རྟགས་གསལ་གཏོང་བའི་དགོས་པ་དང་ཕན་ཡོན།

00:24
ནང་པ་སངས་རྒྱས་པའི་ཆོས་ཀྱི་ནང་གི་རྟགས་གསལ་གཏོང་སྲོལ་ནི་སྤྱང་གྲུང་ལྡན་པའི་རྒྱུ་མཚན་རིགས་པས་ཕ་རོལ་པོ་དེ་ཕམ་པར་བྱེད་པའི་ཆེད་དུ་མ་ཡིན་པར། རྟགས་གསལ་གཏོང་བ་ནི། སློབ་གཉེར་བ་ཚོའི་གོ་རྟོགས་ལ་ངེས་ཤེས་རྙེད་པ་ཡོང་བར་ཕན་རོགས་བྱེད་ཀྱི་ཡོད། དེ་ལ་བརྟེན་ནས་ཁོང་ཚོར་སྒོམ་གྱི་ཐད་ལ་དྭོགས་པ་སྐྱེ་གི་མེད། འཛིན་གྲྭའི་ནང་གི་སློབ་ཕྲུག་རེ་རེས་རང་གི་འཛིན་གྲོགས་རེ་རེ་ལ་རྩོད་གླེང་བྱས་ཏེ། དེ་དག་གི་ལན་ལ་དྲི་བ་འདོན་པ་དང་། རང་གི་དམ་བཅའ་དང་མི་མཐུན་པ་གང་ཡོད་པ་རྣམས་ཐེར་འདོན་གྱིས་སོ་སོའི་དམ་བཅའ་སྲུང་སྐྱོབ་བྱེད་དགོས། དེ་ལྟར་བྱས་པས། མཐའ་མར་ཕྱོགས་གཉིས་ཀར་ཕན་ཐོགས་ཀྱི་ཡོད།

ནང་པའི་ཆོས་ཀྱི་ནང་རྟགས་གསལ་གཏོང་བའི་དགོས་པ་གཙོ་བོ་གཅིག་ནི། རང་གི་ངེས་ཤེས་གོང་འཕེལ་དུ་གཏོང་བར་རོགས་པ་བྱ་རྒྱུ་དེ་ཡིན། རང་གིས་རང་ལུགས་ཀྱི་དམ་བཅའ་ཞིག་བཟུང་སྟེ། དེ་ལ་རང་ཉིད་ཀྱི་རྟགས་གསལ་གཏོང་རོཌ་དེས་ལྟ་བ་དང་རིགས་པ་སྒོ་དུ་མས་རྩོད་གླེང་བྱེད་ཀྱི་ཡོད། གལ་ཏེ་རང་གི་དམ་བཅར་གཞན་གྱི་དགག་པ་ཚང་མས་མི་གནོད་པའི་ཐོག་སྲུང་སྐྱོབ་ཐུབ་པ་དང་། མཐར་དགག་པ་རྒྱག་པ་དེ་དག་ལ་རྒྱུ་མཚན་མེད་པ་དང་འགལ་བ་གང་ཡང་མེད་པ་ཤེས་པ་ཡིན་ན། དེ་ནས་ཁྱེད་རང་དམ་བཅའ་དེ་རང་ལ་དམིགས་པ་གཏད་པའམ། ཡང་ན་གཡོ་བ་མེད་པའི་ངེས་ཤེས་བརྟན་པོར་བཟུང་ཐུབ། ང་ཚོས་སེམས་ཀྱི་གནས་སྟངས་དེར་མོས་པའང་ཟེར་གྱི་ཡོད།  དཔེར་ན། མི་རྟག་པ་དང་། བདག་གཞན་མཉམ་པ། རང་ལས་གཞན་གཅེས་པར་འཛིན་པ། བྱང་ཆུབ་ཀྱི་སེམས། སྟོང་པ་ཉིད་ལ་སོགས་པ་ལྟ་བུ་དམིགས་པ་གང་འདྲ་ཞིག་གི་སྟེང་ལ་རྩེ་གཅིག་ཏུ་སྒོམ་རྒྱག་སྐབས་ངེས་ཤེས་དང་མོས་པ་དེ་གཉིས་དགོས་ཀྱི་ཡོད།

བརྙན་པར། མཚན་ཞབས་སེར་ཀོང་རིན་པོ་ཆེ་སྐུ་ཕྲེང་ ༢། “དད་པ་དང་རྒྱུ་མཚན་རིགས་པ་ཁ་ཕྱོགས་སྒྱུར་བ།”

དེར་མ་ཟད། ལས་དང་པོ་བ་རྣམས་ཐོག་མར་རྩེ་གཅིག་པའི་ཏིང་ངེ་འཛིན་ཡར་རྒྱས་གཏོང་བར་སྒོམ་རྒྱག་པ་ལས་རྟགས་གསལ་གཏོང་བ་དེས་ཕན་ཐོགས་ཆེའི་བའི་གནས་སྟངས་ཤིག་བསྐྲུན་གྱི་ཡོད།རྟགས་གསལ་གཏོང་བའི་སྐབས་རང་གི་ཁ་གཏད་ཀྱིས་བྱེད་པའི་རྩོད་གླེང་དང་འཛིན་གྲོགས་ཀྱིས་ཉན་པའི་ཤུཌ་རྐྱེན་ལ་བརྟེན་ནས་རང་ཉིད་བློ་རྩེ་གཅིག་ཏུ་སྒྲིམ་རྒྱུར་སྐུལ་འདེད་བྱེད་ཀྱི་ཡོད། གཅིག་པུར་སྒོམ་རྒྱག་པའི་སྐབས། སེམས་ཤུགས་གཅིག་པུས་རང་གི་སེམས་ཕྱི་རོལ་ཏུ་གཡེང་བའམ་གཉིད་དུ་ཡུར་བ་ལས་འགོག་ཐབས་བྱེད་པ་ཡིན། དེའི་སྟེང་ལ་དགོན་པའི་ཆོས་རྭའི་ནང་གྲྭ་པ་རྣམས་གཅིག་གི་རྗེས་སུ་གཅིག་བསྡད་དེ་སྐད་ཤུགས་ཆེན་པོས་རྟགས་གསལ་གཏོང་གི་ཡོད་པ་དེས་ཀྱང་བློ་རྩེ་གཅིག་སྒྲིམ་བྱེད་པར་སྐུལ་མ་གཏོང་གི་ཡོད། གལ་ཏེ་རྩོད་པ་རྩོད་པས་རང་གི་སེམས་གཡེང་བའམ་བསུན་གཙེར་བཟོས་ན། རང་ཉིད་ཕམ་པ་རེད། ནམ་ཞིག་ཆོས་རྭའི་ནང་ནས་རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་ཐབས་གོང་འཕེལ་བཏང་བ་ནས་བཟུང་དེ་སྒོམ་གྱི་ཐོག་ལ་བེད་སྤྱོད་གཏོང་ཐུབ། དེར་མ་ཟད། ཁྱེད་རང་སྐད་ཅོར་ཚ་པོ་ཡོད་པའི་ས་ཁུལ་དུའང་སྒོམ་རྒྱག་ཐུབ།

གཞན་ཡང་རྟགས་གསལ་གཏོང་བས་རང་གི་གཤིས་རྒྱུད་ཡར་རྒྱས་གཏོང་བར་རོགས་པ་བྱེད་ཀྱི་ཡོད། རང་ཉིད་ངོ་ཚ་ནས་འདུག་མི་ཐུབ་པར་ད་དུང་རྩོད་པ་རྒྱག་དགོས་པ་དང་། རང་གི་ཁ་གཏད་ཀྱིས་རྩོད་གླེང་བྱེད་སྐབས་རང་ངོས་ནས་ངེས་པར་དུ་ལན་འདེབས་དགོས། ཕྱོགས་གཞན་ཞིག་ནས། གལ་སྲིད་རང་ཉིད་ཁེངས་དྲེགས་ཅན་ནམ་ཁོང་ཁྲོ་ཟ་ཡི་འདུག་ན། རང་གི་སེམས་གཙང་མ་མེད་པར་སྟོན་གྱི་ཡོད་པས། དེས་རྩོད་པ་ཤོར་རྒྱུ་ངེས་པ་རེད། དུས་རྟག་ཏུ་རང་གི་སེམས་ཚོར་གྱི་མྱོང་བ་ཆ་སྙོམས་པོ་ཉར་དགོས། རྩོད་པ་ཤོར་བའམ་ཐོབ་པ་གང་ལྟར་ཡང་། རྩོད་པ་རྒྱག་པས་དགག་བྱའི་ “བདག་” ཅེས་པ་དེ་ངོས་འཛིན་ཐུབ་པའི་གོ་སྐབས་ཧ་ཅང་ཡག་པོ་ཞིག་མཁོ་སྤྲོད་བྱེད་ཀྱི་ཡོད། རང་གི་བསམ་པར། “ང་ཐོབ་སོང་། ང་ཧ་ཅང་སྤྱང་པོ་ཡོད།” ཡང་ན་ “ང་ཕམ་སོང་། ང་དེ་འདྲའི་ལྐུགས་པ་ལ་” བསམ་པའི་སྐབས། ཁྱེད་རང་ངོས་ནས་གསལ་པོའི་ཐོག་རྟོག་པས་བཏགས་པའི་ “ང་” རང་རྐྱ་ཐུབ་པའི་རྡོག་རྡོག་རང་ཉིད་གལ་ཆེན་ཡིན་པའི་འཆར་སྣང་དེ་ངོས་འཛིན་བྱེད་ཐུབ་པ་ཡིན།  དེ་ནི་རྣམ་རྟོག་གིས་སྒྲོ་བཏགས་པའི་དགག་བྱའི་ “བདག་” ཅེས་པ་དེ་ཡིན།

གལ་ཏེ་རང་གི་རྩོད་རོགས་ཀྱི་གཏན་ཚིགས་རྣམས་རྒྱུ་མཚན་མེད་པ་ཞིག་ཏུ་རིགས་པས་མཐོང་སྐབས། དེས་རང་ཉིད་སྤྱང་གྲུང་འཛོམས་པ་དང་གཞན་དེ་ལྐུགས་པ་ཡིན་པའི་ཁུངས་སྐྱེལ་བྱེད་ཀྱི་མེད། རྟགས་གསལ་གཏོང་བའི་སྐབས་རང་གི་ཀུན་སློང་ནི། རྩོད་རོགས་ལ་གོ་རྟོགས་གསལ་པོ་ཞིག་དང་ཡིད་ཆེས་བརྟན་པོ་ཞིག་གི་ཐོག་རྒྱུ་མཚན་བཀོད་དེ་གཏན་འབེབས་ཐུབ་པ་ལ་ཕན་ཐོགས་པ་ཞིག་དགོས།

Top