ལོ་རྒྱུས་ཀྱི་སངས་རྒྱས།
སྲོལ་རྒྱུན་གྱི་སྟོན་པའི་མཛད་རྣམ་ཕལ་མོ་ཆེ་ལྟར་ན། དུས་ཕྱིས་སུ་སངས་རྒྱས་མཁན་གྱི་གང་ཟག་དེ་ཕྱི་ལོ་ཡེ་ཤུའི་སྔོན་གྱི་དུས་རབས་ལྔ་པའི་ནང་རྒྱག་གར་བྱང་ཕྱོགས་སུ་སྡེ་དཔོན་མི་དྲག་ཤཱཀྱའི་རིགས་སུ་སྐུ་འཁྲུངས་པ་རེད། ཁོང་གི་མཚན་ལ་གཽ་ཏ་མ་གཞོན་ནུ་དོན་གྲུབ་ཅེས་བཏགས་པ་དང་ཁོང་སྐུ་འཁྲུངས་པའི་དུས་སྟོན་སྐབས་སུ་བློ་གྲོས་ཅན་གྱི་དྲང་སྲོང་ཨ་སིཏ྄་ཞེས་བྱ་བ་ཞིག་གིས། “གཞོན་ནུ་འདི་མ་འོངས་པར་རྒྱལ་པོ་ཞིག་གམ་ཡང་ན་ཆོས་ཕྱོགས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཞིག་ཆགས་ཀྱི་རེད།” ཅེས་ལུང་བསྟན་གནང་ཡོད། གཞོན་ནུ་དོན་གྲུབ་ཀྱི་ཡབ་རྒྱལ་པོ་ཟས་གཙང་མ་ནི་ཤཱཀྱའི་རིགས་ཀྱི་གཙོ་བོ་དེ་ཡིན་ཞིང་། རང་གི་སྲས་གཞོན་ནུ་དོན་གྲུབ་དེ་རྒྱལ་པོ་ཉིད་ཀྱི་རྗེས་སུ་འབྲངས་ནས་རྒྱལ་སྲིད་སྐྱོང་ན་བསམ་པའི་ཞེ་འདོད་དྲག་པོ་ཞིག་ཡོད་པས། གཞོན་ནུ་དོན་གྲུབ་རྒྱལ་པོ་ཆེན་པོ་ཞིག་ཏུ་འགྱུར་བའི་ལམ་གྱི་ཁ་ཕྱོགས་སྒྱུར་སྲིད་པའི་རྐྱེན་གང་འདྲ་ཞིག་ཡོད་ནའང་དེ་དག་ལས་སྔོན་འགོག་བྱ་རྒྱུའི་ཐག་གཅོད་མཛད་གནང་བ་རེད།
དེ་ལྟར་རྒྱལ་སྲས་གཞོན་ནུ་དོན་གྲུབ་དེ་རྒྱལ་པོའི་ཕོ་བྲང་དུ་ལོགས་སུ་ཉར་ནས་རིན་པོ་ཆེའི་རིགས་དང་། བུད་མེད་ཡིད་དུ་འོང་བ། པདྨའི་རྫིང་བུ། དགའ་སྤྲོ་ལྡན་པའི་གཅན་གཟན་གསོག་ཁང་དང་བཅས་འདོད་ཡོན་ལོངས་སྤྱོད་གང་དགོས་ཐམས་ཅད་བྱིན་ཏེ། རྒྱལ་སྲས་གཞོན་ནུ་དོན་གྲུབ་སྡུག་བསྔལ་དང་རྐྱེན་ངན་ཐམས་ཅད་ལས་སྲུང་སྐྱོབ་བྱེད་ཆེད་ནད་ན་ཚ་ཡོད་མཁན་གྱི་མི་རྣམས་དང་རྒས་འཁོགས་རྣམས་ཕོ་བྲང་ནང་དུ་འཛུལ་མི་ཆོག་པར་བཟོས་ཡོད། རིམ་པས་གཞོན་ནུ་དོན་གྲུབ་བསླབ་པ་སློབ་གཉེར་དང་རྩེད་མོའི་རིགས་ལ་མཆོག་ཏུ་གྱུར་བར་ཆགས་ཏེ། གྲགས་འཛིན་མ་ཁབ་ཏུ་བཞེས་ནས་ཁོང་གཉིས་ལ་སྲས་སྒྲ་གཅན་ནམ་རཱ་ཧུལ་འཁྲུངས་པ་རེད།
མི་ལོ་སུམ་ཅུ་ཙམ་གྱི་རིང་གཞོན་ནུ་དོན་གྲུབ་འདོད་ཡོན་ལོངས་སྤྱོད་ཕུན་སུམ་ཚོགས་པའི་མི་ཚེ་བསྐྱལ་ནའང་། དེའི་རིང་ཕོ་བྲང་གི་རྩིག་པའི་ཕྱི་ལོགས་སུ་ག་རེ་ཡོད་ན་བསམ་པའི་མཁྱེན་འདོད་ཆེ་བའི་འདུན་པ་ཞིག་ཉིན་རེ་བཞིན་སྐྱེད་བཞིན་ཡོད། ཁོང་གིས། “གལ་ཏེ་ས་ཆ་འདི་ངའི་ཡིན་ན། ངས་ས་ཆ་དང་མི་འབངས་རྣམས་མཐོང་དགོས་ངེས་རེད།” ཅེས་དགོངས་པ་རེད། མཐར་ཡབ་རྒྱལ་པོ་ཟས་གཙང་མས་གཞོན་ནུ་དོན་གྲུབ་རྒྱལ་ཁང་ཕྱི་ལོགས་སུ་སྤྲོ་སེང་སྐོར་སྐྱོད་ཅིག་ལ་འཁྲིད་རྒྱུར་གོ་སྒྲིག་བྱས། དེའི་སྐབས་སུ་སྲང་ལམ་རྣམས་གཙང་མ་བཟོས་པ་དང་ནད་པ་དང་རྒས་འཁོགས་རྣམས་མི་མཐོང་སར་སྦས་ཏེ། ཤིང་རྟའི་ཁ་ལོ་བ་ཆནྣས་གཞོན་ནུ་དོན་གྲུབ་གྲོང་ཁྱེར་གྱི་སྲང་ལམ་བརྒྱུད་དེ་ཁྲིད་བཞིན་པའི་སྐབས་ཡུལ་མི་ཚོས་ལག་པ་གཡུགས་པ་དང་འཛུམ་སྟོན་པ་སོགས་བྱས། ད་དུང་མི་ཚོགས་འཚང་ཀ་ཆེ་བའི་ནང་གཞོན་ནུ་དོན་གྲུབ་ཀྱིས་ལམ་ཟུར་དུ་རྒས་ཤིང་འཁོགས་ལ་གཉེར་མ་ཅན་གྱི་མི་ཞིག་ཡོད་པར་གཟིགས་ནས་ཤིང་རྟའི་ཁ་ལོ་པ་ཆནྣ་དང་གཞོན་ནུ་དོན་གྲུབ་གཉིས་ཀ་ཧང་སངས་ཏེ། གཞོན་ནུས་ཆནྣ་ལ། “དབུལ་ཞིང་ཕོངས་པའི་སེམས་ཅན་འདི་ལ་ག་རེ་བྱུང་བ་ཡིན་ནམ།” ཞེས་དྲིས་པས། ཆནྣས། “ཁྱེད་ཀྱི་མདུན་དུ་གང་མཐོང་བཞིན་པ་དེ་ནི་མི་རྒས་འཁོགས་ཤིག་ཡིན་པ་དང་། ང་ཚོ་ཚང་མས་ལས་ཀྱི་སྐོས་ཐང་དེ་རེད། ང་ཚོ་ནི་དེ་ལ་བསྒུག་བཞིན་ཡོད་པའམ་དེའི་ཕྱོགས་སུ་འགྲོ་བཞིན་ཡོད།” ཅེས་ལན་བཏབ། དེར་མ་ཟད། གཞོན་ནུ་དོན་གྲུབ་ཀྱིས་མི་ནད་པ་ཞིག་དང་མི་ཤི་བའི་རོ་གཅིག་ཀྱང་གཟིགས་པ་རེད། ཁོང་གིས་གང་གཟིགས་པ་དེ་དག་ལ་བརྟེན་ནས་མི་ཚེ་ཟེར་བ་དེ་རྒྱུན་ལྡན་འཆར་ཅན་ལྟར་ཡོད་ནའང་། མཐར་ཐུག་ཁོང་ཉིད་ཀྱང་གནས་སྟངས་དེ་དག་ལས་ཐར་ཐབས་མེད་པ་དང་། དེ་དག་ནི་མི་ཚེའི་ནང་གི་འགོག་ཏུ་མེད་པའི་ཆ་ཤས་ཡིན་པར་རྟོགས་པ་རེད།
མཐར་གཞོན་ནུ་དོན་གྲུབ་འཁོར་བའི་སྡུག་བསྔལ་ལས་ཐར་ཐབས་འཚོལ་བཞིན་པའི་དྲང་སྲོང་ཞིག་དང་མཇལ་འཕྲད་བྱུང་བ་རེད། གཞོན་ནུ་དོན་གྲུབ་ཀྱི་གཟིགས་པ་དང་པོ་གསུམ་ལ་བརྟེན་ནས་ཁོང་གི་མི་ཚེས་མགོ་བསྐོར་བཏང་ནས་སྡུག་བསྔལ་ཐམས་ཅད་ལས་བསྐྱབས་ནས་ཕོ་བྲང་དུ་གནས་དགོས་པ་བྱུང་ཡོད་པ་ཤེས་རྟོགས་བྱུང་ཞིང་། དྲང་སྲོང་གི་གཟིགས་པ་དེ་ལ་བརྟེན་ནས་སྡུག་བསྔལ་ལས་ཐར་བའི་ཐབས་ཡོད་པའི་བློ་མིག་ཕྱེས་པ་རེད།
གཞོན་ནུ་དོན་གྲུབ་དེའི་སྔོན་མི་ནད་པ་དང་རྒས་འཁོགས་ནམ་ཡང་ཐུག་མྱོང་མེད་བཟོ་ལྟ་བུ་ཞིག་ཡིན་ནའང་། དེས་ཁོང་དང་དོན་ངོ་མ་ང་ཚོ་ཚང་མས་སྡུག་བསྔལ་ལ་སྣང་མེད་ཀྱིས་མི་ཚེ་ཇི་ལྟར་སྐྱེལ་གྱི་ཡོད་པ་དེ་བརྡའི་སྒོ་ནས་སྟོན་གྱི་ཡོད། དེ་ལྟར་རྒྱལ་ཁང་དུ་འབྱོར་རྗེས་གཞོན་ནུ་དོན་གྲུབ་ཧ་ཅང་ཐུགས་འཚབ་དང་སོས་དལ་མེད་པ་ཚོར་བ་རེད། ཁོང་གི་འཁོར་གཡོག་སོགས་གང་བྱས་ཐད་ནས་མི་ཚེ་སོས་དལ་ངང་བསྐྱལ་ཡོད་ནའང་། ནམ་ཞིག་ཁོང་དང་འཁོར་གཡོག་ཡོད་དོ་ཅོག་ན་བ་དང་རྒ་བ་འཆི་བའི་དུས་ཤིག་ལ་བསླེབ་ངེས་ཡིན་པ་ཤེས་བཞིན་དུ་ད་གཟོད་སྐྱིད་པོ་དང་སོས་དལ་ངང་ཇི་ལྟར་གནས་ཐུབ་བམ། ཚང་མ་སྡུག་བསྔལ་དེ་དག་ལས་ཐར་བའི་ཐབས་ཤིག་འཚོལ་རྒྱུར་ཞེ་འདོད་ཧ་ཅང་དྲག་པོ་ཞིག་སྐྱེས་ནས་ཁོང་ཉིད་མཚན་མོ་ཞིག་ལ་ཕོ་བྲང་ནས་བྲོས་ཏེ་དཀའ་ཐུབ་ཅན་གྱི་སྒོམ་ཆེན་ཞིག་ཏུ་འཚོ་བ་བསྐྱལ་མཛད་པ་རེད།
དེ་ལྟར་གཞོན་ནུ་དོན་གྲུབ་བླ་མ་དགེ་བའི་བཤེས་གཉེན་མང་པོ་དང་མཇལ་ཞིང་། དེ་དག་གི་ལམ་སྟོན་འོག་སྒོམ་ཉམས་ལེན་ལ་བརྟེན་ནས་ཏིང་ངེ་འཛིན་གྱི་གོ་འཕང་མཐོན་པོར་ཐོབ་ཡོད་ཀྱང་། སྒོམ་ཉམས་ལེན་དེ་དག་གིས་སྡུག་བསྔལ་མེད་པ་བཟོ་ཐུབ་མེད་པ་སོང་ཙང་། ཁོང་ད་དུང་ཡང་ཐུགས་ཚིམས་པ་ཞིག་བྱུང་མེད། ཁོང་གིས་དཀའ་ཐུབ་ཀྱི་ཉམས་ལེན་དུ་མ་ལ་བརྟེན་ནས་ཟས་མེད་པ་དང་ལུས་ཀྱི་བདེ་ཐང་ཐམས་ཅད་དང་བྲལ་ཞིང་དུས་ཚོད་མང་ཆེ་བ་སྒོམ་ཉམས་ལེན་གནང་ཡོད། དཀའ་ཐུབ་ཀྱི་ཉམས་ལེན་དེ་ལྟར་ལོ་དྲུག་གི་རིང་མཛད་པས། ཁོང་གི་སྐུ་ལུས་ཧ་ཅང་སྐམ་པོར་གྱུར་ནས་པགས་པའི་རིམ་པ་སྲབ་ཤོས་ཀྱིས་བཀབ་པའི་ཀེང་རུས་གཅིག་དང་འདྲ་བ་ཆགས་པ་རེད།
ཉིན་གཅིག་ཆུ་བོའི་འགྲམ་དུ་བཞུགས་པའི་ཞོར་དེར་དགེ་བའི་བཤེས་གཉེན་ཞིག་གིས་གཞོན་ནུ་ཞིག་ལ་རོལ་ཆ་དཀྲོལ་སྟངས་བསླབ་བཞིན་པར་གཟིགས་སྐབས། “རྒྱུད་སྐུད་ཧ་ཅང་ལྷོད་མི་དྲགས་པ་དགོས། དེ་མིན་རོལ་ཆ་དཀྲོལ་མི་ཐུབ། ཡང་རྒྱུ་སྐུད་ཧ་ཅང་དམ་དྲགས་ན་དེ་ཆད་ཀྱི་རེད།” ཅེས་སློབ་སྟོན་བྱེད་བཞིན་པ་གོ་ཐོས་བྱུང་བའི་རྐྱེན་གྱིས་གཞོན་ནུ་དོན་གྲུབ་ཀྱིས་ལོ་མང་རིང་དཀའ་ཐུབ་ཆེན་པོ་སྤྱད་པ་དེ་བེད་སྤྱོད་བྱུང་མེད་པ་རྟོགས་པ་རེད། དེ་ནི་ཇི་ལྟར་ཕོ་བྲང་ནང་འདོད་ཡོན་ལོངས་སྤྱོད་ཕུན་སུམ་ཚོགས་པའི་མི་ཚེ་བསྐྱལ་བ་དེ་བཞིན་དུ་དཀའ་ཐུབ་ཀྱི་ཉམས་ལེན་ནི་ཧ་ཅང་ཐལ་དྲགས་པའི་མཐའ་གཅིག་ཏུ་ལྷུང་བ་ཞིག་ཡིན་པ་དང་དེ་ལ་བརྟེན་ནས་སྡུག་བསྔལ་ལས་ཐར་མེད། དེ་ལྟར་ཁོང་གིས་མཐའ་དེ་གཉིས་ཀྱི་དབུས་སམ་དབུ་མའི་ལམ་དེ་ནི་སྡུག་བསྔལ་ལས་ཐར་བའི་ཐབས་ཡིན་པར་དགོངས་པ་རེད།
དེའི་སྐབས་སུ་ལེགས་སྐྱེས་མ་ཞེས་པའི་བུ་མོ་གཞོན་ནུ་མ་ཞིག་དེར་བསླེབས་ནས་གཞོན་ནུ་དོན་གྲུབ་ལ་འོ་ཐུག་ཕུལ། དེ་ནི་ཁོང་གི་ལོ་དྲུག་ནང་གི་ཚུལ་མཐུན་གྱི་ཞལ་ལག་དང་པོ་དེ་ཡིན་པ་རེད། ཁོང་གིས་འོ་ཐུག་དེ་བཞེས་པས་དཀའ་ཐུབ་ཅན་གྱི་གྲོགས་པོ་གཞན་རྣམས་ཧང་སངས་ཧོན་འཐོར་དགོས་པ་བཟོས་ཤིང་། དེ་ནས་ཁོང་སེ་ཡབ་ཀྱི་ཤིང་དྲུང་དུ་ཕེབས་ནས་དེར་བཞུགས་ཏེ། “ཡང་དག་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ཀྱི་བར་དུ་ང་རང་སྟན་འདི་ལས་ལང་གི་མིན།” ཞེས་ཐུགས་ཐག་བཅད། སེ་ཡབ་ཀྱི་ཤིང་དེ་ལ་དེང་སང་བྱང་ཆུབ་ཀྱི་ཤིང་ཞེས་ཡོངས་སུ་གྲགས་པ་དང་དེའི་དྲུང་ན་གཞོན་ནུ་དོན་གྲུབ་མངོན་པར་རྫོགས་པ་བྱང་ཆུབ་ཀྱི་གོ་འཕང་ཐོབ་ནས་སངས་རྒྱས་ཞེས་གྲགས་སོ།།
དེ་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྗེས་སུ་མི་རིང་བར་འཕགས་པའི་བདེན་པ་བཞི་དང་འཕགས་ལམ་ཡན་ལག་བརྒྱད་ཀྱི་ཆོས་གསུངས། དེ་རྗེས་ནས་ལོ་ངོ་བཞི་བཅུའི་རིང་ཁོང་རྒྱ་གར་བྱང་ཕྱོགས་ཀྱི་ས་ཁུལ་གང་སར་ཆིབས་སྒྱུར་བསྐྱངས་ནས་གདུལ་བྱ་རྣམས་ལ་ཁོང་གིས་གང་རྟོགས་པའི་ཆོས་རྣམས་གསུངས། ཁོང་གིས་དགེ་འདུན་གྱི་སྡེའམ་རབ་བྱུང་གི་སྡེ་གསར་འཛུགས་གནང་ཞིང་། དེ་དག་རྒྱ་གར་གྱི་ས་ཁུལ་གང་སར་བསྐྱོད་ནས་ཆོས་སྤེལ་བ་དང་མཐར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་དང་འཛམ་གླིང་ཁྱོན་ཡོངས་ལ་ནང་པ་སངས་རྒྱས་པའི་བསྟན་པ་དར་ཁྱབ་བྱུང་བ་རེད།
སངས་རྒྱས་དགུང་ལོ་བརྒྱད་ཅུ་ཙམ་ལ་ཡུལ་རྩྭ་མཆོག་གྲོང་དུ་དགོངས་པ་མྱ་ངན་ལས་འདས་པ་དང་སྐུ་མྱ་ངན་ལས་མ་འདས་གོང་ཁོང་གིས་དགེ་འདུན་གྱི་སྡེ་ལ་དྭོགས་པ་དང་ཁོང་གིས་གསུངས་པའི་ཆོས་ཀྱི་ནང་གསལ་འདོན་དང་གསལ་བཤད་དགོས་རིགས་ཡོད་མེད་བཀའ་གནང་ཞིང་། གདུལ་བྱའི་སློབ་མ་རྣམས་ལ་ཡང་དག་པའི་ཆོས་དང་ཚུལ་ཁྲིམས་ལ་བརྟེན་དགོས་པའི་བཀའ་སློབ་གནང་ཡོད། ཁོང་གིས་ཞལ་ཆེམས་སུ། “དགེ་འདུན་གྱི་སྡེ། འདི་ནི་ངའི་བསླབ་བྱ་མཐའ་མ་དེ་ཡིན་པས། ཡིད་ལ་ཟུངས་ཤིག འཁོར་བའི་ནང་འདུས་བྱས་ཀྱི་ཆོས་ཐམས་ཅད་ནི་འགྱུར་བའི་རང་བཞིན་རེད། དེ་དག་ནི་ཡུན་དུ་མི་གནས་ཤིང་། མི་རྟག་པ་རེད། སོ་སོ་རང་ཉིད་ཀྱི་ངོས་ནས་ཐར་པའི་གོང་འཕང་ཐོབ་པར་འབད་བརྩོན་བྱོས།” ཞེས་གསུངས། དེ་ལྟར་གསུངས་པ་དང་བཅས་ཁོང་གི་སྐུ་གཟུགས་ཀྱི་ཟུར་གཡས་དེ་གཟིམ་པའི་ཚུལ་དུ་སར་བཞག་ནས་སྐུ་མྱ་ངན་ལས་འདས་སོ། །
སངས་རྒྱས་རྣམས་གང་དག་རེད།
ང་ཚོས་ལོ་རྒྱུས་ཀྱི་སངས་རྒྱས་དེ་སུ་ཡིན་མཐོང་ཡོད། འོན་ཀྱང་། སངས་རྒྱས་ཟེར་བ་དེ་དོན་ངོ་མར་གང་རེད།
ཐད་ཀར་གསལ་པོར་ཞུས་ན་སངས་རྒྱས་ནི་མ་རིག་པའི་གཉིད་མཐུག་པོ་ཞིག་ལས་ཡོངས་སུ་སད་པ་ཞིག་རེད། གཉིད་མཐུག་པོ་དེ་ནི་ནམ་རྒྱུན་ང་ཚོས་མཚན་གང་སྤྲོ་ཚོགས་དང་སྤྲོ་སྐྱིད་བཏང་རྗེས་གཉིད་མཐུག་པོ་ཁུག་པ་ལྟ་བུ་མིན་པར། འདི་ནི་རྨོངས་པའམ་མ་རིག་པའི་གཉིད་མཐུག་པོ་དེ་ཡིན་ཞིང་། དེ་ནི་ང་ཚོའི་མི་ཚེའི་སྐད་ཅིག་རེ་རེའི་ནང་ཁྱབ་ནས་ཡོད། དེ་ཡང་ང་ཚོ་དངོས་གནས་དྲང་གནས་ཇི་ལྟར་ཡོད་པའི་ཚུལ་ལ་རྨོངས་པ་དང་། དོན་ངོ་མར་ཆོས་ཐམས་ཅད་དངོས་གནས་ཇི་ལྟར་ཡོད་པའི་ཚུལ་ལ་རྨོངས་པ་དེ་རེད།
སངས་རྒྱས་རྣམས་ལྷ་མ་རེད་ལ་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་ཀྱང་མ་རེད། སངས་རྒྱས་ཐམས་ཅད་ཐོག་མར་ང་ཚོ་ནང་བཞིན་རྨོངས་པ་དང་། ཉོན་མོངས་པ། དཀའ་ངལ་ཧ་ཅང་མང་པོས་ཁེངས་པ་ཞིག་ཡིན། འོན་ཀྱང་། རིམ་པས་སྙིང་རྗེ་དང་ཤེས་རབ་ཀྱི་ལམ་གྱི་རྗེས་སུ་འབྲངས་ནས་དགེ་བའི་ཡོན་ཏན་དེ་གཉིས་གོང་ནས་གོང་དུ་རང་རྒྱུད་ལ་སྐྱེད་པའི་ཆེད་འབད་བརྩོན་ཆེན་པོ་བྱས་པ་ལ་བརྟེན་ནས་རང་ཉིད་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་ཀྱི་ཡོད་པ་རེད།
སངས་རྒྱས་རྣམས་ནི་ཡོན་ཏན་གཙོ་བོ་གསུམ་དང་ལྡན་པ་ཡིན་ཏེ།
༡། མཁྱེན་པ་སྟེ། སངས་རྒྱས་ལ་སེམས་ཀྱི་འགོག་རྐྱེན་གང་ཡང་མེད་པས། དེས་ཆོས་རྣམས་ཀྱི་གནས་ལུགས་ཡོངས་སུ་རྫོགས་པ་ཡང་དག་པ་མཁྱེན་གྱི་ཡོད། དེ་དག་ལས་དམིགས་བསལ་གཞན་ལ་ཕན་ཇི་ལྟར་འདོགས་དགོས་པའི་ཐད་ཀྱི་མཁྱེན་པ་དང་ལྡན་པ་ཡིན།
༢། བརྩེ་བ་སྟེ། གོང་གི་མཁྱེན་པའི་ཡོན་ཏན་ལ་བརྟེན་ནས་ང་ཚོ་ཚང་མ་ཕན་ཚུན་གཅིག་གིས་གཅིག་ལ་བརྟེན་ནས་ཡོད་པ་གཟིགས་ཤིང་། དེ་དག་ནི་སྙིང་རྗེ་ཆེན་པོ་དང་ལྡན་པ་དང་གཞན་ཐམས་ཅད་ལ་ཕན་འདོགས་པའི་ནུས་པ་དེ་ཡོད་པ་མཁྱེན་གྱི་ཡོད། སྙིང་རྗེའམ་བརྩེ་བ་དང་བྲལ་བའི་མཁྱེན་པ་དེས་གང་ཟག་ཅིག་ཤེས་བྱ་ཡོན་ཏན་ཕྱུག་པོ་བཟོ་སྲིད་ནའང་། དེ་དག་སྤྱི་ཚོགས་ལ་དེ་ཙམ་གྱིས་ཕན་ཐོགས་མེད། སྙིང་རྗེ་དང་བརྩེ་བ་ནི་ཁོང་ཚོས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕན་ཐོགས་སྒྲུབ་པར་སྐུལ་སློང་བྱེད་མཁན་དེ་ཡིན་པ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོ་ཚང་མ་དང་མཉམ་དུ་འབྲེལ་བ་ཞིག་སྐྲུན་པའི་ཆེད་དུ་སངས་རྒྱས་རྣམས་ཀྱིས་ཡོན་ཏན་གཉིས་པ་དེ་སྐྱེད་པར་མཛད་པ་ཡིན།
༣། ནུས་པ་སྟེ། སྡུག་བསྔལ་ཇི་ལྟར་སྤོང་བར་མཁྱེན་པའི་ཡོན་ཏན་གཉིས་དང་གཞན་དོན་སྒྲུབ་པའི་རེ་འདུན་དྲག་པོ་ཡོད་པ་ལ་བརྟེན་ནས་སངས་རྒྱས་རྣམས་ལ་གཞན་དོན་དངོས་སུ་སྒྲུབ་པའི་མཐུ་དང་ནུས་པ་མངའ་ཞིང་། དེ་ཡང་ཐབས་སྣ་ཚོགས་པའི་སྒོ་ནས་ང་ཚོ་སངས་རྒྱས་ཀྱི་གོ་འཕང་ལ་བགྲོད་པའི་ལམ་སྟོན་མཛད་ཀྱིན་ཡོད།
སངས་རྒྱས་རྣམས་ཀྱིས་ཁོང་རྣམ་པ་སྡུག་བསྔལ་མྱོང་འདོད་མེད་པ་ཇི་བཞིན་དུ་གཞན་སུ་གཅིག་ཀྱང་སྡུག་བསྔལ་དང་དཀའ་ངལ་མྱོང་འདོད་མེད་པ་དེ་མཁྱེན་གྱི་ཡོད། སེམས་ཅན་ཐམས་ཅད་བདེ་སྐྱིད་འདོད་ཀྱི་ཡོད། དེར་བརྟེན་སངས་རྒྱས་རྣམས་ཀྱིས་སོ་སོ་རང་ཉིད་ཁོ་ནའི་དོན་དུ་མིན་པར། འཇིག་རྟེན་འཁོར་བའི་ནང་གི་སེམས་ཅན་ཡོད་དོ་ཅོག་ལ་ཕན་ཕྱིར་འབད་བརྩོན་གནང་གི་ཡོད། ཁོང་ཚོས་སོ་སོ་རང་ཉིད་ལ་གཅེས་སྐྱོང་བྱེད་པ་ནང་བཞིན་སེམས་ཅན་གཞན་ལའང་དེ་བཞིན་གཅེས་སྐྱོང་བྱེད་ཀྱི་ཡོད།
སངས་རྒྱས་རྣམས་ཀྱི་སྙིང་རྗེ་ཧ་ཅང་ཆེན་པོ་དང་ལྡན་ཞིང་། སྙིང་རྗེ་དེས་བསྐུལ་བར་བརྟེན་སྡུག་བསྔལ་ཐམས་ཅད་སྤོང་བའི་ཐབས་ཚུལ་རྣམས་གསུང་གི་ཡོད། དེ་ལ་ཤེས་རབ་ཅེས་ཟེར་ཞིང་། དེ་ནི་དངོས་ཡོད་གནས་ཚུལ་དང་བརྫུན་པའམ་བཅོས་མའི་གནས་ཚུལ་གཉིས་ཀྱི་དབར་ཡང་དག་པར་མ་ནོར་བར་ཤན་འབྱེད་པའི་སེམས་ཀྱི་གསལ་བའི་ཆ་དེ་ཡིན་པ་རེད། ཤེས་རབ་ལ་བརྟེན་ནས་ང་ཚོས་མཐར་རང་རྒྱུད་ལ་ཡོད་པའི་རྨོངས་པ་དང་། རང་འདོད་དོན་གཉེར་གྱི་བློ། ཉོན་མོངས་པ་སོགས་མི་དགེ་བའི་རིགས་ཐམས་ཅད་སྤོང་ཐུབ། ང་ཚོས་ཀྱང་ཡང་དག་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་ནས་ནང་སེམས་ཀྱི་ཞི་བདེ་ཉམས་སུ་མྱོང་ཐུབ།
ཕྱོགས་བསྡོམས།
སངས་རྒྱས་རྣམས་ནི་ཐབས་མཁས་པོ་ལ་བརྟེན་ནས་ང་ཚོ་ལ་ཕན་ཇི་ལྟར་འདོགས་དགོས་པ་དེ་ཇི་བཞིན་དུ་མཁྱེན་པའི་ཚད་ལྡན་ཡང་དག་པའི་དགེ་བའི་བཤེས་གཉེན་ཡིན། ཁོང་རྣམས་ནི་སྙིང་རྗེ་དང་ལྡན་ཞིང་། ང་ཚོ་ཡང་དག་པའི་ལམ་ལ་འགོད་པའི་སྒོ་ནས་དུས་རྟག་ཏུ་ཕན་འདོགས་པའི་ཐུགས་འདུན་ཆེ་ལ་གྲ་སྒྲིག་ཨང་སར་ཡོད་པ་རེད།
ཇི་ལྟར་གཞོན་ནུ་དོན་གྲུབ་ནང་བཞིན་ང་ཚོ་ཡང་ནམ་རྒྱུན་འཇིག་རྟེན་འཁོར་བའི་སྡུག་བསྔལ་མི་ཤེས་པའི་ལོང་བ་ལྟ་བུ་ཆགས་ཀྱི་ཡོད། འོན་ཀྱང་ང་ཚོས་སྡུག་བསྔལ་དེ་ལ་ཇི་ཙམ་གྱིས་གཡོལ་ཐབས་དང་སྣང་མེད་གཏོང་ཐབས་བྱེད་ཀྱང་། རྒ་བ་དང་། ན་བ། འཆི་བ་བཅས་ནི་ང་ཚོ་ལ་འབྱུང་ངེས་པ་རེད། སངས་རྒྱས་ཀྱི་མཛད་རྣམ་ལ་བརྟེན་ནས་ཇི་ལྟར་ཁོང་གིས་སྡུག་བསྔལ་གྱི་དངོས་ཡོད་གནས་ཚུལ་གཟིགས་ཤིང་རྟོགས་པ་དེ་བཞིན་དུ་ང་ཚོས་ཀྱང་མི་ཚེའི་ནང་མྱོང་བའི་ཡིད་བསུན་པོ་དང་མི་སྐྱིད་པ་དེ་དག་ཐམས་ཅད་ལས་ཐར་ཐུབ་པ་དེ་མཐོང་བར་བློ་སྤོབས་སྟེར་གྱི་ཡོད། ཁོང་གི་སྐུ་ཚེའི་མཛད་རྣམ་དང་ཁོང་གིས་གསུངས་པའི་ཆོས་ཀྱིས་ང་ཚོས་རང་རྒྱུད་ལ་ཡོད་པའི་ཉོན་མོངས་དང་རྨོངས་པ་ལས་ཐར་བའི་ཆེད་འབད་བརྩོན་གང་ཐུབ་བྱེད་དགོས་པའི་དྲན་སྐུལ་བྱེད་ཀྱི་ཡོད། དེ་ལྟར་བྱེད་པའི་བརྒྱུད་ཁོང་ནང་བཞིན་ང་ཚོས་ཀྱང་སོ་སོའི་ངོས་ནས་སེམས་ཅན་ལ་ཕན་པའི་བྱ་བ་སྒྲུབ་ཐུབ་ངེས་རེད།།