ཡང་དག་པའི་ལྟ་བ་དང་ཡང་དག་པའི་རྟོག་པ།

ཆོས་རྣམ་པར་འབྱེད་པའི་ཤེས་རབ་ནི། གང་ཞིག་མ་ནོར་བ་དང་གང་ཞིག་ནོར་བ། གང་ཞིག་ཕན་ཐོགས་ཆེ་བ་དང་གང་ཞིག་གནོད་ཚབས་ཆེ་བ་བཅས་ཀྱི་དབར་ལ་ཁྱད་པར་འབྱེད་རྒྱུ་དེ་ཡིན། འདིའི་ཆེད་དུ་ང་ཚོར་འཕགས་ལམ་ཡན་ལག་བརྒྱད་ཀྱི་ནང་ནས་ཡང་དག་པའི་ལྟ་བ་དང་ཡང་དག་པའི་རྟོག་པའམ་ཡང་དག་པའི་བསམ་བློའི་འཁྱེར་སོ་གཉིས་ཡོད། 

ཡང་དག་པའི་ལྟ་བ་ཞེས་པ་ནི་ནོར་མ་ནོར་དང་ཕན་གནོད་ཀྱི་ཁྱད་པར་དབྱེ་འབྱེད་མ་ནོར་བར་བྱས་པའི་ཐོག་ནས་བདེན་པར་ཡིད་ཆེས་བྱེད་རུང་གི་གནད་དོན་སྐོར་བཤད་ཀྱི་ཡོད། ཡང་དག་པའི་རྟོག་པའམ་ཀུན་སློང་ནི་ཡང་དག་པའི་ལྟ་བ་འཐོབ་པར་བྱེད་པའི་སེམས་ཀྱི་མཐུན་ཕྱོགས་སམ་སེམས་དགེ་བའི་ཆ་དེ་ཡིན།

ལྟ་བ།

ང་ཚོར་ཆོས་རྣམ་པར་འབྱེད་པའི་ཤེས་རབ་ནོར་བ་དང་མ་ནོར་བ་གང་རུང་ཡོད་ཆོག་པ་ནི།

  • ང་ཚོས་ཡང་དག་པའམ་མ་ནོར་བའི་སྒོ་ནས་ཆོས་རྣམ་པར་འབྱེད་ནས་དེ་བདེན་པར་ཡིད་ཆེས་བྱེད་ཆོག
  • ང་ཚོས་ཡང་དག་མིན་པའམ་ནོར་བའི་སྒོ་ནས་ཆོས་རྣམ་པར་འབྱེད་ནས་དེ་བདེན་པར་ཡིད་ཆེས་བྱེད་ཆོག

ང་ཚོར་ཆོས་རྣམ་པར་འབྱེད་པའི་ཚུལ་དེ་ནོར་བ་ཞིག་ཡོད་པའི་སྐབས་དེ་བདེན་པར་འཛིན་པ་ནི་ལྟ་བ་ལོག་པ་ཡིན། ཆོས་རྣམ་པར་འབྱེད་ཚུལ་དེ་མ་ནོར་བ་ཞིག་ཡོད་པའི་སྐབས་དེ་ལ་བདེན་པར་འཛིན་པ་ནི་ཡང་དག་པའི་ལྟ་བ་ཡིན།

ལྟ་བ་ལོག་པ། ༼ལོག་ལྟ།༽

ལྟ་བ་ལོག་པ་ནི། དཔེར་ན་ང་ཚོའི་བྱ་སྤྱོད་ལ་དགེ་མི་དགེའི་བཟང་སྤྱོད་ཀྱི་རྣམ་པ་མེད་པར་ཁས་ལེན་ཡིད་ཆེས་བྱེད་པ་དང། དེ་དག་གིས། ང་ཚོས་གང་མྱོང་བ་དེ་ལ་ཕན་གནོད་ཀྱི་འབྲས་བུ་མི་འབྱིན་པར་ཡིད་ཆེས་བྱེད་ཀྱི་ཡོད། འདི་ནི་དེང་དུས་ཀྱི་མི་མང་པོ་ཞིག་ལ་ཡོད་པའི་ “ག་རེ་ཡིན་ན་ཡིན་” བསམ་པའི་བསམ་བློའི་ཆུ་ཚད་དེས་མཚོན་པར་བྱས་ཡོད། ཁྱད་པར་མེད་པ་དང་དོན་སྙིང་གང་ཡང་མེད་པའི་ལྟ་སྟངས་ཏེ། ངས་འདི་བྱས་ནའང་འདྲ། མ་བྱས་ནའང་འདྲ། གང་ལྟར་ཡང་། འདི་ལ་ཁྱད་པར་མེད་ཟེར་བ་དེ་ཡིན། དེ་ནི་ནོར་འཁྲུལ་ཞིག་ཡིན། ཁྱེད་རང་ཐ་མག་འཐེན་དང་མ་འཐེན་ལ་ཁྱད་པར་ཡོད་དེ། གལ་སྲིད་ཁྱེད་རང་གི་ཐ་མག་འཐེན་ན། དེའི་མཇུག་འབྲས་ནི་ཁྱེད་རང་གི་འཕྲོད་བསྟེན་ལ་གནོད་སྐྱོན་ཡོང་ངེས་ཡིན། 

ལྟ་བ་ལོག་པ་གཞན་ཞིག་ནི། སོ་སོའི་སྐྱོན་ཆ་རྣམས་ལས་ཐར་རྒྱུ་མེད་པ་དང་། རང་ཉིད་ཡར་རྒྱས་གཏོང་རྒྱུའི་ཐབས་ལམ་མེད་པས། སེམས་ཁྲེལ་བྱས་ཀྱང་དོན་མེད་རེད་ཅེས་ཡིད་ཆེས་བྱེད་པ་དེ་ཡིན། བསམ་བློ་གཏོང་སྟངས་དེ་ནོར་ཡོད། རྒྱུ་མཚན་ནི་གནས་སྟངས་ག་འདྲ་ཞིག་ཡིན་རུང་རྟག་པ་དང་བརྟན་པོ། རྡོ་རྡོག་བྱས་ནས་སྒྲིག་བཞག་པ་ཞིག་མེད། མི་ཤ་ཤས་ཀྱིས་སེམས་བཟང་པོ་བྱེད་རྒྱུ་དང་མི་གཞན་ལ་ཕན་ཐོགས་བྱེད་པ་དེ་དག་ནི་དོན་མེད་ལྟ་བུར་ཡིད་ཆེས་བྱེད་པ་དང་། ང་ཚོས་གཞན་ལས་ཁེ་བཟང་གང་མང་ལེན་ཐབས་དང་། རང་ཉིད་ལ་ཁེ་སྤོགས་གང་ཐུབ་བྱུང་ན་དེས་བདེ་སྐྱིད་ཡོང་གི་རེད་ཅེས་ཡིད་ཆེས་བྱེད་ཀྱི་ཡོད། དེ་ཡང་ནོར་བ་ཡིན། རྒྱུ་མཚན་ནི། དེས་བདེ་སྐྱིད་ཀྱི་ཕྱོགས་སུ་མི་འཁྲིད་པར་རང་གི་ཅ་དངོས་རྣམས་གཞན་གྱིས་རྐུས་ཡོང་བསམ་པའི་སེམས་ཁྲེལ་དང་། ཕྲག་དོག།འཁྲུག་རྩོད་ཡོང་བར་བྱེད་ཀྱི་ཡོད། 

དེ་ལྟར་ཆོས་རྣམ་པར་འབྱེད་པའི་ཚུལ་ནོར་བའིི་རིགས་ཤིན་ཏུ་མང་པོ་ཡོད་པ་ལས། དེས་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལ་གདོང་ལེན་བྱེད་ཐུབ་པའི་དཔེ་ལྟ་བུ་བཞག་ན། ཁྱེད་རང་གི་ཕྲུ་གུ་སློབ་གྲྭ་ལ་གྲུབ་འབྲས་ཡག་པོ་ཡོང་གི་མེད་ན། “ང་ནི་ཕྲུ་གུའི་ཕ་མ་ཡིན་པས། འདི་དག་ཚང་མ་ངའི་ནོར་འཁྲུལ་རེད་” ཅེས་བསམ་པ་ནི་རྣམ་པར་འབྱེད་ཚུལ་ནོར་བ་རེད། དེ་ནི་རྒྱུ་འབྲས་གྱི་ཐད་རྣམ་པར་འབྱེད་ཚུལ་ནོར་བ་ཞིག་རེད། གནས་སྟངས་ག་འདྲ་ཞིག་ཡིན་ཀྱང་རྒྱུ་རྐྱེན་གཅིག་རང་ལ་བརྟེན་ནས་ཡོང་གི་མེད་པར། དེ་དག་གི་རྒྱུ་དང་རྐྱེན་མང་པོ་ཞིག་བསྡུས་པ་ལ་བརྟེན་ནས་ཡོང་གི་ཡོད། ང་ཚོས་དཀའ་ངལ་དེ་ཡོང་བ་ལ་རྐྱེན་བྱས་ཡོད་སྲིད་ཀྱང་། ང་ཚོ་གཅིག་པུ་དཀའ་ངལ་དེའི་རྐྱེན་མ་ཡིན་ལ་སྐབས་རེར་ང་ཚོ་དེའི་རྐྱེན་ཙམ་ཡང་བྱེད་ཀྱི་མེད་པས། བསམ་བློ་དེ་འདྲ་གཏོང་རྒྱུ་ནི་རྦད་དེ་ནོར་གྱི་ཡོད། ངས་དཀའ་སྡུག་གང་ལ་གང་འཚམས་ཡོད་པའི་མི་ཞིག་ལ་དཔེ་ཆ་བཞག་ནས་བཤད་ན། ཁོ་རྐང་རྩེད་སྤོ་ལོ་འགྲན་བསྡུར་ཞིག་ལ་ལྟད་མོ་བལྟ་རུ་ཕྱིན་པ་དང་ཁོའི་རུ་ཁག་ཤོར་བ་རེད། ད་ཁོས་སེམས་ནང་རང་གི་རུ་ཁག་ཤོར་བ་ནི་ཁོ་རང་རྩེད་འགྲན་ལ་ལྟ་བར་ཕྱིན་པས་ཤོར་བར་ཡིད་ཆེས་བྱས་ནས་རང་ཉིད་བཀྲ་མི་ཤིས་པའི་ལྟས་ངན་ཡིན་པར་བསམ་སྟེ། “ངའི་རྩེད་འགྲན་རུ་ཁག་ཤོར་རྒྱུ་དེ་ངས་བྱས་པ་རེད་” ཅེས་ཟེར་བ་ནི་ཆོ་མེད་དོན་མེད་ཡིན་ལ། འདི་ནི་རྒྱུ་འབྲས་ཀྱི་ཐད་རྣམ་པར་འབྱེད་པའི་ཚུལ་ནོར་བའམ་ཡང་དག་མིན་པ་དེ་ཡིན།

ཡང་དག་པའི་ལྟ་བ།

རྣམ་པར་འབྱེད་པའི་ཤེས་རབ་མ་ནོར་བའམ་ཡང་དག་པ་ནི་ཧ་ཅང་གལ་འགངས་ཆེ་ལ། དེའི་ཆེད་ང་ཚོས་རྒྱུ་འབྲས་ཀྱི་གནས་ལུགས་ལ་སོགས་པའི་དངོས་པོའི་གནས་ལུགས་ཐད་སློབ་སྦྱོང་བྱེད་དགོས་ཀྱི་ཡོད། དཔེར་ན། གནམ་གཤིས་ལྟ་བུ་རྒྱུ་དང་རྐྱེན་མང་པོས་ཤུགས་རྐྱེན་ཡོད་པ་ལས་རང་ཉིད་འཇིག་རྟེན་བྱེད་པོ་དཀོན་མཆོག་ལྟ་བུ་ང་ཚོས་དོན་དག་གཅིག་ཁོ་ན་བྱེད་ཐུབ་པ་དང་། དེ་ལས་གཞན་པའི་ཕྲུ་གུ་སློབ་གྲྭ་ལ་ཡག་པོ་ཞིག་ཡོང་གི་མེད་པ་སོགས་ཚང་མ་འགྲིག་འགྲི་གི་རེད་བསམ་པའི་གོ་དོན་ལོག་པར་ནམ་ཡང་འཛིན་རྒྱུ་མེད། འགྲོ་སྟངས་དེ་འདྲ་མ་རེད། 

རྣམ་པར་འབྱེད་པའི་ཤེས་རབ་ལ་སྤྱིར་བཏང་གི་བསམ་ཤེས་དང་རྣམ་དཔྱོད་། དེ་བཞིན་རྣམ་པར་འབྱེད་པའི་ཚུལ་མ་ནོར་བར་སེམས་རྩེ་གཅིག་དུ་གནས་པའི་ཏིང་ངེ་འཛིན་དགོས། དེ་ཡོང་བ་ལ་ཚུལ་ཁྲིམས་དགོས་ཞིང་། དེ་འདྲའི་སྒོ་ནས་ཆ་རྐྱེན་ཡོངས་སུ་རྫོགས་པ་འཐུས་ཚང་ཆགས་ཀྱི་རེད།

རྟོག་པ། ༼ཀུན་ནས་སློང་པའི་བསམ་བློ།༽

གང་ཞིག་ཕན་ཐོགས་ཆེ་བ་དང་གང་ཞིག་གནོད་ཆེ་བ། གང་ཞིག་དངོས་ཡོད་ཡིན་པ་དང་། གང་ཞིག་དངོས་ཡོད་མ་ཡིན་པའི་དབྱེ་འབྱེད་བྱས་ཚར་བའི་རྗེས། ང་ཚོའི་རྟོག་པའམ་ཀུན་ནས་སློང་པའི་བསམ་བློས་བྱ་བ་བྱེད་སྟངས་དང། སྐད་ཆ་ཤོད་སྟངས། དངོས་པོའི་སྟེང་བསམ་བློ་འཁྱེར་ཕྱོགས་ལ་རྣམ་པར་འབྱེད་པའི་ཚུལ་གྱིས་ཤུགས་རྐྱེན་ཇི་ལྟར་སྤྲོད་ཀྱི་ཡོད་པའི་སྐོར་དང་འབྲེལ་བ་ཞིག་ཡིན། གལ་སྲིད་ང་ཚོས་རྣམ་པར་འབྱེད་ཚུལ་དེ་ནོར་བ་ཡིན་ན། ཀུན་ནས་སློང་པའི་བསམ་བློ་ནོར་བ་ཞིག་ཡོང་བ་དང་། གལ་སྲིད་དེ་ནོར་མེད་ན། ཀུན་ནས་སློང་བའི་བསམ་བློ་ཡང་དག་པའམ་མ་ནོར་བ་ཞིག་ཡོང་གི་རེད།

རྟོག་པ་ལོག་པ།

རྟོག་པའམ་ཀུན་ནས་སློང་པའི་བསམ་བློ་ལ་ཤུགས་རྐྱེན་ཐེབས་པའི་ཁྱབ་ཁོངས་གཙོ་བོ་གསུམ་ཡོད་པ་ནི།

དབང་ཤེས་ཀྱི་འདོད་པ། ༼འདོད་པའི་ཡོན་ཏན།༽

ཀུན་ནས་སློང་བའི་བསམ་བློ་ལོག་པ་ནི། ཡིད་དུ་འོང་བའི་ཅ་དངོས་ ༼གཟུགས་༽ དང། སྙན་པའི་རོལ་དབྱངས་ ༼སྒྲ་༽ དང་། ཞིམ་པའི་ཟས་ ༼རོ་༽ དང་། མཛེས་པའི་གོས་ ༼རེག་བྱ་༽ ལ་སོགས་པ་འདོད་པའི་ཡོན་ཏན་ལ་ཞེན་ཅིང་ཆགས་པ་དེ་ལ་གཞིར་བྱས་ཡོད། སོ་སོའི་འདོད་པའི་རྗེས་སུ་འདེད་འདོད་ཀྱི་ཀུན་ནས་སློང་བའི་བསམ་བློ་ནི། གལ་ཆེ་ཤོས་སུ་བརྩི་བའི་རྣམ་པར་འབྱེད་ཚུལ་ནོར་བ་ལ་བརྟེན་ནས་བྱུང་བ་ཞིག་ཡིན། གལ་སྲིད་ང་ཚོ་ལ་རྣམ་པར་འབྱེད་ཚུལ་མ་ནོར་བ་ཞིག་ཡོད་ན། ང་ཚོ་བཏང་སྙོམས་ཀྱི་བསམ་བློ་ཞིག་ཡོང་གི་ཡོད། དེ་ནི་དབང་པོའི་ཡུལ་ལ་ཆགས་པ་དང་བྲལ་བའི་ཆ་སྙོམས་པའི་བློ་ཞིག་ཡིན། 

དཔེ་མཚོན་ལྟ་བུར་ང་ཚོས་དགོང་དྲོའི་ཁ་ལག་གང་ཞིག་ཟ་རྒྱུ་དང་། གང་དུ་ཟ་རྒྱུ་སོགས་ཤིན་ཏུ་གལ་ཆེར་འཛིན་པའི་ནོར་འཁྲུལ་གྱི་སྒོ་ནས་རྣམ་པར་འབྱེད་ཀྱི་ཡོད། གལ་སྲིད་ང་ཚོས་ཁ་ལག་བཟའ་ས་དང་ཟས་རིགས་འདེམ་ཕྱོགས་དེ་མ་ནོར་བ་ཞིག་བྱུང་ན། དེས་དངོས་གནས་བདེ་སྐྱིད་སྤྲོད་ཐུབ་བསམ་སྲིད་ཀྱང་། གལ་སྲིད་ཁྱེད་རང་གིས་མ་ནོར་བའི་སྒོ་ནས་རྣམ་པར་འབྱེད་པ་ཡིན་ན། ང་ཚོའི་མི་ཚེའི་ནང་དགོང་ཟས་ཟ་རྒྱུ་དང་། བརྙན་འཕྲིན་ལྟ་རྒྱུ་ལས་གལ་ཆེ་བའི་གནད་དོན་མང་པོ་ཡོད་པ་མཐོང་གི་རེད། དེ་ནས་སོ་སོའི་སེམས་སྔར་ལས་ལྷག་པའི་ལྷོད་ཡངས་དང་ཆ་སྙོམས་པོ་ཆགས་ཀྱི་ཡོད།

སྡང་སེམས།

རྟོག་པ་ལོག་པའམ་ཀུན་སློང་ལོག་པ་གཉིས་པ་ནི་སྡང་སེམས་ཡིན། སྡང་སེམས་ནི་གཞན་ལ་ཕོག་ཐུག་གཏོང་བའམ་གནོད་འཚེ་བྱེད་པ་ལ་ཟེར། དཔེར་ན་མི་ཞིག་གི་ནོར་འཁྲུལ་བྱས་ན་དེ་ལ་རང་ཉིད་ཁོང་ཁྲོ་ཟ་ནས། ཁོའི་བྱེད་སྟངས་དེ་ཧ་ཅང་སྡུག་ཅག་ཡིན་པ་དང་ཉེས་ཆད་འགེལ་དགོས་བསམ་པ་ནི་རྣམ་པར་འབྱེད་ཚུལ་ནོར་བ་ཡིན། 

ང་ཚོས་རྣམ་པར་འབྱེད་ཚུལ་ནོར་ནས་མིས་རྩ་བ་ཉིད་ནས་ནོར་འཁྲུལ་བྱེད་ཀྱི་མེད་བསམ་པ་ནི་ཁུངས་ལུང་རྒྱུ་མཚན་མེད་པ་ཞིག་ཡིན། དེ་ལ་བརྟེན་ནས་ཁོང་ཁྲོ་ཆེན་པོ་ཟ་དུས་མི་གཞན་ལ་གཞུ་འདོད་ཀྱང་སྐྱེ་སྲིད། དེ་འདྲའི་སྐབས་སུ་རྣམ་པར་འབྱེད་ཚུལ་མ་ནོར་བ་ཞིག་ཡོད་ན་བྱམས་སེམས་གོང་འཕེལ་གཏོང་གི་རེད། བྱམས་པ་ནི་གཞན་ལ་རོགས་པ་བྱས་ནས་བདེ་སྐྱིད་སྦྱིན་འདོད་ཀྱི་བསམ་པ་ཞིག་ཡིན་པ་དང་འདི་ལ་ནུས་སྟོབས་དང་བཟོད་ཡངས་གཉིས་ཀ་ཡོད། དེར་བརྟེན་མི་ཞིག་གི་ནོར་འཁྲུལ་བྱས་ན། ནོར་འཁྲུལ་བྱེད་པ་ནི་ཆོས་ཉིད་ཡིན་པ་དེ་ཤེས་ནས་དེ་ལ་སྡང་སེམས་བྱ་རྒྱུ་མེད།

གདུག་རྩུབ།

རྟོག་པའམ་ཀུན་སློང་ལོག་པ་གསུམ་པ་ནི། གནག་སེམས་ཀྱི་ཁེངས་པའི་སེམས་དེ་ཡིན། དེ་ལ་རྣམ་པ་འདྲ་མིན་ཡོད་པ་ནི།

  •  མ་རབས་ཀྱི་སྤྱོད་ཚུལ། དེ་ནི་སྙིང་རྗེ་དང་བྲལ་ཞིང་གཞན་སྡུག་བསྔལ་མྱོང་ན་བསམ་པ་དང་མི་སྐྱིད་པ་ཞིག་ཡོང་ན་བསམ་པ་དེ་ཡིན། དཔེར་ན། རྐང་རྩེད་སྤོ་ལོ་རྩེད་འགྲན་རུ་ཁག་ཕྱོགས་གཅིག་ལ་དགའ་མཁན་ཡིན་པ་ཙམ་གྱིས་ལམ་སེང་ཕྱོགས་གཞན་དགའ་མཁན་ཚང་མ་སྡུག་ཅག་ཡིན་པ་དང་། ཁོ་ཚོ་རུ་ཁག་གཞན་ལ་རྒྱབ་སྐྱོར་དང་དགའ་གི་ཡོད་པ་ཙམ་རྒྱུ་མཚན་དུ་བྱས་ཏེ། འཁྲུག་འཛིང་བྱེད་ཆོག་བསམ་ནས་དབྱེ་འབྱེད་བྱེད་ཀྱི་ཡོད་པ་ལྟ་བུ་རེད། 
  • རང་ཉིད་རང་ལ་སྡང་འཛིན། འདི་ནི་རང་ཉིད་ལ་བརྩེ་བ་དང་བྲལ་བའི་བསམ་བློ་གདུག་རྩུབ་ཅན་ཞིག་སྟེ། སོ་སོ་རང་ཉིད་མི་སྡུག་ཅག་ཞིག་ཡིན་པ་དང་། བདེ་སྐྱིད་ཀྱི་འོས་བབ་མེད་པ་བསམ་ནས་སོ་སོའི་བདེ་སྐྱིད་རྩ་མེད་གཏོང་གི་ཡོད། དེ་ཡང་དུས་རྒྱུན་གནོད་ཚབས་ཅན་གྱི་འབྲེལ་ལམ་བཟོ་བ་དང་། གོམས་གཤིས་ངན་པ་རྒྱུན་སྲིང་བྱེད་པ། ཚོད་མེད་པའི་ཟས་ཟ་བ་སོགས་ཀྱི་སྒོ་ནས་བྱེད་ཀྱི་ཡོད།
  • ཕྱིན་ཅི་ལོག་པའི་བདེ་བ། འདི་ནི་མི་གཞན་སྡུག་བསྔལ་དང་འཕྲད་པ་མཐོང་བའམ་ཐོས་པ་བྱུང་ན་གནག་སེམས་ཀྱི་སྒོ་ནས་དགའ་སྣང་སྐྱེ་བ་དེ་ཡིན། དེ་ཡང་དཔེར་ན། ང་ཚོས་དགའ་མོས་མེད་པའི་ཆབ་སྲིད་པ་ཞིག་འོས་ཤོག་ཤོར་བ་ལྟ་བུ། མི་གཞན་དེ་སྡུག་ཅག་རེད། ཁོས་སྡུག་བསྔལ་མྱོང་བཞིན་པ་དེ་འོས་ཤིང་མཚམས་པ་རེད་བསམ་པ་ལྟ་བུ་ཡིན། འདིར་ང་ཚོས་མི་ཁ་ཤས་སྡུག་ཅག་ཡིན་པ་དང་། ཉེས་ཆད་འགེལ་འོས་པ་དང་། སྡུག་ཅག་རང་བྱུང་དགོས་བསམ་གྱི་ཡོད། ཡང་དེ་ལས་ལྡོག་སྟེ། མི་གཞན་དང་དམིགས་བསལ་སོ་སོ་རང་ཉིད་ལ་ཚང་མ་ཡག་པོ་ཞིག་དང་བྱ་བ་ཐམས་ཅད་ལེགས་གྲུབ་ཡོང་དགོས་བསམ་པ་ནི། ང་ཚོས་ཡང་དག་མ་ཡིན་པའམ་ནོར་བའི་སྒོ་ནས་རྣམ་པར་འབྱེད་པ་ཡིན།

ཡང་དག་པའི་རྟོག་པའམ་ཀུན་སློང།

ཡང་དག་པའམ་མ་ནོར་བའི་རྣམ་པར་འབྱེད་ཚུལ་ལ་གཞིར་བྱས་པའི་ཡང་དག་པའི་རྟོག་པ་ནི། འཚེ་བ་དང་གནག་སེམས་ལས་བྲལ་བའི་བསམ་བློའི་འཁྱེར་ཕྱོགས་དེ་ཡིན། དེ་ནི་མི་སྡུག་བསྔལ་མྱོང་བཞིན་པ་རྣམས་ལ་གནོད་པ་སྐྱེལ་འདོད་མེད་པ་དང་། ཁོ་ཚོར་ཁོང་ཁྲོ་སློང་འདོད་དང་། བསུན་པོ་བཟོ་འདོད་མེད་པའི་སེམས་ཀྱི་གནས་སྟངས་ཞིག་ཡིན། གཞན་ལ་གནས་སྟངས་སྡུག་ཅག་ཡོང་བའི་སྐབས་རང་ཉིད་མི་སྐྱིད་པ་དང་། གཞན་རྣམས་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་འབྲལ་འདོད་ཀྱི་སྙིང་རྗེའི་ཚོར་སྣང་ཞིག་ཀྱང་ཡོང་གི་ཡོད། དེའི་རྒྱུ་མཚན་ནི། མི་ཚང་མ་སྡུག་བསྔལ་མྱོང་གི་ཡོད་པ་ང་ཚོས་མཐོང་ཞིང། སྡུག་བསྔལ་མྱོང་འདོད་སུ་གཅིག་ལའང་མེད་པ་དང་། སུ་གཅིག་ལའང་སྡུག་བསྔལ་མྱོང་རུང་བ་མ་ཡིན་པ་ཤེས་པས་ཡིན། གལ་སྲིད་མི་གཞན་གྱི་ནོར་འཁྲུལ་བྱས་ན། དེ་ནི་ཁོ་རང་ཚོའི་རྨོངས་པའི་རྒྱུ་མཚན་གྱིས་ཡིན་པ་མ་གཏོགས་ཁོ་ཚོའི་རང་གཤིས་དེ་སྡུག་ཅག་མ་ཡིན་པ་མཐོང་ཐུབ། ཡང་དག་པའི་རྣམ་པར་འབྱེད་ཚུལ་དང་ཡང་དག་པའི་རྟོག་པ་གཉིས་ཀྱི་སྒོ་ནས་ང་ཚོ་རང་བཞིན་གྱིས་ཡང་དག་པའི་ངག་དང་ཡང་དག་པའི་ལས་ཀྱི་མཐའ་གཉིས་ལ་འཇུག་པར་བྱེད་ཀྱི་ཡོད།

ཡན་ལག་བརྒྱད་པོ་གཅིག་ཏུ་ལྷུ་སྒྲིག་པ།

འཕགས་ལམ་ཡན་ལག་བརྒྱད་ཚང་མ་གཅིག་ཏུ་ལྷུ་སྒྲིག་པ་ནི།

  • ཡང་དག་པའི་ལྟ་བ་དང་རྟོག་པ་གཉིས་ཀྱིས། ཉམས་ལེན་ལ་འོས་ཤིང་འཚམས་པའི་རྨང་གཞི་མཁོ་སྤྲོད་བྱེད་པ་དང་། དེ་ལ་བརྟེན་ནས་རང་བཞིན་གྱིས་ཡང་དག་པའི་ངག་དང། ཡང་དག་པའི་ལས་ཀྱི་མཐའ་དང། ཡང་དག་པའི་འཚོ་བ་བཅས་ལ་འཇུག་པར་བྱེད་ཀྱི་ཡོད། ང་ཚོའི་སྤྱོད་ལམ་གྱིས་གཞན་ལ་ཤུགས་རྐྱེན་སྤྲད་པ་ལ་བརྟེན་ནས་ཡང་དག་པར་རྣམ་པར་འབྱེད་པ་དང་། དེ་ལ་བརྟེན་ནས་གཞན་ལ་ཕན་པའི་བསམ་པ་ལས་གནོད་པ་མི་སྐྱེལ་བ་ཡིན།
  • གཞི་རྩ་འདིའི་སྟེང་ནས་རང་ཉིད་ཡར་རྒྱས་གཏོང་རྒྱུའི་འབད་བརྩོན་བྱས་ཏེ། བཟང་པོའི་ཡོན་ཏན་རྣམས་ཡར་རྒྱས་གཏོང་རྒྱུ་དང་། རང་གི་ལུས་དང་ཚོར་བ་ལ་སོགས་པའི་ཐད་བསམ་ཚུལ་ཁྱད་མཚར་པོ་ཡོད་པ་དེས་སེམས་གཡེང་བར་མི་བྱེད་པ་ཡིན། རྩེ་གཅིག་པའི་ཏིང་ངེ་འཛིན་ལ་བརྟེན་ནས་དམིགས་པ་དེ་ཕན་ཐོགས་ཅན་ཞིག་ལ་གཏད་པས། ང་ཚོའི་རྟོག་པའམ་ཀུན་སློང་ཡར་རྒྱས་ཤུགས་ཆེ་རུ་འགྲོ་གི་ཡོད། དེ་འདྲའི་ཐོག་ནས་ཡན་ལག་བརྒྱད་པོ་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་ལྷུ་སྒྲིག་པ་ཡིན།

སྤྱིར་བཏང་བསླབ་པ་གསུམ་དང་འཕགས་ལམ་ཡན་ལག་བརྒྱད་གཅིག་མཇུག་གཉིས་མཐུད་ཀྱིས་ངོ་སྤྲོད་བྱས་ཆོག་ཀྱང་། མཐའ་མའི་དམིགས་ཡུལ་ནི། དེ་དག་ཐམས་ཅད་གོང་བུ་གཅིག་ཏུ་སྒྲིལ་ནས་ཉམས་སུ་ལེན་ཐུབ་པ་བྱ་རྒྱུ་དེ་ཡིན།

ཕྱོགས་བསྡོམས།

ཞོགས་པ་ལངས་པ་ནས་དགོང་མོ་མ་ཉལ་གྱི་བར་དུ་ང་ཚོའི་དབང་པོའི་ཤེས་པ་རྣམས་སྤྲོ་པོ་དང་སྐྱིད་པོ་ཡོང་བ་ཞིག་ལ་སྐོམ་པ་ཆུ་འདོད་ལྟར་སྒུག་ནས་སྡོད་ཀྱི་ཡོད། ང་ཚོའི་མིག་གིས་མཛེས་པའི་གཟུགས་ཞིག་འཚོལ་བ་དང་། རྣ་བ་ལ་ཞི་འཇམ་གྱི་སྒྲ་སྙན་པོ་ཞིག་དགོས་པ་དང་། ཁའི་ནང་བྲོ་བ་ཞིམ་པོ་ཞིག་མྱོང་བར་འདོད་ཀྱི་ཡོད། དགའ་བདེ་ཡི་མྱོང་ཚོར་དེ་དག་དགོས་པ་ལ་ནོར་འཁྲུལ་དམིགས་བསལ་གང་ཡང་མེད་ཀྱང། གལ་སྲིད་དེ་ཙམ་མི་ཚེའི་དམིགས་ཚད་བཟོས་ན། ང་ཚོ་དུས་ནམ་ཡང་འདོད་པ་ཚིམ་གྱི་མ་རེད་ལ། སོ་སོའི་མི་ཚེའི་ནང་རྩེ་གཅིག་པའི་ཏིང་ངེ་འཛིན་ཅུང་ཟད་ཙམ་ཞིག་ཀྱང་རྩ་བ་ནས་ཡར་རྒྱས་གཏོང་ཐུབ་ཀྱི་མ་རེད།

ཚུལ་ཁྲིམས་དང་། བསམ་གཏན། ཤེས་རབ་སྟེ་བསླབ་པ་གསུམ་གྱིས། ང་ཚོ་སྐད་ཅིག་རེ་རེའི་ནང་གང་ཡག་ཡག་དང་བཟང་བཟང་དུ་འཚོ་བའི་ཐབས་ཤིག་སྦྱིན་པར་བྱེད་ཀྱི་ཡོད། འཕགས་ལམ་ཡན་ལག་བརྒྱད་ཀྱིས། རང་ཉིད་ལ་ཕན་ཐོགས་པ་ཙམ་མ་ཟད། རང་གཞན་གཉིས་ཀ་ལ་ཕན་ཐོགས་བྱེད་ཐུབ་པའི་དཔེ་ཚད་ཞིག་མཁོ་སྤྲོད་བྱེད་ཀྱི་ཡོད། ང་ཚོས་བརྟག་དཔྱད་བྱས་ནས་རིམ་བཞིན་ཡང་དག་པའི་ལྟ་བ་རྣམས་ནོར་མེད་པ་དང་། ལྟ་བ་ལོག་པ་རྣམས་ནོར་བ། ཡང་དག་པའི་ལས་ཀྱི་མཐའ་ནི་ཕན་ཐོགས་ཅན་དང་། ལས་ཀྱི་མཐའ་ལོག་པ་རྣམས་གནོད་པ་ཅན་ཡིན་པ་སོགས་རྟོགས་ནས་དེ་དང་མཐུན་པར་སྤྱོད་ཚུལ་འཛིན་ན། སོ་སོའི་མི་ཚེ་རང་བཞིན་གྱིས་ཡར་རྒྱས་འགྲོ་གི་རེད། དེ་ལ་ཆ་ཚང་བའི་ནང་པའི་མི་ཚེ་སྐྱེལ་སྟངས་ཞེས་ཟེར་ཆོག་པ་ཡིན་ནོ།།

Top