ནང་ཆོས་སོ་སོའི་མི་ཚེའི་ནང་མཉམ་སྡེབ་བྱེད་པ།

02:37
ཆོས་སམ་དྷརྨ་ཞེས་པའི་ཚིག་གི་གོ་དོན་ནི། སྔོན་འགོག་གི་ཐབས་ལམ་ཞིག་ཡིན། དེ་ནི་ང་ཚོས་དཀའ་ངལ་སེལ་བའི་ཆེད་དུ་ཉམས་ལེན་བྱེད་ཀྱི་ཡོད།

ཆོས་ནི་མི་ཚེའི་ནང་གི་དཀའ་ངལ་ལ་གདོང་ལེན་བྱེད་ཆེད་དུ་ཡིན།

ང་རང་ཚོ་ཆོས་ཉམས་ལེན་ལ་འཇུག་པར་བྱེད་པ་ལ། ཐོག་མར་བྱེད་དགོས་པ་ནི། ང་ཚོའི་མི་ཚེའི་ནང་འཕྲད་བཞིན་པའི་དཀའ་ངལ་གྱི་རིགས་སྣ་ཚོགས་པ་དག་ངོས་འཛིན་བྱེད་དགོས་པ་དེ་ཡིན། དེའི་རྗེས་སུ་ཆོས་ཉམས་ལེན་ནི་ང་ཚོར་དཀའ་ངལ་དེ་དག་སེལ་རོགས་བྱེད་ཆེད་དུ་དམིགས་ཡུལ་འཛིན་པ་ཞིག་ཡིན་པ་ཤེས་དགོས་རྒྱུ་དེ་ཡིན།

ཆོས་ཉམས་ལེན་ནི་སྐྱིད་པོ་ཚོར་ཡག་ཙམ་ཞིག་གམ།རང་ཉིད་བྱེད་འདོད་པའི་དབྱིངས་ལས་ (hobby) ཡག་པོ་ཞིག་འོང་བའམ། ཡང་ན་དར་བཞིན་པའི་དངོས་པོ་དང་བསམ་བློ་ལ་དཔེ་གསར་བྱེད་རྒྱུའམ་དེ་ལ་སོགས་པའི་དོན་དུ་མིན། ཆོས་ཉམས་ལེན་ནི་ང་ཚོ་སོ་སོའི་དཀའ་ངལ་སེལ་ཆེད་དུ་དམིགས་པ་ཞིག་ཡིན། དེའི་དོན་ནི། དོན་དངོས་དང་མཐུན་པའི་ཆོས་ཉམས་ལེན་བྱེད་བྱེད་པ་ལ། ང་ཚོས་བདེ་པོ་དང་སྐྱིད་ཉམས་ཅན་གྱི་རྒྱུད་རིམ་ཞིག་འོང་རྒྱུ་མེད་པ་ཤེས་དགོས། ང་ཚོས་སོ་སོའི་མི་ཚེའི་ནང་གི་གནད་དོན་མི་ལེགས་པ་དང་། ང་ཚོས་མྱོང་བཞིན་པའི་དཀའ་ངལ་ལ་བརྟག་དཔྱད་བྱས་ནས་དངོས་སུ་གདོང་ལེན་བྱེད་ཀྱི་ཡིན་བསམ་པའི་བློ་ཞིག་དགོས་པ་ལས། དེ་དག་ལས་ཟུར་དུ་བྲོས་རྒྱུ་མེད། 

ང་ཚོའི་དཀའ་ངལ་ལ་རྣམ་པ་མང་པོ་ཡོང་ཆོག དེ་དག་ཕལ་མོ་ཆེར་ང་ཚོ་ཚང་མས་གོམས་འདྲིས་ཡོད། ང་ཚོ་ལ་ཉེན་སྲུང་མེད་པ་སྟེ། གཞན་དང་ང་ཚོའི་འབྲེལ་ལམ་ནང་ང་ཚོར་དཀའ་ངལ་ཡོད། ང་ཚོ་གཞན་ལས་ལོགས་སུ་དབྱེ་ནས་ཡོད་པ་ཚོར་བའི་དཀའ་ངལ། འདུ་ཤེས་འཛིན་སྟངས་དང་ཚོར་བ་མྱོང་སྟངས་ཀྱི་དཀའ་ངལ། དེ་དག་ནི་ང་ཚོར་རྒྱུན་གཏན་དུ་ཡོད་པའི་དཀའ་ངལ་རྣམས་ཡིན། ང་ཚོར་སོ་སོའི་ནང་མི་དང་ཕ་མ་ན་བ་དང་རྒས་པའི་སྐབས་དེ་ལ་གདོང་ལེན་བྱེད་རྒྱུར་དཀའ་ངལ་ཡོད།དེ་བཞིན་དུ་ང་ཚོར་སོ་སོ་རང་ཉིད་ཀྱི་ནད་ན་ཚ་དང་རྒས་པའི་སྐབས་སུ་གདོང་ལེན་བྱེད་རྒྱུར་དཀའ་ངལ་ཡོད། གལ་ཏེ་ང་ཚོ་ལོ་ན་གཞོན་གཞོན་ཞིག་ཡིན་ན། ང་ཚོར་སོ་སོའི་མི་ཚེའི་ནང་ག་རེ་བྱེད་རྒྱུ་ཡིན་པ་ཧ་མི་གོ་བའི་དཀའ་ངལ་དང་། འཚོ་བ་གང་འདྲ་སེ་སྐྱེལ་དགོས་པ། ཕྱོགས་གང་ནས་འགྲོ་དགོས་པ་སོགས་དཀའ་ངལ་སྣ་ཚོགས་པ་ཡོད། བྱས་ཙང་། ང་ཚོས་དེ་འདྲ་བའི་གནས་སྟངས་ཚང་མ་ལ་ལྟ་དགོས་པ་ཡིན།

རྨོངས་པ།

ནང་ཆོས་ནང་གནད་དོན་གལ་ཆེ་ཤོས་གཅིག་ནི། ང་ཚོ་ཚང་མས་མྱོང་བཞིན་པའི་དཀའ་ངལ་དེ་དག་རྒྱུ་རྐྱེན་ལས་བྱུང་བ་ཤེས་དགོས་པ་དེ་ཡིན། དེ་དག་རྒྱུ་མེད་རྐྱེན་མེད་ལས་བྱུང་བ་རྩ་བ་ནས་མིན། དཀའ་ངལ་དེ་དག་གི་འབྱུང་རྩ་ནི་ང་ཚོ་སོ་སོ་རང་ཉིད་ཀྱི་ནང་དུ་ཡོད། དེ་ནི་ཧ་ཅང་གཏིང་ཟབ་པའི་གོ་རྟོགས་ཤིག་ཡིན་པས། མི་ཕལ་མོ་ཆེས་ཁས་ལེན་བྱེད་དཀའ་བ་ཡིན། དེའི་རྒྱུ་མཚན་ནི། ང་ཚོ་མང་ཆེ་བས་སོ་སོའི་དཀའ་ངལ་དེ་གང་ཟག་གཞན་ནམ་ཕྱིའི་གནས་སྟངས་ལ་སྙད་འདོགས་པའི་ཕྱོགས་སུ་འགྲོ་ཡི་ཡོད། “ང་སྐྱིད་པོ་མེད་པ་དེ་ཁྱེད་རང་གིས་བྱས་པ་རེད། ཁྱེད་རང་གིས་ང་ལ་ཁ་པར་བཏང་མ་སོང། ཁྱེད་རང་གིས་ང་གཡུགས་བཞག་སོང། ཁྱེད་རང་ང་ལ་བརྩེ་བ་མི་འདུག དེ་དག་ཚང་མ་ཁྱེད་རང་གི་ནོར་འཁྲུལ་རེད།” ཅེས་ང་ཚོའི་སེམས་ལ་འཆར་གྱི་ཡོད། ཡང་ན། ང་ཚོས་སོ་སོའི་ཕ་མར་སྙད་འདོགས་པ་ནི། ང་ཚོ་ཆུང་བྱིས་པའི་དུས་སུ་སོ་སོའི་ཕ་མས་གང་ཞིག་བྱས་པ་དང་མ་བྱས་པའི་ཐོག་ལ་རེད། ཡང་ན། ང་ཚོས་དཔལ་འབྱོར་གནས་སྟངས་སམ་ཆབ་སྲིད་ཀྱི་གནས་སྟངས། ཡང་ན་སྤྱི་ཚོགས་ཀྱི་གནས་སྟངས་ལ་སོགས་པའི་ཐོག་ལ་སྙད་འདོགས་ཀྱི་ཡོད། ད་ལྟའི་དུས་སུ་ང་ཚོའི་མི་ཚེའི་མྱོང་བའི་ནང་གནས་དོན་དེ་དག་གིས་ལས་འགུལ་སྤེལ་གྱི་ཡོད་པ་བཤད་མི་དགོས་པ་རེད། ནང་པའི་ཆོས་ཀྱིས་དེ་ཁས་མི་ལེན་པ་མིན། འོན་ཀྱང་རྒྱུ་རྐྱེན་གཙོ་བོ་སྟེ། དེ་ལས་གཏིང་རིང་བའི་ང་ཚོའི་དཀའ་ངལ་གྱི་རྒྱུ་རྐྱེན་ནི་ང་ཚོའི་ནང་དུ་ཡོད། དེ་ནི་ང་རང་ཚོའི་བསམ་ཕྱོགས་དེ་ཡིན་ཞིང། ཁྱད་པར་དུ་ང་ཚོའི་རྨོངས་པ་ཡིན།

གལ་ཏེ་ང་ཚོར་ཉིན་རེའི་འཚོ་བའི་ནང་དུ་ནང་ཆོས་ཉམས་ལེན་བྱེད་དགོས་པའི་རྒྱུ་མཚན་དང་འབྲེལ་བའི་ནང་པའི་ལྟ་བ་གསལ་པོར་འགྲེལ་བྱེད་ཀྱི་རྒྱུ་རྐྱེན་གཅིག་འཚོལ་འདོད་ཡོད་ན། ངས་དེ་ནི་འདི་ལྟར་རེད་ཅེས་བརྗོད་རྒྱུ་ཡིན། ང་ཚོར་དཀའ་ངལ་འཕྲད་བཞིན་པའི་སྐབས། ང་ཚོས་སོ་སོ་རང་ཉིད་ཀྱི་ནང་དུ་བལྟས་ཏེ་དཀའ་ངལ་གྱི་འབྱུང་རྩ་འཚོལ་བ་དང། དེ་ངོས་ཟིན་པའི་རྗེས་ནང་སེམས་ནས་གནས་སྟངས་ལ་འགྱུར་ལྡོག་གཏོང་ཐབས་བྱེད་ཀྱི་ཡོད། ནང་སེམས་ལ་བརྟག་པ་དང་དཀའ་ངལ་གྱི་འབྱུང་རྩ་འཚོལ་བའི་སྐོར་ལ་སྐད་ཆ་ཤོད་དུས་ང་རང་མི་ངན་པ་ཞིག་ཡིན་པས་ངས་འགྱུར་ལྡོག་བཏང་ནས་མི་བཟང་པོ་བྱེད་རྒྱུ་ཡིན་ཞེས་པའི་ཀུན་སྤྱོད་ལེགས་ཉེས་ཀྱི་དཔྱད་ཁྲ་བྱེད་པའི་ཐོག་གཞི་རྩ་བྱས་མེད། ནང་ཆོས་ཀྱིས་ཀུན་སྤྱོད་ལེགས་ཉེས་ཀྱི་དཔྱད་ཁྲ་བྱེད་ཀྱི་མེད། ང་ཚོས་སོ་སོའི་དཀའ་ངལ་གྱི་འབྱུང་རྩ་སེམས་ནང་ཙམ་ནས་གང་དུ་ཡོད་འཚོལ་ཞིབ་བྱེད་ཀྱི་ཡོད། དེ་གང་ཡིན་ཞེ་ན། ང་ཚོས་དཀའ་ངལ་དང་སྡུག་བསྔལ་མྱོང་བཞིན་ཡོད་པས་དེ་དག་སེལ་འདོད་ཡོད་པ་དང། དེ་དག་གི་འབྱུང་རྩ་གཙོ་བོ་ནི་ང་ཚོའི་སོ་སོའི་བསམ་ཕྱོགས་ཡིན་པ་རེད། ཁྱད་པར་དུ་སྟོན་པ་བཅོམ་ལྡན་འདས་ཀྱིས། ང་ཚོའི་དཀའ་ངལ་དང་སྡུག་བསྔལ་གྱི་རྐྱེན་རྩ་ནི་སོ་སོའི་རྨོངས་པ་ཡིན་པར་གསུངས་ཡོད།  དེར་བརྟེན་ང་ཚོས་བྱེད་དགོས་པ་ནི། གང་ཞིག་འབྱུང་བཞིན་པ་ལ་ང་ཚོར་རྨོངས་པ་ཇི་ལྟར་བྱུང་བ་དང་ཡང་དག་པའི་གོ་རྟོགས་ལ་བརྟེན་ནས་དེ་ཇི་ལྟར་བཅོས་ཐུབ་ཚུལ་གསར་དུ་རྙེད་པ་བྱེད་དགོས་རྒྱུ་དེ་ཡིན།

ང་ཚོའི་རྨོངས་པ་དེ་ག་རེ་ལ་སྐྱེ་གི་ཡོད་དམ། དེ་ནི་གནད་དོན་ཁ་ཤས་ཤིག་ལ་སྐྱེ་གི་ཡོད་པ་རེད། གཅིག་ནི་སྤྱོད་ལམ་གྱི་རྒྱུ་དང་འབྲས་བུ་ཡིན་པ་རེད། ང་ཚོའི་བསམ་བློར། གལ་ཏེ་བྱ་སྤྱོད་ངེས་ཅན་ཞིག་སྤེལ་བ་ཡིན་ན། དེའི་མཇུག་འབྲས་གང་ཡང་ཡོང་གི་མ་རེད་བསམ་གྱི་ཡོད། དཔེར་ན། ང་ཚོས། “ང་རྗེས་ལུས་ཐེབས་པ་དང་། ངས་ཁྱེད་ལ་ཁ་ཡ་མི་བྱེད་པ་ལ་སོགས་པ་བྱེད་སྲིད་ན། དེ་ལ་དགེ་སྐྱོན་གང་ཡང་མེད།” ཅེས་བསམ་བློ་འཁོར་གྱི་ཡོད། དེ་ནི་ནོར་བ་རེད། དེ་ནི་རྨོངས་པ་རེད། ཡང་མིན་ན་ང་ཚོའི་སེམས་ལ་ང་ཚོས་གང་བྱེད་པའམ་སྤྱོད་ཚུལ་སྟོན་སྟངས་དེ་ལ་ཁུངས་ལུང་མེད་པ་དང་འབྱུང་སྲིད་པར་དཀའ་བའི་མཇུག་འབྲས་ངེས་ཅན་ཞིག་འོང་གི་ཡོད་པའི་བསམ་བློ་འཁོར་གྱི་ཡོད། དཔེར་ན། “ངས་ཁྱེད་རང་ལ་ཡག་པོ་བྱེད་ཀྱི་ཡོད་པས་དེའི་ལན་དུ་ཁྱེད་རང་གིས་ང་ལ་བརྩེ་བ་སྤྲོད་དགོས། ངས་ཁྱེད་རང་ལ་ལག་རྟགས་ཡག་པོ་ཞིག་ཉོས་པ་ཡིན། ད་ཁྱེད་རང་གིས་ང་ལ་བརྩེ་བ་མི་སྤྲོད་པའི་རྒྱུ་མཚན་ག་རེ་ཡིན་ནམ།” ཞེས་པ་ལྟ་བུའི་བསམ་བློ་དང་ལྷན་དུ་ང་ཚོར་སོ་སོའི་ལས་དང་སྤྱོད་ཚུལ་ལ་མི་སྲིད་པའི་མཇུག་འབྲས་ཤིག་འོང་བའི་སྣང་བ་འཆར་གྱི་ཡོད་པའམ།དེ་དག་གི་མཇུག་འབྲས་འོང་སྲིད་པ་ལས་ལྷག་པའི་མཇུག་འབྲས་ཞིག་འོང་རྒྱུར་སེམས་བཞིན་དུ་ང་ཚོས་དེ་དག་རྒྱ་ཆེ་རུ་གཏོང་གི་ཡོད། དེར་མ་ཟད། ང་ཚོའི་སེམས་ལ་བྱ་དངོས་ཁ་ཤས་ཀྱིས་འབྲས་བུ་རིཌ་གཅིག་ཁོ་ན་འོང་སྲིད་པའི་བསམ་བློ་འཁོར་གྱི་ཡོད། འོན་ཀྱང་དོན་དངོས་སུ་དེ་དག་གི་ལྡོག་ཕྱོགས་ཏག་ཏག་འོང་གི་ཡོད་པ་རེད། དཔེར་ན། ང་ཚོར་སྐྱིད་པོ་འདོད་ཀྱི་ཡོད་པས་ང་ཚོའི་སེམས་ལ་སྐྱིད་པོ་འོང་བའི་ཐབས་ལམ་ནི་དུས་རྟག་ཏུ་ཆང་རག་འཐུང་སྟེ་ར་བཟི་ནས་སྡོད་རྒྱུ་ཡིན་པའི་བསམ་བློ་འཁོར་གྱི་ཡོད། འོན་ཀྱང་དེས་བདེ་བ་འོང་རྒྱུ་ལས་ལྡོག་པའི་དཀའ་ངལ་དེ་བས་མང་བ་སྐྲུན་གྱི་ཡོད།

ཡང་རྨོངས་ཚུལ་གཞན་ཞིག་ནི་ང་ཚོ་ཇི་ལྟར་གནས་པ་དང་། གཞན་ཇི་ལྟར་གནས་པ། འཛམ་གླིང་ཇི་ལྟར་གནས་པ་དེ་ཡིན། དཔེར་ན། ང་ཚོ་ལོ་ན་རྒས་པ་དང་ན་བའི་སྐབས་སྡུག་བསྔལ་མྱོང་བ་དང་སྐྱིད་པོ་འོང་གི་མེད། འོན་ཀྱང་མིའི་རིགས་ཤིག་ཡིན་པའི་ཆ་ནས་ང་ཚོས་རེ་བ་གཞན་ག་རེ་བྱེད་ཀྱི་ཡོད་དམ། ང་ཚོ་ལོ་ན་གཞོན་པའི་སྐབས་ནས་མ་ཤི་བ་ཡིན་ན། འགྲོ་བ་མི་རྣམས་ན་བ་དང་ལོ་ན་རྒས་ཀྱི་ཡོད། དེ་ནི་ཧ་ལས་ཧོན་འཐོར་དགོས་པའི་གནས་ཚུལ་མིན། ང་ཚོས་ཤེལ་སྒོའི་ནང་ནས་སོ་སོའི་མགོ་ལ་སྐྲ་དཀར་མཐོང་འགོ་ཚུགས་པའི་སྐབས་ང་ཚོ་སྐྱིད་པོ་མེད་པ་དང་དེ་ལ་ཧང་སངས་སངས་བྱེད་ཀྱི་ཡོད་ཅིང་། འདི་ནི་དོན་དངོས་དང་མཐུན་པ་ཞིག་མིན་ལ། འཛམ་གླིང་ག་འདྲ་སེ་གནས་ཡོད་པ་དང་། ང་ཚོ་ག་འདྲ་སེ་གནས་ཡོད་པའི་ཚུལ་ལ་རྨོངས་པ་ཡིན།

ང་ཚོར་ལོ་ན་རྒ་བཞིན་པར་དཀའ་ངལ་ཡོད་པའི་དབང་དུ་བཏང་ན། དེ་ལ་རྨོངས་པའི་རྒྱུ་མཚན་གྱིས་ང་ཚོས་དོན་དངོས་ཁས་ལེན་མི་ཐུབ་པར་ཉོན་མོངས་པའི་གཞན་དབང་དུ་ཤོར་ནས་གནོད་འཚེ་ཅན་གྱི་ལས་བྱེད་ཀྱི་ཡོད། དཔེར་ན། གཞོན་སོ་དོད་པོ་དང་ཡིད་འཕྲོག་པོ་འོང་བའི་ཐབས་ཤེས་སྣ་ཚོཌ་དབང་མེད་དུ་བྱེད་བཞིན་དུ་སོ་སོར་བདེ་འཇགས་འོང་བར་ང་ཚོས་རེ་བ་བྱེད་པའི་བྱ་དངོས་རྣམས་སྒྲུབ་ཐབས་ཀྱི་འདུན་པ་ཤུགས་དྲག་དང་བཅས་བྱ་བ་བྱེད་ཀྱི་ཡོད། གཞན་གྱི་དོ་སྣང་དང་བྱམས་བརྩེ། དམིགས་བསལ་དུ་ང་ཚོས་ཡིད་འཕྲོག་པོ་མཐོང་བའི་ལོ་ན་གཞོན་པ་རྣམས་ཀྱི་དོ་སྣང་དང་བརྩེ་བ་འཐོབ་ཐབས་བྱེད་པ་ལྟ་བུ་རེད། འདི་མཚོན་པར་བྱེད་པའི་རྟགས་མཚན་ (syndrome) དེ་དག་གི་རྒྱབ་ཏུ་རང་ཉིད་འཛམ་གླིང་འདིའི་ནང་གལ་ཆེ་ཤོས་ཀྱི་མི་སྣ་ཞིག་སྟེ། རང་ཉིད་སའི་གོ་ལའི་ལྟེ་བ་ཡིན་པའི་རྨོངས་པ་ཞིག་རྒྱུན་དུ་གནས་ཡོད། དེ་ལ་བརྟེན་ནས་མི་ཚང་མས་རང་ཉིད་ལ་དོ་སྣང་སྤྲོད་དགོས་པ་དང། རང་ཉིད་གཞན་ལ་མཐོང་ཚུལ་ལེགས་ཉེས་གང་འདྲ་ཡོད་མེད་ལ་མ་ལྟོས་པར། མི་ཚང་མས་རང་ཉིད་ཡིད་དབང་འཕྲོག་པོ་མཐོང་བ་དང་དགའ་པོ་བྱེད་དགོས་པར་སེམས་ཀྱི་ཡོད། གལ་ཏེ་གཞན་ཞིག་གིས་རང་ཉིད་ཡིད་དབང་འཕྲོག་པོ་མི་མཐོང་བ་དང་དགའ་པོ་མ་བྱས་པ་ཡིན་ན། དེས་ང་ཚོ་སེམས་མི་སྐྱིད་པ་བཟོ་གི་ཡོད། གལ་ཏེ་གཞན་གྱིས་རང་ཉིད་ལ་སྣང་མེད་བཏང་བ་སྟེ། ང་ཚོར་གཞན་གྱིས་སོ་སོ་ཡིད་དབང་འཕྲོག་པོ་མཐོང་འདོད་ཡོད་པའི་སྐབས་ཕྱིའི་རྣམ་འགྱུར་ཐོག་ནས་མིན་ནའང་བྱེད་སྟངས་གཞན་ཞིག་གི་ཐོག་ནས་ཁོང་ཚོས་སོ་སོར་དོ་སྣང་མ་སྤྲད་པ་ཡིན་ན། དེས་ང་ཚོར་དེ་བས་སེམས་མི་སྐྱིད་པ་བཟོ་གི་ཡོད། འོན་ཀྱང་སྟོན་པ་ཤཱཀྱ་ཐུབ་པ་ལྟ་བུར་མི་ཚང་མས་དགའ་པོ་བྱེད་ཀྱི་མེད་ན། རང་ཉིད་ལ་མི་ཚང་མས་དགའ་པོ་བྱེད་རྒྱུའི་རེ་བ་ག་རེ་ཡོད། 

ང་ཚོ་ལ་མི་ཚང་མས་དགའ་པོ་བྱེད་རྒྱུའི་རེ་འདོད་དེ་ནི་དོན་དངོས་དང་མི་མཐུན་པའི་རེ་བ་ཞིག་རེད། དེ་ནི་དོན་དངོས་མིན། དེ་ནི་གཞན་གྱིས་ངེས་པར་དུ་རང་ཉིད་ཡིད་དབང་འཕྲོག་པོ་དང་སོ་སོར་དོ་སྣང་སྤྲོད་དགོས་པའི་རྨོངས་པ་དང་། འཐོབ་རེ། འདོད་ཆགས་བཅས་གཞི་རྩར་བྱས་པ་ཞིག་ཡིན། དེའི་འོག་དུ་བྱིས་བློའི་བསམ་ཕྱོགས་ཀྱི་ཉོན་མོངས་པ་གནས་ཡོད། ང་ཚོའི་སེམས་ལ་སོ་སོ་ཧ་ཅང་གལ་ཆེན་པོ་དང་བརྩེ་བ་སྤྲོད་འོས་པ་སྟེ། ཚང་མས་དགའ་པོ་བྱེད་དགོས་པའི་བསམ་བློ་འཁོར་གྱི་ཡོད་པས། གལ་ཏེ་ཁོའམ་མོས་རང་ཉིད་ལ་དགའ་པོ་མ་བྱས་ཚེ། མི་དེ་ལ་སྐྱོན་ཞིག་ཡོད་ངེས་རེད་བསམ་གྱི་ཡོད། ཡང་ན་དེ་ལས་ཐབས་སྡུག་པ་ཞིག་ནི། “མི་གཞན་དེས་རང་ཉིད་ལ་མི་དགའ་བ་བྱེད་པའི་སྐྱོན་ཞིག་སོ་སོར་ཡོད་རེད་” ཅེས་བསམས་ནས་རང་གིས་རང་ལ་དྭོགས་པ་ཟ་ཡག་འགོ་ཚུགས་པར་བརྟེན་སོ་སོ་མི་སྐྱིད་པ་དང་ནག་ཉེས་ཅན་དུ་ཚོར་གྱི་ཡོད། དེ་དག་ཐམས་ཅད་ནི་བྱིས་བློའི་རང་བཞིན་རེད།

གནད་དོན་གཙོ་བོ་ནི། ང་ཚོ་རང་ཉིད་ཡར་རྒྱས་གཏོང་དགོས་པ་དེ་ཡིན། དེ་ནི་དམ་ཆོས་ཉམས་ལེན་གྱི་དགོས་དོན་ཡིན། གནས་སྟངས་གང་འདྲ་ཞིག་འཕྲད་ཡོད་མེད་ལ་མ་ལྟོས་པར། ང་ཚོར་དཀའ་ངལ་ཡོད་ནའང་འདྲ། ཉེན་སྲུང་མེད་པ་ཚོར་ནའང་འདྲ། གང་ལྟར་ཡང་། ང་ཚོས་གང་བྱེད་ཀྱི་ཡོད་མེད་ཁ་ནང་དུ་ཕྱོགས་ནས་བརྟག་དཔྱད་བྱེད་དགོས། རང་ཉིད་ལ་ཚོར་བཞིན་པའི་ཉོན་མོངས་པའི་སེམས་དེ་དག་གི་རྒྱབ་ཏུ་རྨོངས་པ་གང་དུ་ཡོད་མེད་འཚོལ་དགོས། ཡིན་ནའང། གལ་ཏེ་ང་ཚོས་དཀའ་ངལ་འཕྲད་པའི་སོ་སོའི་འབྲེལ་ལམ་ལ་བརྟག་བཞིན་པའི་སྐབས་རྨོངས་པ་ཡོད་པ་དེ་ང་ཚོ་གཅིག་པུ་མིན་པ་ཡང་ཤེས་དགོས་པ་ཡིན། འབྲེལ་བ་བྱེད་སའི་མི་གཞན་ལའང་རྨོངས་པ་དེ་ཡོད་པ་གསལ་པོ་རེད། དེའི་དོན་དག་ནི། ང་ཚོས། “ཁྱེད་རང་འགྱུར་བ་གཏོང་དགོས་ཤིང། ངས་གང་བྱེད་བཞིན་པ་ཐམས་ཅད་འགྲིག་པ་དང་ཡང་དག་པ་ཡིན་པས། འགྱུར་བ་གཏོང་དགོས་རྒྱུ་དེ་ཁྱེད་རང་རེད།” ཅེས་བརྗོད་རྒྱུ་མེད། ཕྱོགས་གཞན་ཞིག་ནས་བཤད་ན། ང་ཚོས་འགྱུར་བ་གཏོང་དགོས་པ་དེ་རང་ཉིད་གཅིག་པུ་ཡིན་ཞེས་ཀྱང་མི་བརྗོད། གང་ཡིན་ཞེ་ན། དེ་འདྲ་བཤད་ན་རང་ཉིད་བློས་གཏོང་གི་རྙོག་ནང་དུ་ཉམས་སྲིད་པ་ཡིན། སྤྱིར་བཏང་གང་ཟག་གཞན་དེ་ཉན་འཇོག་བྱེད་མཁན་དང་གོ་ཤེས་ཅན་ཞིག་དགོས་པ་བཤད་མི་དགོས་ཀྱང་། ང་ཚོས་གུ་ཡངས་པོའི་ཐོག་ནས་གང་ཟག་གཞན་དང་ལྷན་དུ་གྲོས་མོལ་བྱེད་དགོས། ང་ཚོས་ཕྱོགས་གཉིས་ཀ་རྨོངས་ནས་ཡོད་པ་དེ་ངོས་ལེན་བྱེད་དགོས་པ་ཡིན། ང་ཚོ་ཕྱོགས་གཉིས་ཀར་འབྲེལ་ལམ་ནང་ག་རེ་འབྱུང་བཞིན་པར་གཉིས་ཀས་གོ་བ་ག་འདྲ་སེ་ལེན་པའི་ཐད་ལ་དཀའ་ངལ་ཞིག་ཡོད་པ་རེད། དེར་བརྟེན་ང་ཚོ་ཕྱོགས་གཉིས་ཀར་ཡོད་པའི་རྨོངས་པ་སེལ་དགོས། དེ་ནི་དོན་དངོས་དང་མཐུན་ཤོས་དང་དམ་པའི་ཆོས་ཀྱི་ལམ་གྱི་འགྲོ་ལུགས་ཞིག་ཡིན།

ཆོས་ཉམས་ལེན་གྱི་སྔོན་དུ་དེའི་དོན་རྟོགས་པ།

བརྙན་པར། མཚན་ཞབས་སེར་ཀོང་རིན་པོ་ཆེ་སྐུ་ཕྲེང་ ༢། “ནང་ཆོས། སློབ་སྦྱོང་དང་ཉམས་ལེན།”

ནང་ཆོས་ཉམས་ལེན་ལ་རིགས་འདྲ་མིན་མང་པོ་ཡོད། ཐབས་བྱུས་སྟོན་སྟངས་སྦྱོང་བ་བཞིན་ཆོས་ བྱེད་ཚུལ་ལ་ལམ་སྟོན་འཐོབ་པ་ཙམ་གྱིས་འགྲིག་གི་མེད། ཉམས་ལེན་ག་འདྲ་ཞིག་ཡིན་ནའང་ དེས་ང་ཚོའི་དཀའ་ངལ་སེལ་རྒྱུར་ཕན་ཐོགས་ཇི་ལྟར་འོང་ཚུལ་ལ་ཤེས་རྟོགས་བྱེད་དགོས་པ་ནི་ཤིན་ཏུ་གལ་ཆེ། ང་ཚོས་ཉམས་ལེན་བྱེད་པའི་དུས་དང་ཇི་ལྟར་བྱེད་ཚུལ་ཙམ་མ་ཟད། ད་དུང་དེའི་རྒྱབ་ཀྱི་ ཚོད་དཔག་རྣམས་ཀྱང་ཤེས་དགོས་པ་ཡིན། འདིའི་དོན་ནི། ཉམས་ལེན་ཚད་མཐོ་པོ་ནས་འགོ་ འཛུགས་མི་བྱེད་པ་དེ་ཡིན། ང་ཚོས་གནས་རིམ་དང་པོ་ནས་འགོ་འཛུགས་ཀྱིས་རྨང་གཞི་འདིང་ དགོས། དེ་ལྟར་བྱུང་བར་བརྟེན་དམ་པའི་ཆོས་ཀྱི་གོ་རིམ་བསྟར་ཆགས་སུ་ག་འདྲ་བསྒྲིགས་ཡོད་པ་ ལས་ཉམས་ལེན་གང་ཡང་རུང་བའི་ནང་ག་རེ་འབྱུང་བཞིན་ཡོད་པ་ང་ཚོས་ཤེས་ཀྱི་རེད།

“གལ་ཏེ་ཁྱེད་རང་ལ་སྨན་སྤྲད་ན། དེ་འཐུང་དགོས་པ་ཙམ་ལས་དེས་ཇི་ལྟར་ཕན་ཚུལ་མ་དྲིས་” ཞེས་བརྗོད་པའི་གསུང་ཆོས་ང་ཚོས་ཀློག་གི་ཡོད་པ་ནི་བདེན་པ་ཡིན། དེ་ནི་བསླབ་བྱའི་ཆ་ཤས་ཡག་པོ་ཞིག་ཡིན་ནའང། ང་ཚོས་དེའི་མཐར་ལྷུང་བ་ལ་ཉེན་བརྡ་གཏོང་གི་ཡོད་པ་ཤེས་དགོས། མཐའ་ནི་སློབ་སྦྱོང་བྱེད་པ་ཙམ་དང་ཆོས་ཀྱི་དོན་རྟོགས་ཐབས་བྱེད་པ་ཙམ་ལས་ང་ཚོས་གང་སྦྱངས་པ་རྣམས་ནམ་ཡང་ཉམས་ལེན་མི་བྱེད་པ་དེ་ཡིན། ང་ཚོར་མཐའ་དེ་སྤོང་འདོད་ཡོད། ཡིན་ནའང་། མཐའ་གཞན་ཞིག་ཀྱང་ཡོད་པས། ང་ཚོས་དེ་གོང་གི་མཐའ་དང་པོ་ནང་བཞིན་སྤོང་དགོས། ང་ཚོས་ཉམས་ལེན་ཞིག་དང་འབྲེལ་བའི་ཆོས་ཀྱི་གདམས་པ་ཁ་ཤས་ཐོས་པའི་སྐབས་རྨོངས་དད་ཀྱི་སྒོ་ནས་སོ་སོས་ག་རེ་བྱེད་བཞིན་ཡོད་པའམ་དེའི་རྒྱུ་མཚན་ཤེས་རྟོགས་གང་ཡང་མེད་པར་དེ་བྱེད་ཀྱིན་ཡོད་པ་རེད། མཐའ་དེར་ལྷུང་བ་ལས་བྱུང་བའི་དཀའ་ངལ་གཙོ་བོ་ནི། ཉིན་རེའི་འཚོ་བའི་ནང་ཉམས་ལེན་ག་འདྲ་སེ་བྱེད་དགོས་པ་ང་ཚོས་ནམ་ཡང་དངོས་སུ་ཤེས་ཀྱི་མེད་པ་དེ་ཡིན། གལ་ཏེ་ང་ཚོས་ཉམས་ལེན་གང་ཡང་རུང་བའི་རྒྱབ་ཀྱི་གནད་དོན་ཤེས་རྟོགས་བྱུང་བ་སྟེ། དེའི་བྱེད་ལས་ཀྱི་ཚུལ་དང་། དེའི་ཀུན་སློང་གང་ཡིན་པ་ཤེས་ཚེ། དེས་ན་ང་ཚོར་ཉིན་རེའི་འཚོ་བའི་ནང་ཉམས་ལེན་ག་འདྲ་སེ་བྱེད་དགོས་མིན་སློབ་སྟོན་བྱེད་མཁན་གྱི་གང་ཟག་གཞན་ཞིག་མི་དགོས་པར། ང་ཚོར་ཤེས་རྟོགས་ཡོད་པ་སོང་ཙང་། སོ་སོས་ཉམས་ལེན་ག་འདྲ་སེ་བྱེད་དགོས་པ་ཤེས་ཀྱི་ཡོད།

ང་ཚོས་སོ་སོའི་དཀའ་ངལ་སེལ་བའི་སྐོར་ལ་སྐད་ཆ་ཤོད་དུས་སོ་སོ་སྒེར་གྱི་དཀའ་ངལ་སེལ་བའི་སྐོར་ལ་སྐད་ཆ་ཤོད་པ་ཙམ་མིན་པར། ད་དུང་ང་ཚོར་གཞན་ལ་ཕན་འདོགས་བྱེད་རྒྱུར་དཀའ་ངལ་ཡོད་པ་དེ་སེལ་རྒྱུའི་སྐོར་སྐད་ཆ་ཤོད་བཞིན་ཡོད། “ལེ་ལོ་དང་རང་འདོད་དོན་གཉེར་ལ་བརྟེན་ནས་སམ། ཡང་ན་ལས་བྲེལ་ཧ་ཅང་ཆེ་བའི་དབང་གིས་གཞན་ལ་ཕན་འདོགས་བྱེད་རྒྱུར་དཀའ་ངལ་ཡོད་” ཅེས་ཟེར་བའམ། ཡང་ན། “ངས་ཁྱེད་རང་གི་དཀའ་ངལ་གང་ཡིན་ཤེས་ཀྱི་མེད་པས་རོགས་པ་ག་རེ་བྱེད་དགོས་པ་ཤེས་ཀྱི་མི་འདུག་” ཅེས་ཟེར་གྱི་ཡོད། དེ་ནི་ང་ཚོར་འཕྲད་པའི་དཀའ་ངལ་ཆེན་པོ་ཞིག་ཡིན། མ་ཡིན་ནམ། གཞན་ལ་ཕན་འདོགས་བྱེད་རྒྱུར་འཕྲད་པའི་དཀའ་ངལ་དེ་དག་ཚང་མ་རྨོངས་པ་ལས་བྱུང་བ་ཡིན། དཔེར་ན། རང་ཉིད་མཐུ་སྟོབས་ལྡན་པའི་དཀོན་མཆོག་ལྟ་བུ་ཞིག་ཏུ་བརྩིས་ཏེ་རང་ཉིད་ཀྱིས་བྱེད་དགོས་པ་གཅིག་རང་ཡོད་པ་དང་། དེས་དཀའ་ངལ་ཡོངས་རྫོཌ་སེལ་རྒྱུ་དེ་ཡིན་ཞིང་། གལ་ཏེ་དེས་གཞན་དེའི་དཀའ་ངལ་ཚང་མ་སེལ་མེད་པ་ཡིན་ན། གཞན་དེར་ནོར་འཁྲུལ་ཞིག་ཡོད། གཞན་དེས་དེ་ཏག་ཏག་ཡག་པོ་བྱས་མེད་པས། དེ་ནག་ཉེས་ཅན་ཡིན་ཞེས་བསམ་པའི་རྨོངས་པ་ཞིག་གམ། ཡང་ན། རང་ཉིད་ཀྱི་ནག་ཉེས་ཅན་ཡིན། གང་ཡིན་ཞེ་ན། རང་ཉིད་ཀྱིས་གཞན་དེའི་དཀའ་ངལ་སེལ་ཐུབ་ངེས་ཀྱང་། དེ་ལྟར་བྱས་མེད། དེར་བརྟེན་རང་ཉིད་ཡག་པོ་མ་ཡིན་པ་བསམ་པའི་རྨོངས་པ་ཞིག་ཡོད་པ་རེད། འདི་ནི་སླར་ཡང་རྒྱུ་དང་འབྲས་བུ་ལ་རྨོངས་པ་ཡིན།

བརྙན་པར། རྗེ་བཙུན་མ་བསྟན་འཛིན་དཔལ་མོ། “ཧུར་བརྩོན་རང་བཞིན་གྱི་ནང་ཆོས།”

ཆོས་ལ་ཡིད་ཆེས་བརྟན་པོ།

གནད་དོན་གཞན་ཞིག་ནི་དབང་རྩ་འཁྲུག་པ་ (neurotic) ལྟ་བུ་མིན་པར་ཉིན་རེའི་འཚོ་བའི་ནང་ཕན་ནུས་ལྡན་པའི་ཐོག་ནས་ཆོས་ཉམས་ལེན་ཐུབ་པ་དགོས་ཤིང་། ང་ཚོར་ད་དུང་དམ་ཆོས་ཀྱིས་སོ་སོའི་དཀའ་ངལ་སེལ་ཐུབ་པའི་ཡིད་ཆེས་བརྟན་པོ་དགོས་པ་ཡིན། ང་ཚོས་ནང་པའི་རྨང་གཞིའི་ཐབས་དང་ལངས་ཕྱོགས་ཀྱི་རྗེས་སུ་འབྲངས་ནས་སོ་སོའི་རྨོངས་པ་སེལ་ཐུབ་པའི་ཡིད་ཆེས་ངེས་པར་དུ་བསླེབ་པ་དགོས། ཆོས་གང་ཞིག་སྤོང་བ་ལ་ང་ཚོས་དེ་གང་ལས་བྱུང་བའི་རྒྱུ་སྤོང་དགོས། འོན་ཀྱང་ང་ཚོའི་རྨོངས་པ་ཡོངས་རྫོགས་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱས་ནས་སྤོང་ཐུབ་པའི་ཡིད་ཆེས་གཏིང་ཚུགས་པ་དང་བརྟན་པོ་ཞིག་བསླེབ་དཀའ་བ་བཤད་མི་དགོས་པ་ཡིན་པ་མ་ཟད། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་ཐུབ་པའི་ཡིད་ཆེས་བརྟན་པོ་ཞིག་བསླེབ་པར་ཧ་ཅང་དཀའ་ལས་ཁག་པོ་ཡོད། ཐར་པ་དང་ཐམས་ཅད་མཁྱེན་པ་གང་ཡིན་པ་ཡང་ང་ཚོས་དངོས་སུ་མ་ཤེས་པའི་སྐབས་སུ་དེ་ལ་ཡིད་ཆེས་བསླེབ་རྒྱུ་དམིགས་བསལ་གྱི་དཀའ་བ་ཡོད། དེར་བརྟེན་ང་ཚོས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་སྲིད་པའམ་མི་སྲིད་པའི་ཆ་འཇོག་ག་འདྲ་སེ་བྱེད་དགོས་སམ། གལ་ཏེ་ཐར་པ་དང་ཐམས་ཅད་མཁྱེན་པ་འཐོབ་སྲིད་པར་བསམ་པ་ཡིན་ན། ཆོས་དེ་ཡོད་པའི་བློ་ཙམ་ཡང་ང་ཚོར་མེད་པར་དེ་འཐོབ་རྒྱུར་དམིགས་པ་ནི་ཚུལ་འཆོས་ཙམ་ཞིག་མ་ཡིན་ནམ། དེ་ནས་ང་ཚོས་དེ་རྩེ་བཞིན་པའི་སྨྱོན་པའི་རྩེད་མོ་ལྟ་བུར་འགྱུར་བ་ཡིན་ཞིང། ང་ཚོའི་དམ་ཆོས་ཉམས་ལེན་དེ་ངོ་མ་ཞིག་ཆགས་ཀྱི་མེད།

ང་ཚོར་དངོས་སུ་ཡིད་ཆེས་བསླེབ་པ་དགོས་པ་དང། དེ་ལ་སློབ་སྦྱོང་དང་ཤེས་རྟོགས། དེ་བཞིན་བསམ་བློ་གཏིང་རིང་པོ་དང་སྒོམ་གྲུབ་ཧ་ཅང་མང་པོ་ཞིག་དགོས་པ་ཡིན། ང་ཚོར་ཐར་པ་དང་ཐམས་ཅད་མཁྱེན་པ་སྲིད་པ་ཙམ་མ་ཟད། ད་དུང་སོ་སོ་རང་ཉིད་ཀྱིས་དེ་དག་འཐོབ་སྲིད་པའི་ཡིད་ཆེས་ངེས་པར་དུ་བསླེབ་དགོས། དེ་ཤཱཀྱ་ཐུབ་པ་ཁོང་གཅིག་པུར་སྲིད་པ་ཙམ་མ་གཏོགས་རང་ཉིད་ཀྱི་བྱེད་མི་ཐུབ་པ་ཞིག་མ་ཡིན། འོན་ཀྱང་དེ་ལས་ལྡོག་སྟེ། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་རང་ཉིད་ཀྱིས་འཐོབ་ཐུབ་པ་དང། གང་ཟག་ཚང་མས་ཀྱང་འཐོབ་ཐུབ་པ་ཡིན། ང་ཚོས་སོ་སོའི་རྨོངས་པ་སེལ་བ་ལ་ག་རེ་བྱེད་དགོས་པ་ངེས་པར་དུ་ཤེས་དགོས། ང་ཚོ་དེ་ལས་དངོས་སུ་གང་གིས་སེལ་བར་བྱེད་དམ། ང་ཚོའི་རྨོངས་པ་དངོས་སུ་སེལ་བར་བྱེད་མཁན་ནི་ཡང་དག་པའི་རྟོགས་པ་ཡིན་པ་དང། དེར་བརྟེན་ང་ཚོས་ཡང་དག་པའི་རྟོགས་པས་རྨོངས་པ་ག་འདྲ་སེ་འཇོམས་ཐུབ་པ་དང་། དེ་ལྟར་འཇོམས་པར་བྱས་ཏེ། དེ་སླར་ནམ་ཡང་མི་འབྱུང་བའི་ཚུལ་དུ་བྱེད་ཐུབ་པའི་ཚུལ་རྣམས་རྟོགས་དགོས། དེ་དག་ཚང་མའི་མཇུག་འབྲས་སུ། ང་ཚོས་དམ་པའི་ཆོས་ཉམས་ལེན་བྱེད་སའི་གནས་ངོ་མ་དེ་ནི་ཉིན་རེའི་འཚོ་བའི་ནང་བྱེད་དགོས་པ་སྟེ། དེས་ང་ཚོའི་མི་ཚེའི་ནང་སོ་སོའི་དཀའ་ངལ་དང་། རྨོངས་པ། དཀའ་སྡུག་རྣམས་ལ་དུས་ནས་དུས་སུ་གདོང་ལེན་བྱེད་ཀྱིན་ཡོད་པ་དེ་དག་མཐོང་གི་ཡོད།

ཆོས་ཉམས་ལེན་ལ་ཁ་ནང་ལྟས་ཀྱི་དཔྱད་པ་དགོས།

མི་ཚེའི་དུས་ཚོད་ཡོལ་ཏེ། དབེན་པའི་སྒོམ་ཁང་ཡག་པོ་ཞིག་ཏུ་འགྲོ་བའམ། མ་ཟད་སོ་སོའི་ཉལ་ཁང་གི་ནང་དུ་སྡོད་པ་དང་། སྒོམ་གདན་ཞིག་གི་སྟེང་དུ་བསྡད་ནས་སོ་སོའི་མི་ཚེར་གདོང་ལེན་བྱེད་རྒྱུར་གཡོལ་བ་ཙམ་ནི་ཆོས་ཉམས་ལེན་མ་ཡིན། དཀའ་ངལ་སོགས་ལས་གཡོལ་རྒྱུ་ནི་དམ་ཆོས་ཉམས་ལེན་གྱི་དམིགས་ཡུལ་མིན། ང་ཚོས་གནས་དབེན་པ་ཞིག་ལ་སྒོམ་གྲུབ་བྱེད་པར་འགྲོ་དུས་མི་ཚེའི་ནང་གི་སོ་སོའི་དཀའ་ངལ་ལ་གདོང་ལེན་བྱེད་རྒྱུར་མཁོ་བའི་ཐབས་རྩལ་རྣམས་གསོག་པའི་དོན་དུ་འགྲོ་གི་ཡོད་པ་རེད། དམིགས་ཡུལ་གཙོ་བོ་ནི་མི་ཚེ་ཡིན་པ་རེད། རྒྱལ་སྤྱིའི་རྩེད་འགྲན་རྒྱས་འཛོམས་ཆེན་མོའི་ནང་རྟགས་མ་འཐོབ་ཆེད་དུ་སྒོམ་གདན་སྟེང་དུ་སྒོམ་བརྒྱབ་ནས་སྡོད་པའི་དམིགས་གཏད་མིན། ཆོས་ཀྱི་ཉམས་ལེན་ནི་མི་ཚེའི་ནང་ཆོས་ཉམས་སུ་ལེན་པ་དེ་ཡིན།

དེར་མ་ཟད། ཆོས་ཉམས་ལེན་ནི་ཁ་ནང་ལྟས་ཀྱི་དཔྱད་པ་ཡིན། དེ་དང་ལྷན་དུ་ང་ཚོས་སོ་སོའི་སེམས་ཚོར་གྱི་གནས་བབས་དང། ཀུན་སློང། བསམ་ཕྱོགས། དབང་མེད་རྒྱ་ཡན་དུ་ཤོར་བའི་སྤྱོད་ལམ་རྣམས་ལ་དོ་སྣང་བྱ་ཐབས་བྱེད་ཀྱི་ཡོད། ང་ཚོས་དམིགས་བསལ་དུ་ཉོན་མོངས་པའི་རིཌ་རྣམས་ལ་བརྟག་དཔྱད་བྱེད་དགོས། ཉོན་མོངས་ཀྱི་ངོ་བོའམ་མཚན་ཉིད་ནི། ཉོན་མོངས་ཡོང་བའི་སྐབས་དེས་རང་དང་གཞན་ཚང་མ་མི་སྐྱིད་པ་ཚོར་དུ་འཇུག་གི་ཡོད། ང་ཚོའི་སེམས་ཀྱི་ཞི་བདེ་བརླག་ནས་སྟངས་འཛིན་མི་ཐུབ་པར་འགྱུར་འགྲོ་གི་ཡོད། འདི་ནི་ཕན་ཐོགས་ཤིན་ཏུ་ཆེ་བའི་དོན་དག་ཅིག་ཡིན། རྒྱུ་མཚན་ནི་དེ་ཤེས་པས་ང་ཚོར་སོ་སོ་ཉོན་མོངས་ཀྱི་ཤུགས་རྐྱེན་འོག་བྱ་སྤྱོད་སྤེལ་བཞིན་ཡོད་པའི་སྐབས་ཤེས་རྟོགས་འོང་རྒྱུར་ཕན་ཐོགས་ཡོད། གལ་ཏེ་ང་ཚོ་མི་སྐྱིད་པ་ཚོར་ན་ང་ཚོས་སོ་སོའི་སེམས་ཀྱི་ནང་གནོད་གཞི་ཅན་ཞིག་འགྲོ་བཞིན་ཡོད་པ་ཤེས་ཐུབ། དེ་འདྲའི་སྐབས་སུ་ང་ཚོས་སེམས་ནང་ག་རེ་འབྱུང་བཞིན་ཡོད་པར་བརྟག་དཔྱད་བྱས་ནས་དེ་བཅོས་ཡག་ལ་གཉེན་པོ་བསྟེན་དགོས་ཀྱི་ཡོད།

དེ་ལ་ངེས་པར་དུ་དགོས་པ་ནི། ང་ཚོའི་ནང་དུ་ག་རེ་འབྱུང་བཞིན་ཡོད་པར་ཚོར་བ་ཤིན་ཏུ་རྣོན་པོར་འགྱུར་བ་དེ་ཡིན་པ་དང། གལ་ཏེ་ང་ཚོས་དེ་གནོད་གཞི་ཅན་དུ་མཐོང་ན། སོ་སོའི་སེམས་ཚོར་གྱི་གནས་བབས་ལ་འགྱུར་བ་གཏོང་བའི་དོན་དུ་ག་རེ་ཡིན་ནའང་བྱེད་ཀྱི་རེད། དེ་བྱེད་པ་ལ་ང་ཚོས་གནོད་པ་བྱེད་པ་དང་གནོད་པ་བྱེད་པའི་ལམ་ནས་བྱ་སྤྱོད་སྤེལ་ན། དེས་རང་གཞན་གཉིས་ཀར་སྡུག་བསྔལ་མང་པོ་ཞིག་བསྐྲུན་ངེས་པའི་ཤེས་རྟོགས་ངེས་པར་དུ་ཡོད་དགོས་པ་ཡིན། ང་ཚོར་སྡུག་བསྔལ་དེ་དག་དགོས་ཀྱི་མེད། གང་ཡིན་ཞེ་ན། ང་ཚོ་ལ་དེ་དག་འདང་ངེས་བཞིན་པ་ཡོད། གལ་ཏེ་ང་ཚོར་མི་སྐྱིད་པ་དང་བློ་ཕམ་ཡོད་ན། ང་ཚོས་གཞན་ལ་ཕན་ཐོགས་ག་འདྲ་སེ་བྱེད་ཐུབ་བམ།

བསྟུན་བདེ་བའི་རང་བཞིན།

ཆོས་ཉམས་ལེན་ལ་ད་དུང་མི་མཐུན་པའི་ཕྱོགས་གཅིག་གམ་གཉིས་ཙམ་མིན་པར། འདྲ་མིན་མང་པོར་གོམས་འདྲིས་བྱེད་དགོས། ང་ཚོའི་མི་ཚེ་ནི་རྙོག་འཛིངས་ཆེན་པོ་ཡིན་པས། གཉེན་པོ་གཅིག་གིས་རྟག་ཏུ་དོན་འགྲུབ་མི་ཐུབ། ཉམས་ལེན་བྱེ་བྲག་པ་གཅིག་གིས་གནས་སྟངས་རེ་རེ་ལ་ཕན་ནུས་ཆེ་ཤོས་འོང་མི་ཐུབ། ཉིན་རེའི་འཚོ་བའི་ནང་དངོས་སུ་ཉམས་ལེན་བྱེད་ཐུབ་པར་བསྟུན་བདེ་བའི་རང་བཞིན་ཁྱད་པར་ཅན་ཞིག་དང་ཐབས་ལམ་འདྲ་མིན་ངེས་པར་དུ་དགོས་པ་ཡིན། གལ་ཏེ་འདི་ལམ་ལྷོང་མ་བྱུང་ན། དེ་ནས་ང་ཚོས་དེ་བྱ་རྒྱུ་ཡིན། གལ་ཏེ་དེ་ཡང་ལམ་ལྷོང་མ་བྱུང་བ་ཡིན་ན། དེ་ནས་ང་ཚོས་འདི་ཐབས་ཤེས་བྱེད་རྒྱུ་ཡིན་ཞེས་པ་ལྟ་བུའི་གནས་སྟངས་དང་བསྟུན་བདེ་བའི་རང་བཞིན་ཞིག་དགོས།

ངའི་དགེ་བའི་བཤེས་གཉེན་ཆེན་པོ་གསེར་ཀོང་མཚན་ཞབས་རིན་པོ་ཆེས་རྒྱུན་དུ་གསུང་གསལ་ལ། ཁྱེད་རང་མི་ཚེའི་ནང་གཅིག་བྱེད་རྒྱུའི་འབད་རྩོལ་བསྟེན་བཞིན་པའི་སྐབས་རྟག་ཏུ་གདམ་ཀ་ཅན་གྱི་འཆར་གཞི་གཉིས་གསུམ་དགོས། དེས་ན་འཆར་གཞི་དང་པོ་ལམ་ལྷོང་མ་བྱུང་ན། ཁྱེད་རང་སེམས་ཤུགས་ཆག་ནས་དེ་བློས་གཏོང་བྱེད་ཀྱི་མ་རེད། གང་ཡིན་ཞེ་ན། ཁྱེད་རང་ལ་རྒྱབ་རྟེན་གྱི་འཆར་གཞི་གཉིས་པ་དང་གསུམ་པ་ཡོད་པས་ཡིན་ཞེས་གསུངས་གནང་གི་རེད། མཐའ་མར་དེའི་ནང་ནས་གཅིག་ལམ་ལྷོང་ཡོང་གི་རེད། དེ་ནི་ངས་ཕན་ཐོགས་ཤིན་ཏུ་ཆེ་བའི་བསླབ་བྱ་ཞིག་ཏུ་མཐོང་སོང། ཆོས་ཀྱི་བྱ་བའི་སྐབས་སུའང་གནས་སྟངས་གཅིག་པ་ཡིན། གལ་ཏེ་གནས་སྟངས་བྱེ་བྲག་ཁ་ཤས་ཀྱི་ནང་ཐབས་ལམ་དང་པོ་ལམ་ལྷོང་མ་བྱུང་བ་ཡིན་ན། ང་ཚོར་རྟག་ཏུ་རྒྱབ་རྟེན་འཆར་གཞི་ཞིག་ཡོད་པ་རེད། ང་ཚོས་ཆོས་གཞན་གྱི་སྟེང་དུ་བེད་སྤྱོད་བྱེད་ཆོག དེ་དག་ནི་སློབ་སྦྱོང་སྟེ། ཐབས་ལམ་སྣ་ཚོགས་དང་སྒོམ་གྲུབ་སྦྱོང་བ་གཞི་རྩར་བྱས་པ་གསལ་པོ་ཡིན། དེ་ནི་ང་ཚོས་ལུས་སྦྱོང་བྱེད་པ་ལྟར་གྲ་སྒྲིག་གི་ཚུལ་དུ་སྦྱོང་བརྡར་བྱེད་ཀྱི་ཡོད། ང་ཚོས་སོ་སོ་རང་ཉིད་ཐབས་ལམ་དེ་དག་ལ་གོམས་པ་ཡོང་བའི་སྦྱོང་བརྡར་བྱེད་ཀྱི་ཡོད་པར་བརྟེན་དེ་དག་དགོས་མཁོའི་སྐབས་ཉིན་རེའི་འཚོ་བའི་ནང་དངོས་སུ་ལག་ལེན་བསྟར་ཐུབ། ཆོས་ཉམས་ལེན་དེ་རང་ཉིད་བྱེད་འདོད་པའི་དབྱིངས་ལས་ (hobby)  ཤིག་ཏུ་མི་བལྟ་བར་དུས་རྟག་ཏུ་བྱེད་རྒྱུའི་དམ་བཅའ་ཡོད་པའི་གནས་ཤིག་ཏུ་ངེས་པར་དུ་བལྟ་དགོས།

མཐའ་རྣམས་སྤོང་བ།

ང་ཚོས་སོ་སོའི་ཁྱིམ་ཚང་ནང་ཆོས་ཉམས་བྱེད་ཀྱི་ཡོད། ང་ཚོས་དེ་སོ་སོའི་ཕ་མ་དང། སོ་སོའི་བུ་ཕྲུག་དེ་བཞིན་ལས་ཀའི་སྐབས་ཀྱི་མི་རྣམས་དང་འབྲེལ་བ་བྱེད་དུས་ལག་བསྟར་བྱེད་ཀྱི་ཡོད། དེ་འདྲ་བྱེད་པའི་ནང་དུ་ང་ཚོས་མཐའ་སྣ་ཚོགས་སྤོང་དགོས་ཀྱི་ཡོད། ང་ཚོས་འདིའི་སྐོར་ཏོག་ཙམ་ཞིག་གོང་དུ་བཤད་ཟིན་པ་རེད། ང་ཚོས་སོ་སོའི་དཀའ་ངལ་དེ་གཞན་ལ་སྙད་འདོགས་པའམ། ཡང་ན་སྙད་ཡོངས་རྫོགས་དེ་སོ་སོ་རང་ཉིད་ཀྱི་ཐོག་ཏུ་འགེལ་བའི་མཐའ་སྤོང་དགོས་པ་ཡིན། ཕྱོགས་གཉིས་ཀས་རྐྱེན་སློང་བྱེད་ཀྱི་ཡོད། ང་ཚོས་གང་ཟག་གཞན་དེར་འགྱུར་བ་གཏོང་ཐབས་བྱེད་ཐུབ། འོན་ཀྱང་སོ་སོ་རང་ཉིད་ལ་འགྱུར་བ་གཏོང་རྒྱུ་དེ་ལས་སླ་ཤོས་ཡིན།

དེ་ནས་རང་ཉིད་ཡར་རྒྱས་གཏོང་རྒྱུ་དེ་དམིགས་པ་གཏད་ས་ཡིན། འོན་ཀྱང་དེ་ལྟར་བྱེད་བཞིན་པའི་སྐབས་ང་ཚོས་རང་ཉིད་ལ་བརྩེ་བའི་རང་དོན་ལས་བྲེལ་གྱི་མཐའ་སྤོང་ཐབས་བྱེད་དགོས། རང་དོན་ལས་བྲེལ་གྱི་སྒོ་ནས་ང་ཚོས་རྟག་ཏུ་སོ་སོ་རང་ཉིད་ལ་ལྟ་བ་དང་གཞན་སུ་གང་ལའང་དོ་སྣང་སྤྲོད་ཀྱི་མེད། འདིས་ང་ཚོ་སའི་གོ་ལའི་སྟེང་གི་ལྟེ་བ་ཡིན་པ་དང་། ང་ཚོའི་དཀའ་ངལ་རྣམས་འཛམ་གླིང་ནང་གལ་འགངས་ཆེ་ཤོས་ཡིན་པའི་ཚོར་སྣང་ལ་ཁ་སྣོན་བྱེད་ངེས་པ་དང་། གཞན་སུ་གང་གི་དཀའ་ངལ་རྣམས་གལ་ཆེན་པོ་མིན་པའམ་སེམས་ཕོག་མིན་པར་ཚོར་གྱི་ཡོད།

མཐའ་གཞན་ཞིག་ནི། ང་ཚོ་ཚང་མ་སྡུག་ཅག་གམ་ང་ཚོ་ཚང་མ་ཡག་པོ་ཡིན་པར་བསམ་པ་དེ་ཡིན། ང་ཚོས་སོ་སོའི་དཀའ་ངལ་གྱི་ཕྱོགས་ཏེ། ཡར་རྒྱས་གཏོང་དགོས་པའི་ཕྱོགས་དེ་ངོས་འཛིན་དགོས་པ་བདེན་ནའང་། ང་ཚོས་སོ་སོའི་བཟང་ཕྱོགས་ཏེ། ཁྱད་ཆོས་བཟང་པོ་རྣམས་ཀྱང་ངོས་འཛིན་དགོས་པས། དེ་ལ་བརྟེན་ནས་ང་ཚོས་དེ་དག་ཡར་རྒྱས་གོང་ནས་གོང་དུ་གཏོང་ཐུབ། ང་ཚོ་ནུབ་ཕྱོགས་པ་མང་པོ་ཞིག་ལ་རང་མཐོང་དམའ་པོ་ (low self-esteem) ཡོད་པ་རེད། གལ་ཏེ་ང་ཚོས་སོ་སོའི་དཀའ་ངལ་དང་རྨོངས་པ་ལ་བློ་རྩེ་གཏད་ཆེ་དྲགས་ན། དེས་ལས་སླ་པོའི་ཐོག་ནས་རང་མཐོང་དམའ་པོར་ཁ་སྣོན་བྱེད་ངེས་པས། དེ་ནི་དམིགས་དོན་རྩ་བ་ནས་མིན།

སོ་སོའི་ཉོན་མོངས་པའི་སེམས་ལ་ལྟ་ཞིབ་བྱེད་པ་དང་ཆབསཅིག་རང་སོ་སོའི་ཁྱད་ཆོས་བཟང་པོ་རྣམས་དྲན་པའི་ཐོག་ནས་ཆ་སྙོམས་སུ་གནས་པར་བྱེད་དགོས། གང་ཟག་སེམས་པ་གནག་ཤོས་ཚོ་ལའང་ཁྱད་ཆོས་བཟང་པོའི་ཉམས་མྱོང་ཁ་ཤས་ཡོད་པ་ཡིན། ཁོང་ཚོར་སོ་སོའི་པང་དུ་ཁྱི་ཕྲུག་གམ་ཞིམ་ཕྲུག་ཅིག་བཟུང་མྱོང་བ་དང། དེ་ལ་བྱམས་པོ་བྱེད་པ། དེའི་ཕྱོགས་སུ་བརྩེ་བ་ཕྲན་བུ་ཡོད་པ་ཡིན། ཧ་ལམ་གང་ཟག་ཚང་མར་མ་མཐར་ཡང་མྱོང་བ་དེ་ཡོད་པ་རེད། དེར་བརྟེན་ང་ཚོས་བརྩེ་སེམས་དེ་འདྲ་བ་ཞིག་བྱེད་ནུས་པ་ངོ་འཛིན་བྱེད་པ་དང། དེ་འདྲའི་ལམ་ནས་ང་ཚོས་སོ་སོའི་བཟང་ཕྱོགས་རྣམས་ཀྱང་མཐོང་བ་ཡིན། ཆོས་ཉམས་ལེན་ནི། སོ་སོའི་རང་གཤིས་ངན་པའི་ཕྱོགས་ལ་བཅོས་ཐབས་བྱེད་པ་ཙམ་མིན་པར། ཆ་སྙོམས་སུ་གནས་པར་བྱེད་དགོས། ང་ཚོས་སོ་སོའི་བཟང་ཕྱོགས་རྣམས་ལའང་ཁ་སྣོན་བྱེད་རྒྱུར་འབད་དགོས།

དེ་ལྟར་བྱེད་བཞིན་དུ་སོ་སོའི་སྐྱོན་ཆར་ལྟ་ཞིབ་བྱེད་པ་དང་ཁྱད་ཆོས་བཟང་པོ་རྣམས་ལ་ལྟ་ཞིབ་བྱེད་པའི་དབར་ལ་ཆ་སྙོམས་པོ་ཞིག་རྒྱུན་གནས་འོང་བའི་འབད་བརྩོན་བྱེད་པའི་ནང་ང་ཚོས་རྟག་ཆད་ཀྱི་མཐའ་གཞན་ཞིག་སྤོང་དགོས། མཐའ་གཅིག་ནི། “རང་ཉིད་སྡུག་ཅག་ཡིན་པ་དང། རང་གིས་ཉམས་ལེན་བྱེད་དགོས་ཀྱི་ཡོད་པ་དང་ཉམས་ལེན་བྱེད་བཞིན་མེད་པར་བརྟེན་རང་ཉིད་དེ་ལས་སྡུག་ཏུ་སོང་འདུག་” སྙམ་པའི་ནག་ཉེས་ (guilt) དེ་ཡིན། ངེས་པར་དུ་བྱེད་དགོས་པའི་ཐ་སྙད་དེ་སོ་སོའི་ཆོས་ཉམས་ལེན་གྱི་ལྟ་ཕྱོགས་ལས་ངེས་པར་དུ་སྤོང་དགོས། དེ་ནི་ངེས་པར་དུ་བྱེད་དགོས་པའི་དོན་ནམ་ཡང་མིན། གལ་ཏེ་ང་ཚོས་སོ་སོར་འཕྲད་པའི་དཀའ་ངལ་སེལ་འདོད་དང་། མ་འོངས་པའི་དཀའ་ངལ་རྣམས་སྤོང་འདོད་ཡོད་ན། བསམ་ཕྱོགས་སྟབས་བདེ་ཤོས་ནི། “གལ་ཏེ་རང་ཉིད་ལ་སོ་སོའི་དཀའ་ངལ་སེལ་འདོད་ཡོད་ན། ཉམས་ལེན་འདིས་དེ་ལྟར་སེལ་ངེས་” སྙམ་པའི་བསམ་བློ་གཏོང་རྒྱུ་ཙམ་དེ་ཡིན། ད་ང་ཚོས་ཉམས་ལེན་བྱེད་དང་མི་བྱེད་ནི། ང་རང་ཚོ་སོ་སོའི་འདོད་མོས་ཡིན།  སུ་གང་གིས་ཀྱང་། “ཁྱེད་རང་དེ་བྱེད་དགོས་པ་དང། ཁྱེད་རང་གིས་མ་བྱས་ཚེ་ཁྱེད་རང་སྡུག་ཅག་རེད་” ཅེས་ཟེར་གྱི་མེད།

འོན་ཀྱང་ང་ཚོས་མཐའ་གཞན་ཏེ། “ང་ཚོ་ཚང་མ་ཐམས་ཅད་ཡང་དག་པ་སྟེ། སོ་སོའི་སངས་རྒྱས་ཀྱི་རིགས་ལ་ལྟོས་དང་ཐམས་ཅད་ཡང་དག་པ་རེད་” ཅེས་ཟེར་བའི་མཐའ་དེ་ཡང་སྤོང་དགོས། དེ་ནི་ཉེན་ཁ་ཧ་ཅང་ཆེ་བའི་མཐའ་ཞིག་ཡིན། གང་ཡིན་ཞེ་ན། དེས་སོ་སོར་འགྱུར་བ་གཏོང་མི་དགོས་པའི་བསམ་ཕྱོགས་ཤིག་ལ་འཁྲིད་སྲིད་པ་སྟེ། ང་ཚོས་སོ་སོའི་ངན་ཕྱོགས་ཀྱི་བྱེད་སྟངས་རྣམས་འགོག་པའམ་སྤོང་མི་དགོས། ག་རེ་བྱས་ནས་སྤོང་མི་དགོས་ཟེར་ན། ང་ཚོ་ཚང་མ་ཡང་དག་སྐྱོན་དང་བྲལ་བ་ཞིག་ཡིན་པས་ཡིན། ང་ཚོས་སོ་སོ་སྡུག་ཅག་ཏུ་ཚོར་བའམ་སོ་སོ་ཡང་དག་པར་ཚོར་བའི་མཐའ་དེ་གཉིས་ཀ་སྤོང་དགོས། གཞི་རྩའི་ཐོག་ནས་ང་ཚོས་སོ་སོ་རང་གིས་རང་ལ་འགན་འཁུར་དགོས་ཀྱི་ཡོད། དེ་ནི་སོ་སོའི་ཉིན་རེའི་འཚོ་བའི་ནང་ཆོས་མཉམ་སྡེབ་བྱེད་པའི་གནད་འགག་གཙོ་བོ་ཡིན། སོ་སོའི་མི་ཚེའི་རིན་ཐང་གི་དོན་དུ་འབད་བརྩོན་བྱེད་པ་ལ་ང་ཚོས་སོ་སོ་རང་གིས་རང་ལ་འགན་འཁུར་དགོས་ཀྱི་ཡོད། །

སེམས་སྐུལ།

སོ་སོ་རང་ཉིད་ཡར་རྒྱས་གཏོང་བའི་སྐབས་ང་ཚོར་དགེ་བའི་བཤེས་གཉེན་ལས་སེམས་སྐུལ་འཐོབ་ཐུབ་པ་མ་ཟད། སོ་སོ་དང་ལྷན་དུ་ཉམས་ལེན་བྱེད་བཞིན་པའི་སྤྱི་ཚོགས་ཀྱི་མི་གཞན་ཚོ་ལས་ཀྱང་སེམས་སྐུལ་འཐོབ་ཐུབ་པ་ཡིན། གང་ལྟར་ཡང་། གང་ཟག་ཕལ་མོ་ཆེར་མཚོན་ན། དགེ་རྒན་རྣམ་པ་ཚོ་ལས་དུས་རབས་མང་པོའི་སྔོན་གྱི་སློབ་དཔོན་དམ་པ་རྣམས་ཀྱིས་བར་སྣང་ལ་འཕུར་ཐུབ་པའི་ཡ་མཚན་ཅན་གྱི་སྒྲུང་བརྗོད་པ་ནི་སེམས་སྐུལ་གྱི་འབྱུང་རྩ་བརྟན་པོ་ཞིག་མ་ཡིན། དེའི་རྒྱུ་མཚན་ནི། གནས་ཚུལ་དེ་འདྲ་བ་ནི་འབྲེལ་དཀའ་བ་ཞིག་དང་ཁོང་ཚོས་སྒྱུ་མའི་འགྲུལ་བཞུད་ནང་དུ་ང་ཚོ་འཁྲིད་ཀྱི་ཡོད། ཡག་ཤོས་ནི་ང་ཚོར་དངོས་སུ་འབྲེལ་བ་ཡོད་པའི་འཚོ་བཞིན་བཞུགས་པའི་སྐྱེ་བོ་དམ་པ་རྣམས་ཀྱི་དཔེ་མཚོན་དེ་ཡིན། དེ་འདྲའི་འབྲེལ་བ་དེ་ཆུང་ཆུང་ཡིན་ནའང་ཁྱད་པར་མེད།

སངས་རྒྱས་སམ་ཚད་ལྡན་གྱི་བཤེས་གཉེན་རྣམས་ང་ཚོར་སེམས་འགུལ་ཐེབས་སུ་འཇུག་ཐབས་གནང་གི་མེད་ལ། དེ་བས་བློ་སྟོབས་སྤེལ་ཐབས་གནང་གི་མེད། དེའི་དཔེ་ནི་ཁོང་རྣམས་ཉི་མ་ལྟ་བུ་རེད། ཉི་མས་མི་རྣམས་ལ་ཚ་དྲོད་སྦྱིན་ཐབས་བྱེད་ཀྱི་མེད། ཉི་མ་གང་ཡིན་པའི་རང་བཞིན་གྱིས་གཞན་ལ་དྲོད་སྟེར་གྱི་ཡོད། དགེ་བའི་བཤེས་གཉེན་རྣམས་ཀྱང་དེ་དང་གཅིག་པ་རེད། ཁོང་རྣམས་ཀྱིས་སོ་སོའི་མི་ཚེའི་ནང་དུ་ཡོད་ཚུལ་དང་། ཁོང་རྣམས་ཀྱི་སྤྱོད་ཚུལ། བྱ་དངོས་ལ་གདོང་ལེན་གནང་ཚུལ་སོགས་ལས་ང་ཚོར་ངང་ངམ་ཤུགས་ཤུགས་ཀྱིས་སམ་རང་བཞིན་གྱིས་སེམས་སྐུལ་ཐེབས་ཀྱི་ཡོད། དེ་ནི་སྒྱུ་མའི་མིག་འཁྲུལ་མིན། བློ་སྟོབས་སྤེལ་ཆེ་ཤོས་ནི། དོན་དངོས་དང་མཐུན་པ་དང་དམའ་ས་བཟུང་བའི་གནས་དེ་ཡིན།

ངས་༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་དྲན་གྱི་འདུག ཁོང་ལོ་མང་པོའི་སྔོན་ནས་སྐུ་མྱ་ངན་ལས་འདས་ཚར་བ་རེད། ཁོང་རྙིང་མའི་ཆོས་ལུགས་ཀྱི་དབུ་འཛིན་ཞིག་ཡིན་པ་དང་ང་རང་གི་དགེ་བའི་བཤེས་གཉེན་ཞིག་ཡིན། ཁོང་ལ་དབུགས་འཚང་གི་ན་ཚ་ཚབས་ཆེན་ཞིག་ཡོད། ང་ལའང་དབུགས་འཚང་གི་ནད་ཡོད་པར་བརྟེན་དབུགས་འབྱིན་རྔུབ་ཀྱི་དཀའ་ངལ་གང་འདྲ་ཞིག་ཡོད་པ་ངས་ཤེས་ཀྱི་ཡོད། དབུགས་འབྱིན་རྔུབ་རྒྱུན་གཏན་ལྟར་བྱེད་མི་ཐུབ་པའི་སྐབས་གསུང་ཆོས་གནང་རྒྱུར་དཀའ་ངལ་ཇི་ལྟར་ཡོད་པ་ངས་རྟོགས་ཀྱི་ཡོད། གང་ཡིན་ཞེ་ན། ཁ་རླུང་འདང་ངེས་ཤིག་རྔུབ་རྒྱུར་སོ་སོའི་ནུས་ཤུགས་ཡོངས་རྫོགས་ནང་དུ་ཕྱོགས་དགོས་ཀྱི་ཡོད། གནས་སྟངས་དེའི་ནང་སོ་སོའི་ནུས་ཤུཌ་ཕྱི་ལ་གཏོང་རྒྱུར་དཀའ་ངལ་ཆེན་པོ་ཡོད་པ་རེད། དེ་ལྟར་བདུད་འཇོམས་རིན་པོ་ཆེ་ལ་དབུགས་འཚང་གི་ནད་ཚབས་ཆེན་ཡོད་ནའང་ད་དུང་སྡིངས་ཆའི་སྒང་ལ་ཕེབས་ནས་གསུང་ཆོས་གནང་བ་ངས་མཐོང་སོང། ཁོང་ལ་དབུགས་འཚང་གི་ནད་ཀྱིས་ཕྲན་བུ་ཙམ་ཡང་མི་གནོད་པར་ཁོང་གིས་ཧང་སངས་དགོས་པའི་གསུང་ཆོས་ཡག་པོ་གནང་བཞིན་དུ་ནད་དེ་ལ་བློ་ཡུལ་ལས་འདས་པའི་ཐབས་ལམ་བརྒྱུད་ནས་གདོང་ལེན་གནང་གི་འདུག དེ་ནི་ཡིད་ཆེས་པར་དཀའ་བའི་བློ་སྟོབས་དང་སེམས་སྐུལ་སྤྱིན་པ་སྟེ། དམའ་ས་བཟུང་ཞིང་སྒྱུ་མའི་འཁྲུལ་སྣང་མེད་པ་ཞིག་ཡིན། དེ་ནི་དོན་དངོས་ཀྱི་མི་ཚེའི་གནས་སྟངས་ལ་གདོང་ལེན་བྱེད་ཀྱིན་ཡོད་པས་བློ་སྟོབས་དང་སེམས་སྐུལ་ལྡན་པ་ཞིག་ཡིན།

ང་ཚོས་ཆོས་ཀྱི་ལམ་བརྒྱུད་ནས་འགྲོ་བ་དང་ཡར་རྒྱས་གཏོང་བཞིན་དུ་ང་ཚོར་ད་དུང་སོ་སོ་རང་ཉིད་ལས་སེམས་སྐུལ་འཐོབ་ཐུབ། འདི་ཡང་སེམས་སྐུལ་གྱི་འབྱུང་རྩ་གལ་ཆེན་ཞིག་ཡིན། ང་ཚོར་སོ་སོ་རང་ཉིད་ཀྱི་ཡར་རྒྱས་ལས་སེམས་སྐུལ་འབྱུང་གི་ཡོད། འོན་ཀྱང་དེ་བྱེད་བཞིན་པའི་སྐབས་ང་ཚོས་གཟབ་ནན་ཆེན་པོ་བྱེད་དགོས། མི་མང་པོ་ཞིག་གིས་སེམས་ཚོར་གྱི་རྒྱུ་རྐྱེན་ཐོག་ནས་དེ་ལ་གདོང་ལེན་བྱེད་ཐུབ་ཀྱི་མེད། རྒྱུ་མཚན་ནི་གལ་ཏེ་ང་ཚོས་ཡར་རྒྱས་འགའ་ཞིག་བཏང་བའི་ཚེ། བློ་ཁ་ཕྱོགས་སྟངས་དེ་ཁེངས་དྲེགས་དང་ང་རྒྱལ་ཅན་དུ་འགྱུར་གྱི་ཡོད། དེར་བརྟེན་ང་ཚོས་ཡར་རྒྱས་ཀྱི་དོན་གང་ལ་ཟེར་གྱི་ཡོད་པ་ནན་ཏན་གྱི་ཐོག་ནས་འགྲེལ་དགོས་ཀྱི་ཡོད།

ཆོས་ཀྱི་ལམ་ཡར་རྒྱས་གཏོང་བ།

ཐོག་མར་ང་ཚོས་ཡར་རྒྱས་ནི་གོ་རིམ་ངེས་པ་ཞིག་ནམ་ཡང་མིན་པར། དེ་ཡར་དང་མར་གཉིས་ཀར་འགྲོ་ཡི་ཡོད་པ་ཤེས་དགོས་པ་ཡིན། འདི་ནི་འཁོར་བའི་ཐུན་མིན་གྱི་ཁྱད་ཆོས་གཙོ་བོ་གཅིག་ཡིན་པ་དང། དེ་ནི་སྐྱེ་གནས་མཐོ་དམན་གྱི་སྐོར་ལ་སྐད་ཆ་ཤོད་བཞིན་པ་ཙམ་མིན། ཡར་མར་མཐོ་དམའ་ཤོར་བ་ནི་ཉིན་རེའི་འཚོ་བའི་ནང་འབྱུང་གི་ཡོད་པ་ལའང་གོ་དགོས། ད་ལྟ་ང་སྐྱིད་པོ་འདུག་ཟེར་བ་དང། ད་ལྟ་ང་སྐྱིད་པོ་མི་འདུག་ཟེར་བ་ལྟ་བུ། ང་ཚོའི་སེམས་ཁམས་ཀྱི་རྣམ་འགྱུར་དེ་ཡར་མར་འགྱུར་གྱི་ཡོད། སྐབས་རེ་རང་ཉིད་ཉམས་ལེན་བྱེད་བཞིན་ཡོད་པ་ལྟ་བུར་ཚོར་བ་དང་སྐབས་རེ་ཉམས་ལེན་བྱེད་བཞིན་མེད་པ་ལྟ་བུར་ཚོར་གྱི་ཡོད་པ་སྟེ། དེ་ནི་དུས་རྟག་ཏུ་ཡར་དང་མར་ཅི་རིགས་སུ་འགྲོ་གི་ཡོད་པས་ཧོན་འཐོར་དགོས་ཡག་མེད། དོན་ངོ་མར་ང་ཚོ་འཁོར་བ་ལས་གྲོལ་ནས་དགྲ་བཅོམ་པར་མ་འགྱུར་བར་དུ་མུ་མཐུད་ནས་དེ་ལྟ་བུར་འགྲོ་བར་ངེས། དེ་ལྟ་བུའི་ཧང་སངས་ཡག་གི་མཐོ་བའི་གནས་དེ་ལ་མ་སླེབས་ཀྱི་བར་དུ་འཁོར་བ་ནི་མུ་མཐུད་ནས་ཡག་སྡུག་ཅི་རིགས་སུ་འཁོར་ནས་འགྲོ་བར་ངེས། དེར་བརྟེན་དུས་ཚོད་རིང་པོ་ཞིག་གི་ནང་ཉམས་ལེན་བྱེད་བཞིན་བསྡད་པའི་རྗེས་གློ་བུར་དུ་ང་ཚོ་སྒེར་གྱི་ཕོ་མོའི་བརྩེ་བའི་འབྲེལ་ལམ་ཞིག་གི་དཀའ་ངལ་ནང་ལྷུང་བའི་སྐབས་སེམས་ཤུགས་ཆག་རྒྱུ་མེད། སེམས་ཚོར་ཆེན་པོས་ང་ཚོ་མི་སྐྱིད་པ་དེ་འདྲ་ཡོང་གི་རེད། དེས་ང་ཚོ་ཉམས་ལེན་པ་ཐབས་ཆག་ཅིག་ཡིན་པ་སྟོན་གྱི་མེད། དེ་ནི་ང་ཚོའི་འཁོར་བའི་དངོས་ཡོད་ཀྱི་གནས་སྟངས་དང་བསྟུན་ནས་རང་བཞིན་གྱིས་ཡོང་གི་ཡོད་པ་ཙམ་ཞིག་རེད།

དམ་ཆོས་ཉམས་ལེན་ནང་རྒྱུན་དུ་རྫུ་འཕྲུལ་ལམ་ཡ་མཚན་ཅན་འབྱུང་གི་མེད། གལ་ཏེ་ང་ཚོར་ཉིན་རེའི་འཚོ་བའི་ནང་ཆོས་ཉམས་སུ་ལེན་འདོད་ཡོད་ན། རྫུ་འཕྲུལ་གྱི་རིགས་ལ་རེ་བ་བྱེད་རྒྱུ་མེད། དམིགས་བསལ་གྱི་སོ་སོའི་ཡར་རྒྱས་ཀྱི་ནང་དེ་འོང་རྒྱུའི་རེ་བ་དེ་བས་བྱེད་རྒྱུ་མེད། ང་ཚོས་དོན་དངོས་དང་མཐུན་པའི་ཐོག་ནས་ཡར་རྒྱས་ལ་ཚད་ཇི་ལྟར་འཇལ་དགོས་སམ། ༸གོང་ས་མཆོག་གི་ཞལ་སྔ་ནས། ཆོས་ཉམས་ལེན་གྱི་དུས་ཡུན་ལོ་གཅིག་གཉིས་ཙམ་ལ་བལྟ་མི་ཉན་པར་གསུང་གི་ཡོད། ཉམས་ལེན་བྱས་པའི་དུས་ཡུན་ལོ་ལྔའམ་བཅུ་ལ་བལྟས་ནས། “རང་ཉིད་ལོ་ལྔའམ་བཅུའི་སྔོན་ལས་ལྷག་པའི་མི་སེམས་ལྷོད་པོ་ཞིག་ཆགས་ཡོད་དམ། རང་ཉིད་ཀྱིས་དེ་བས་དཀའ་ངལ་ཆེ་བའི་གནས་སྟངས་ལ་གདོང་ལེན་བྱེད་ཐུབ་ཀྱི་འདུག་གམ། རང་ཉིད་སེམས་མི་འཁྲུག་པའམ་དེ་དག་གི་གཞན་དབང་དུ་མི་འགྲོ་བ་བྱེད་ཐུབ་ཀྱི་འདུག་གམ།” ཞེས་བརྟག་དཔྱད་བྱེད་དགོས། གལ་ཏེ་དེ་ལྟར་ཐུབ་ཡོད་ན། ང་ཚོས་ཡར་རྒྱས་ཕྲན་བུ་བཏང་ཡོད་པས་དེ་ནི་སེམས་སྐུལ་ལྡན་པ་ཡིན། ང་ཚོར་ད་དུང་དཀའ་ངལ་ཡོད། འོན་ཀྱང་དེས་གདོང་ལེན་བྱེད་རྒྱུར་ནུས་ཤུགས་སྤྲོད་ཀྱི་ཡོད། གནས་སྟངས་སྡུག་པོ་བྱུང་བ་དང་དཀའ་ངལ་འཕྲད་པའི་སྐབས་སེམས་མི་སྐྱིད་པ་ཤུགས་ཆེན་འོང་གི་མེད། ང་ཚོ་མྱུར་ནང་མྱུར་དུ་དྲག་སྐྱེད་ཐུབ་པ་ཡོང་གི་ཡོད།

ང་ཚོས་སོ་སོ་རང་ཉིད་སེམས་སྐུལ་གྱི་འབྱུང་རྩར་ཤོད་པའི་སྐབས་གནད་དོན་སྙིང་པོ་ནི། སེམས་སྐུལ་འདིས་ང་ཚོར་ལམ་ལ་མུ་མཐུད་ནས་འཇུག་རྒྱུའི་ནུས་ཤུགས་སྦྱིན་གྱི་ཡོད་པ་དེ་ཡིན། དེའི་རྒྱུ་མཚན་ནི་ང་ཚོར་སོ་སོ་ཁ་ཕྱོགས་མི་ནོར་བའི་ནང་འགྲོ་བཞིན་ཡོད་པའི་ངེས་པ་རྙེད་ཡོད་པ་དང། གལ་ཏེ་ང་ཚོར་ཁ་ཕྱོགས་མི་ནོར་བ་དེར་འགྲོ་བའི་དོན་དག་གང་ཡིན་གྱི་དོན་དངོས་དང་མཐུན་པའི་ལྟ་བ་ཞིག་ཡོད་ན། ང་ཚོ་ཁ་ཕྱོགས་མི་ནོར་བར་འགྲོ་བཞིན་ཡོད་པ་དེ་ལ་གཞི་ནས་ངེས་པ་རྙེད་ཐུབ། དེ་ལས་ལྡོག་སྟེ་སྤྱིར་བཏང་གི་ཁ་ཕྱོགས་དེའི་ནང་བསྐྱོད་པའི་སྐབས་ང་ཚོ་མུ་མཐུད་ནས་ཡག་སྡུག་ཅི་རིགས་ཀྱི་ཕྱོགས་སུ་འགྲོ་བསྡད་ཀྱི་ཡོད།

འདི་དག་ནི་ཉིན་རེའི་འཚོ་བའི་ནང་དུ་ནང་ཆོས་མཉམ་སྡེབ་བྱེད་ཚུལ་གྱི་སྤྱིར་བཏང་བསམ་ཚུལ་ཁ་ཤས་ཡིན། ང་རང་གི་ངོས་ནས་དེ་དག་ཕན་ཐོགས་ཡོང་བའི་རེ་བ་ཡོད། ཐུགས་རྗེ་ཆེ།། །།

Top