འཕགས་པའི་བདེན་པ་བཞི་ཟེར་བ་ནི། གཞི་རིམ་གྱི་བདེན་པའི་གནས་ཚུལ་རྣམས་ཡིན། ང་ཚོའི་དཀའ་ངལ་རྣམས་ལས་ཐར་བའི་ཆེད་དུ་བསྟན་པའི་ལམ། འདི་ནི་སངས་རྒྱས་ཀྱིས་གསུངས་པའི་་ཆོས་ཐོག་མ་དེ་ཡིན་ཞིང་། ནང་པ་སངས་རྒྱས་པའི་ཆོས་ཡོངས་སུ་རྫོགས་པའི་སྒྲོམ་གཞི་བྱེད་ཀྱི་ཡོད།
འཕགས་པའི་བདེན་པ་དང་པོ། སྡུག་བསྔལ་བདེན་པ།
བདེན་པ་དང་པོ་ནི། སྤྱིར་བཏང་མི་ཚེ་ནི་འདོད་པ་ཁེངས་རྒྱུ་མེད་པའི་སྡུག་བསྔལ་ཞིག་ཡིན། སྐྱེ་བ་ནས་མ་ཤི་བར་དུ་བདེ་བའི་དུས་སྐབས་མང་པོ་ཞིག་ཡོད་ཀྱང་། དེ་རྣམས་ནམ་ཡང་ཡུན་རིང་པོར་མི་གནས་པ་མ་ཟད། ད་དུང་མི་བདེ་བའམ་ཡིད་དུ་མི་འོང་བའི་དུས་སྐབས་ཀྱང་ཧ་ཅང་མང་པོ་ཡོད།
- སྡུག་བསྔལ་དང་སྐྱིད་པོ་མེད་པ་ནི། ན་བ་དང། བློ་ཕམ་པ་དང། ཁེར་རྐྱང་གི་ཚོར་བ་དང་། སེམས་འཚབ་དང། འདོད་པ་མི་ཁེངས་པ་སོགས་ཚང་མ་ལས་སླ་པོས་ངོས་འཛིན་ཐུབ་ཅིང་ཧ་གོ་ཐུབ་པ་ཡིན། དེ་ནི་རྟག་པར་ང་ཚོའི་ཉེ་འཁོར་ལའང་འབྲེལ་བ་མེད་དེ། ང་ཚོ་རང་གི་གྲོགས་པོ་ཡག་ཤོས་ཀྱི་མཉམ་དུ་སོ་སོའི་དགའ་ཤོས་ཀྱི་ཁ་ལག་བཟའ་རྒྱུ་བྱུང་ནའང་། ད་དུང་སེམས་མི་སྐྱིད་པ་ཡོང་གི་ཡོད།
- གནས་སྐབས་སམ་དུས་ཐུང་གནས་པའི་བདེ་བ་ནི། ང་ཚོས་བདེ་བ་ག་འདྲ་ཞིག་མྱོང་ཡང་། དོན་དངོས་ལ་བདེ་བ་དེ་རྒྱུན་དུ་གནས་པའམ་འདོད་པ་བསྐོངས་མི་ཐུབ་པར། ལམ་སེང་ཚོར་བ་མི་བདེ་བར་གྱུར་འགྲོ་ཡི་ཡོད། ང་ཚོ་གྲང་བས་ཧ་ཅང་མནར་བའི་སྐབས་སུ། ཚ་དྲོད་ཡོད་པའི་ཁང་པའི་ནང་དུ་འགྲོ་ཞིང་། ཚ་བ་གཅིག་པོ་མྱངས་པའི་མཐའ་མར་ཚ་དྲོད་བཟོད་བསྲན་མ་ཐུབ་པས། ཡང་བསྐྱར་མཁའ་རླུང་སོས་པར་ཚ་གཡོལ་དུ་འགྲོ་འདོད་བྱེད་ཀྱི་ཡོད། གལ་སྲིད་བདེ་བ་དེ་རྒྱུན་དུ་གནས་ཀྱི་ཡོད་ན་དཔེ་མི་སྲིད་པའི་ཡག་པོ་ཡོད་ཀྱང་། དཀའ་ངལ་ཞིག་ལ་དེ་ནམ་ཡང་དེ་འདྲ་གནས་ཀྱི་མེད།
༼བདེ་སྐྱིད་ཟེར་ན་ག་རེ་རེད། འདིར་གཟིགས།༽
རྟག་ཏུ་བསྐྱར་ལྡབ་ཡང་ལྡབ་ཀྱི་བྱུང་བའི་དཀའ་ངལ། མི་ཚེའི་དར་རྒུད་རྣམས་ལ་འབྲེལ་བ་དང་གདོང་ལེན་བྱེད་སྟངས་གི་སྟེང་ནས། ང་ཚོས་དཀའ་ངལ་མང་དུ་བཟོ་བཞིན་ཡོད་པ་ནི་ཐབས་སྐྱོ་ཤོས་ཤིག་རེད། དཔེར་ན། ང་ཚོའི་བཟང་ཚང་གི་འབྲེལ་བ་ཡག་པོ་ཞིག་མེད་པའི་སྒང་ལ་ང་ཚོས་ལས་ཀ་བྱེད་སྟངས་མང་པོ་ཞིག་གིས་འབྲེལ་བ་ཇེ་སྡུག་ཏུ་གཏོང་གི་ཡོད། ང་ཚོས་རང་གི་གོམས་གཤིས་ངན་པར་རྒྱབ་སྐྱོར་གྱིས་ཤུགས་ཆེ་རུ་བཏང་བའི་རྐྱེན་གྱིས་བཟའ་ཚང་ཁ་བྲལ་དགོས་པ་ཡང་ཆགས་ཀྱི་ཡོད། ང་ཚོས་ཡང་ཡང་དེ་ལྟར་བྱས་པས། རང་གི་བཟའ་ཚང་རྗེས་མར་ཡང་། དེ་བཞིན་གནས་སྟངས་ཐབས་སྡུག་པོ་ཆགས་ཀྱི་ཡོད།
འཕགས་པའི་བདེན་པ་གཉིས་པ། སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་བདེན་པ
ང་ཚོའི་ཚོར་བ་མི་བདེ་བ་དང་དུས་ཐུང་གི་བདེ་བ་རྣམས། རྒྱུ་མེད་རྐྱེན་མེད་ཀྱི་བྱུང་བ་ཞིག་མ་ཡིན་པར། རྒྱུ་རྐྱེན་རྒྱ་ཆེ་ལ་གཏིང་ཟབ་པ་མང་པོ་ཞིག་ལས་བྱུང་བ་ཡིན། ང་ཚོ་འཚོ་བ་སྐྱེལ་སའི་སྤྱི་ཚོགས་ཀྱིས་ང་ཚོའི་དཀའ་ངལ་རྣམས་འབྱུང་བའི་ཕྱིའི་རྐྱེན་བྱེད། ཡིན་ནའང་། དེའི་རྒྱུ་ངོ་མ་ནི་སངས་རྒྱས་ཀྱིས་གསུངས་པ་ལྟར་ང་ཚོ་རང་ཉིད་ཀྱི་སེམས་ལས་བྱུང་བ་ཞིག་ཡིན། དེ་དག་ཀྱང་རང་ཉིད་ཀྱི་རྒྱུད་དུ་ལྡན་པའི་ཞེ་སྡང་དང་ཕྲག་དོག འདོད་རྔམས་སོགས། སེམས་ཀྱི་མི་སྐྱིད་པ་བཟོ་མཁན་གྱི་སེམས་ཚོར་ངན་པ་རྣམས་ཀྱིས། རང་དབང་མེད་པར་ང་ཚོའི་བསམ་བློ་དང་སྐད་ཆ། བྱ་བ་བཅས་མཐའ་མ་རང་ཉིད་ཕུང་ཀྲོལ་གྱི་ལམ་དུ་འཁྲིད་འགྲོ་ཡི་ཡོད། སངས་རྒྱས་ཀྱིས་དེ་ལས་ཀྱང་གཏིང་ཟབ་པར་གཟིགས་ཏེ། སེམས་ཚོར་དེ་དག་གི་གཞི་རྟེན་བྱེད་པའི་རྒྱུ་ངོ་མ། ང་ཚོས་དངོས་པོའི་གནས་ལུགས་རྟོགས་ཚུལ་དེ་གསལ་སྟོན་མཛད་ཡོད། འདིའི་ནང་དུ། ང་ཚོའི་གཤིས་སྤྱོད་ཀྱི་རྒྱུན་རིང་པོའི་ཤུགས་རྐྱེན་ཐད་ལ་གོ་རྟོགས་མེད་པ་དང་། རྨོངས་པ་དང་། རང་དང་གཞན། དེ་བཞིན་འཇིག་རྟེན་ག་འདྲས་སེ་གྲུབ་པའམ་ཡོད་པའི་ཐད་ལ་གོ་ལོག་ཤུགས་ཆེན་ཐེབ་ཀྱི་ཡོད་པ་བཅས་ཚུད་ཡོད། ཆོས་ཐམས་ཅད་ཕན་ཚུན་རྟེན་ནས་གྲུབ་པའི་སྐོར་མ་ཤེས་པས། ང་ཚོས་བསམ་པར་དངོས་པོ་རྣམས་ཕྱིའི་རྒྱུ་རྐྱེན་ལ་མི་ལྟོས་པར། རང་ངོས་ནས་རང་དབང་དུ་གྲུབ་ཡོད་པར་སེམས་ཀྱི་ཡོད།
འཕགས་པའི་བདེན་པ་གསུམ་པ། སྡུག་བསྔལ་འགོག་པའི་བདེན་པ།
སངས་རྒྱས་ཀྱིས། ང་རང་ཚོས་སྡུག་བསྔལ་ལ་མུ་མཐུད་དེ་བཟོད་བསྲན་གྱིས་མྱོང་མི་དགོས་ཞེས་གསུངས་ཡོད། གང་ཡིན་ཞེ་ན། ང་ཚོས་དེ་དག་གི་རྒྱུ་རྩ་བ་ནས་མེད་པ་བཟོ་ཐུབ་ན། དེ་ལས་བྱུང་བའི་འབྲས་བུ་རྣམས་ཀྱང་མི་འབྱུང་བ་ཡིན། དེ་བཞིན་གལ་སྲིད་ང་ཚོས་དངོས་པོའི་གནས་ལུགས་ལ་རྨོངས་པ་དེ་མེད་པ་བཟོ་ཐུབ་ན། དཀའ་ངལ་རྣམས་ནམ་ཡང་བསྐྱར་དུ་འབྱུང་མི་ཐུབ་པ་ཡིན། ཁོང་གིས་ང་ཚོའི་དཀའ་ངལ་རེ་གཉིས་ཀྱི་སྐོར་གསུངས་པ་ཙམ་མ་ཡིན་པར། ང་ཚོས་དཀའ་ངལ་གསར་པ་བཟོ་བཞིན་པ་རྣམས་ཀྱང་མཉམ་དུ་འགོག་ཐུབ་པར་གསུངས་པ་ཡིན།
འཕགས་པའི་བདེན་པ་བཞི་པ། ༼སེམས་ཀྱི་༽ ལམ་གྱི་བདེན་པ།
ང་ཚོའི་རྒྱུད་ཀྱི་མ་རྟོགས་ལོག་རྟོགས་ཀྱི་རྨོངས་པ་སེལ་བའི་ཆེད་དུ། དེ་དག་དང་འཛིན་སྟངས་ཐད་ཀར་དགལ་བ་ཞིག་འཚོལ་དགོས།
གཅིག ཕུགས་རྒྱང་་རིང་པོའི་འཆར་གཞི། འགྱོགས་ལམ་བརྟེན་ནས་ལམ་སེང་འདོད་པ་མ་ཁེངས་པར། ཕུགས་རྒྱང་རིང་པོའི་འཆར་གཞི་སྒྲིག་དགོས།
གཉིས། རྒྱ་ཆེ་ས་ལ་ལྟ་བ། མི་ཚེའི་ཆ་ཤས་ཆུང་ཆུང་ལ་དམིགས་ནས་མ་བསྡད་པར་རྒྱ་ཆེ་སར་ལྟ་དགོས་པ།
གསུམ། རང་ཉིད་ཀྱི་བྱ་བའི་མཇུག་འབྲས་ལ་བསམ་པ། ང་ཚོས་ལས་ཀ་ག་འདྲ་ཞིག་བྱས་ཀྱང་གནས་སྐབས་སུ་ལས་སླ་ཇུས་མ་བྱས་པར། དེའི་མཇུག་འབྲས་དེ་རང་ཉིད་ཀྱི་ཚེ་མཇུག་དང་། མི་རབས་རྗེས་མར་ཁེ་ཕན་ག་འདྲ་བཟོ་མིན་ལ་བསམ་དགོས་པ།
མཚམས་རེ་མི་ཚེའི་ནང་དུ་བློ་ཕམ་ཡིད་ཆད་ཀྱི་གནས་ཚུལ་གྱི་རིགས་ཐོན་སྐབས། ང་ཚོས་ཕུགས་རྒྱང་རིང་པོའི་མཇུག་འབྲས་ལ་མི་བལྟ་བར། གནས་སྐབས་དེ་དག་ལ་གདོང་ལེན་བྱ་བྱེད་ཆང་རག་དང་སྨྱོ་རྫས། སྟབས་བདེའི་ཁ་ཟས་སྣ་ཚོགས་ཤིག་བག་མེད་དུ་སྤྱད་ནས་རང་སེམས་གཡེང་ཐབས་བྱེད་པ་དེ་ཁོ་ནར་ཡིན་པར་ཚོར་གྱི་ཡོད། གལ་ཏེ་དེ་དག་ངན་གོམས་སུ་གྱུར་ཚེ། རང་ཉིད་ཀྱི་འཕྲོད་བསྟེན་དང་འཚོ་གནས་ལ་ཉེན་ཚབས་བཟོ་བ་ཙམ་མ་ཟད། ནང་མི་གཉེན་ཉེ་སོགས་ཀྱི་འཚོ་བ་ལའང་དོ་ཕོག་ཐེབས་སྲིད། བྱེད་སྟངས་འདི་ནི། རང་ཉིད་དང་རང་ཉིད་ཀྱིས་བྱས་པའི་ལས་ཀྱི་མཇུག་འབྲས་གཉིས་རྦད་དེ་ཁག་ཁག་ཡིན་པའི་བསམ་བོའི་ཁྱེར་སོ་ཞིག་ཡིན། དེར་བརྟེན་ང་ཚོའི་རྨོངས་པའི་འགལ་ཟླའམ་ཁ་གཏད་ཤུགས་ཆེ་ཤོས་ནི།
- ང་ཚོ་ཚང་མ་ཐག་ཉེ་པོའི་གཞན་འགྲོ་བ་མི་དང་འཇིག་རྟེན་གྱི་ཁམས་མཉམ་དུ་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་འབྲེལ་ནས་ཡོད་པ་ཤེས་དགོས། དེ་ཤེས་ན་ད་ལྟ་ང་ཚོའི་རྣམ་རྟོག་གིས་བཟོས་པའི་གྲུབ་སྟངས་དེ་དངོས་པོའི་གནས་ལུགས་དང་མི་མཐུན་པ་ཞིག་ཡིན་པ་ཤེས་ནུས།
གལ་སྲིད་ང་ཚོས་ཡང་ནས་ཡང་དུ་སྒོམ་བརྒྱབ་ནས་ནང་གི་རྟོགས་པའམ་ཤེས་རབ་དེ་རང་གི་གོམས་གཤིས་སུ་གྱུར་ཐུབ་པ་ཞིག་བྱུང་ན། མཐའ་མ་ང་ཚོས་དོན་མེད་བྱབ་མེད་ཀྱི་རྟོག་པའི་འཆར་སྣང་ལ་རམ་འདེགས་བྱེད་པའི་རྨོངས་པ་ཐམས་ཅད་སེལ་ཐུབ་པ་ཡིན།
༼སྒོམ་རྒྱག་སྟངས། འདིར་གཟིགས།༽
ང་ཚོ་ཚང་མ་ལ་བདེ་བ་འདོད་ཀྱི་ཡོད་ཀྱང་། གང་ལྟར་བདེ་བའི་རྒྱུ་སྒྲུབ་ཐབས་མི་བྱེད་པར་དེ་ལས་རྒྱུན་དུ་གཡོལ་འགྲོ་ཡི་ཡོད། གོང་གསལ་འཕགས་པའི་བདེན་པ་བཞི་ལས་བསྟན་པ་རྣམས་ནི། སངས་རྒྱས་ཀྱི་བདེ་བ་འཚོལ་སྟངས་རྣམས་ཡིན་ཞིང། དེ་ནི་འཇིག་རྟེན་སྤྱི་ཡོངས་ལ་ཁྱབ་པའི་བསླབ་བྱ་ཞིག་ཡིན། སངས་རྒྱས་ཀྱིས་ཆོས་འདི་དང་པོ་གསུངས་ནས་མི་ལོ་ ༢༥༠༠ འདས་ཟིན་པའི་རྗེས་ཀྱི་ད་ལྟའི་སྤྱི་ཚོགས་ལའང་འབྲེལ་བ་འོས་ཤིང་མཚམས་པ་ཞིག་ཡོད།
ང་ཚོའི་ཉིན་རེའི་དཀའ་ངལ་རྣམས་ལ་གདོང་ལེན་བྱ་བའི་ཆེད་དུ། བདེན་པ་བཞི་བེད་སྤྱོད་གཏོང་ཆོག་ཅིང་། དེ་ཉམས་ལེན་བྱ་བར་ཡིན་གཅིག་མིན་གཉིས་སོ་སོ་རང་ཉིད་ནང་པ་ཆགས་དགོས་དོན་མེད། རྒྱུན་དུ་ལས་ཀ་ཚང་མ་རང་གི་འདོད་པ་ལྟར་བསྒྲུབ་མི་སྲིད་ཀྱང་། དེ་ལ་སེམས་སྦུག་དོག་པོ་དང་རེ་ཐག་ཆད་དགོས་དོན་གང་ཡང་མེད། བདེ་སྐྱིད་ངོ་མ་ཞིག་འཚོལ་འདོད་ན། དེ་ནི་བདེན་པ་བཞིའི་ནང་དུ་བསྟན་ཡོད་ཅིང་། མི་ཚེའི་དོན་སྙིང་ལྡན་པའང་དེས་བསྐྲུན་ནུས་པ་ཡིན།
མདོར་བསྡུས་ནས་བརྗོད་ན། སྡུག་བསྔལ་དང་དཀའ་ངལ་དངོས་དེ་ཤེས་པར་བྱ་རྒྱུ་དང་། སྡུག་བསྔལ་དང་དཀའ་ངལ་གྱི་རྒྱུ་དངོས་དེ་སྤོང་བར་བྱ་བ་དགོས་པ་དང། དཀའ་ངལ་དང་སྡུག་བསྔལ་གྱི་འགོག་པ་དངོས་དེ་འཐོབ་པར་བྱ་རྒྱུ་དང་། དེ་ལྟ་བུའི་འགོག་པ་འཐོབ་པར་བྱེད་པའི་སེམས་ཀྱི་ལམ་དངོས་དེ་སྒོམ་ནས་རྟོགས་པར་བྱ་དགོས་པ་ཡིན་ནོ།།