ནང་པ་སངས་རྒྱས་པའི་ཆོས་ནི། བདེན་པའི་གནས་ལུགས་སམ་དངོས་པོའི་རང་བཞིན་གང་ཡིན་པ་དེ་ཤེས་པའི་སྒོ་ནས། ང་རང་ཚོའི་རང་རྒྱུད་ལ་ཡོད་པའི་འགྲོ་བ་མིའི་ལྷན་སྐྱེས་ཀྱི་ནུས་པ་ཆ་ཚང་བ་གོང་མཐོར་གཏོང་བ་ལ་ཕན་ཐོགས་པའི་ཐབས་ལམ་ཞིག་ཡིན།
དེ་ཡང་། རྒྱ་གར་འཕགས་པའི་ཡུལ་ནང་། ད་ལྟ་ནས་བརྩིས་པའི་ལོ་ངོ་ ༢༥༠༠ ཙམ་གྱི་གོང་དུ། གཽ་ཏམ་གཞོན་ནུ་དོན་གྲུབ་བམ་ཡོངས་གྲགས་སུ་སངས་རྒྱས་བཅོམ་ལྡན་འདས་ཞེས་འབོད་པའི་སྐྱེས་བུ་ཁོང་གིས་སྲོལ་བཏོད། དེ་ནས་བཟུང་སངས་རྒྱས་པའི་ཆོས་ཨེ་ཤ་ཡ་ཁྱོན་ཡོངས་སུ་དར་ཁྱབ་བྱུང་ཞིང་། ད་ལྟའི་གནས་སྐབས་སུ་འཛམ་གླིང་ནང་གི་ཆོས་ལུགས་ཆེ་གྲས་ཨང་བཞི་པ་དེ་ཡིན། སངས་རྒྱས་ཀྱིས། སྐུ་ཚེ་ཕལ་ཆེ་བ་སེམས་ཅན་གཞན་དག་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པའི་ཕྱིར། རང་ཉིད་ཀྱིས་གང་རྟོགས་པའི་གནས་ལུགས་ཀྱི་ཐབས་རྣམས་གཞན་ལ་སློབ་འཁྲིད་གནང་ཡོད། དེ་བཞིན་སེམས་ཅན་ཐམས་ཅད་ལ་སངས་རྒྱས་པའི་ནུས་པ་གཅིག་མཚུངས་སུ་ཡོད་པ་དང་ཆབས་ཅིག་འགྲོ་བ་མི་རྣམས་ཀྱི་དགའ་ས་དང་མོས་ས། རྩལ་དང་ནུས་པ་བཅས་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད་པའང་གཟིགས་ནས། རང་རྒྱུད་ཀྱི་ནུས་པའི་ཚད་བཀག་དེ་ལས་ཐར་ནས་ནུས་པའི་ཚད་ཡོངས་སུ་རྫོགས་པ་དེ་རྟོགས་པའི་ཆེད་དུ། ཁོང་གིས་ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས་ཆོས་གསུངས་ཡོད།
སངས་རྒྱས་པའི་ཆོས་རང་ཉིད་ཀྱི་ལུགས་སུ་བསྟེན་པའི་རིག་གཞུང་རེ་རེའི་ནང་། ཆོས་ཀྱི་རྣམ་པ་མི་འདྲ་བ་རེར་དམིགས་བསལ་གལ་གནད་དུ་འཛིན་ཏེ་གསལ་བཤད་བྱས་ཡོད་པ་དང་། སྤྱིར་བཏང་སངས་རྒྱས་པའི་ཆོས་ལ་རྣམ་པ་དང་ལུགས་སྲོལ་མི་འདྲ་མང་པོ་ཡོད་ཀྱང་། དེ་དག་ཐམས་ཅད་ཀྱི་གཞི་རྩའི་ཆོས་ཀྱི་གལ་གནད་དེ་གཅིག་མཚུངས་སུ་མཉམ་སྤྱོད་བྱེད་ཀྱི་ཡོད།
སངས་རྒྱས་པའི་ཆོས་ཀྱི་རྨང་གཞི། འཕགས་པའི་བདེན་པ་བཞི།
སངས་རྒྱས་ཀྱིས་གསུངས་པའི་ཆོས་ཀྱི་རྨང་གཞིའམ་སྙིང་པོ་དེ་ནི། བདེན་པ་བཞི་ཞེས་སུ་གྲགས་པ་དེ་ཡིན་ཞིང་། དེ་ནི་རྟོགས་པ་མཐོ་བའི་འཕགས་པའི་གང་ཟག་རྣམས་ཀྱིས། ཇི་ལྟར་བདེན་པར་གཟིགས་པའམ་རྟོགས་པའི་དངོས་པོའི་གནས་ལུགས་བཞི་ཡིན།
དང་པོ། དངོས་ཡོད་ཀྱི་དཀའ་ངལ། ༼སྡུག་བསྔལ་བདེན་པ།༽
མི་ཚེའི་ནང་དུ་བདེ་སྐྱིད་དང་དགའ་སྤྲོའི་ཚོར་བ་མང་པོ་ཡོད་ཀྱང་། ཤིན་ཏུ་ཆུང་བའི་འབུ་སྲིནནས་བཟུང་སྟེ། ཁྱིམ་མེད་པའི་མི་ནས་ཕྱུག་པོ་དངུལ་ཐེར་འབུམ་གྱི་བདག་པོ་བར་གྱི་འགྲོ་བ་སེམས་ཅན་ཐམས་ཅད་ལ་དཀའ་ངལ་འཕྲད་ཀྱི་ཡོད། ང་རང་ཚོ་སྐྱེས་ནས་མ་ཤི་བར་ལ། རྒས་འཁོགས་ཆགས་པ་དང་། ན་བ་དང་། རང་ཉིད་ཀྱི་གཉེན་ཉེ་འདུ་རྣམས་འཆི་བའི་སྡུག་བསྔལ་དང་། གང་འདོད་པ་དེ་མ་ཐོབ་པ་དང་། གང་མི་འདོད་པ་དེ་དང་འཕྲད་པའི་སྐབས་སུ། ང་ཚོ་བློ་ཕམ་དང་ཡིད་སུན་པའི་སྣང་བ་ཡོང་གི་ཡོད་པ་དེ་དག་ཐམས་ཅད་ནི་འཕགས་པའི་བདེན་པ་དང་པོ་སྡུག་བསྔལ་གྱི་བདེན་པའི་ཁོངས་སུ་གཏོགས་པ་ཡིན།
གཉིས་པ། དཀའ་ངལ་གྱི་འབྱུང་ཁུངས་དངོས། ༼ཀུན་འབྱུང་བདེན་པ།༽
ང་ཚོའི་དཀའ་ངལ་རྣམས་ནི་རྒྱུ་རྐྱེན་སྣ་ཚོགས་པ་ལས་བྱུང་བ་ཡིན་ནའང། སངས་རྒྱས་ཀྱིས། དཀའ་ངལ་གྱི་འབྱུང་ཁུངས་མཐར་ཐུག་པ་ནི། ང་ཚོ་རང་ཉིད་དངོས་པོའི་གནས་ལུགས་ལ་རྨོངས་པའམ་མ་རིག་པ་དེ་ཡིན་པར་གསུངས། དེ་ཡང་། རང་ཉིད་དང་གཞན་སུ་ཡིན་པ་དང་གང་ཡོད་པ་ཐམས་ཅད་མི་སྲིད་པའི་ལམ་གྱི་རྒྱུ་རྐྱེན་ལས་གྲུབ་པའམ། བདེན་པའི་ངོ་བོར་གྲུབ་པ་ཞིག་ཏུ་རང་ཉིད་ཀྱི་བློས་ཚོད་དཔོག་གི་སྒོ་ནས་བལྟ་བ་དེ་ཡིན།
གསུམ་པ། དཀའ་ངལ་དངོས་སུ་བཀག་འགོག ༼འགོག་པའི་བདེན་པ།༽
སངས་རྒྱས་ཀྱིས། ང་རང་ཚོའི་སྡུག་བསྔལ་རྣམས་ཀྱི་རྒྱུ་རྨོངས་པའམ་མ་རིག་པ་དེ་བཅོམ་ནས། སྡུག་བསྔལ་རྣམས་སླར་མྱོང་མི་དགོས་པར་རྩ་བ་ནས་སྤོང་ཐུབ་པ་ཞིག་ཏུ་གཟིགས་པ་ཡིན།
བཞི་པ། སེམས་ཀྱི་ལམ་དངོས། ༼ལམ་གྱི་བདེན་པ།༽
དངོས་པོའི་གནས་ལུགས་གང་ཡིན་པ་ཇི་བཞིན་དུ་རྟོགས་པའི་སྒོ་ནས་རྨོངས་པའམ་མ་རིག་པ་དེ་མེད་པར་བཟོ་བའི་སྐབས་སུ། སྡུག་བསྔལ་དང་དཀའ་ངལ་རྣམས་འགག་འགྲོ་བ་ཡིན། དེ་ཡང་ང་རང་ཚོ་ཚང་མ་ཕན་ཚུན་གཅིག་ལ་གཅིག་ལྟོས་དང་གཅིག་ལ་གཅིག་བརྟེན་གྱི་ཚུལ་དུ་འབྲེལ་ནས་ཡོད་པ་དེ་རྟོགས་པའི་ཐོག་ནས་ལས་ཀ་དེ་བྱེད་ཀྱི་ཡོད། འདི་ལ་གཞིར་བཞག་པའི་ཐོག་སེམས་ཅན་ཐམས་ཅད་གཅིག་མཚུངས་ཀྱི་བྱམས་པ་དང་བརྩེ་བ་གོང་འཕེལ་གཏོང་བ་དང་། དུ་ནམ་ཞིག་གི་ཚེ་ང་ཚོས་རང་ཉིད་དང་། གཞན་དག་ཇི་ལྟར་ཡོད་པའམ་གྲུབ་པའི་ཐད་ལ་རྨོངས་པ་དེ་སེལ་བ་ཡིན་ན། ང་ཚོས་རང་གཞན་གཉིས་ཀ་ལ་ཕན་ཐོགས་པའི་བྱ་བ་བསྒྲུབ་ཐུབ་པ་ཡིན།
སངས་རྒྱས་ཀྱི་ཆོས་ཀྱི་སྡེ་ཚན་དབྱེ་བ།
༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། སངས་རྒྱས་ཀྱི་ཆོས་ལ་སྡེ་ཚན་མི་འདྲ་བ་གསུམ་དུ་དབྱེར་མཛད་གནང་ཡོད་པ་ནི།
- ནང་པའི་སེམས་ཀྱི་ཚན་རིག དེ་ནི་ཡུལ་ཅན་གྱི་མྱོང་བའི་ལྟ་སྟངས་ཀྱི་སྟེང་ནས། དབང་པོའི་ཤེས་པ་དང་རྟོག་པའི་འཆར་སྒོ། སེམས་ཚོར་རྣམས་བྱ་བ་གང་འདྲ་བྱེད་ཀྱི་ཡོད་པ་བཅས་ཀྱི་སྐོར་དེ་ཡིན།
- ནང་པའི་ལྟ་གྲུབ། དེ་ནི་ནང་པའི་བཟང་སྤྱོད་ ༼འདུལ་ཁྲིམས་༽ དང་རྒྱུ་མཚན་རིག་པ་ ༼གཏན་ཚིགས་རིག་པ།༽ སངས་རྒྱས་པའི་ཆོས་ལུགས་ཀྱི་དངོས་པོའི་གནས་ལུགས་ལ་གོ་རྟོགས་གང་ཡོད་པ་བཅས་ཀྱི་སྐོར་དེ་ཡིན།
- ནང་པའི་ཆོས་ལུགས། དེ་ནི་སྐྱེ་བ་སྔ་ཕྱི་དང་། ལས་རྒྱུ་འབྲས་དང། ཁ་ཏོན་དགེ་སྦྱོར་སོགས་ཆོ་ག་ཕྱག་ལེན་བཅས་ཀྱི་སྐོར་དེ་ཡིན།
ནང་པའི་ཚན་རིག་གིས། སེམས་ཀྱི་འཛིན་སྟངས་དང་རྟོག་པའི་བྱེད་ལས་སྣ་ཚོགས་ཀྱི་ས་ཁྲ་རྒྱས་པོ་ཞིག་མཁོ་སྤྲོད་བྱེད་པའི་ཐོག་ནས་དེང་དུས་ཀྱི་དབང་རྩ་དང་ཀླད་ཁམས་ཚན་རིག་པའི་རྣམ་གཞག་ལ་ཁ་གསབ་བྱེད་ཀྱི་ཡོད། དེའི་ནང་དུ་དབང་པོའི་ཤེས་པ་དང་། རྩེ་གཅིག་པའི་བསམ་གཏན་དང། བློ་རྩེ་གཅིག་སྒྲིམ་དང་། དྲན་པ་དང་། ཤེས་བཞིན་དང་། དེ་མིན་ང་ཚོའི་རྒྱུད་ལ་ཡོད་པའི་དགེ་བ་དང་མི་དགེ་བའི་སེམས་ཚོར་གཉིས་ཀར་ཚུད་བསྡད་ཡོད། དེ་ལྟར་དགེ་བའམ་མཐུན་པའི་ཕྱོགས་ཀྱི་དབང་རྩའི་བགྲོད་ལམ་བརྒྱུད་ནས་སེམས་ཀྱི་ཕན་ཐོགས་པོའི་ནུས་པ་དེ་དག་གོང་མཐོར་གཏོང་ཐུབ་པ་ཡིན།
༧གོང་ས་སྐྱབས་ཆེན་པོ་མཆོག་གི་ཞལ་སྔ་ནས། སངས་རྒྱས་པའི་བསམ་བློ་གཏོང་ཕྱོགས་ནི། དད་པ་ལས་ཀྱང་དཔྱད་པ་ལ་བརྟེན་པ་མང་བ་ཡོད་པ་སོང་ཙང། ཚན་རིག་གི་རྙེད་དོན་རྣམས་ནང་པའི་བསམ་བློ་གཏོང་ཕྱོགས་ཐད་ལ་ཧ་ཅང་གི་ཕན་ཐོགས་ཆེན་པོ་ཡོད་ཅེས་གསུངས་སོ།།
ཕྱིའི་ལུས་ཕུང་གི་རིམ་པའི་སྟེང་ནས་བཤད་ནའང་། ནང་པའི་ཚན་རིག་སྡེ་ཚན་གྱི་དབྱེ་བའི་ཁོངས་སུ་ནད་རིགས་མང་པོ་ཞིག་ལ་བཅོས་ཐབས་ཀྱི་གསོ་དཔྱད་སྨན་གྱི་ལམ་ལུགས་ཀྱང་གྲ་རྒྱས་པོ་ཡོད། དེས་ཕྱི་དངོས་པོའི་རྫས་དང་ནུས་པའི་ཐོག་ལ། དེང་དུས་ཁོན་ཊོམ་དངོས་ཁམས་རིག་པ་དང་མཐུན་པའི་ཆ་མང་པོ་ལ་ཞིབ་ཚགས་ཀྱིས་དཔྱད་པ་བཏང་བ་རྣམས་ངོ་སྤྲོད་བྱེད་པ་ཡིན། ད་དུང་དེས་འཇིག་རྟེན་གྱི་འབྱུང་ཁུངས་སམ་ཐོག་མར་ཆགས་ཚུལ་དང་། བར་དུ་གནས་པའི་མི་ཚེ་དང་། མཐར་ཟད་པའམ་སྟོང་པའི་སྐོར་ལ། ད་ལྟའི་འཇིག་རྟེན་འདིའི་སྔ་རོལ་དུ་ཐོག་མ་མེད་པའི་འཇིག་རྟེན་གྱི་རྒྱུན་ཞིག་ཁས་ལེན་བཞིན་ཡོད་པའང་བཤད་ཀྱི་ཡོད།
སངས་རྒྱས་པའི་ལྟ་གྲུབ་ནི། རྟེན་འབྲེལ་དང་། ལྟོས་གྲུབ་དང། དེ་བཞིན་རྒྱུ་འབྲས་ལ་སོགས་པའི་གནད་དོན་དག་དང་འབྲེལ་བ་ཞིག་ཡིན། དེ་ཡིས་ང་རང་ཚོའི་སེམས་ཀྱི་རྟོག་པའི་འཆར་སྣང་ནོར་བའམ་ཚུལ་མིན་ཡིད་བྱེད་ཀྱི་བློ་རྣམས་གང་ཡིན་རྟོགས་པར་ཕན་རོགས་བྱེད་ཅིང། དེ་ཡང་གཏན་ལ་ཕབ་པའི་རྣམ་གཞག་དང་རྩོད་པ་ལ་གཞིར་བཅོལ་བའི་རྒྱུ་མཚན་རིག་པའི་ལམ་ལུགས་ཞིབ་ཚགས་པོ་ཞིག་གསལ་སྟོན་བྱེད་པ་ཡིན།
ནང་པ་སངས་རྒྱས་པའི་བཟང་སྤྱོད་ཀྱི་ཚུལ་ཁྲིམས་ནི། རང་གཞན་གཉིས་ཀར། ཕན་པ་གང་ཡིན་པ་དང་གནོད་པ་གང་ཡིན་པ་ལ། བླང་འདོར་གྱིས་དབྱེ་བ་འབྱེད་པར་གཞིར་བཅོལ་ཡོད།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས། ང་ཚོ་ཆོས་ལུགས་གང་རུང་ལ་དད་མོས་བྱེད་མཁན་ནམ། ཡང་ན་དད་པ་མེད་མཁན་གྱི་རིགས། དེ་བཞིན་དུ་འཇིག་རྟེན་གྱི་བཀོད་པ་པོ་དཀོན་མཆོག་ལ་ཡིད་ཆེས་བྱེད་མཁན་དང། ལས་རྒྱུ་འབྲས་ལ་ཡིད་ཆེས་བྱེད་མཁན་བཅས་གང་ཡིན་མིན་ལ་མ་ལྟོས་པར། ཚང་མསབཟང་སྤྱོད་ཀྱི་ཚུལ་ཁྲིམས་ལ་གོང་མཐོར་གཏོང་བར་འབད་རྩོན་བྱེད་ནུས་ལ་བྱེད་ཆོག་པ་ཞིག་ཡིན། ཞེས་གསུངས་སོ།།
བཟང་སྤྱོད་ཀྱི་ཚུལ་ཁྲིམས་དེའི་ནང། བྱམས་བརྩེ་དང་། དྲང་བདེན་དང། གཏོང་ཕོད་དང་། བཟོད་སྒོམ་ལ་སོགས་པ་འགྲོ་བ་མིའི་གཞི་རྩའི་རིན་ཐང་རྣམས་ལ་ཡི་རངས་བརྩི་མཐོང་དང་གོང་འཕེལ་གཏོང་དགོས་པ་བཅས་ཚུད་པ་དང་ཆབས་ཅིག གང་ཐུབ་ཅི་ཐུབ་ཀྱིས་གཞན་ལ་གནོད་པ་མི་སྐྱེལ་བའི་ཐབས་ཤེས་བྱེད་ཀྱི་ཡོད།
སངས་རྒྱས་པའི་ཆོས་ལུགས་ཀྱིས། ལས་རྒྱུ་འབྲས་དང། སྐྱེ་བ་སྔ་ཕྱི་དང། སླར་ཡང་འཁོར་བར་སྐྱེ་བའི་རྒྱུ་རྐྱེན་དང་གྲུབ་ཆ། འཁོར་བ་ལས་གྲོལ་བའི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་བཅས་ཀྱི་བརྗོད་གཞི་ཁག་དང་འབྲེལ་བ་ཞིག་ཡིན། དེའི་ནང་དུ་ཉིན་རེའི་ཞལ་འདོན་དང་། སྒོམ་ཉམས་ལེན་དང་། ཕྱག་མཆོད་སྨོན་ལམ་གྱི་རིགས་རྣམས་ཚུད་ཡོད། ནང་པ་སངས་རྒྱས་པའི་ཆོས་ཀྱི་ནང་དུ་ཧ་ཅང་རྩ་ཆེ་བའི་དཔེ་ཆ་བྱེ་བྲག་པ་གཅིག་ཟུར་དུ་མེད། དཔེར་ན། ཡེ་ཤུའི་ཆོས་ལུགས་ཀྱི་རྩ་ཆེན་དཔེ་ཆ་བཱ་ཡི་བྷལ་ (Bible) ཟེར་བ་ལྟ་བུར་ནང་པ་སངས་རྒྱས་པའི་བཱ་ཡི་བྷལ་ཟེར་བ་ཞིག་ནི་ལོགས་སུ་མེད། གང་ཡིན་ཞེ་ན། ནང་པའི་ཆོས་བརྒྱུད་སོ་སོར་སངས་རྒྱས་ཀྱི་བཀའ་ངོ་མ་ལ་གཞིར་བྱས་པའི་རང་རང་གི་ཉམས་ལེན་དང་འབྲེལ་བའི་དཔེ་ཆ་སྣ་ཚོགས་ཤིག་ཡོད། བོད་ཀྱི་ཆོས་བརྒྱུད་ཁག་གི་དཔེ་ཆ་མང་པོ་ཞིག་ནི། ང་ཚོའི་དྲ་རྒྱའི་མ་དཔེའི་སྡེ་ཚན་བརྒྱུད་འཚོལ་ན་རྙེད་ཐུབ།
མི་རྣམས་ཀྱིས། དུས་ཚོད་ག་དུས་རག་པ་དང་ས་གནས་གང་དུ་ཡོད་ཀྱང་ཕྱག་མཆོད་སྨོན་ལམ་བྱ་ཆོག་པ་ཞིག་ཡིན། འོན་ཀྱང་མི་མང་པོས་དགོན་པ་ལྷ་ཁང་དང་། སོ་སོའི་ཁྱིམ་དུ་ཡོད་པའི་མཆོད་ཁང་བཅས་སུ་ཕྱག་མཆོད་སྨོན་ལམ་བྱེད་པར་འདམ་ཀ་བྱེད་ཀྱི་ཡོད། སྨོན་ལམ་འདེབས་པའི་དགོས་པའང་རང་འདོད་དོན་གཉེར་གྱི་ཆེད་དུ་མིན་པར། རང་གི་ནང་སེམས་ཀྱི་ནུས་པ་སྟེ། ཤེས་རབ་དང་སྙིང་རྗེ་སད་པའི་ཆེད་དུ་ཡིན།
སངས་རྒྱས་པའི་ཆོས་སུ་བཟའ་འཐུང་གི་ཐད་ལ་དམིགས་བསལ་སྒྲིག་ལམ་མེད་ཀྱང་། སློབ་དཔོན་དང་བླ་མ་ཕལ་ཆེ་བས་རང་གི་སློབ་མར་གང་ཐུབ་ཅི་ཐུབ་ཀྱིས་དཀར་ཟས་སྤྱོད་དགོས་པའི་བསྐུལ་མ་གནང་གི་ཡོད། དེ་བཞིན་སངས་རྒྱས་ཀྱིས་ཀྱང་རང་གི་རྗེས་འཇུག་ཚོར་ཆང་རག་དང་སྨྱོས་རྫས་སྤྱོད་མི་ཆོག་པའི་གདམས་ངག་གནང་ཡོད། སངས་རྒྱསཔའི་ཆོས་ཀྱི་ཉམས་ལེན་ནི། དྲན་ཤེས་གོང་འཕེལ། ཁྲིམས་རང་སྲུང་དང་སྡོམ་པ་རང་འཁུར་བྱེད་པར་དམིགས་ཤིང་། དེ་དག་ང་ཚོས་དུས་རྒྱུན་ཆང་རག་གིས་བཟིར་བའི་སྐབས་སུ་བག་མེད་རྒྱ་ཡན་དུ་ཤོར་གྱི་ཡོད་པས་ཡིན།
སངས་རྒྱས་པའི་ཆོས་ཀྱི་ནང་། དགེ་འདུན་པ་དང་བཙུན་མའི་བསྟི་གནས་སུ་གྱུར་བའི་དགོན་སྡེའི་ལམ་ལུགས་ཤིག་ཡོད་པ་དང་། དེ་དག་གིས་ཚུལ་ཁྲིམས་རྣམ་པར་དག་པའི་ཚངས་སྤྱོད་ཀྱི་སྡོམ་པ་དང་བཅས་པའི་སྡོམ་པ་བརྒྱ་ཕྲག་ལ་དང་ལེན་བརྩི་སྲུང་བྱེད་ཀྱི་ཡོད། དགེ་འདུན་བཙུན་མ་དེ་དག་གིས་རང་ཉིད་ཀྱི་དབུ་སྐྲ་གཞར་བ་དང་། གྲྭ་ཆས་སམ་གཟན་དང་ཤམ་ཐབས་གྱོན་ནས་དགོན་སྡེ་ཁག་གི་ནང་། རང་ཉིད་ཀྱི་མི་ཚེ་བསླབ་པ་སློབ་གཉེར་དང་། སྒོབ་སྒྲུབ་ཉམས་ལེན་དང་། ཕྱག་མཆོད་སྨོན་དང་། དེ་བཞིན་ཁྱིམ་པ་མང་ཚོགས་ཀྱི་ཆེད་དུ་ཆོ་ག་རིམ་གྲོ་སྒྲུབ་པ་ལ་སྐྱེལ་གྱི་ཡོད། དེང་སང་གི་དུས་སུ། ཁྱིམ་པ་སྐྱ་བོ་མང་པོས་ནང་པ་སངས་རྒྱས་པའི་ཆོས་ལ་སློབ་སྦྱོང་བྱེད་པ་དང་། ནང་པའི་ཆོས་ཚོགས་ཁག་གི་ནང་སྒོམ་ཉམས་ལེན་བྱེད་ཀྱི་ཡོད།
ནང་པ་སངས་རྒྱས་པའི་ཆོས་ནི། མི་ཚང་མས་སློབ་སྦྱོང་དང་ཉམས་ལེན་བྱེད་ཆོག
སངས་རྒྱས་ཀྱིས། ང་ཚོ་ལྟ་བུའི་འགྲོ་བ་མི་རྣམས་དོན་ངོ་མར་གང་འདྲ་སེ་གྲུབ་པའམ་ཡོད་པར་གཟིགས་ཤིང་། ཁོང་ཉིད་ནི་སྐྱོན་ཆ་དང་ལྡེང་མིན་གྱི་ཆ་ཐམས་ཅད་ལས་ཐར་ནས། ཡོན་ཏན་དང་ནུས་པའི་ཆ་ཐམས་ཅད་རྟོགས་པ་ཡིན་ལ། ནང་སངས་རྒྱས་པའི་ཆོས་སྐད་དུ་དེ་ལ་སངས་རྒྱས་པའམ་སངས་རྒྱས་ཀྱི་གོ་འཕང་ཞེས་ཟེར། ཞེས་པར་གཟིགས། སངས་རྒྱས་ཀྱིས། ང་ཚོའི་སྡུག་བསྔལ་དང་དཀའ་ངལ་རྣམས་རང་གི་ཕྱག་འགུལ་བ་ཙམ་གྱིས་ལས་སླ་པོར་སེལ་མི་ནུས་ཀྱང་། དེའི་ཚབ་ཏུ་ཁོང་གིས་ང་ཚོར་ལམ་ཞིག་བསྟན་ཡོད་པ་དེའི་རྗེས་སུ་འཇུག་ནས། སྡུག་བསྔལ་དང་དཀའ་ངལ་དེ་དག་ལས་གྲོལ་ཐབས་དང་། རང་རྒྱུད་ཀྱི་བཟང་པོའི་ཡོན་ཏན་བྱམས་པ་དང་རྙིང་རྗེ། གཏོང་ཕོད་དང་ཤེས་རབ་ལ་སོགས་པ་གོང་འཕེལ་དུ་གཏོང་ཐུབ་པ་ཡིན།
ཇི་ལྟར་སེམས་རྒྱུད་ཀྱི་ཡོན་ཏན་དེ་དག་གོང་འཕེལ་གཏོང་ཐབས་ཀྱི་ཆོས་ཚུལ་དེ་རྣམས། ཆོས་ལུགས་དང་རིག་གཞུང་གི་རྒྱབ་ལྗོངས་སོགས་གང་ལའང་མི་ལྟོས་པར། མི་ཚང་མས་སློབ་སྦྱོང་དང་ཉམས་ལེན་བྱེད་ཆོག་པ་ཞིག་ཡིན། ནང་པ་སངས་རྒྱས་པའི་ཆོས་ཀྱི་ནང། འཇིག་རྟེན་གྱི་བྱེད་པོ་དཀོན་མཆོག་དང་ལྷ་སོགས་ལ་སྐྱབས་སུ་འགྲོའམ་དད་པ་དང་ཡིད་ཆེས་བྱེད་སྲོལ་དེ་མེད་ཀྱང་། ང་ཚོས་ཅ་ལག་ཧ་ཅང་རྩ་ཆེན་པོ་ཞིག་ཉོ་བ་ནང་བཞིན། སྟོན་པའི་བསྟན་པའམ་ཆོས་ལའང་དེ་ལྟར་བརྟག་དཔྱད་བྱེད་དགོས་པའི་སྐུལ་མ་བྱེད་ཀྱི་ཡོད། དེ་འདྲའི་བརྟག་དཔྱད་ཞིབ་འཇུག་གི་ལམ་ནས། སངས་རྒྱས་ཀྱི་ཆོས་ཀྱི་སྙིང་པོར་གྱུར་བ་བཟང་སྤྱོད་ཀྱི་རྣམ་གཞག རྙིང་རྗེ་དང་ཤེས་རབ་བཅས་ལ་རྗེས་སུ་ཡི་རངས་བྱེད་འགོ་བཙུགས་པ་དང་། ང་ཚོས་རང་བཞིན་གྱིས། རང་གཞན་ཐམས་ཅད་ལ་ཕན་པའི་དོན་དུ། གནོད་གཞིར་གྱུར་བའི་ལས་སྤངས་ཤིང་། ཧུར་ཐག་གིས་དཀར་པོ་དགེ་བའི་ལས་ལ་འཇུག་པ་ཡིན། དེ་ཡིས་ང་ཚོ་མི་རེ་ངོ་རེ་ཚང་མས་གཅིག་གྱུར་དུ་གང་འདོད་པའི་བདེ་སྐྱིད་ཕུན་སུམ་ཚོགས་པ་ཁོ་ནའི་གནས་སུ་འཁྲིད་ཐུབ་པ་ཡིན་ནོ།།