བློ་མཐུན་དོན་གྱི་ངར་འཛིན་དང་བློ་མཐུན་དོན་མ་ཡིན་གྱི་ངར་འཛིན་དབར་གྱི་ཁྱད་པར།
ནང་ཆོས་ཀྱིས་ཀུན་རྫོབ་ཀྱི་ “བདག་” དང་ “བདག་” རྫུས་མ་གཉིས་དབར་གྱི་ཁྱད་པར་སྐོར་ཤོད་ཀྱི་ཡོད། ཀུན་རྫོབ་ཀྱི་བདག་ནི་གང་ཟག་སྒེར་སོ་སོའི་རྒྱུད་ལ་རྟག་ཏུ་འགྱུར་བཞིན་པའི་སྐད་ཅིག་གི་མྱོང་བའི་རྒྱུན་ལ་འདོགས་རུང་བའི་བདག་དེ་ཡིན། ཕྱོགས་གཞན་ཞིག་ནས་བཤད་ན། ང་ཚོ་སྒེར་སོ་སོའི་སྐད་ཅིག་གི་མྱོང་བ་རྣམས་རྒྱུ་དང་འབྲས་བུའི་༼ལས་༽རྣམ་གཞག་དང་བསྟུན་ཏེ་གཅིག་རྗེས་གཉིས་མཐུད་དེ་འབྱུང་གི་ཡོད། སྐད་ཅིག་དེ་དག་གི་རྒྱུན་གཞི་ལ་བཞག་སྟེ་ང་ཚོས་ “བདག་” ཅེས་མིང་འདོགས་ཆོག་པ་ཡིན། ཀུན་རྫོབ་ཀྱི་བདག་ཡོད་ཚུལ་ནི། “ང་སྡོད་བཞིན་པ་ཡིན། ངས་ཟས་བཟའ་བཞིན་ཡོད། ངས་སྒོམ་རྒྱག་གིན་ཡོད།” ཅེས་ང་ཚོས་བརྗོད་ཆོག་པའི་ “ང་” འདི་ལ་བརྟེན་ནས་ཡོད་པ་ཡིན། འོན་ཀྱང་ཀུན་རྫོབ་ཀྱི་བདག་དེ་ང་ཚོའི་སེམས་རྒྱུན་གྱི་སྟེང་དུ་བཏགས་པ་ཙམ་དེ་ཡིན། དེ་ཡང་ཀུན་རྫོབ་ཀྱི་བདག་རང་གི་ངོས་ནས་བྱས་ན། རང་དབང་གིས་དངོས་སུ་རྙེད་དུ་རུང་བའི་བདག་ཅེས་བྱ་བ་གང་དུའང་མེད། དེ་བས་ན་བདག་ཁོ་རང་གི་ངོས་ནས་རྙེད་དུ་རུང་བ་དང་བདེན་པར་གྲུབ་པ། རང་ངོས་ནས་གྲུབ་པ་མི་སྲིད་པ་ཡིན། དེ་ལྟའི་བདེན་པར་གྲུབ་ཅིང་རྙེད་དུ་རུང་བའི་བདག་ཅིག་རྩ་བ་ནས་མེད། དེ་ནི་བདག་རྫུས་མའམ་ལོག་པའི་བདག་སྟེ། དགག་བྱའི་བདག་དེ་ཡིན།
ཕྱོགས་གཞན་ཞིག་ནས་ནུབ་ཕྱོགས་པ་ཚོས་བློ་མཐུན་དོན་གྱི་ངར་འཛིན་དང་བློ་མཐུན་དོན་མ་ཡིན་པའི་ཞེས་ཤོད་ཀྱི་ཡོད། བློ་མཐུན་དོན་གྱི་ངར་འཛིན་ནི། བདག་ཅེས་བྱ་བ་ཀུན་རྫོབ་ལ་གཞིར་བྱས་པའི་བདག་དེ་ཡིན། བློ་མཐུན་དོན་མ་ཡིན་པའི་ངར་འཛིན་ནི། བདག་ཅེས་བྱ་བ་རྫུས་མ་ལ་གཞིར་བྱས་པ་དེ་ཡིན། བློ་མཐུན་དོན་མ་ཡིན་པའི་ངར་འཛིན་དེ་སྒྲོ་འདོགས་ཡོད་པའི་ངར་འཛིན་དང་ཞུམ་པའི་ངར་འཛིན་གང་རུང་ཡིན་སྲིད། སྒྲོ་འདོགས་ཡོད་པའི་ངར་འཛིན་ནི། བདེན་པར་གྲུབ་པ་དང་རྙེད་དུ་རུང་བའི་བདག་ཅིག་ལ་ཡིད་ཆེས་བྱེད་པར་གཞི་བཅོལ་ཡོད། ཞུམ་པའི་ངར་འཛིན་ནི། ཐ་ན་ཀུན་རྫོབ་ཀྱི་བདག་དེའང་གྲུབ་མེད་པར་ཡིད་ཆེས་བྱེད་པའམ། ཡང་ན་ཀུན་རྫོབ་ཀྱི་བདག་དེ་ཧ་ཅང་ཞན་པའི་ཚུལ་གྱིས་གྲུབ་པར་ཡིད་ཆེས་པར་གཞི་བཅོལ་ཡོད།
ཆོས་ཉམས་ལེན་ཡག་པོ་ཡོང་ཕྱིར། ང་ཚོར་བདག་འཛིན་བཟང་པོ་དེ་དགོས་ཀྱི་ཡོད། དེ་ལ་བརྟེན་ནས་ང་ཚོས་མི་ཚེའི་ནང་གང་ཉམས་སུ་མྱོང་བར་འགན་འཁྱེར་ཐུབ། འགན་དེ་འཁྱེར་བ་ལ་གཞི་བཅོལ་སྟེ་ང་ཚོས་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་༼སྐྱབས་འགྲོ་༽ཤིག་སྐྲུན་པ་དང་། ཐར་པ་དང་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་དམིགས་ཤིང་། སངས་རྒྱས་ཀྱི་རིགས་སམ་རྒྱུ་བདེ་གཤེགས་སྙིང་པོ་དང་ལས་རྒྱུ་འབྲས་ལ་ཡིད་ཆེས་རྙེད་པའི་ཐོག་བསྒྲུབ་བྱའི་དམིགས་ཡུལ་དེ་དག་བསྒྲུབ་ཕྱིར་ཉམས་ལེན་གྱི་རིམ་པར་འཇུག་ངེས་རེད། འོན་ཀྱང་དགྲ་བཅོམ་པའི་གོ་འཕང་མ་ཐོབ་བར་ང་ཚོས་བདེན་པར་གྲུབ་པ་དང་རྙེད་དུ་རུང་བའི་བདག་ཅིག་ལ་འཛིན་པ་སྐྱེ་གི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོའི་ཆོས་ཉམས་ལེན་དེ་བདག་འཛིན་ངན་པ་དང་འདྲེས་རྒྱུ་ཉག་ཅིག་རེད། གལ་ཏེ་ང་ཚོས་དེ་དག་ཇི་ལྟར་འབྱུང་བའི་ཚུལ་རྣམས་ཤེས་ཀྱི་ཡོད་ན། ང་ཚོས་འཕྲལ་སེལ་གྱི་ཐབས་ལམ་ལག་བསྟར་ཐོག་སྒོམ་བརྒྱབས་ཏེ། གནོད་སྐྱོན་དེ་ཉུང་དུ་གཏོང་ཐབས་བྱེད་ཆོག །ཡིན་ནའང་མཐར་ཐུག་གི་གཉེན་པོ་ནི། བདག་གིས་སྟོང་པའམ་བདག་མེད་པར་རྟོགས་རྒྱུ་དེ་ཡིན།
བདག་བདེན་པར་གྲུབ་པ་འཛིན་པའི་རྐྱེན་གྱིས་སྒྲོ་འདོགས་ཡོད་པའི་ངར་འཛིན་ལས་བྱུང་བའི་དཀའ་ངལ།
མི་འགའ་ཞིག་ཆོས་ལ་ཞུགས་པའི་རྒྱུ་མཚན་ནི། ལས་ཀྱི་འབྲེལ་བ་ཞིག་ཡོད་པར་བརྟེན་དེས་ཁོང་ཚོར་ཤེས་འདོད་དང་དོ་དབྱིངས་སྤེལ་ནས། ནམ་ཞིག་དོ་དབྱིངས་དང་ཤེས་འདོད་དེ་རྐྱེན་ཞིག་ལ་བརྟེན་ནས་ནུས་ལྡན་བཟོས་ཡོད། འོན་ཀྱང་འགའ་ཞིག་ནི་རྒྱུ་མཚན་ཚད་ལྡན་དང་བརྟན་པོ་མེད་པའི་སྒོ་ནས་ཆོས་ལ་འཇུག་གི་ཡོད། དེ་ནི་སྒྲོ་འདོགས་ཡོད་པའི་ངར་འཛིན་ལ་གཞི་བཅོལ་བ་རེད། དེ་ལྟའི་རྟགས་སུ་སྤྱིར་བཏང་རྣམ་པ་གསུམ་ཡོད་དེ། སོ་སོ་རང་ཉིད་བདེན་པར་གྲུབ་ཅིང་རྙེད་དུ་རུང་བའི་བདག་ཏུ་བསམས་ནས་ང་ཚོས་ཆོས་ཀྱི་ཕྱོགས་སུ་བློ་ཁ་སྒྱུར་སྲིད་པ་ནི།
- གྲོགས་པོའི་རུ་ཁག་འགའ་ཞིག་གིས་ངོས་ལེན་ཡོད་པ། དེ་གང་ཡིན་ཞེ་ན། ནང་ཆོས་ནི་དར་བཞིན་པའི་སྐབས་ཡིན་དུས་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཁ་ཤས་དང་གཞས་པ་གྲགས་ཅན་རྣམས་ཀྱང་ཆོས་ཀྱི་རྗེས་འབྲང་པ་ཡིན།
- བཅོས་ཐབས་གཞན་གང་གིས་ཀྱང་ཕན་ཐོགས་མ་བྱུང་བའི་སེམས་ཚོར་རམ་ལུས་ཀྱི་དཀའ་ངལ་གཏིང་ཟབ་འགའ་ཞིག་ལ་རྫུ་འཕྲུལ་གྱི་བཅོས་ཐབས་འཚོལ་བ།
- ཡ་མཚན་ཅན་ལ་བརྟེན་ནས་སོ་སོའི་འདོད་པ་ཁེངས་ཐུབ་པར་བྱེད་པ།
སྤྱིར་བཏང་རྒྱུ་མཚན་དེ་དག་གང་རུང་ལ་བརྟེན་ནས་ཆོས་ལ་འཇུག་པ་ལས་འབྱུང་སྲིད་པའི་ཉེན་ཁའི་རིགས་སྤོང་ཕྱིར། ང་ཚོས་བརྟག་དཔྱད་བྱས་ཏེ་སོ་སོའི་ཀུན་སློང་བཅོས་དགོས། གང་ལྟར་ཡང་། གོང་གི་སྒྲོ་འདོགས་ཡོད་པའི་བདག་འཛིན་གྱི་རྣམ་པ་གསུམ་པོ་རེ་རེ་དང་འབྲེལ་བའི་སྤྱིར་བཏང་བདག་འཛིན་གྱི་འགྲུལ་སྐོར་ལས་ཐར་ཕྱིར་ང་ཚོས་དང་དུ་ལེན་ཆོག་པའི་འཕྲལ་སེལ་གྱི་ཐབས་ལམ་ངེས་ཅན་དེ་འདྲ་ཡོད།
དཔེ་གསར་ཅན་གྱི་གྲལ་དུད་འཚུད་ཐུབ་པ།
སྒྲོ་འདོགས་ཡོད་པའི་བདག་ལ་བརྟེན་ནས་ང་ཚོ་གལ་ཆེན་གྲགས་ཅན་སྡེ་ཁག་གི་ཆ་ཤས་ཡིན་པར་ཁེངས་པའི་ང་རྒྱལ་བྱེད་སྲིད། དེ་ལས་ཐར་བའི་ཕྱིར། ང་ཚོས་དེ་ལ་ཁེངས་དྲེགས་བྱ་རྒྱུའི་ཚབ་ཏུ་ཆོས་དང་ཕྲད་ཐུབ་པ་ལ་དགའ་བ་སྒོམ་དགོས། རྨོངས་ནས་ཡོད་པའི་མི་རྣམས་ཀྱི་ཆེད་ང་ཚོས་སྙིང་རྗེ་སྒོམ་སྲིད། ད་དུང་མི་གཞན་དག་ཆོས་ཀྱི་ལམ་ཚད་མཐོན་པོར་སླེབས་པ་རྣམས་དང་བསྡུར་ནས་སོ་སོ་རང་ཉིད་ཆོས་ཀྱི་ཐོག་བྱིས་པའི་ངང་ཚུལ་ནང་བཞིན་གསར་པ་གསར་རྐྱང་ཡིན་པ་རྟོགས་དགོས། བྱས་ཙང་། ཁེངས་དྲེགས་དང་ང་རྒྱལ་ཚོར་དགོས་པའི་གཞི་མེད་པ་རེད།
རྫུ་འཕྲུལ་གྱི་བཅོས་ཐབས་ཤིག་འཚོལ་འདོད།
ང་ཚོའི་སྡུག་བསྔལ་གྱི་ཆེད་དུ་འ་ཆད་འུ་ཐུག་དང་བཅས་རྫུ་འཕྲུལ་གྱི་བཅོས་ཐབས་ཤིག་འཚོལ་བ་དེས་ནམ་རྒྱུན་ངར་ཤུགས་དང་ལྡན་པའི་རང་ཉིད་གལ་ཆེན་ཡིན་པའི་ཚོར་བ་ཞིག་གི་ནང་འཁྲིད་ཀྱི་ཡོད། ང་ཚོ་སོ་སོ་རང་ཉིད་དང་རང་གི་དཀའ་ངལ་རྣམས་ལ་ཧ་ཅང་སྔོན་ཚུད་ལས་བྲེལ་ཆགས་སྲིད་པ་དང་། དགེ་རྒན་གྱི་དུས་ཚོད་དང་འཛིན་གྲྭའི་ནང་དྲི་བ་རྒྱུན་ཆད་མེད་པ་དྲིས་ནས་སྟངས་འཛིན་བྱེད་ཐབས་བྱེད་ཀྱི་ཡོད། དེ་ག་ནང་བཞིན་ང་ཚོར་དུས་རྒྱུན་དུ་ནས་དོ་སྣང་དགོས་ཀྱི་ཡོད། དེ་ལས་ཐར་བར་བྱེད་པར། ང་ཚོས་རང་གཞན་མཉམ་པའམ་རང་དང་གཞན་གཉིས་གཅིག་ཡིན་པའི་ཐོག་བསམ་བློ་གཏོང་དགོས། མི་སུ་གཅིག་ཀྱང་སྡུག་བསྔལ་མི་འདོད་ལ་མི་ཚང་མ་སྡུག་བསྔལ་དེ་ལས་ཐར་འདོད་ཡོད།
སྒྲོ་འདོགས་ཡོད་པའི་བདག་ལ་བརྟེན་ནས་ང་ཚོས་སོ་སོ་མི་ལ་རས་པ་འདྲ་པོ་ཡིན་ཞེས་བསམ་སྲིད། དཔེར་ན། ང་ཚོ་ལོ་ཁ་ཤས་ཙམ་གྱི་ནང་སངས་རྒྱས་ཀྱི་གོ་འཕང་འཐོབ་ངེས་ཡིན་པའི་རྣལ་འབྱོར་པའམ་ཆོས་ཉམས་ལེན་པ་ཡོངས་སུ་སྨིན་པ་ཞིག་ཡིན་བསམ་པ་དང་། དེ་ནས་རིམ་པས་ང་ཚོས་སོ་སོའི་དགེ་བའི་བཤེས་གཉེན་དྲུང་ནས་དམིགས་བསལ་གྱི་དོ་སྣང་དགོས་པའི་རེ་འདུན་སྟོན་གྱི་ཡོད། སྒྲོ་འདོགས་ཡོད་པའི་བདག་འཛིན་འདི་ལ་གཉེན་པོ་བསྟེན་ཕྱིར། ང་ཚོས་ནང་པའི་སྐྱེས་ཆེན་དམ་པ་རྣམས་ཀྱི་རྣམ་ཐར་བཀླགས་ནས་སྒོམ་ཆེན་ངོ་མ་དེ་དངོས་གནས་གང་འདྲ་ཡོད་མེད་ཤེས་པར་བྱེད་དགོས།
གཞན་ཡང་ལས་བྲེལ་ནང་ཚུད་པ་དེ་ང་ཚོ་ཧ་ཅང་འ་ཆད་འུ་ཐུག་ཆགས་སྲིད་པ་དང་། དགེ་རྒན་གྱིས་ག་རེ་གསུངས་ནའང་ང་ཚོས་བྱེད་ཀྱི་རེད། དཔེར་ན། “རྫུ་འཕྲུལ་གྱི་ཚིག་དང་ཉམས་ལེན་གང་ཡོད་པ་དེ་གསུངས་དང་། ངས་དེ་ལྟར་བྱེད་ཀྱི་ཡིན།” ཞེས་པའི་བསམ་ཕྱོགས་ཤིག་ང་ཚོར་ཡོད། བསམ་བློའི་ཆུ་ཚད་དེ་འདྲ་ཞིག་གིས་ང་ཚོས་ཕྱག་འབུམ་འཚལ་བའམ། ཡང་ན་རྡོར་སེམས་ཡིག་བརྒྱ་འབུམ་ཚར་བསགས་ཡོད་སྲིད། འོན་ཀྱང་རྫུ་འཕྲུལ་གྱི་འབྲས་བུ་དེ་འདྲ་གང་ཡང་མི་འབྱུང་བའི་སྐབས་སེམས་ངལ་ཚབས་ཆེན་ཞིག་གི་ནང་ལྷུང་གི་ཡོད། དེ་དག་ལས་ཐར་བའི་ཕྱིར། ང་ཚོས་རྒྱུ་རྐྱེན་མི་འདྲ་བ་སྣ་ཚོགས་པའི་སྒོ་ནས་འབྲས་བུ་ཞིག་ཇི་ལྟར་འབྱུང་བའི་ཚུལ་ལ་བསམ་བློ་གཏོང་དགོས།
ང་ཚོས་ད་དུང་གསང་སྔགས་ཀྱི་དབང་གནང་ཚད་ཞུ་རུ་འགྲོ་སྲིད། གང་ཡིན་ཟེར་ན། བདག་ཅེས་བྱ་བ་བདེན་པར་གྲུབ་པ་ལྟར་སྣང་བ་ཞིག་ལ་ཚད་བརྒལ་གྱི་སེམས་འཁུར་བྱས་ཏེ་ཅི་གང་མི་ལྷག་པ་བྱེད་འདོད་ཡོད། ཡང་ཕ་རོལ་སྡེ་ཁག་གི་ངོས་ལེན་འཐོབ་འདོད་དམ་ཡང་ན་ཡ་མཚན་ཅན་ལ་ཡིད་དབང་འཕྲོག་པའི་རྒྱུ་མཚན་གྱིས་ང་ཚོས་སྨྱོ་འཚུབ་འཚུབ་ཀྱིས་དབང་ཞུ་རུ་རྒྱུག་འགྲོ་གི་ཡོད། འོན་ཀྱང་རྒྱུ་མཚན་དང་མི་ལྡན་པ་གང་ཡིན་རུང་ཡི་དམ་ལྷ་དང་འབྲེལ་བའི་གསང་སྔགས་ཀྱི་དབང་ནི། གཞི་རྩའི་མདོའི་ཉམས་ལེན་ཐོག་རྨང་གཞིའི་གོ་རྟོགས་བརྟན་པོ་དང་གྲ་སྒྲིག་ཨང་བསང་ཡོད་པ། དེ་བཞིན་ཡི་དམ་གྱི་ལྷ་དེ་སྒོམ་འདོད་ཡོད་པ་དང་སྒོམ་ཡག་གི་དུས་ཚོད་ཡོད་པའི་སྣོད་ལྡན་གྱི་གདུལ་བྱར་དམིགས་པ་ཞིག་ཡིན། ང་ཚོས་ཉིན་རེའི་མི་ཚེའི་ཉམས་ལེན་ཐོག་དངོས་པོའི་གནས་ལུགས་དང་མཐུན་པ་དགོས། བསླབ་བྱ་འདི་དགེ་རྒན་ཡོད་ཚད་ཀྱི་དྲུང་དུ་རྒྱུག་ནས་མགོ་རྨོངས་མཁན་གྱི་སློབ་མ་རྣམས་དང་། ཡང་ན་སྡོམ་པ་བསྲུང་ཐུབ་མིན་ལ་བསམ་ཞིབ་རྩ་ནས་མ་བྱས་པར་རྒྱུག་ཕྱིན་ནས་སྡོམ་པ་ལེན་མཁན་རྣམས་ལའང་གོ་དགོས།
ཡ་མཚན་ཅན་ལ་ཡིད་དབང་འཕྲོག་པ།
ཡ་མཚན་ཅན་ལ་ཡིད་དབང་འཕྲོག་པར་བརྟེན་ང་ཚོས་ཆོས་དང་འབྲེལ་བའི་ཕྱག་མཚན་དང་། ཐང་གའི་རིགས་སོགས་མང་དག་ཅིག་གང་ཐུབ་གསོག་གི་ཡོད་སྲིད་ལ། དེ་ནས་སོ་སོའི་ཁང་པའི་ནང་ནུབ་གླིང་གློག་བརྙན་འཁྲབ་སྟོན་སྐབས་ཀྱི་སྒྲིག་ཤོམ་མམ་ཞིང་ཁམས་ལྟ་བུའི་སྒོམ་རྒྱག་ས་ཤིག་གྲ་སྒྲིག་བྱེད། དེ་ནས་ང་ཚོས་ཆོ་ག་ཕྱག་ལེན་བྱེད་ཁུལ་གྱིས་ངོམ་སོ་དང་བཅས་རྡོ་རྗེ་དང་། དྲིལ་བུ། ཌ་མ་རུ། མཆོད་མེ། བདུག་སྤོས་སོགས་ཉིན་རེའི་ཆོ་ག་ཞལ་འདོན་གྲ་སྒྲིག་བྱེད་ཀྱི་ཡོད། འདི་ལྟ་བུའི་སྒྲོ་འདོགས་ཡོད་པའི་ངར་འཛིན་ལས་ཐར་ཕྱིར། ང་ཚོས་ཆོས་ཉམས་ལེན་གྱི་སྙིང་པོ་དང་དགོས་པ་གཙོ་བོ་ནི་སེམས་བསྒྱུར་བཅོས་གཏོང་རྒྱུ་དེ་ཡིན་པ་ལས། ཡ་མཚན་ཅན་གྱི་སྒྲིག་ཤོམ་བྱེད་ཕྱིར་མིན་པ་དེ་དྲན་དགོས།
ཞུམ་པའི་ངར་འཛིན་ལས་བྱུང་བའི་དཀའ་ངལ།
ཡང་ཀུན་རྫོབ་ཀྱི་བདག་ཡང་དག་པར་གྲུབ་མེད་པ་ལས་བྱུང་བའི་ཞུམ་པའི་ངར་འཛིན་རྒྱུ་མཚན་དུ་བྱས་ནས་ང་ཚོས་ཆོས་ལ་འཇུག་སྲིད། དེ་ནི་བདག་ལ་ཚོར་བ་ཞན་པོ་ཡོད་པའི་ཐོག་ཡིད་མགུ་ནུས་ཀྱི་ནང་པའི་འགོ་འཁྲིད་ཀྱིས་ནང་པའི་གསོལ་མཆོད་བྱེད་སྲོལ་གྱི་ནང་འཁྲིད་སྲིད། ཁོང་ཚོས་དམ་བཅའ་འདི་ལྟར་འཇོག་སྟེ།
- ཁོང་ཚོས་སློབ་ཁྲིད་བྱེད་པའི་བརྒྱུད་པ་དང་དེའི་སྲོལ་གཏོད་པ་པོ་ནི་ཡག་ཤོས་ཡིན་པ་དང་། དེ་ལས་གཞན་པའི་ཆོས་ཕྱོགས་ཀྱི་རྣམ་པ་ནི་ཡག་པོ་མིན།
- ཁོང་ཚོའི་དགེ་རྒན་ནི་ཡག་ཤོས་ཡིན་པ་དང་གཞན་ཐམས་ཅད་ཡག་པོ་མིན།
- གལ་ཏེ་སོ་སོའི་ཞན་ཆ་དེ་མེད་པ་བཟོས་ན་ང་ཚོ་ནུས་སྟོབས་ཅན་ཆགས་ཀྱི་རེད། བསམ་བློ་ནོར་བ་དང་། རང་གི་དགེ་རྒན། དགེ་རྒན་གྱིས་འགྲེལ་བརྗོད་གནང་བའི་ཆོས་བསླུ་བ་མེད་པ་དང་། དེ་ལ་མཐའ་གཅིག་ཏུ་བརྩི་བཀུར་བྱེད་པ།
- གལ་ཏེ་ང་ཚོས་ཆོས་སྐྱོང་སྲུང་མ་དྲག་པོ་ནུས་སྟོབས་ཅན་ཞིག་གསོལ་མཆོད་བྱེད་ཀྱིན་ཡོད་ན། སྲོལ་རྒྱུན་གཞན་དང་དགེ་རྒན་གཞན་ཚང་མ་དགྲ་བོ་ཡིན་སྟབས། དེ་ལྟ་བུ་མི་ལས་འདས་པ་དེས་ཁོང་ཚོའི་ཆོས་ལུགས་ཀྱི་དགྲ་བོ་ཐམས་ཅད་འཇོམས་པར་བྱེད།
དེ་ལྟའི་དགེ་རྒན་གྱིས་དོན་དམ་གྱི་ལར་ཞེན་དགོས་འདུན་སྟོན་པ་དང་དམྱལ་བར་འཇིགས་པའི་རྐྱེན་བེད་སྤྱོད་བྱས་ཏེ། གལ་ཏེ་ང་ཚོས་བརྩི་བཀུར་མ་བྱས་ན། དམྱལ་བར་ལྷུང་ཞེས་བརྗོད་ཀྱི་ཡོད། འདིའི་ཕྱོགས་སུ་སོང་བའི་སློབ་ཕྲུག་རྣམས་ནམ་རྒྱུན་བདག་འཛིན་ཞན་པོ་ཡོད་པ་དང་། རང་གིས་རང་ལ་གདེང་ཚོད་མེད་པ། དེ་བཞིན་གྲངས་འབོར་གྱི་ཆ་ནས་ནུས་ཤུགས་འཐོབ་པ་དང་། དགེ་རྒན་ནས་ནུས་ཤུགས་འཐོབ་པ། ཆོས་ནས་ནུས་ཤུགས་འཐོབ་པ། བརྒྱུད་པ་དང་བརྒྱུད་པ་དེའི་སྲོལ་གཏོད་པ་པོ། དེ་བཞིན་ཆོས་སྐྱོང་སྲུང་མ་བཅས་ནས་ནུས་ཤུགས་འཐོབ་པའི་དམ་བཅའ་ལ་བརྟེན་ནས་ཡིད་དབང་འཕྲོག་པ་རེད། སློབ་ཕྲུག་ངོས་ནས་ཚོགས་པའི་ངོ་བོའི་འཐེན་ཁྱེར་བྱེད་ཀྱི་ཡོད།
མངོན་རྟགས་འདིས་ཞེད་སྣང་དང་། ཡག་པོ་ཆགས་འདོད་དང་སྡུག་ཅག་ཆགས་འདོད་མེད་པ། དགེ་རྒན་དང་སྡེ་ཁག་གིས་དགའ་པོ་ཡོང་འདོད་དང་ངོས་ལེན་དང་བརྩེ་བ་འཐོབ་འདོད་བཅས་ལ་གཞིར་བྱས་ཏེ་ཆོས་ལུགས་ཀྱི་རྨོངས་ཞེན་ནང་འཁྲིད་པར་བྱེད་ཀྱི་ཡོད། གལ་ཏེ་ང་ཚོས་ཡང་དག་པར་ཉམས་ལེན་མ་བྱས་ན། ནག་ཉེས་ཀྱི་ཚོར་བ་ཡོང་གི་ཡོད། དེ་དག་ཐམས་ཅད་ཀྱང་དོན་མེད་པའམ་དོན་ཧ་ཅང་ཞན་པའི་སྒེར་གྱི་ཀུན་རྫོབ་པའི་བདག་དང་སྡེ་ཁག་གི་བདག་ལོག་པ་ལ་འཛིན་ཞེན་ཤུགས་ཆེན་ཡོད་པར་གཞི་བཅོལ་ཡོད། ཕྱོགས་གཞན་ཞིག་ནས་ང་ཚོས་རྟགས་མཚན་འདི་ལ་ཆོས་ཕྱོགས་ཀྱི་ “དབང་ཆ་ཆིག་འཛིན་རིང་ལུགས་” ཞེས་འབོད་སྲིད། དེ་ནི་དགེ་རྒན་དེ་ཟོག་རྫུ་ཅན་ཞིག་ཡིན་མིན་དང་ང་ཚོ་གསོལ་མཆོད་བྱེད་སྲོལ་གྱི་ཆོས་ནང་ཞུགས་ཡོད་མེད་ཐོག་ནས་འབྱུང་སྲིད་པ་ཡིན།
མངོན་རྟགས་འདི་ལ་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་རྟགས་མཚན་སྣ་ཚོགས་ཡོད། དཔེར་ན། ང་ཚོ་ཉམས་ལེན་ཐོག་བརྟན་པོ་དང་སྟབས་བསྟུན་བདེ་པོ་ཡོད་པ། ཡང་ན་ང་ཚོས་ཉིན་རེའི་ཉམས་ལེན་ཧ་ཅང་རིང་པོ་བཟོ་གི་ཡོད། དེ་ལ་བརྟེན་ནས་དེ་ལ་དོ་ཁལ་འཕར་མ་ཞིག་ཏུ་གྱུར་ནས་ཉམས་ལེན་བྱ་རྒྱུར་སྐྱིད་པོ་མེད། ང་ཚོས་དྲན་དགོས་པ་ཞིག་ལ་བརྩོན་འགྲུས་ཀྱི་གྲོགས་གཅིག་ནི། ག་དུས་ལྷོད་ལྷོད་དང་ངལ་གསོ་རྒྱག་དགོས་མིན་ཤེས་རྒྱུ་དེ་རེད། དེ་ལྟར་བྱེད་པར་ནག་ཉེས་སུ་མི་ཚོར་བ་དེ་ཡིན། གལ་ཏེ་ང་ཚོས་ཨུ་ཚུགས་རྒྱག་ཆེ་དྲགས་ན། ང་ཚོར་རག་རྒྱུ་གཅིག་ལས་མེད། དེ་ནི་བོད་མི་ཚོས་རླུང་ཟེར་གྱི་ཡོད། དེ་ནི་ལུས་ཕུང་ནང་ཡོད་པའི་སུན་གཙེར་ཅན་གྱི་ནུས་པ་དེ་རེད། དེ་ནི་གང་འདོད་པའི་ལྡོག་ཕྱོགས་དེ་རེད། རྟགས་མཚན་གཞན་ཞིག་ཡོད་པ་ནི། ང་ཚོ་ཉམས་ལེན་གྱི་རིགས་འདྲ་མིན་དང་ཐབས་ལམ་འདྲ་མིན་ལ་བཟོད་མི་ཐུབ་པ་ཡིན། དེ་ལ་ཁ་གཏད་གཅོག་ཕྱིར་ང་ཚོས་ཐབས་མཁས་པོའི་སྒོ་ནས་སངས་རྒྱས་ཀྱི་གདུལ་བྱ་སོ་སོའི་ཁམས་མོས་ལ་དཔག་པའི་ཐབས་ཚུལ་འདྲ་མིན་སྣ་ཚོགས་གསུངས་ཡོད་པ་ཤེས་དགོས། གལ་ཏེ་ང་ཚོས་ངོས་ལེན་མི་བྱེད་པ་དང་དེ་དག་ལ་མཐོང་ཆུང་བྱས་ན། ང་ཚོས་ཆོས་སྤོང་གི་ལས་གསོག་གི་ཡོད།
ངར་འཛིན་དང་འབྲེལ་བའི་ཆོས་བྱེད་སྟངས་ཉམས་ཞན་པ།
གོང་དུ་བཤད་པའི་མངོན་རྟགས་དེ་དག་གང་གིས་ཀྱང་ང་ཚོར་ཚབས་ཆེན་པོའི་གནོད་མེད་སྲིད། འོན་ཀྱང་ང་ཚོ་མང་པོ་ཞིག་ནི་ད་དུང་ངར་འཛིན་དང་ཆོས་ཉམས་ལེན་གཉིས་མཉམ་བསྲེ་བྱེད་པའི་རྣམ་པ་ཉམས་ཞན་ཞིག་ཡོད་སྲིད། དཔེ་ཆ་བཞག་ན། ང་ཚོས་ཚོགས་གསོག་པའི་སྐབས། ང་ཚོས་ཆོས་ཉམས་ལེན་པ་གཞན་དག་དང་མཉམ་དུ་འགྲན་བསྡུར་བྱེད་བཞིན་དུ་དེ་ལས་རྒྱལ་ཁ་འཐོབ་ཐབས་བྱེད་པ་ལྟར་བྱེད་སྲིད། ཡང་ན་ཐར་པ་དང་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ལམ་ཉོ་ཕྱིར་ཚོགས་གསོག་རྒྱུའི་འབད་བརྩོན་བྱེད་སྲིད། ཡང་མིན་ན་ཇི་ལྟར་ནགས་བྱི་ཞིག་གིས་རང་ཉིད་སྲུང་ཕྱིར་སྟར་ཀ་སྒྲུག་པ་ནང་བཞིན་ང་ཚོས་དགུན་ཁའི་དུས་སུ་མཁོ་བར་དམིགས་ནས་ཉར་འཚག་བྱེད་པའང་ཡིན་སྲིད།
ཕྱོགས་གཞན་ཞིག་ནས་ང་ཚོས་ཆོས་ལ་ཧ་ཅང་ཞུགས་ཆེ་དྲགས་རྒྱུ་དེ་སྤོང་གི་ཡོད་སྲིད། དེ་གང་ཡིན་ཞེ་ན། ང་ཚོ་རྒྱུན་གཏན་གྱི་གོམས་གཤིས་ཏེ་བདག་འཛིན་བཟང་པོའི་གོམས་གཤིས་ཡིན་ན་འདྲ། ཡང་ན་བདག་འཛིན་ངན་པའི་གོམས་གཤིས་ཡིན་ནའང་འདྲ་སྟེ། གོམས་གཤིས་དེ་འདྲ་ཁ་ཤས་སྤོང་དགོས་ཐུག་པར་ཞེད་སྣང་སྐྱེ་གི་ཡོད། དེར་བརྟེན་ང་ཚོས་སྡོམ་པའམ་དབང་ནམ་ཡང་ཞུ་བར་ཞེད་སྣང་ཡོང་སྲིད། འདི་ལ་ང་ཚོའི་བྱ་བ་དང་དོ་དབྱིངས་གང་དང་གང་བཟང་པོ་དང་ཕན་ཐོགས་པོ་ཡིན་པ་དང་གང་དང་གང་ངན་པ་དང་གནོད་གཞི་ཅན་ཡིན་པའི་ཐོག་ལ་རྣམ་པར་འབྱེད་པའི་ཤེས་རབ་གོང་དུ་སྤེལ་དགོས།
དེར་མ་ཟད། ཆོས་ལ་འཇུག་པའི་སྐབས་ང་ཚོར་རྣམ་དཔྱོད་དང་། སེམས་ཚོར། མོས་གུས་ཀྱི་བར་ཆད་ཡོད་སྲིད། དེ་ཡང་ང་ཚོས་སོ་སོ་འཇུག་ཚུལ་གཅིག་གམ་དེ་ལས་མང་བ་ལས་ལོགས་སུ་ངོས་འཛིན་བྱེད་པའི་སྐབས་སམ། ཡང་ན་ང་ཚོས་སོ་སོ་དེ་དག་ལས་གཅིག་གམ་དེ་ལས་མང་བ་མེད་སྲིད་ཅེས་ངོས་འཛིན་བྱེད་པའི་སྐབས་འབྱུང་གི་ཡོད། དེ་ལྟ་བུའི་དཀའ་ངལ་སེལ་ཕྱིར། འཇུག་ཚུལ་གསུམ་པོ་རེ་རེའི་ཕན་ཡོན་རྣམས་ངོས་འཛིན་དགོས་ཤིང་། ཆ་སྙོམ་དང་ལྡན་པའི་ཆོས་ཉམས་ལེན་ཡོང་བར་འབད་བརྩོན་གང་ཐུབ་བྱེད་དགོས།
ང་ཚོས་ཆོས་ཉམས་ལེན་དེ་མི་ཚེའི་ནང་གལ་ཆེན་གཙིགས་ཆེན་དུ་མི་འཛིན་པའི་རྒྱུ་མཚན་གྱིས་དཀའ་ངལ་གཞན་དག་ཀྱང་འབྱུང་སྲིད། དེ་ལ་བརྟེན་ནས་ང་ཚོས་ཉིན་རེའི་ཉམས་ལེན་མི་བྱེད་པའམ་ཉིན་རེའི་ཉམས་ལེན་དོ་གལ་ཆེན་པོའི་སྒོ་ནས་བྱེད་ཀྱི་མེད། ང་ཚོར་འདོད་མོས་མེད་པའི་སྐབས་ཉམས་ལེན་བྱ་རྒྱུ་དེ་སྐྱུར་བཞག་གི་ཡོད། དེ་ག་ནང་བཞིན་རང་ཉིད་འཛིན་གྲྭར་བཅར་འདོད་མེད་དུས་གཡོལ་ནས་སྡོད་ཀྱི་ཡོད། ཡང་སྐབས་རེར་འཛིན་གྲྭའི་དུས་ཚོད་དེ་ག་རང་ལ་སྐྱེས་སྐར་དུས་སྟོན་དང་གློག་བརྙན་ལྟད་མོ་གསར་པ་དང་ཡག་པོ་ཞིག་སླེབས་པའི་རྐྱེན་གྱིས་འཛིན་གྲྭ་འགྲོ་རྒྱུ་གཡུག་བཞག་གི་ཡོད། དེ་ནི་ཕལ་ཆེར་འཛིན་གྲྭ་འགྲོ་རྒྱུ་དང་ཉམས་ལེན་བྱ་རྒྱུ་དེ་ལ་སོ་སོའི་མེད་དུ་མི་རུང་བའི་ཆ་ཤས་ཤིག་སྤྲོད་ཀྱིན་ཡོད་པའི་ཚོར་སྣང་སྐྱེ་བའི་རྒྱུ་མཚན་གྱིས་ཡིན་སྲིད། དེ་ལ་ང་ཚོའི་ངོས་ནས་མི་ཚེའི་ནང་གལ་ཆེ་བ་དེ་གང་ཡིན་པ་དང་གལ་ཆེན་པོ་དེ་ཙམ་མིན་པ་གང་ཡིན་པའི་ཐོག་ཁྱད་པར་འབྱེད་ཤེས་དགོས། དེ་བཞིན་ང་ཚོས་དངོས་གནས་ག་དུས་སྒོམ་རྒྱག་མི་ཐུབ་པ་དང་འཛིན་གྲྭར་བཅར་མི་ཐུབ་པ་ཡོང་གི་ཡོད་པ་དང་། ཡང་ན་ལེ་ལོ་དང་ཆགས་སེམས་དབང་དུ་ཤོར་ནས་ང་ཚོས་གཡོལ་ཐབས་ཙམ་ག་དུས་བྱེད་ཀྱི་ཡོད་མེད་ཁྱད་པར་འབྱེད་དགོས། ང་ཚོས་མི་ལུས་རིན་ཆེན་ལ་བསྐྱར་དུ་ངེས་བརྟན་བཟོ་དགོས་པ་དང་། འཆི་བ་དང་མི་རྟག་པའི་སྐོར་བསམ་བློ་གཏོང་དགོས།
གལ་ཏེ་ང་ཚོས་ཐབས་ལམ་སྣ་ཚོགས་པ་དེ་དག་ལག་བསྟར་བྱས་ན། ཆོས་ཉམས་ལེན་དང་བདག་འཛིན་མཉམ་བསྲེ་བྱེད་པ་ལས་བྱུང་བའི་དཀའ་ངལ་དེ་དག་འགའ་ཞིག་ལས་ཐར་ཐུབ།
ཕྱོགས་བསྡོམས།
ནང་ཆོས་ཉམས་ལེན་གྱི་ནང་དཀའ་ངལ་གྱི་རིགས་སྤོང་བར། ང་ཚོས་བདག་འཛིན་བཟང་པོ་ལ་བརྟེན་ནས་ཆོས་ཉམས་ལེན་ལ་འཇུག་གི་འདུག་དམ། ཡང་ན་བདག་འཛིན་ངན་པ་ལ་བརྟེན་ནས་འཇུག་གི་འདུག་ཅེས་སོ་སོ་རང་ཉིད་ལ་བརྟག་དཔྱད་བྱས་ནས་བལྟ་དགོས། གལ་ཏེ་བདག་འཛིན་ངན་པ་ལ་བརྟེན་ནས་ང་ཚོས་རྣམ་པ་ངོས་འཛིན་དང་དེའི་ལྡོག་ཕྱོགས་ཀྱི་བསམ་བློ་གཏོང་སྟངས་དེ་ལག་བསྟར་བྱེད་སྐབས། ནང་ཆོས་ཀྱི་ལམ་འགྲིམས་ནས་ཡར་རྒྱས་གཏོང་བའི་རྒྱུད་རིམ་ནང་འཕྲད་པའི་སྤྱིར་བཏང་གི་བར་ཆད་མང་ཆེ་བ་སྤོང་གི་ཡོད།།