བློ་སྦྱོང་ཚིགས་བརྒྱད་མ།

༡༽ བདག་ནི་སེམས་ཅན་ཐམས་ཅད་ལ། ། ཡིད་བཞིན་ནོར་བུ་ལས་ལྷག་པའི། ། དོན་མཆོག་སྒྲུབ་པའི་བསམ་པ་ཡིས། ། རྟག་ཏུ་གཅེས་པར་འཛིན་པར་ཤོག། 

༢༽ གང་དུ་སུ་དང་འགྲོགས་པའི་ཚེ། ། བདག་ཉིད་ཀུན་ལས་དམན་བལྟ་ཞིང༌། ། གཞན་ལ་བསམ་པ་ཐག་པ་ཡིས། ། མཆོག་ཏུ་གཅེས་པར་འཛིན་པར་ཤོག། 

༣༽ སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ། ། རྟོག་ཅིང་ཉོན་མོངས་སྐྱེས་མ་ཐག། བདག་གཞན་མ་རུངས་བྱེད་པས་ན། ། བཙན་ཐབས་གདོང་ནས་བཟློག་པར་ཤོག། 

༤༽ རང་བཞིན་ངན་པའི་སེམས་ཅན་རྣམས། ། སྡིག་སྡུག་དྲག་པོས་ནོན་མཐོང་ཚེ། ། རིན་ཆེན་གཏེར་དང་འཕྲད་པ་བཞིན། ། རྙེད་པར་དཀའ་བས་གཅེས་འཛིན་ཤོག། 

༥༽ བདག་ལ་གཞན་གྱིས་ཕྲག་དོག་གིས། ། གཤེ་བསྐུར་ལ་སོགས་མི་རིགས་པའི། ། གྱོང་ཁ་རང་གིས་ལེན་པ་དང༌། ། རྒྱལ་ཁ་གཞན་ལ་འབུལ་བར་ཤོག། 

༦༽ གང་ལ་བདག་གིས་ཕན་བཏགས་པའི། ། རེ་བ་ཆེ་བ་གང་ཞིག་གིས། ། ཤིན་ཏུ་མི་རིགས་གནོད་བྱེད་ནའང༌། ། བཤེས་གཉེན་དམ་པར་བལྟ་བར་ཤོག།

༧༽ མདོར་ན་དངོས་སམ་བརྒྱུད་པ་ཡིས། ། ཕན་བདེ་མ་རྣམས་ཀུན་ལ་འབུལ། ། མ་ཡི་གནོད་དང་སྡུག་བསྔལ་ཀུན། ། གསང་བས་བདག་ལ་ལེན་པར་ཤོག། 

༨༽ དེ་དག་ཀུན་ཀྱང་ཆོས་བརྒྱད་ཀྱི། ། རྟོག་པའི་དྲི་མས་མ་སྦགས་ཤིང༌། ། ཆོས་ཀུན་སྒྱུ་མར་ཤེས་པའི་བློས། ། ཞེན་མེད་འཆིང་བ་ལས་གྲོལ་ཤོག། 

Top