ཕྱི་ལོའི་སྔོན་གྱི་ལོ་ ༢༤༩ ལོར་རྒྱ་གར་གྱི་རྒྱལ་པོ་མྱ་ངན་མེད་ཀྱི་སྲས་མ་ཧིནྡའི་རིག་གཞུང་ཆེད་གཉེར་གྱི་གཞུང་འབྲེལ་མི་སྣ་བརྒྱུད་ཤྲཱི་ལངྐར་ནང་ཆོས་ཐོག་མར་དར་ཁྱབ་བྱུང་། ཤྲཱི་ལངྐའི་དགེ་སློང་དང་པོ་རྣམས་ལ་དེའི་སྐབས་སུ་སྡོམ་པ་ཐོབ་པ་རེད། གནས་བརྟན་སྡེ་པ་ཞེས་པའི་མིང་བཀོལ་སྤྱོད་བྱས་པའི་དུས་ཚིགས་ལ་རྩོད་པ་ཡོད་ཀྱང་། སྟབས་བདེ་གོ་བདེའི་དབང་དུ་ང་ཚོས་ནང་པའི་བརྒྱུད་པ་འདི་ལ་གནས་བརྟན་སྡེ་པའམ་ཐེ་ར་ཝཱད་ཅེས་བརྗོད་ཀྱི་ཡིན། དེ་ལྟར་ཕྱི་ལོའི་སྔོན་གྱི་ལོ་ ༢༤༠ ལོར་ཤྲཱི་ལངྐའི་མཚོ་གླིང་དུ་རྒྱལ་པོ་མྱ་ངན་མེད་ཀྱི་སྲས་མོ་སངྒ་མིཏྟ་འབྱོར་བ་དང་བསྟུན་གནས་བརྟན་སྡེ་པའི་དགེ་སློང་མའི་སྡོམ་རྒྱུན་དེ་དར་ཁྱབ་བྱུང་། ཕྱི་ལོ་ ༡༠༥༠ ལོ་ནས་ཏ་མིལ་གྱི་བཙན་འཛུལ་དང་དེའི་རྗེས་སུ་ཤྲཱི་ལངྐ་ཆཽ་ལ་རྒྱལ་རྒྱུད་ (Chola Empire) ཀྱི་མངའ་འོག་ཏུ་ཚུད་པའི་རྗེས་འབྲས་སུ་སྡོམ་རྒྱུན་འདི་མཇུག་རྫོགས་པ་རེད།
ངག་རྒྱུན་ལྟར་ན། རྒྱལ་པོ་མྱ་ངན་མེད་ཀྱིས་སོ་ན་དང་ཨུ་ཏྟ་ར་ཟེར་བའི་གསང་བའི་བང་ཆེན་གཉིས་གསེར་གླིང་པའི་ (ལེགས། སུ་ཝརྣ་བྷཱུ་མི་) རྒྱལ་གཞིས་སུ་བཏང་བ་དང་དེ་གཉིས་ཀྱིས་གནས་བརྟན་སྡེ་པའི་ནང་ཆོས་དང་དགེ་སློང་ཕའི་སྡོམ་རྒྱུན་དེར་རྩ་འཛུགས་གནང་ཡོད། མཁས་པ་མང་ཆེ་བས་རྒྱལ་གཞིས་དེ་ནི་མོན་ (Tailaing) གྱི་མི་རྣམས་དང་འབར་མའི་ལྷོ་ཕྱོགས་སུ་ཡོད་པའི་ཐ་ཏོན་ (Thaton) གྱི་གྲུ་ཁའི་གྲོང་ཁྱེར་ལ་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་། དགེ་སློང་མའི་སྡོམ་རྒྱུན་དེ་དེའི་སྐབས་སུ་དར་སྤེལ་བཏང་ཡོད་དམ་ཡང་ན་དུས་ཕྱིས་སུ་བཏང་ཡོད་པའི་སྐོར་ལ་གསལ་ཁ་མེད།
མ་མཐར་ཡང་ཕྱི་ལོའི་སྔོན་གྱི་དུས་རབས་ ༡ ནས་བྱང་འབར་མའི་པུ་ཡུ་མངའ་སྡེའི་གྲོང་ཁྱེར་སྣ་ཚོགས་པའི་ནང་གནས་བརྟན་སྡེ་པའི་ནང་ཆོས་ཡོད་ནའང་། དེ་ནི་ཐེག་པ་ཆེན་པོ་དང་། ཧིནྡུའི་ཆོས་ལུགས། དེ་བཞིན་ཡུལ་དེ་གའི་ནང་ཡོད་པ་སྲིན་འདྲེ་སོགས་ལ་དུད་འགྲོ་སེམས་ཅན་གྱི་མཆོད་སྦྱིན་གཏོང་སྲོལ་ཡོད་པའི་ཨ་རི་ཆོས་ལུགས་ (Ari religion) ཟེར་བ་བཅས་དང་འདྲེས་ཕྱིན་པ་རེད། དུས་རབས་ ༡༡ པའི་དཀྱིལ་ལ་རྒྱལ་པོ་ཨ་ན་བྲཧ་ཏས་ (Anawrahata) བྱང་འབར་མ་གཅིག་གྱུར་བཟོས་པ་དང་ཐ་ཏོན་ལ་མོན་གྱི་རྒྱལ་གཞིས་དབང་སྒྱུར་བྱས་ཤིང་། ཁོང་གི་རྒྱལ་ས་དེ་པ་གན་ (Pagan) ལ་རྩ་འཛུགས་བྱས་པ་དང་གནས་བརྟན་སྡེ་པའི་ནང་ཆོས་དང་དེའི་སྡོམ་རྒྱུན་རྣམས་ཁོང་གི་རྒྱལ་གཞིས་གང་སར་རྩ་འཛུགས་ཆེད་མོན་གྱི་དགེ་སློང་ཨ་ར་ཧནྟ་ (Arahanta) གདན་འདྲེན་ཞུས་པ་རེད།
ཕྱི་ལོ་ ༡༠༧༠ ལོར་ཤྲཱི་ལངྐའི་ནང་ཆཽ་ལ་རྣམས་ཕམ་དུ་བཅུག་པ་དང་པཽ་ལོ་ན་རུ་ཝར་ (Polonnarruwa) རྒྱལ་ས་གསར་པ་རྩ་འཛུགས་བྱས་པ་ལ་བརྟེན་ནས་གནས་བརྟན་སྡེ་པའི་དགེ་སློང་ཕའི་སྡོམ་རྒྱུན་དེ་པེ་གན་ (Pegan) ནས་གདན་དྲངས་པའི་དགེ་སློང་རྣམས་ཀྱིས་སླར་ཡང་རྩ་འཛུགས་བྱས་པ་རེད། ཡིན་ནའང་། རྒྱལ་པོ་ཨ་ན་བྲ་ཏས་མོན་དགེ་སློང་མའི་སྡོམ་རྒྱུན་གྱི་དག་པའི་རང་བཞིན་ལ་དྲི་བ་བཏང་བ་དང་དེའི་རྗེས་ཐོག་ཏུ་དགེ་སློང་མའི་སྡོམ་རྒྱུན་སླར་ཡང་རྩ་འཛུགས་ཆེད་དགེ་སློང་མ་བཏང་མེད། དེར་བརྟེན་གནས་བརྟན་སྡེ་པའི་སྡོམ་རྒྱུན་ནི་དེའི་སྐབས་སུ་ཤྲཱི་ལངྐར་སླར་གསོ་བྱུང་མེད། འབར་མའི་ནང་དགེ་སློང་མའི་བཙུན་མའི་དགོན་པ་ཞིག་ཡོད་པའི་རྡོ་བརྐོས་ཡིག་བྱང་གི་བདེན་དཔང་མཐའ་མ་དེ་ནི་ཕྱི་ལོ་ ༡༢༨༧ ལོར་པེ་གན་སོག་པོའི་བཙན་འཛུལ་འོག་ཏུ་ཕྱིན་པའི་སྐབས་སུ་ཡིན་པ་རེད།
ཤྲཱི་ལངྐ་བཙན་འཛུལ་བྱས་ནས་ཕྱི་ལོ་ ༡༢༡༥ ནས་ ༡༢༣༦ བར་དུ་མང་ཆེ་བ་ཀ་ལིངྒའི་ (དེང་སང་རྒྱ་གར་ཤར་ཕྱོགས་ཨོ་ཌི་ཤའི་མངའ་སྡེ་) རྒྱལ་པོ་མ་གྷས་དབང་སྒྱུར་བྱས། དུས་སྐབས་དེའི་རིང་ཤྲཱི་ལངྐའི་དགེ་སློང་རྣམས་ཚབས་ཆེན་ཉམས་རྒུད་ཕྱིན་པ་རེད། རྒྱལ་པོ་མ་གྷ་ཕམ་པར་བྱས་ཏེ། ཀཱན་ཅི་པུ་རམ་ནས་ཡིན་པའི་གནས་བརྟན་སྡེ་པའི་དགེ་སློང་རྣམས་ཕྱི་ལོ་ ༡༢༣༦ ལོར་དགེ་སློང་གི་སྡོམ་རྒྱུན་སླར་གསོའི་ཆེད་དུ་ཤྲཱི་ལངྐར་གདན་འདྲེན་ཞུས། ཀཱན་ཅི་པུ་རམ་ནི་དེང་སང་རྒྱ་གར་ལྷོ་ཕྱོགས་ཏ་མིལ་ནཱ་ཌུ་ལ་ཡོད་པའི་ཉམས་རྒུད་ཕྱིན་པའི་ཆཽ་ལའི་རྒྱལ་གཞིས་ནང་གི་ནང་པའི་བསྟི་གནས་ཁང་ཞིག་ཡིན་པ་རེད། དོན་ངོ་མར་ཏ་མིལ་གྱི་དགེ་སློང་མ་རྣམས་གདན་འདྲེན་ཞུས་མེད་པ་དེས་གནས་བརྟན་སྡེ་པའི་དགེ་སློང་མའི་དགེ་འདུན་རྣམས་དེའི་ཚེ་ན་རྒྱ་གར་ལྷོ་ཕྱོགས་སུ་མེད་པ་སྟོན་གྱི་ཡོད། བྷེན་གལ་ (Bengal) ཚུད་པའི་རྒྱ་གར་བྱང་ཕྱོགས་སུ་དགེ་སློང་མའི་དགེ་འདུན་གྱི་རྡོ་བརྐོས་ཡིག་བྱང་གི་བདེན་དཔང་མཐའ་མ་དེ་ནི་དུས་རབ་ས་ ༡༢ པའི་མཇུག་ནས་ཡིན་པ་རེད། བཙུན་མ་ཚོས་དགེ་སློང་མའི་སྡོམ་རྒྱུན་གང་ཞིག་རྒྱུན་འཛིན་བྱེད་ཀྱི་ཡོད་མེད་གསལ་པོ་མེད།
དུས་རབས་ ༡༣ པའི་དུས་མཇུག་ཏུ་ཐེ་ལེནྜའི་སུ་ཁོ་ཐའི་ (Sukhothai) རྒྱལ་གཞིས་ཀྱི་རྒྱལ་པོ་རཱམ་ཁམ་ཧེང་ (Ramkhamhaeng) གིས་གནས་བརྟན་སྡེ་པའི་ནང་ཆོས་འདི་ཤྲཱི་ལངྐ་ནས་ཐེ་ལེནྜའི་ནང་རྩ་འཛུགས་བྱས། དེའི་སྐབས་སུ་ཤྲཱི་ལངྐར་དགེ་སློང་མའི་དགེ་འདུན་མེད་པ་སོང་ཙང་། གནས་བརྟན་སྡེ་པའི་དགེ་སློང་མའི་སྡོམ་རྒྱུན་དེ་ཐེ་ལེནྜ་ལ་ནམ་ཡང་བསླེབས་ཐུབ་མེད། དགེ་སློང་ཕའི་སྡོམ་རྒྱུན་གཅིག་པུ་དར་ཁྱབ་བྱུང་བ་རེད། དུས་རབས་ ༡༤ པའི་སྟོད་ཙམ་ནས་ཐེ་ལེནྜ་ནས་ཁམ་བྷོ་ཌི་ཡར་གནས་བརྟན་སྡེ་པ་རྩ་འཛུགས་བྱུང་བ་དང་དེའི་རྗེས་མི་རིང་བར་ཁམ་བྷོ་ཌི་ཡ་ནས་ལའོ་སི་ (Laos) ལ་དར་ཁྱབ་བྱུང་ནའང་། གནས་བརྟན་སྡེ་པའི་དགེ་སློང་མའི་སྡོམ་རྒྱུན་དེ་རྒྱལ་ཁབ་དེ་དག་གི་ནང་དུའང་ནམ་ཡང་དར་ཁྱབ་བྱུང་མེད།
གནས་བརྟན་སྡེ་པའི་རྒྱལ་ཁབ་ཁག་གི་ནང་ནས་ཤྲཱི་ལངྐ་གཅིག་པུས་གཞུང་འབྲེལ་གྱི་ཐོག་ནས་གནས་བརྟན་སྡེ་པའི་དགེ་སློང་མའི་སྡོམ་རྒྱུན་རྩ་འཛུགས་བྱས་ཡོད། དེ་ནི་ཕྱི་ལོ་ ༡༩༩༨ ལོར་ཡིན་པ་རེད། དེའི་བར་དུ་ཤྲཱི་ལངྐར་ཡོད་པའི་བུད་མེད་རྣམས་ཚུལ་ཁྲིམས་བཅུའི་ཉམས་ལེན་པའམ་ད་ས་སིལ་མ་ཏ་ (dasasil matas) བྱ་ཆོག་ནའང་། དགེ་སློང་མ་ཆགས་ཆོག་གི་མེད། བུད་མེད་ཁྱིམ་པ་དེ་དག་གིས་ན་བཟའ་གྱོན་པ་དང་ཚངས་སྤྱོད་དུ་གནས་ཀྱི་ཡོད་ནའང་། དེ་དག་དགེ་འདུན་གྱི་སྡེའི་ཁོངས་གཏོགས་སུ་བརྩི་ཡི་མེད། འབར་མ་དང་ཁམ་བྷོ་ཌི་ཡའི་ནང་། བུད་མེད་རྣམས་ཚུལ་ཁྲིམས་བརྒྱད་དང་ལྡན་པ་ཁོ་ན་ཆགས་ཆོག་གི་ཡོད། དེ་ལ་འབར་མའི་ནང་སི་ལ་ཤིན་ (Silashin) ཞེས་དང་ཁམ་བྷོ་ཌི་ཡའི་ནང་དོན་ཆི་ (Donchi) ཡང་ན་ཡའི་ཆི་ (Yieychi) ཞེས་སུ་གྲགས། འབར་མར་ཡོད་པའི་བུད་མེད་འགའ་ཞིག་ལ་ཚུལ་ཁྲིམས་བཅུའི་སྡོམ་པ་དེའང་ཐོབ་ཀྱི་ཡོད། ཐེ་ལེནྜའི་ནང་ཁོང་ཚོ་ཚུལ་ཁྲིམས་བརྒྱད་ཀྱི་སྡོམ་པ་དང་ལྡན་པའི་ཉམས་ལེན་པ་མེ་ཇི་ (Maechi/maeji) ཞེས་སུ་གྲགས་པ་དེ་ཆགས་སྲིད་པ་རེད། བྷངླ་དེ་ཤའི་ཆིཏྟ་གྷོང་གི་རྫོང་དང་ཆིཏྟ་གྷོང་གི་རི་རྒྱུད་ས་ཁུལ་དུ་ཕྱི་ལོ་ ༡༨༦༤ ལོ་ནས་བཟུང་འབར་མའི་མཚོ་བརྒྱུད་ཀྱི་ཨ་ར་ཀན་ (Arakan) རྫོང་ནས་གནས་བརྟན་སྡེ་པའི་ནང་ཆོས་སླར་གསོ་བྱུང་སྟེ། དེར་ཡོད་པའི་བུད་མེད་རྣམས་ཚུལ་ཁྲིམས་བརྒྱད་ཀྱི་སྡོམ་པ་དང་ལྡན་པ་དེ་ཆགས་པ་རེད།།