ཡོད། རང་འདོད་དོན་གཉེར་ཅན་མིན་པར་རང་གིས་རང་ཡར་རྒྱས་ཀྱི་དུས་སྐབས་སུ་ང་ཚོས་ཐབས་ཚུལ་དང་རིག་རྩལ་བྱེ་བྲག་་སྐྱེད་པ་རྣམས་སེམས་ཚོར་གྱི་བཙན་ཁྲིད་སྤོང་བར་བཀོལ་སྤྱོད་བྱེད་སྲིད། དེའི་ཚབ་ལ་ང་ཚོར་ཡར་རྒྱས་འགྲོ་བ་དང་ལམ་ལྷོང་ཡོང་བར་ཕན་པའི་བྱ་བ་བརྩམ་ཐུབ་པ་ཡོང་གི་ཡོད། ད་ང་ཚོས་ལྟ་ཚུལ་གསུམ་པོ་ལ་གཏིང་ཟབ་པ་བལྟ་རྒྱུ་ཡིན། 

རང་སེམས་ཀྱི་གནས་ཚུལ་ཡིད་ལ་བྱེད་པ་དང་རང་གིས་རང་རྟོགས་པ།

དོ་བདག་སྒེར་སོ་སོའི་གནས་ཀྱི་དམིགས་ཡུལ་ནི། ལུས་སེམས་ཀྱི་སྐོར་ལ་གནས་ཚུལ་མཁོ་སྤྲོད་བྱས་པ་ལ་བརྟེན་ནས་ལུས་དང་སེམས་ཀྱི་ནང་གང་འབྱུང་བཞིན་ཡོད་པའི་གང་ཟག་དང་པོའི་གོ་རྟོགས་ཤིག་མཉམ་སྡེབ་བྱེད་ཐུབ་པར་བྱ་རྒྱུ་དེ་རེད། དཔེར་ན། ཁོང་ཁྲོ་ཟེར་བ་དེ་གང་ཡིན་པ་དང་། ཁོང་ཁྲོ་སྐྱེ་དགོས་པའི་རྒྱུ་མཚན་གང་ཡིན་པ། ཁོང་ཁྲོ་དེ་ཞི་འཇམ་ཇི་ལྟར་བཟོ་ཐུབ་པའི་ཤེས་སྟོབས་ཀྱི་གོ་རྟོགས་ཤིག་ཡོད་བཞིན་དུ་ང་ཚོས་སོ་སོའི་ཚོར་བ་དང་སེམས་ཚོར་ལ་དོ་སྣང་བྱེད་པའི་སྒོ་ནས་སོ་སོ་རང་ཉིད་ཀྱི་ཉམས་མྱོང་ཐོག་ནས་ཁོང་ཁྲོ་ངོས་འཛིན་སྟངས་སྦྱོང་བ་ལྟ་བུ་རེད། ཐད་ཀའི་ཉམས་མྱོང་དང་སྦྱང་པའི་ཤེས་རྒྱ་ཟུང་དུ་འབྲེལ་བ་འདི་ནི་སེམས་ཚོར་གོ་རྟོགས་ཀྱི་ཕྱོགས་སུ་སྐྱོད་པའི་གོམ་པ་དང་པོ་དེ་ཡིན་པ་རེད། རང་སེམས་ཀྱི་གནས་ཚུལ་ཡིད་ལ་བྱེད་པ་དང་རང་གིས་རང་རྟོགས་པའི་ནུས་ཚད་གསུམ་ཡོད་དེ།

  • ང་ཚོའི་ལུས་པོ་དང་དེའི་མྱོང་ཚོར་ལ་གདོང་ལེན་བྱེད་པ།
  • ང་ཚོའི་སེམས་ཚོར་དང་ཚོར་བ་ལ་གདོང་ལེན་བྱེད་པ།
  • སེམས་ཀྱི་ས་ཁྲ་ཞིག་གི་རྗེས་སུ་འབྲང་བ་བཅས་སོ།།

ང་ཚོའི་ལུས་པོ་དང་དེའི་མྱོང་ཚོར་ལ་གདོང་ལེན་བྱེད་པ།

ང་ཚོས་མྱོང་ཚོར་གྱི་རིམ་པའི་ཐོག་ནས་ལུས་པོའི་ནང་གང་འབྱུང་བཞིན་ཡོད་པའི་ཐད་ལ་སེམས་གཏད་པའི་སྒོ་ནས་འགོ་འཛུགས་བྱེད་དགོས། ང་ཚོའི་ལུས་པོ་ནི་དབང་རྩའི་མ་ལག་གི་གནས་བབས་སྐོར་གྱི་རྒྱུན་མི་ཆད་པའི་གནས་ཚུལ་གྱི་འབྱུང་ཁུངས་ཤིག་ཡིན་པ་རེད། དེ་ཡང་སེམས་ཚོར་གྱི་གནས་བབས་རྣམས་ཁྱད་པར་དུ་ལུས་པོ་གང་སར་འགྱུར་ལྡོག་གིས་གྲོགས་བྱས་ཡོད་པ་སྟེ། སྙིང་གི་འཕར་ཚད་དང་། ཤ་གནད་དང་ཤ་རྒྱུས་དམ་པོ་དང་ལྷོད་དལ། དྲོད་དང་བསིལ་བའི་ཚོར་བ་ལ་སོགས་པ་ལྟ་བུ་རེད། ལུས་པོའི་ནང་གང་འབྱུང་བཞིན་ཡོད་པར་དོ་སྣང་བྱེད་པ་དེས་ནམ་རྒྱུན་ཡང་སེ་ང་ཚོའི་སེམས་ཚོར་གྱི་གནས་བབས་དེ་ཉམས་མྱོང་གི་སེམས་ཀྱི་རྣམ་པ་ཁོ་ན་ལ་རན་འཚམས་བཟོ་བ་ལས་ཀྱང་མྱུར་བ་ཡོད་པ་དེ་ང་ཚོར་བརྡ་ལན་སྤྲོད་ཀྱི་ཡོད། 

ང་ཚོའི་ལུས་པོ་ནང་གི་མྱོང་ཚོར་རྣམས་རྟོགས་པ་བརྒྱུད་དབང་རྩའི་མ་ལག་ལ་དོ་སྣང་བྱེད་པ་ལ་བརྟེན་ནས་ང་ཚོས་རིམ་པས་སེམས་ངལ་གནོན་ཤུགས་དང་བདེ་ཐབས་ཀྱི་རྟགས་མཚན་རྣམས་རྟོགས་ཀྱི་ཡོད། དེ་བཞིན་ང་ཚོ་ཚད་བརྒལ་གྱི་རྐྱེན་སློང་བྱེད་ (སེམས་འཚབ་དང་། ཚད་བརྒལ་གྱི་ཁོང་ཁྲོ། དཀྲོག་རྐྱེན་) ཀྱི་གནས་བབས་སམ་ཡང་ན་ཚད་མ་ལོངས་པའི་རྐྱེན་སློང་བྱེད་ཀྱི་ (སྒྱིད་ལུག་དང་ཡིད་ཞུམ་པའི་ཚོར་སྣང་) གནས་སྐབས་ཤིག་གི་ནང་ཡོད་དང་མེད་སྔར་ལས་མྱུར་བར་རྟོགས་འགོ་བཙུག་གི་རེད། གོ་རྟོགས་འདི་ནི་ལུས་པོ་ཆ་སྙོམས་པོ་བཟོ་རྒྱུ་དང་ལུས་ཁམས་ཆགས་ཚུལ་གྱི་བདེ་ཐབས་ཀྱི་གནས་བབས་ཤིག་གི་སྟེང་དུ་ཕྱིར་ལོག་བྱ་རྒྱུ་སྦྱོང་བའི་གོམ་པ་དང་པོ་དེ་ཡིན་པ་དང་། དེ་དག་ནི་སོ་སོ་རང་ཉིད་དང་གཞན་གྱི་དགོས་དོན་ཡག་ཤོས་ཀྱི་ཆེད་དུ་བྱ་བར་འཇུག་པའི་སྔོན་འགྲོའི་ཆ་རྐྱེན་ཁག་ཡིན་པ་རེད།

ང་ཚོའི་སེམས་ཚོར་དང་ཚོར་བ་ལ་གདོང་ལེན་བྱེད་པ།

ལུས་པོ་ལ་གདོང་ལེན་བྱེད་པ་དང་སྟངས་འཛིན་བྱེད་ཚུལ་སྦྱོང་བ་དེས་སེམས་ཚོར་དང་ཚོར་བ་ལ་གདོང་ལེན་བྱེད་པའི་རྨང་གཞི་དེ་མཁོ་སྤྲོད་བྱེད་ཀྱི་ཡོད། ལུས་པོ་ཇི་ཙམ་གྱིས་ཞི་ལྷིང་ཆེ་བ་དང་གཏིང་ཚུགས་པ་ཡོད་པ་དེ་ཚོད་ཀྱིས་སེམས་ལ་དམིགས་པ་གཏད་རྒྱུ་དེ་ལས་སླ་བ་ཡོད། 

སེམས་ཚོར་རྣམས་ཧ་ཅང་མྱུར་པོ་སྐྱེད་པའི་སྐབས་སུ་དེ་དག་ནམ་རྒྱུན་ཤིང་ནགས་མེས་དྲག་ཏུ་མ་འཚིག་གོང་ལ་མེ་སྟག་ལྟ་བུ་འགོ་འཛུགས་བྱེད་ཀྱི་ཡོད། གལ་ཏེ་ང་ཚོས་མེ་སྟག་ཙམ་གྱི་གནས་སྐབས་ཀྱི་རིམ་པ་སྔ་ས་ནས་ཉོན་མོངས་ཅན་གྱི་སེམས་ཚོར་དེ་དག་རྟོགས་ཐུབ་ན། དེ་དག་ལ་གང་འཚམས་ཀྱི་ལས་སླ་པོའི་སྒོ་ནས་གདོང་ལེན་བྱེད་ཐུབ། འོན་ཀྱང་། དེ་ལྟར་བྱེད་པར་དུས་ད་ལྟའི་སྐད་ཅིག་གི་ནང་སེམས་ཚོར་གྱི་རིགས་སྐྱེ་བའི་སྐབས། ང་ཚོས་དེ་དག་མཐོང་བའི་ནུས་ཚད་ཅིག་སྐྱེད་ཐུབ་པར་བྱེད་དགོས། ནུས་ཚད་འདི་དྲན་པ་ལྟ་བུའི་ཉམས་ལེན་ལ་བརྟེན་ནས་ཡང་ནས་ཡང་དུ་སྦྱོང་བ་དང་གོང་ནས་གོང་དུ་སྤེལ་ཐུབ། 

སེམས་ཀྱི་ས་ཁྲ་ཞིག་གི་རྗེས་སུ་འབྲང་བ།

ང་ཚོའི་སེམས་ཚོར་གྱི་རིགས་ལ་དོ་སྣང་བྱ་རྒྱུ་དེ་ནི་སེམས་ཀྱི་ས་ཁྲ་ཞིག་ཡོད་པ་དེས་ཕན་གྲོགས་ཆེན་པོ་བྱེད་ཀྱི་ཡོད། དེ་ནི་ང་ཚོའི་སེམས་ཚོར་གྱི་ཡུལ་བཀོད་ལྟ་བུ་དེ་ལ་ཁ་ལོ་སྒྱུར་བར་རོགས་བྱེད་པའི་འབྱུང་ཁུངས་ཤིག་ཡིན་པ་རེད། སེམས་ཀྱི་ས་ཁྲ་དེས་སེམས་ཚོར་གྱི་རིགས་མི་འདྲ་བ་སྣ་ཚོགས་པ་དང། དེ་དག་གི་ཐུན་མོང་ཁྱད་ཆོས་ཁག སེམས་ཚོར་དེ་དག་གང་ལས་སྐྱེ་བ་དང་གང་གིས་རྒྱབ་རྟེན་བྱེད་ཀྱི་ཡོད་པ་བཅས་ངོས་འཛིན་ཐུབ་པ་བཟོ་བའི་གནས་ཚུལ་མཁོ་སྤྲོད་བྱེད་ཀྱི་ཡོད། ང་ཚོས་སེམས་ཚོར་ཡོད་དོ་ཅོག་རང་བཞིན་ལྷན་སྐྱེས་ཀྱི་གནོད་བྱེད་མི་དགེ་བ་ཡིན་པ་ཤེས་ཀྱི་ཡོད། འོན་ཀྱང་། དེ་དག་སྐབས་དོན་དང་གནས་སྟངས་དང་རན་འཚམས་མེད་པའི་སྐབས་སུ་གནོད་བྱེད་མི་དགེ་བ་ཆགས་ཀྱི་ཡོད། དཔེར་ན། འཇིགས་སྣང་ལྟ་བུས་ང་ཚོ་དུག་ཅན་གྱི་སྦྲུལ་འགྲམ་དུ་མི་འགྲོ་བའི་ཉེན་བརྡ་གཏོང་བའི་སྐབས། དེ་ནི་ཕན་བྱེད་དགེ་བ་ཞིག་ཡིན་ཆོག ཡིན་ནའང་། འཇིགས་སྣང་དེ་རྒྱུན་ཆད་མེད་པའི་སེམས་འཚབ་གྱི་གནས་སྐབས་སུ་བསླེབས་སྐབས། དེ་ནི་ལྡོག་ཕྱོགས་ཀྱི་འབྲས་བུ་ཞིག་ཏུ་འགྱུར་སྲིད་པ་རེད། 

སེམས་ཀྱི་ས་ཁྲའི་ལམ་སྟོན་ལ་བརྟེན་ནས་སེམས་ཚོར་ཀྱི་གོ་རྟོགས་སྐྱེད་པ་བརྒྱུད་ང་ཚོས་ཞེ་སུན་དང་སྤྲོ་ཐུང་དེ་ནི་ཁོང་ཁྲོ་སྐྱེ་བར་བྱེད་པའི་སེམས་ཚོར་གྱི་གནས་བབས་བཟོད་བདེ་ལ་ཡང་བ་ཞིག་ཡིན་པ་དང་། དེ་ལྟ་བུའི་ཞིབ་བཤེར་མ་བྱས་པའི་ཁོང་ཁྲོ་དེའི་འབྲས་བུར་ཁོང་ཁྲོ་དྲག་ཏུ་འབར་བ་ཞིག་ཡོང་སྲིད་པ་རེད། སེམས་ཚོར་གྱི་རིགས་ཕྲ་བ་རྣམས་སྟངས་འཛིན་བྱེད་མི་ཐུབ་པའི་སེམས་ཚོར་གྱི་གནས་བབས་སུ་མ་གྱུར་གོང་ནས་དེ་དག་ངོས་འཛིན་བྱེད་ཐུབ་པ་ནི་སེམས་ཀྱི་འཕྲོད་བསྟེན་ཆ་སྙོམས་བཟོ་བར་མེད་དུ་མི་རུང་བའི་ཐབས་རྩལ་ཞིག་ཡིན་པ་རེད། 

རང་གིས་རང་ལ་སྙིང་རྗེ།

རང་གིས་རང་ལ་སྙིང་རྗེ་ཟེར་བ་ནི་རང་གིས་རང་ཉིད་ལ་ཡ་ང་དང་ཤ་ཚ་བྱེད་པ་དང་གུ་ཡངས་ཀྱི་རང་ཉིད་ཚིམ་སྣང་ཞིག་གམ། ཡང་ན་རང་མཐོང་ཆེན་པོ་ཞིག་མིན། རང་གིས་རང་ལ་སྙིང་རྗེ་ཟེར་བ་ནི་དམིགས་བསལ་ནང་སེམས་དང་འབྲེལ་བའི་སོ་སོའི་མི་ཚེ་ལ་གཞིགས་པའི་བཅོས་མིན་གྱིས་རང་ཉིད་ལ་གཅེས་སྐྱོང་བྱེད་པ་དེ་རེད། ང་ཚོའི་སེམས་ཚོར་རྣམས་སོ་སོའི་དགོས་མཁོ་དང་འབྲེལ་བ་ཇི་ལྟར་ཆགས་ཀྱི་ཡོད་པ་དེ་རྟོགས་རྒྱུ་དེ་གལ་ཆེན་པོ་རེད། སེམས་ཚོར་གྱི་གོ་རྟོགས་རིམ་པ་འདིས་རང་གིས་རང་ལ་ཁས་ལེན་ཆེ་བ་བྱེད་དུ་འཇུག་གི་ཡོད། གང་ཡིན་ཞེ་ན། ང་ཚོས་སེམས་ཚོར་རྣམས་ཅིའི་ཕྱིར་འབྱུང་གི་ཡོད་པ་དང་ཇི་ལྟར་འབྱུང་གི་ཡོད་པ་རྟོགས་པའི་སྐབས། དེ་དག་ལ་རང་གིས་རང་ལ་དཔྱད་ཁྲ་ཉུང་བའི་སྒོ་ནས་འབྲེལ་བ་བྱེད་ཆོག དེ་ལྟར་ང་ཚོས་སེམས་ཚོར་རྣམས་ཡུད་ཙམ་ལས་མི་གནས་པ་དང་། སྐབས་དོན་གྱི་ནང་འབྱུང་གི་ཡོད་པ། དེ་དག་ང་ཚོའི་སེམས་ཀྱི་ཆ་ཤས་སུ་འགྱུར་བ་མེད་པ་ཞིག་མིན་པ་བཅས་མཐོང་བའི་སྐབས། འདིས་རང་གིས་རང་ལ་གདེང་ཚོད་དང་མུ་མཐུད་ནས་རང་ཉིད་ཡར་རྒྱས་གཏོང་བར་འབད་དགོས་པའི་ཀུན་སློང་བཅས་སྦྱིན་གྱི་ཡོད། 

རང་གི་ཁས་ལེན་དང་རང་གི་གདེང་ཚོད་ཀྱི་ཁྱད་ཆོས་དེ་གཉིས་ཀྱིས་སྐྱོན་བརྗོད་ལ་ངོས་ལེན་དང་འཐུས་ཤོར་གྱི་རིགས་ལ་བཟང་ཕྱོགས་དང་སོར་ཆུད་ནུས་པའི་སྒོ་ནས་གདོང་ལེན་བྱེད་པའི་རྨང་གཞི་སྐྲུན་གྱི་ཡོད། འདིས་ཚད་བརྒལ་གྱི་རང་གིས་རང་ལ་སྐྱོན་བརྗོད་དམ་ཡང་ན་རང་མཐོང་བརླགས་པ་ལས་བྱུང་བའི་སེམས་སྡུག་ཡིད་ཆད་ལ་སྔོན་འགོག་བྱེད་ཀྱི་ཡོད། རང་གིས་རང་ལ་སྙིང་རྗེ་ལ་རྣམ་པ་གཉིས་ཡོད་དེ།

  • སྐབས་དོན་ནང་གི་སེམས་ཚོར་རྣམས་རྟོགས་པ།
  • རང་གིས་རང་ཁས་ལེན། 

རང་གིས་རང་ལ་སྙིང་རྗེ་ནི་ང་ཚོའི་འཇོན་ནུས་ཀྱི་དངོས་ཡོད་དང་མཐུན་པའི་དཔྱད་ཞིབ་ཅིག་ལ་གཞི་བྱས་ཡོད། གལ་ཏེ་ང་ཚོ་སོ་སོ་རང་ཉིད་སེམས་བཟང་དང་བྱམས་བརྩེ་ལྡན་པ་ཞིག་མེད་ན། སོ་སོས་བྱེད་མི་ཐུབ་པའི་སྐབས་སུ་དེ་ལས་མང་བ་བྱེད་དགོས་ཀྱི་འདུག་ཅེས་ཚོར་སྲིད་པ་དང་དེས་སེམས་སྡུག་ཡིད་ཆད་དང་དབང་མེད་ཆགས་ཀྱི་ཡོད། སོ་སོ་རང་ཉིད་ལ་འཛམ་གླིང་ནང་ལམ་ལྷོང་དང་ལེགས་གྲུབ་གང་ཡོང་བ་དང་བསྟུན་ནས་ཚོད་དཔག་བྱ་རྒྱུ་ལས་ལྡོག་སྟེ། ང་ཚོས་སོ་སོའི་སྐྱོན་གྱི་ཆ་རྣམས་དྲང་བདེན་དང་། བསམ་ཤེས། བཟོད་སྒོམ་ལ་བརྟེན་ནས་ཁས་ལེན་བྱེད་དགོས། 

སྐབས་དོན་ནང་གི་སེམས་ཚོར་རྟོགས་པ།

སྐབས་དོན་ནང་གི་ང་ཚོའི་སེམས་ཚོར་རྟོགས་པར། དེ་དག་ང་ཚོའི་རིན་ཐང་དང་། དགོས་མཁོ། རེ་བ་བཅས་ལ་འབྲེལ་བ་ཇི་ལྟར་ཆགས་ཀྱི་ཡོད་པ་སྟེ། དེ་ལ་ཞིབ་བརྟག་གི་བསམ་བློ་དགོས་ཀྱི་ཡོད། སྔོན་ལ་ང་ཚོའི་ནང་སེམས་ཀྱི་འཛམ་གླིང་ལ་གདོང་ལེན་བྱ་རྒྱུ་དེ་སྦྱངས་ཡོད་པ་དང་འདིར་གནས་སྟངས་ཤིག་ལ་ང་ཚོའི་སེམས་ཚོར་གྱི་ཡ་ལན་དེ་ཕྱིའི་རྐྱེན་སློང་ཞིག་གིས་རྒྱུད་སྐུལ་བྱས་པ་ཙམ་དུ་མ་ཟད། ང་ཚོའི་ལྟ་ཚུལ་དང་བློའི་ཁྱེར་སོས་ཀྱང་རྒྱུད་སྐུལ་བྱས་ཡོད། ལྟ་ཚུལ་དང་བློའི་ཁྱེར་སོ་ནི་ང་རང་ཚོ་སོ་སོ་རང་ཉིད་ཀྱི་དགོས་མཁོའི་ཡུལ་ཅན་གྱི་ཤེས་པའི་ནང་རྩ་བ་ཚུགས་ནས་ཡོད་པ་རེད། དཔེ་ཆ་བཞག་ན། སེམས་འཚབ་ནི་མི་སྲིད་པའི་གནས་སྟངས་ཤིག་གི་ནང་ངེས་བརྟན་ཆེ་བར་འདོད་པ་ལས་བྱུང་བ་ཡིན་སྲིད། ཁོང་ཁྲོ་ནི་གུས་ཞབས་བྱེད་དགོས་གལ་ཞིག་ལས་འབྱུང་སྲིད་པ་རེད། རེ་བ་མེད་པ་དེ་ནི་དུས་ཚོད་དང་བཟོད་སྒོམ་དགོས་པའི་གནས་སྟངས་ཤིག་ལ་གློ་བུར་གྱི་འགྱུར་ལྡོག་ཅིག་འདོད་པ་ལས་འབྱུང་སྲིད། གནས་སྟངས་དེ་དག་ཐམས་ཅད་ཀྱི་ནང་། སེམས་ཚོར་རྣམས་གཙོ་བོ་ང་རང་ཚོ་སོ་སོ་རང་ཉིད་ཀྱི་བློའི་ཁྱེར་སོ་དང་རེ་བས་རྐྱེན་སློང་བྱས་ཡོད། 

ང་ཚོར་ནང་གི་རྟོགས་པ་དེ་དག་ཐོབ་པ་དང་རང་གིས་རང་ལ་དཔྱད་ཁྲ་གནོད་འཚེ་ཅན་ཞིག་བྱེད་དུ་འཇུག་སྲིད་པའི་དངོས་ཡོད་དང་མི་མཐུན་པའི་རེ་བ་རྣམས་ངོས་འཛིན་སྟངས་སྦྱོང་བཞིན་དུ་ང་ཚོ་ནི་སོ་སོ་རང་ཉིད་ཀྱི་རིན་ཐང་ངོས་འཛིན་དང་དེ་ལ་ཡི་རང་བྱེད་པ། དེ་བཞིན་རང་གིས་རང་ལ་རིན་ཐང་དང་ནང་གི་གདེང་ཚོད་ཀྱི་ཡུན་བསྲིངས་པའི་འདུ་ཤེས་ཤིག་སྐྱེད་པའི་གནས་སྟངས་ཡག་ག་ཞིག་གི་ནང་ཡོད། སེམས་ཚོར་ཀྱི་ཡ་ལན་དེ་དག་ནམ་རྒྱུན་དགོས་གལ་ལས་ཇི་ལྟར་འབྱུང་གི་ཡོད་པ་དེ་ངོས་འཛིན་པའི་སྒོ་ནས་ང་ཚོས་དགོས་གལ་དེ་དག་ལ་ཞིབ་བརྟག་ཐོག་དཔྱད་ཞིབ་ཀྱང་བྱེད་ཆོག དེ་དག་ལས་ཚང་མ་གཅིག་པ་ཡིན་སྲིད་ཀྱི་མ་རེད། འདིས་སོ་སོ་རང་ཉིད་ཀྱི་རིན་ཐང་རྣམས་ལ་གཏིང་ཟབ་པའི་ཡི་རང་དང་ང་ཚོ་རིན་ཐང་དེ་དག་སྟོན་པའི་མི་ཚེ་ཞིག་ལ་གང་གིས་འཁྲིད་རྒྱུ་ཡིན་པའི་མཁོ་གནད་དང་དགོས་འདོད་གཉིས་ཁྱད་པར་འབྱེད་ཀྱི་ཡོད། གནས་སྐབས་རིང་གི་འདོད་པའི་རྗེས་སུ་འདེད་པའི་ཁྱད་པར་འདིས་ཕུགས་རྒྱང་རིང་པོའི་བདེ་ཐབས་ལ་འཁྲིད་མི་སྲིད་པ་རེད། 

རང་གིས་རང་ཁས་ལེན། 

རང་གིས་རང་ཁས་ལེན་ནི་ཧ་ཅང་གལ་གནད་ཅན་ཞིག་ཡིན་པ་རེད། ང་ཚོའི་སྤྱི་ཚོགས་ནང་གི་ཁོང་ཁྲོ་ནི་ཉིན་རེ་བཞིན་དུ་ནང་ལོགས་སུ་ཁ་བསྒྱུར་ནས་ཡོད། ཚད་བརྒལ་གྱི་རང་གིས་རང་ལ་སྐྱོན་བརྗོད་དང་། རང་གིས་རང་ལ་མི་དགའ་བ། རང་གིས་རང་ལ་ཞེ་ལོག་པ་བཅས་ཀྱིས་སྒེར་སོ་སོའི་འཕྲོད་བསྟེན་དང་བདེ་སྐྱིད་ལ་ཧ་ཅང་གནོད་སྐྱོན་གཏོང་བཞིན་ཡོད་པ་དང་། དེ་རྗེས་ནས་གཞན་ལ་གནོད་འཚེ་ཚབས་ཆེན་བྱེད་སྲིད་པ་རེད། རང་མཐོང་ཤུགས་ཆེ་རུ་གཏོང་རྒྱུ་དེ་དཀའ་ངལ་སེལ་ཐབས་ཡག་ཤོས་མིན། གང་ཡིན་ཞེ་ན། རང་མཐོང་ནི་གཞན་དག་དང་འགྲན་སྡུར་ལ་གཞི་བྱས་ཡོད་པ་དང་གང་ཟག་སྒེར་སོ་སོའི་རང་མཐོང་ཆེན་པོ་དེ་ལ་འཇིགས་སྐུལ་བྱས་སྐབས། དྲག་རྒོལ་དེ་ཡང་སེ་མངོན་དུ་འགྱུར་གྱི་ཡོད། དེ་ལས་ཐབས་ལམ་བཟང་བ་ཞིག་ནི། ང་ཚོའི་སེམས་ཚོར་གྱི་མི་ཚེ་དང་དགོས་མཁོ་གོ་རྟོགས་ཡག་པོ་རྙེད་པའི་སྒོ་ནས་ནང་སེམས་ཀྱི་བཟོད་བསྲན། སོར་ཆུད་ནུས་པ། སྙེམ་ཆུང་། བློ་ཁོག་སྐྱེད་རྒྱུ་དེ་རེད། འདི་ལྟར་བྱེད་པ་ལ་བརྟེན་ནས་སྐྱོན་བྲལ་ཡང་དག་གི་སེམས་གཙོའི་རང་བཞིན་ལ་སོས་དལ་བྱེད་དུ་འཇུག་པ་དང་ང་ཚོ་དང་གཞན་གྱི་མི་ཚེའི་དངོས་ཡོད་དང་མཐུན་པའི་རེ་བའི་ཕྱོགས་སུ་སྐྱོད་དུ་འཇུག་གི་ཡོད། 

དེང་དུས་ཀྱི་རིག་གཞུང་ནི་བརྙན་འཕྲིན་དང་། གློག་བརྙན་གྱི་རིགས་སོགས་སྤྱི་ཚོགས་བརྒྱུད་ལམ་ཁག་ནས་དངོས་ཡོད་དང་མི་མཐུན་པའི་བསམ་བློ་མང་དག་ཅིག་བསླབ་པར་ཧ་ཅང་གི་ཕན་ནུས་ལྡན་པ་ཞིག་རེད། ང་ཚོས་ནམ་རྒྱུན་ཡང་ནས་ཡང་དུ་སོ་སོ་རང་ཉིད་ཡང་དག་པར་མཚོན་པར་བྱེད་པའི་གྲགས་ཅན་མི་སྣ་ཚོ་དང་བསྡུར་བའམ། ཡང་ན་ང་ཚོས་སྐྱོན་དང་ནོར་འཁྲུལ་ལས་བྲལ་བའི་ “གྱད་ཀྱི་མི་བོ་” དང་ “ཡ་མཚན་ཅན་གྱི་བུད་མེད་” ལྟ་བུ་བྱ་བ་བྱེད་དགོས་པར་ཡིད་ཆེས་བྱེད་ཀྱི་ཡོད། དེ་ལྟ་བུའི་སྙོབ་མི་སྲིད་པའི་ཚད་གཞི་དེ་དག་གིས་དགོས་མེད་སེམས་ཀྱི་གདུང་བ་སྐྱེད་པར་བྱེད་ཀྱི་ཡོད། འབྲས་བུའི་སུན་སྣང་དེ་སེམས་ཞུམ་པ་དང་རང་གིས་རང་ལ་སྐྱོན་འཛུགས་ཀྱི་ངོ་བོར་འགྱུར་སྲིད་པ་དང་། ཐ་ན་ལུས་ཀྱི་སྒོ་ནས་རང་གིས་རང་ལ་གནོད་པའི་ལས་བྱེད་པའམ། ཡང་ན་ཕྱི་རུ་ཁ་ཕྱོགས་ནས་སྡང་བའི་ངང་ཚུལ་དང་འཚེ་བའི་ངོ་བོར་འགྱུར་སྲིད་པ་རེད། 

ང་ཚོར་སེམས་ཚོར་གྱི་མི་ཚེ་ལ་ཚད་བཀག་ཅན་གྱི་གོ་རྟོགས་ཡོད་པའི་སྐབས། ང་ཚོར་རྩོད་ལེན་དང་། དཀའ་ངལ་གྱི་རིགས། འཐུས་ཤོར་བཅས་ལ་བཟོད་སྒོམ་བྱེད་དཀའ་བ་ཡོད་པ་དང་དེ་ལ་འགྱུར་བ་གཏོང་རྒྱུ་དང་ཕན་བྱེད་དགེ་བའི་ལས་ལ་འཇུག་རྒྱུའི་ཆེད་དུ་གོ་སྐབས་འཚོལ་ཐབས་ཕལ་ཆེར་མི་བྱེད་པ་ལྟ་བུ་ཆགས་ཀྱི་རེད། དུག་རྫས་ཀྱི་འཁོར་མོ་འདི་ཐབས་ཀྱིས་བསླུ་བར། ང་རང་ཚོ་སོ་སོ་རང་ཉིད་ཀྱི་སྐྱོན་གྱི་ཆ་ལ་གཞིགས་པའི་དངོས་ཡོད་དང་མཐུན་པའི་ལྟ་ཚུལ་ནི་གནད་འགག་ཅན་ཡིན་པ་རེད། བཟོད་པ་གོང་འཕེལ་གཏོང་བ་དང་ང་ཚོའི་དཀའ་ངལ་དང་དེ་དག་གི་རང་བཞིན་དང་འབྱུང་ཁུངས་ལ་གོ་རྟོགས་ཡོད་པའི་སྒོ་ནས་སེམས་ཀྱི་གནས་བབས་དང་སྤྱོད་ལམ་གནོད་འཚེ་ཅན་དེ་དག་ལས་རྒྱབ་ཀྱིས་ཕྱོགས་ནས་རང་གིས་རང་ཁ་ཕྱོགས་སམ་དམིགས་གཏད་སྒྱུར་བར་ང་ཚོ་སེམས་འགུལ་ཐེབས་ཀྱི་ཡོད། དེ་དང་ཆབས་ཅིག་ང་ཚོར་སོ་སོའི་ལས་དོན་ལ་ལྟོས་མི་དགོས་པའི་རང་གིས་རང་རིན་ཐང་ཡོད་པ་ཤེས་རྟོགས་ཡོང་བའམ། ཡང་ན་སོ་སོ་རང་ཉིད་དང་གཞན་གྱིས་བཟོས་པའི་རང་སྣང་གང་དྲན་གྱི་ཚད་གཞི་དང་མཐུན་པའི་ནུས་པ་ཤེས་རྟོགས་ཡོང་གི་ཡོད། ཕྱིའི་གནས་སྟངས་ལ་མི་ལྟོས་པའི་རང་གིས་རང་ལ་རིན་ཐང་གི་འདུ་ཤེས་འདིས་སོར་ཆུད་ནུས་པ་ལ་རྒྱབ་རྟེན་ནུས་ཤུགས་ལྡན་པ་ཞིག་བྱེད་ཀྱི་ཡོད། 

ང་ཚོས་ཡིད་ཆད་པ་དང་སེམས་སྡུག་གི་རིམ་པ་འགའ་ཞིག་ནི་བཟློག་ཏུ་མེད་པའི་བདེན་དོན་ལ་བསམ་ཞིབ་བྱེད་པའི་སྒོ་ནས་རང་གིས་རང་ལ་ཁས་ལེན་པ་འདི་འདྲ་ཞིག་རང་རྒྱུད་ལ་སྐྱེད་ཀྱི་ཡོད། ཚང་མའི་ཐོག་ལ་ཡག་ཤོས་ཡོང་རྒྱུ་དེ་མི་སྲིད་པ་ཞིག་རེད། རྟག་པར་རྒྱལ་ཁ་ཐོབ་པ་དང་། ཆོས་ཐམས་ཅད་ཤེས་པ། ཡང་ན་ནོར་འཁྲུལ་རྩ་བ་ནས་མི་བཟོ་བ་ལྟ་བུ་ནི་མི་སྲིད་པ་རེད། འདི་ལ་གདོང་ལེན་བྱེད་དགོས་པ་ནི་ང་ཚོ་ཙམ་མ་རེད། དེ་དག་ནི་མི་ཚང་མའི་མི་ཚེའི་ནང་གི་བདེན་དོན་རྣམས་རེད། 

རང་གིས་རང་ལ་སྒྲིག་ཁྲིམས།

སྔོན་གྱི་དུམ་ཚན་གཉིས་ནང་བརྗོད་གཞི་དང་སྦྱོང་བརྡར་ཁག་འགྲེལ་བརྗོད་བྱས་པ་དེ་དག་གིས་རང་གིས་རང་ལ་སྒྲིག་ཁྲིམས་ཀྱི་སྒྲུབ་རྫས་གཙོ་བོ་བཞག་ཡོད། རང་གིས་རང་ལ་སྒྲིག་ཁྲིམས་ཟེར་བ་ནི་ལུས་དང་། སེམས། སེམས་ཚོར་དང་བཅས་པ་ལས་ཐོབ་པའི་ནང་གི་རྟོགས་པ་དང་གོ་རྟོགས་ལ་དཔུང་སྣོན་བྱེད་པའི་སྦྱོང་བརྡར་དང་སྤྱོ་ལམ་གྱི་རིགས་ལ་གོ་བ་ཡིན། འདིར་དམིགས་ཡུལ་ནི་ང་ཚོས་ལམ་ལྷོང་ལྡན་པའི་སྒོ་ནས་སེམས་ཚོར་རྣམས་ལ་ཁ་ལོ་སྒྱུར་ཐུབ་ཀྱི་ཡོད། དེ་ལ་བརྟེན་ནས་དེ་དག་གིས་རང་གཞན་གཉིས་ཀར་འོས་མེད་ཀྱི་དཀའ་ངལ་རིགས་བཟོ་ཡི་མེད། དེ་ཡང་ང་ཚོའི་སེམས་ཚོར་རྣམས་བར་ཆད་དུ་མི་འགྱུར་བར་སོ་སོའི་མཐུན་ཕྱོགས་སུ་འགྱུར་གྱི་ཡོད། རང་གིས་རང་ལ་སྒྲིག་ཁྲིམས་ཀྱི་ནང་ཆ་ལག་གསུམ་ཡོད་དེ།

  • ལུས་པོ་ཆ་སྙོམས་བཟོ་བ།
  • ཤེས་པ་དང་ངར་ཤུགས་ལ་སྟངས་འཛིན།
  • སེམས་ཚོར་ལ་ཁ་ལོ་སྒྱུར་བ་བཅས་སོ།།

ལུས་པོ་ཆ་སྙོམས་བཟོ་བ།

གལ་ཏེ་ང་ཚོ་སེམས་ངལ་དང་། སེམས་ངལ་གྱི་གནས་སྟངས་ནང་ཡོད་པ་དང་སེམས་ངལ་ནད་རྟགས་གཙོ་བོའམ་ཡང་ན་ཕྲ་མོ་ཙམ་ཡོད་པའི་གནས་སྐབས་སུ་ང་ཚོའི་སེམས་ཚོར་རྣམས་ལ་གྲུབ་འབྲས་ལྡན་པའི་སྒོ་ནས་ཁ་ལོ་སྒྱུར་བར་དགོས་པའི་ཤེས་པ་དང་ངར་ཤུགས་ཀྱི་སྟངས་འཛིན་སྐྱེད་རྒྱུ་ལས་སླ་པོ་མེད། སེམས་ཀྱི་བརྟན་ཆའི་རང་བཞིན་དང་གསལ་བའི་ཆ་དེ་སྐྱེད་པར་བྱེད་པ་ནི་ལུས་ཀྱི་སྒྲིག་ཁྲིམས་འགའ་ཞིག་མེད་པར་ཕལ་ཆེར་མི་སྲིད་པ་ལྟ་བུ་རེད། དེར་བརྟེན་ང་ཚོའི་ལུས་པོ་ཆ་སྙོམས་པོ་བཟོ་བར་ཕན་པའི་ཉམས་ལེན་ཁག་གིས་ང་ཚོར་ཕན་ཐོགས་ཆེན་པོ་ཡོང་གི་རེད། གལ་ཏེ་ང་ཚོ་སེམས་གཅོང་གི་ནད་ཀྱིས་མནར་བའམ་ཆུང་བྱིས་པའི་སྐབས་ནས་ཕན་ལས་གནོད་ཆེ་བའི་ཉམས་མྱོང་ཁག་གམ། ཡང་ན་ང་ཚོ་དགོས་འདོད་ཆུང་བའི་གནས་སྟངས་ཀྱི་ནང་གནས་ཀྱི་ཡོད་ན། ལུས་པོ་ཆ་སྙོམས་བཟོ་རྒྱུ་དེ་ནི་དམིགས་བསལ་གྱི་གལ་ཆེ་བའི་གོམ་པ་ཞིག་ཡིན་པ་རེད། 

ང་ཚོས་ལུས་པོ་ཆ་སྙོམས་པོ་བཟོ་བ་དང་ལུས་པོ་ལྷོད་ཡངས་ངང་གནས་པ་ཙམ་མམ་གཉིད་ཡུར་བར་སྐུལ་མ་བྱེད་པ་ཙམ་གྱི་དབར་ལ་ཁྱད་པར་འབྱེད་དགོས་ཀྱི་ཡོད། སྐབས་འདིར་དམིགས་ཡུལ་ནི་དོ་སྣང་དང་སློབ་གཉེར་གྱི་ཆ་རྐྱེན་དུ་གྱུར་བའི་ལུས་སེམས་སྒྲིག་ཁྲིམས་ཀྱི་གནས་བབས་ཤིག་སྐྲུན་རྒྱུ་དེ་རེད། དེ་ནི་སྒྱིད་ལུག་པ་དང་། གཉིད་ཐིབ་ཐིབ། ཉོབ་ཏོ་དེ་འདྲ་མིན་པར། གྲུང་ཤ་དོད་པོ་དང་། སོར་ཆུད་ནུས་པ། ཆ་སྙོམས་པའི་གནས་བབས་ཤིག་ཡིན་པ་རེད། 

ལུས་པོ་ཆ་སྙོམས་པོ་བཟོ་བའི་ཐབས་སམ་གོམ་པ་དང་པོ་དེ་ནི། རང་གིས་རང་ལ་བདེ་འཇགས་དང་ཉེན་སྲུང་ཡོད་པའི་གནས་ཤིག་སྐྲུན་རྒྱུ་དེ་རེད། ཡིད་ཆེས་དང་ཉེན་སྲུང་ཡོད་པའི་ཚོར་བ་ཞིག་མེད་པར་ང་ཚོ་བག་ཟོན་གྱི་གནས་བབས་མཐོ་པོ་ཞིག་གི་ནང་གནས་ཀྱི་ཡོད། འོན་ཀྱང་། ང་ཚོས་ཉེན་སྲུང་ཡོད་པ་ཚོར་བའི་སྐབས། གང་ཤེས་འདོད་ཡོད་པ་དང་མཉམ་དུ་རང་གི་བསམ་བློ་དང་ཚོར་བ་རྣམས་འཚོལ་ཞིབ་བྱ་རྒྱུ་དེ་རང་དབང་རེད། བརྟན་ཆ་དང་ཉེན་སེལ་ནི་སྔོན་དཔག་ཐུབ་པའི་རང་བཞིན་གྱིས་བསྐྲུན་ཡོད་པ་དང་སྔོན་དཔག་ཐུབ་པའི་རང་བཞིན་དེ་ནི་སྔ་ཕྱི་མི་འགལ་བའི་སྤྱོད་ལམ་གྱིས་བསྐྲུན་ཡོད་པ་རེད། འདིར་སྔ་ཕྱི་མི་འགལ་བ་ཞེས་པ་ནི་རང་གིས་རང་ལ་མཁྲེགས་བཟུང་ཡོད་པའི་སྐོར་མིན་པར། དེ་ལས་ལྡོག་སྟེ། དེ་ནི་གོ་རྟོགས་དང་སྙིང་རྗེ་ལ་བརྟེན་ནས་རང་གིས་རང་ལ་འབྲེལ་བ་བྱེད་པའི་སྔ་ཕྱི་མི་འགལ་བ་དེ་རེད། 

ལུས་པོ་ཆ་སྙོམས་པོ་བཟོ་བ་དང་ཉེན་སེལ་གྱི་འདུ་ཤེས་ཤིག་སྐྱེད་པ་དེ་ལ་གཤམ་གྱི་དོན་ཚན་ཁག་གིས་རྒྱབ་སྐྱོར་བྱེད་ཆོག དེ་དག་ནི།

  • ཐོན་ཁུངས་བེད་སྤྱོད་བྱེད་པ། འདི་ནི་ང་ཚོས་འབྱུང་ཁུངས་རྣམས་ལག་བསྟར་བྱེད་དུ་འཇུག་པ་སྟེ། དེ་ནི་ཕྱི་དང་ནང་གང་རུང་ཡིན་ཆོག ཕྱིའི་འབྱུང་ཁུངས་ལ་ཆ་བཞག་ན། གྲོགས་པོ་དང་། རང་གི་དགའ་ཤོས་ཀྱི་ས་ཆ། ཡིད་ལ་འཐད་པའི་དྲན་གསོ། ཧ་ཅང་གཅེས་ཉར་གྱི་སྲོག་ཆགས་སོགས་ཡིན་ཆོག ནང་གི་འབྱུང་ཁུངས་ལ་ཆ་བཞག་ན། ང་ཚོར་ཡོད་པའི་རིག་རྩལ་ལམ་སོ་སོའི་བག་ཡངས་ཀྱི་དགོད་བྲོའི་ཉམས་སམ་ནུས་སྟོབས་དང་ལྡན་པ་འཇོན་ནུས་ཅན་དུ་ཚོར་བའི་རང་གི་ལུས་པོའི་ཆ་ཤས་ལྟ་བུ་སོ་སོ་རང་ཉིད་ཀྱི་ལེགས་པའི་ཆའམ་བཟང་ཕྱོགས་ཀྱི་རྣམ་པབ་འགའ་ཞིག་ཡིན་སྲིད་པ་རེད། ང་ཚོའི་འབྱུང་ཁུངས་དེ་དག་སོ་སོའི་སེམས་ནང་ཁྱེར་བ་དེས་ང་ཚོ་སོར་ཆུད་ནུས་པ་དང་། ཉེན་སེལ། བདེ་ཐང་བཅས་ཀྱི་གནས་སུ་སྐྱོད་པར་རོགས་བྱེད་ཐུབ། དེ་དག་རང་རྒྱུད་ལ་བསྐྱེད་ཟིན་པ་དང་སོ་སོའི་འབྱུང་ཁུངས་རྣམས་ལ་བསམ་བློ་གཏོང་བཞིན་དུ་ང་ཚོས་སོ་སོའི་མྱོང་ཚོར་རྣམས་ལ་དོ་སྣང་བྱེད་ཆོག་པ་དང་། སེམས་ངལ་གྱི་གནས་སྐབས་སུ་ཡོད་པའམ་བློ་འཚབ་ཡིན་པའི་སྐབས། ང་ཚོའི་ལུས་པོ་འདི་ཇི་ལྟར་ཚོར་གྱི་ཡོད་པ་དང་ཁྱད་པར་འབྱེད་ཆོག 
  • སྲ་བརྟན་བཟོ་བ། འདི་ནི་ང་ཚོའི་གཞི་རྟེན་དུ་གྱུར་བའི་དངོས་པོར་རེག་པའམ་འཛིན་པ་དང་། ཡང་ན་ང་ཚོའི་ལུས་པོས་རྒྱབ་རྟེན་ཡོད་པར་ཚོར་བ་དེ་རེད། ང་ཚོས་དངོས་པོ་དེ་དང་རྒྱབ་རྟེན་དེ་ཇི་ལྟར་ཚོར་བ་དང་ལུས་ཀྱི་སྟངས་ཀའི་འགྱུར་བ་ལ་དམིགས་པ་གཏད་དགོས་པ་དང་། ང་ཚོའི་ཚོར་བ་རྣམས་ཇི་ལྟར་འགྱུར་བ་འགྲོ་ཡི་ཡོད་པ་རྟོགས་ཐབས་བྱེད་ཀྱི་ཡོད། 
  • བྱེད་སྒོ་ཁག འདི་ནི་ཡོ་ག་རྩེད་སྦྱོང་དང་། ཏའི་ཆཱི། གཞས་དང་རོལ་དབྱངས་ལ་ཉན་པ། རི་མོ་འབྲི་བ། དུས་དེབ་ཡང་ན་ཉིན་དེབ་འབྲི་བ་བཅས་ནི་ལུས་པོ་ཆ་སྙོམས་བཟོ་བའི་རྒྱུན་སྲོལ་ཆེ་བའི་ཐབས་ལམ་ཁག་གི་ནང་འཕོ་འགྱུར་གཏོང་བའི་ཆེད་དུ་ལམ་ཁ་ཡག་པོ་རྣམས་ཡིན་པ་རེད། ང་ཚོས་གཅིག་བྱས་ན། ཐམས་ལམ་རྙིང་ཤོས་དང་ལས་སླ་ཤོས་དེ་བེད་སྤྱོད་བྱེད་ཆོག་སྟེ། དེ་ནི་ང་ཚོས་དབུགས་ལ་གྲངས་ཀ་བརྩིབའམ་དབུགས་རིང་པོ་འཐེན་པར་འབད་བརྩོན་བྱ་རྒྱུ་དེ་རེད། 

ཤེས་པ་དང་ངར་ཤུགས་ལ་སྟངས་འཛིན།

མི་ཚེའི་ནང་འགྲུབ་འབྲས་ལྡན་པ་ཞིག་ཡོང་བར། ང་ཚོ་རྒྱུན་ཆད་མེད་པའི་རྣམ་གཡེང་དང་བྲལ་བའི་སྒོ་ནས་ལས་དོན་ཁག་ལ་དམིགས་པ་གཏད་ནས་གནས་ཐུབ་པ་དགོས་ཀྱི་ཡོད། འདི་ནི་ཚོགས་འདུ་གལ་ཆེན་པོའི་སྐབས་སུ་དོ་སྣང་དང་དམིགས་པ་གཏད་ཐུབ་པ་ཙམ་གྱི་སྐོར་མིན་པར། དེའི་ལྡོག་ཕྱོགས་ཀྱི་འབྲས་བུ་ཡིན་པའི་ང་ཚོའི་བསམ་བློ་དང་སྤྱོད་ལམ་ལའང་དོ་སྣང་སྤྲོད་ཐུབ་པ་དགོས། ང་ཚོའི་ངར་ཤུགས་ལ་སྟངས་འཛིན་བྱེད་ཐུབ་པ་དང་སྤྱོད་ཉེས་མི་བྱ་རྒྱུ་ནི་དོ་སྣང་གོང་འཕེལ་གཏོང་བར་རག་ལུས་ཡོད། དོ་སྣང་དེ་ཡང་ང་ཚོས་རྒྱུན་སྐྱོང་ཐུབ་པ་དང་རྣམ་གཡེང་གི་དབང་དུ་མི་ཤོར་བའི་བར་དུ་སྐྱེད་དགོས། གལ་ཆེ་ཤོས་ནི། དོ་སྣང་ནི་འདིར་ཁ་ནང་དུ་ལོག་སྟེ་སོ་སོའི་སེམས་ལ་དམིགས་པ་གཏད་པ་དང་ང་ཚོའི་ལུས་པོ་དང་སེམས་ཀྱི་འགྱུར་འགྲོས་འབྱུང་བ་དང་དེ་ལ་རྗེས་འདེད་གཏོང་ཐུབ་པའི་ནུས་པ་དེ་ལ་གོ་བ་ཡིན། དོ་སྣང་ལ་སྦྱོང་བརྡར་བྱ་རྒྱུ་དེས་ང་ཚོར་བསྐུལ་བྱེད་དང་ཡ་ལན་གྱི་དབར་ལ་སྟོང་ཆ་ཞིག་སྐྲུན་དགོས་པར་བསླབ་ཀྱི་ཡོད། སྟོང་ཆ་དེའི་ནང་གཟབ་ནན་གྱིས་བསམ་ཞིབ་མང་བ་བྱས་པའི་ཡ་ལན་ཞིག་སྐྲུན་ཐུབ་ཀྱི་ཡོད། 

གལ་ཏེ་ང་ཚོས་ཕུགས་རྒྱང་རིང་པོའི་དམིགས་ཡུལ་རྣམས་ལ་སྙིང་རུས་བྱེད་པ་དང་ལམ་ལྷོང་ལྡན་པའི་སྒོ་ནས་ང་ཚོར་འཕྲད་པའི་རྩོད་ལེན་དག་ལ་སྟངས་འཛིན་བྱེད་ཐུབ་ན། འཇོན་ནུས་འདི་ནི་དགོས་ངེས་ཅན་ཞིག་རེད། ང་ཚོར་སོ་སོའི་དོ་སྣང་ལ་སྟངས་འཛིན་ཡག་པོ་ཞིག་ཡོད་པའི་སྐབས། དེ་ནི་ང་ཚོའི་དགེ་རྒན་དང་འགོ་དཔོན་ལ་དོ་སྣང་སྤྲོད་པ་ལས་ལྷག་པར་ང་ཚོས་ཤེས་པའི་རྒྱུད་རིམ་དང་སེམས་ཚོར་རྣམས་ལ་སྟངས་འཛིན་བྱེད་ཐུབ་པ་དང་སོ་སོའི་བྱ་སྤྱོད་ལ་གསལ་ཁ་ཡག་ག་གཏོད་ཐུབ། དེ་ལྟར་ང་ཚོས་སྐྱིད་པོ་གཏོང་ཆོག་པ་དང་མི་ཚེའི་ནང་གང་འདོད་པ་དེ་འཐོབ་ཀྱི་ཡོད། 

ང་ཚོའི་དོ་སྣང་གོང་འཕེལ་གཏོང་བའི་ཐབས་ཚུལ་ངེས་ཅན་དེ་འདྲ་ཡོད། དེ་ཡང་དོ་སྣང་གི་ཡུལ་ངེས་ཅན་ལ་དམིགས་པ་གཏད་ནས་ “ཡོངས་སུ་གནས་པ་” སྦྱོང་ཆོག་པ་དང་ང་ཚོའི་ལུས་སེམས་ནང་གང་འབྱུང་བཞིན་ཡོད་པའི་གོ་རྟོགས་བསྐྱེད་དེ་ང་ཚོའི་བསམ་བློ་དང་སེམས་ཚོར་རྣམས་དཔང་པོར་བྱེད་པར་འཇུག་ཆོག

སེམས་ཚོར་ཁ་ལོ་སྒྱུར་བ།

ང་ཚོས་ལུས་པོ་ཆ་སྙོམས་པོ་བཟོ་བ་ལས་ཐོབ་པའི་ཐབས་རྩལ་བཀོལ་ནས་སེམས་ཚོར་ཁ་ལོ་སྒྱུར་བའི་ཆེད་ཤེས་པའི་སྟངས་འཛིན་སྐྱེད་པར་བྱེད་ཀྱི་ཡོད། གོམ་པ་མཐའ་མ་འདི་ནི་ཤེས་བྱ་རྣམས་དངོས་སུ་ལག་བསྟར་བྱ་རྒྱུ་དང་སེམས་ཚོར་གྱི་གོ་རྟོགས་ཀྱི་ཐབས་ལམ་མཐའ་མཇུག་གི་ཆ་ཤས་སུ་གཏོགས་པར་བྱེད་ཀྱི་ཡོད། 

སྐབས་འདིར་ང་ཚོས་སེམས་ཚོར་གྱི་རྣམ་དཔྱོད་གོང་འཕེལ་གཏོང་གི་ཡོད། འདི་ནི་སེམས་ཚོར་རྣམས་རང་གཞན་གཉིས་ཀར་ཕན་འབྲས་ལྡན་པ་དང་བེད་སྤྱོད་ཡོད་པའི་སྐབས་དང་དེ་དག་རང་གཞན་གཉིས་ཀར་དུག་རྫས་སམ་གནོད་གཞི་ཅན་ཆགས་པའི་སྐབས། དེ་ངོས་འཛིན་ཐུབ་པའི་ནུས་པ་དེ་རེད། ང་ཚོས་དེ་ནི་སོ་སོ་རང་ཉིད་ཀྱི་ཉམས་མྱོང་ལ་བསམ་ཞིབ་བྱེད་པ་དང་སེམས་ཀྱི་ས་ཁྲ་བཀོལ་སྤྱོད་ཀྱི་སྒོ་ནས་དེ་ལྟར་བྱེད་ཆོག ང་ཚོས་འདས་པའི་དུས་སུ་སེམས་ཚོར་གྱིས་ཇི་ལྟར་བཀོལ་སྤྱོད་ཟིན་པ་དང་དེ་དག་གིས་བསྐྲུན་པའི་འབྲས་བུའི་རྗེས་སུ་འབྲང་ཐབས་བྱེད་པའི་སྐབས། ང་ཚོས་རང་བཞིན་གྱིས་བཟང་ཕྱོགས་དགེ་བ་དང་ངན་ཕྱོགས་མི་དགེ་བའི་སེམས་ཚོར་གྱི་གོ་རྟོགས་ཤིག་སྐྱེད་ཀྱི་རེད། འདིས་རང་གཞན་གཉིས་ཀར་གནོད་སྲིད་པའི་སེམས་ཀྱི་གནས་བབས་ལ་གཞིགས་ནས་ང་ཚོ་དོགས་ཟོན་ཅན་བཟོ་ཡི་རེད། སོ་སོའི་རྒྱུད་ལ་ཀུན་སློང་གང་ཞིག་རྒྱུད་སྐུལ་བྱེད་འདོད་པ་དང་གང་ཞིག་བཅོས་སྒྱུར་བྱེད་པར་འདོད་པའི་ཐག་གཅོད་དེའང་ང་ཚོས་བྱེད་ཆོག ང་ཚོས་སེམས་ཚོར་རྣམས་ངོས་འཛིན་དང་སྟངས་འཛིན་བྱེད་པའི་འཇོན་ནུས་ཀྱི་ཚད་དེ་གོང་འཕེལ་གཏོང་བའི་སྐབས། སྤྲོ་སྣང་དང་སྙིང་སྟོབས་ཀྱི་འདུ་ཤེས་ཤིག་དང་། དེ་བཞིན་རང་གིས་རང་ལ་ཡོད་པའི་གདེང་ཚོད་ལ་ནུས་ཤུགས་ཤིག་མྱོང་བ་ནས་འགོ་འཛུགས་བྱེད་དགོས། 

ཕྱོགས་བསྡོམས།

སེམས་ཚོར་གྱི་གོ་རྟོགས་གོང་འཕེལ་གཏོང་བ་སྟེ། ང་ཚོའི་སེམས་དང་། སེམས་ཚོར། དེ་བཞིན་ཚོར་བའི་རིགས་རྣམས་ཀྱི་གོ་རྟོགས་སྤེལ་རྒྱུ་ནི་རང་མཐོང་གི་འདུ་ཤེས་བཟང་པོ་ཞིག་གི་ལམ་དུ་དགོས་ངེས་ཅན་གྱི་གོམ་པ་ཞིག་ཡིན་པ་དང་ང་ཚོའི་སེམས་ཚོར་གྱི་ཚད་གཞི་ཡོངས་སུ་རྫོགས་པར་གདོང་ལེན་བྱེད་པའི་ནུས་པ་དེ་རེད། ང་ཚོས་སོ་སོའི་སེམས་ཚོར་དེ་དག་རང་ཉིད་ལ་ལྷན་སྐྱེས་སུ་ཡོད་པའི་ཆ་ཤས་ཤིག་མིན་པར་རྟོགས་པའི་སྐབས། དེ་དག་དང་མཉམ་དུ་ལམ་ལྷོང་ལྡན་པའི་སྒོ་ནས་གདོང་ལེན་བྱེད་ཐུབ་པ་དང་རང་གིས་རང་ལ་ཁས་ལེན་ལ་བསླེབ་ཀྱི་ཡོད། ཁོང་ཁྲོ་ཟ་བ་དང་སེམས་ཞུམ་པའི་སྐབས་སུ་ཡིད་སུན་པོ་དང་བློ་ཕམ་ཡོང་བ་ནི་ནག་ཉེས་ཅན་དུ་ཚོར་དགོས་དོན་མེད་པ་དེ་ང་ཚོས་ཤེས་ཀྱི་རེད། ང་ཚོར་སེམས་ཀྱི་ས་ཁྲ་དེ་ཡོད་པ་དང་། སེམས་ཚོར་གྱི་རིགས་སྣ་ཚོགས་པའི་རྒྱུ་དང་འབྲས་བུའི་རྣམ་གཞག་དེ་རྟོགས་པ། སོ་སོ་རང་ཉིད་ཀྱི་ངོས་ནས་ང་ཚོར་སེམས་ཀྱི་ཞི་བདེ་དེ་གང་གིས་སྐྲུན་གྱི་ཡོད་པ་དང་གདུང་བ་དེ་གང་ལ་བརྟེན་ནས་འབྱུང་གི་ཡོད་པ། དེ་བཞིན་མི་དགེ་བའི་སེམས་ཚོར་དེ་དག་ངོས་འཛིན་པ་དང་དེ་དག་སྟངས་འཛིན་ལས་འདས་པ་མ་ཆགས་གོང་ནས་གཉེན་པོ་བསྟེན་པའི་ཐབས་རྩལ་དེ་དག་ང་ཚོར་ཡོད། དེ་དག་ལ་སྦྱོང་བརྡར་བྱེད་པ་དེས་ང་ཚོར་གདེང་ཚོད་སྟེར་གྱི་ཡོད་པ་དང་ང་ཚོའི་ནུས་པ་དེ་རྟོགས་པ་དང་འཐོབ་པར་ཕན་གྱི་ཡོད།།


གལ་ཏེ་ཁྱེད་ཀྱིས་འདི་ལས་གཏིང་ཟབ་པ་ཤེས་འདོད་ཡོད་ན། སྤྱི་སེམས་བཟང་ (SEE) གསུམ་གྱི་སློབ་གཉེར་གྱི་སྒྲོམ་གཞིའི་འགྲེལ་ཚུལ་ཆ་ཚང་ཀློག་དགོས་པ་དང་། དེ་ག་ནང་བཞིན་སྒོམ་པའི་ཚན་རིག་དང་སྙིང་རྗེ་གཞི་རྩར་བྱས་པའི་བཟང་སྤྱོད་ཀྱི་བསྟི་གནས་ཁང་ (Centre for Contemplative Science and Compassion-Based Ethics) གི་ལས་གཞི་གཞན་ཁག་ལ་ཤེས་རྟོགས་བྱེད་དགོས།།

Top