སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ། དཱ་ན་པཱ་ར་མི་ཏཱ།

ང་ཚོ་ཆུང་བྱིས་པ་ཡིན་པའི་གནས་སྐབས་སུ། རྒྱུན་དུ་རང་ཉིད་ཀྱི་རྩེད་ཆས་དང་བྱི་རིལ་སོགས་གཞན་དང་མཉམ་བཟའ་མཉམ་སྤྱོད་བྱེད་དགོས་པ་བཤད་ཀྱི་ཡོད་ཀྱང། ནར་སོན་ནས་དར་མ་སླེབས་པ་ཡིན་ནའང་ད་དུང་སྦྱིན་པ་གཏོང་རྒྱུ་དེ་ག་དུས་ཡིན་ནའང་ལས་སླ་པོ་དང་རང་བཞིན་གྱིས་ཡོང་གི་ཡོད་པ་ཞིག་མ་རེད། ང་ཚོས་ནམ་རྒྱུན་གལ་ཏེ་རང་ལ་དག་པའི་རྩ་ཆེའི་དངོོས་པོ་རྣམས་གཞན་ལ་སྦྱིན་པ་ཡིན་ན། རང་ཉིད་ལ་བེད་སྤྱོད་བྱ་རྒྱུ་དང་སྐྱིད་པོ་གཏོང་རྒྱུ་གཅིག་ཀྱང་ལྷག་གི་མ་རེད་ཅེས་བསམ་གྱི་ཡོད། གང་ལྟར་ཡང། སངས་རྒྱས་ཀྱིས་སྦྱིན་པ་གཏོང་རྒྱུ་ནི་ཁྱད་དུ་འཕགས་པའི་ཉམས་ལེན་ཞིག་ཡིན་པ་དང། དེས་གཞན་དག་ལ་དངོས་སུ་ཕན་ཐོགས་པ་གཅིག་པུ་མིན་པར། རང་ལའང་དགའ་བདེ་དང་འདོད་པ་ཡོངས་སུ་ཁེངས་པའི་ཚོར་བ་ཞིག་ཡོང་བར་གསུངས་ཡོད། ཆེད་རྩོམ་འདིས་རྒྱ་ཆེ་ལ་ཕུགས་རྒྱང་རིང་པོའི་བསམ་ཕྱོགས་དྲུག་གམ་ཕལ་རོལ་དུ་ཕྱིན་པ་དྲུག་གི་དང་པོ་སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་སྐོར་ཤོད་ཀྱི་ཡོད།

ངོ་སྤྲོད།

རྒྱ་ཆེ་ལ་ཕུགས་རྒྱང་རིང་པོའི་བསམ་ཕྱོགས་དྲུག་གམ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ནམ་རྒྱུན་ཨིན་སྐད་དུ་ “མཐར་ཕྱིན་པ་དྲུག་” ཅེས་དང་། ལེགས་སྦྱར་གྱི་སྐད་དུ་ “པཱ་ར་མི་ཏཱ་” ཞེས་ཟེར་ཞིང་། དེ་དག་ནི་རང་ཉིད་ཡར་རྒྱས་གཏོང་རྒྱུ་དང་གཞན་ལ་ཕན་གང་ཐུབ་ཅི་ཐུབ་སྒྲུབ་ཐུབ་པར་བྱེད་པའི་སེམས་ཀྱི་གནས་བབས་ཤིག་ཡིན། ཕར་ཕྱིན་དྲུག་གིས་ང་ཚོའི་དགེ་བའི་བྱ་བ་ལམ་ལྷོང་ཡོང་བར་བར་ཆད་ཤུགས་ཆེན་བྱེད་པའི་ལེ་ལོ་དང་ཁོང་ཁྲོ་ལ་སོགས་པའི་འགོག་རྐྱེན་དག་ལ་ཐད་ཀར་ཁ་གཏད་གཅོག་གི་ཡོད་པས། དེ་རྣམས་ང་ཚོ་ཚང་མ་ལ་ཕན་ཐོགས་ཆེན་པོ་ཡོད། ང་ཚོས་དེ་རྣམས་ལ་ “རྒྱ་ཆེ་ལ་ཕུགས་རྒྱང་རིང་བ་” ཞེས་ཟེར་གྱི་ཡོད། གང་ཡིན་ཞེ་ན། ནང་སངས་རྒྱས་པའི་གཞུང་ལུགས་ལྟར་ན། ང་ཚོས་དེ་དག་རང་རྒྱུད་ལ་ཡོངས་སུ་བསྐྱེད་པའི་སྐབས་སུ། དེ་དག་གིས་ང་ཚོ་རང་ཉིད་ཀྱི་སྐྱོན་ཆ་དང་སྡུག་བསྔལ་གྱི་རྒྱ་མཚོའི་ཕ་རོལ་ངོགས་སུ་ཐར་བར་བྱེད་ཀྱི་ཡོད་པས་ཡིན། གལ་ཏེ་ང་ཚོ་རང་ཉིད་སྡུག་བསྔལ་ཐམས་ཅད་ལས་ཐར་འདོད་ཀྱི་འདུན་པ་ཤུགས་ཆེན་ཡོད་པའི་ངེས་འབྱུང་གི་བསམ་པས་ཀུན་ནས་བསླངས་ན། ཕ་རོལ་དུ་ཕྱིན་པ་དེ་དག་གིས་ང་ཚོ་ཐར་པའི་གོ་འཕང་ལ་འགོད་པར་བྱེད་ཀྱི་རེད། གཞན་དོན་གང་ཐུབ་ཅི་ཐུབ་ཀྱིས་སྒྲུབ་པའི་ཆེད་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་འདོད་ཀྱི་བློ་བྱང་ཆུབ་སེམས་ཀྱིས་ཀུན་ནས་བསླངས་ན། དེ་དག་གིས་ང་ཚོ་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་པར་བྱེད་ཀྱི་ཡོད།

རྒྱ་ཆེ་ལ་ཕུགས་རྒྱང་རིང་པོའི་བསམ་ཕྱོགས་དྲུག་གམ་ཕ་རོལ་དུ་ཕྱིན་པ་དྲུག་ནི།

  • སྦྱིན་པ།
  • ཚུལ་ཁྲིམས།
  • བཟོད་པ།
  • བརྩོན་འགྲུས།
  • སེམས་བརྟན་པའི་རང་བཞིན། ༼བསམ་གཏན།༽
  • ཆོས་རྣམ་འབྱེད་ཀྱི་རིག་པ། ༼ཤེས་རབ།༽

ང་ཚོས་ཕར་ཕྱིན་དྲུག་པོ་དེ་དག་རང་ཉིད་ཀྱི་ཉིན་རེའི་མི་ཚེ་དང་སྒོམ་སྒྲུབ་གཉིས་ཀའི་ནང་སྦྱོང་བརྡར་བྱེད་ཀྱི་ཡོད། དེ་ཡང་། ནམ་རྒྱུན་ལུས་རྩལ་སྦྱོང་བརྡར་གྱི་ལམ་ནས་ང་ཚོའི་ལུས་ཀྱི་ཤ་གནད་རྒྱས་པར་བྱེད་པ་ནང་བཞིན་བྱ་བ་གང་ཞིག་བྱེད་ཀྱང་སེམས་ཀྱི་གནས་བབས་འདི་དག་ལ་ག་ཚོད་མང་བ་འཇུག་པ་དེ་ཚོད་ཀྱིས་དེ་དག་ནུས་སྟོབས་ཆེ་རུ་འགྲོ་ཞིང་། མཐར་དེ་དག་རང་ཉིད་ཀྱི་མི་ཚེའི་ནང་མཉམ་སྡེབ་ཆགས་ནས་རང་གཞན་གཉིས་ཀར་འབྲེལ་བ་ཇི་ལྟར་བྱེད་པའི་ནང་རྟག་ཏུ་རང་བཞིན་གྱིས་ཆ་ཤས་སུ་གྱུར་བ་ཡིན།

སྦྱིན་པ།

སྦྱིན་པ་ནི་གཞན་དག་ལ་གང་དགོས་ཤིང་མཁོ་བའི་དངོས་པོ་ཡོངས་སུ་གཏོང་བར་འདོད་པའི་བསམ་ཕྱོགས་ཤིག་ཡིན། དེའི་དོན་ནི་རང་ལ་གང་ཡོད་པ་ཚང་མ་གཞན་ལ་སྦྱིན་པ་བཏང་ནས་རང་ཉིད་ཧ་ཅང་སྐྱོ་པོ་སྡོད་རྒྱུ་དེ་མ་རེད། ཆོས་ལུགས་ཁ་ཤས་ཀྱི་ནང་དེ་འདྲའི་དབུལ་འཕོང་ཉམ་ཐག་ཏུ་གནས་པ་ནི་དགེ་བའི་ཡོན་ཏན་ཡིན་པར་བརྩི་གི་ཡོད། སྐབས་འདིར་སྦྱིན་པའི་དོན་དེ་འདྲ་ཞིག་ལ་གོ་གི་མེད། འདིར་སྦྱིན་པའི་དོན་ནི། ཐེ་ཚོམ་དང་བར་ཆད་གང་ཡང་མེད་པའི་སྒོ་ནས་གཏོང་བའི་སེམས་ཤིག་ལ་ཟེར་བ་དང་། གང་ཞིག་ལ་སྦྱིན་པ་གཏོང་འོས་དང་མི་འོས་ཀྱི་དབྱེ་བ་འབྱེད་ཤེས་དགོས། དཔེར་ན། རང་ཉིད་ཀྱི་བསམ་བློར་ “ཨོ། ང་རང་གཏོང་ཕོད་ཅན་ཞིག་ཡིན་པའི་ཆ་ནས། འདི་ནི་ཁྱོད་ཀྱིས་མེ་འདའ་ཉོ་བྱེད་ཀྱི་དངུལ་དེ་ཡིན།” ཞེས། ང་ཚོས་མི་གསོད་ཁྲག་སྦྱོར་བྱ་འདོད་པའི་མི་ཞིག་ལ་མེ་མདའ་སྦྱིན་གྱི་མེད། དེ་བཞིན་སྦྱིན་པ་གཏོང་མི་འོས་པའི་དཔེ་གཞན་ཞིག་ནི། མི་གཞན་གྱིས་མྱོས་བྱེད་ཀྱི་རྫས་ཉོ་བྱེད་དུ་དངུལ་སྤྲོད་པ་ལྟ་བུ་ཡིན།

སྦྱིན་པའི་ཉམས་ལེན་བྱེད་པར་ང་ཚོ་ཡིན་གཅིག་མིན་གཅིག་རྒྱུ་ཕྱུག་པོ་ཡིན་དགོས་དོན་མེད། རང་ཉིད་གཞན་ལ་གང་ཡང་སྦྱིན་རྒྱུ་མེད་པའི་དབུལ་ཕོངས་ཉམ་ཐག་ཅིག་ཡིན་ནའང་། ད་དུང་སྦྱིན་པ་གཏོང་འདོད་ཀྱི་འདུན་པ་དེ་ཡོད་ཆོག། དེ་ལྟར་མ་ཡིན་ན། མི་དབུལ་ཕོངས་རྣམས་ཀྱིས་སྦྱིན་པ་ཉམས་ལེན་དང་གོང་འཕེལ་ག་འདྲ་བྱས་ནས་གཏོང་ཐུབ་བམ། དེ་འདྲ་སོང་ཙང་། ང་ཚོས་ག་དུས་ཡིན་ནའང་ཉི་མ་ནུབ་ཁའི་མཛེས་སྡུག་དེ་མཐོང་ནས་སྐྱིད་སྣང་ཚོར་བའི་སྐབས། མི་ཚང་མས་དེ་ལྟར་མཐོང་ཞིང་སྐྱིད་སྣང་ཚོར་ཐུབ་ན་བསམ་པའི་འདུན་སེམས་བསྐྱེད་ཆོག་ལ། དེ་ག་ནང་བཞིན་ཡུལ་ལྗོངས་ཀྱི་མཛེས་བཀོད་དང་། གནམ་གཤིས་ཡག་པོ། ཁ་ལག་ཞིམ་པོ་སོགས་ཀྱང་དེ་བཞིན་གཏོང་བའི་སེམས་པས་སྦྱིན་ནུས། དེ་དག་ཚང་མ་སྦྱིན་པའི་གྲས་སུ་བརྩི་ན་འགྲིག ང་ཚོས་རང་ཉིད་ཀྱིས་བདག་ཏུ་བཟུང་བའི་དངོས་པོ་གཅིག་པོ་ལ་གཏོང་ཕོད་ཅན་བྱེད་པ་ཙམ་མིན་པར། སུ་ལའང་མ་དག་པའི་དངོས་པོ་རྣམས་ལའང་གཏོང་ཕོད་ཅན་བྱེད་ཆོག་པ་ཡིན། ང་ཚོས་སྒོམ་རྒྱག་སྐབས་རྒྱུ་དངོོས་ཀྱི་་རིགས་གལ་ཆེ་བ་དང་ཡག་པོ་མང་པོ་གཞན་ལ་སྦྱིན་གྱི་ཡོད་པའི་བསམ་བློ་གཏོང་ཆོག་ཀྱང་། མི་གཞན་ཞིག་ལ་དངོས་གནས་ཕན་ཐོགས་ཡོད་པ་དང་། དགོས་མཁོ་ཡོད་པའི་དངོས་པོ་ཞིག་རང་ལ་ཡོད་ན། དེ་དུས་ང་ཚོས་གཏོང་སེམས་ཀྱི་དམིགས་པ་བྱས་པ་ཙམ་མིན་པར། དངོས་སུ་དེ་སྦྱིན་དགོས་ཀྱི་ཡོད།

སྦྱིན་པ་ནི་སེར་སྣའི་ལྡོག་ཕྱོགས་དེ་ཡིན་པ་དང་། སེར་སྣ་ནི་མི་གཞན་སུ་གཅིག་ལའང་བགོ་བཤའ་རྒྱག་འདོད་མེད་པའམ་མཉམ་སྤྱོད་བྱེད་འདོད་མེད་པ་དང། སྦྱིན་པ་གཏོང་འདོད་ཀྱི་འདུན་པ་མེད་པའི་རང་བཞིན་ཞིག་ཡིན། འདི་ལྟ་བུའི་སེར་སྣ་དང་ལྷན་དུ་ནམ་རྒྱུན་ཚོར་སྣང་འདི་འདྲ་ཞིག་ཡོང་གི་ཡོད་དེ། གལ་ཏེ་ངས་གཞན་ལ་སྦྱིན་པ་གཏང་ན། རང་ཉིད་ལ་གང་ཡང་ལྷག་གི་མ་རེད་དྲན་གྱི་ཡོད། ཡིན་ནའང་། དེ་ལས་ལྡོག་ཏེ་བོད་ཀྱི་ཁ་རྒྱུན་ལ་ཡོད་པ་ལྟར།

གང་ཡོད་པ་ཐམས་ཅད་རང་གིས་ཉར་ན། གཞན་ལ་སྦྱིན་རྒྱུ་ག་རེ་ལྷག་གི་རེད་ཅེས་ཟེར་སྲོལ་ཡོད་པ་ལྟ་བུ་རེད།

ང་རང་ཚོ་རྨོངས་ཞེན་ཅན་དང་མཐའ་གཅིག་ལ་ལྷུང་མཁན་ཞིག་མི་ཆགས་པའི་གཟབ་གཟབ་བྱེད་དགོས། གཞན་གྱི་དོན་བྱེད་པ་དང་མཉམ་དུ་བཟའ་བཏུང་དང་། འགྲོ་འཆག་ཉལ་འདུག་སོགས་ཀྱང་རང་ངོས་ནས་བྱེད་དགོས་ཀྱི་ཡོད། རང་ཉིད་རང་ལ་གཅེས་སྐྱོང་དང་དོ་འཁུར་བྱེད་དགོས། བྱས་ཙང། སྦྱིན་པའི་སྐོར་བཤད་སྐབས་རང་ཉིད་ལ་གང་ཡོད་པ་རྣམས་གཞན་དང་མཉམ་སྤྱོད་བྱེད་རྒྱུ་དེ་ཡིན། རྟོགས་པ་མཐོ་པོར་སོན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཞན་གྱི་དོན་དུ་རང་གི་སྲོག་ཀྱང་བློས་གཏོང་མཛད་ནུས་ཀྱང་། ང་ཚོ་རང་ཉིད་ཀྱི་གནས་སྐབས་ལ་མཚོན་ན་དངོས་སུ་དེ་ལྟར་སྒྲུབ་ཐུབ་པ་ཞིག་མིན། དེ་འདྲ་སོང་ཙང་། ང་ཚོས་བྱང་ཆུབ་སེམས་དཔའ་ནང་བཞིན་བྱེད་མི་ཐུབ་ལ་བྱེད་མི་དགོས་ཤིང། དེ་འདྲའི་རང་ཉིད་ལ་ཡོད་ཚད་ཐམས་ཅད་སྦྱིན་ནས་ལྟོགས་ཤི་ཐེབས་གྲབས་མཚམས་སུ་སླེབས་པ་དེ་འདྲ་བྱེད་མི་ཐུབ་ལ་བྱེད་དགོས་རྒྱུ་མེད། ཡིན་ན་ཡང་། རང་ཉིད་ཀྱི་ལུས་གཞན་དོན་དུ་གཏོང་བའི་འདུན་སེམས་དེ་ངེས་པར་དུ་དགོས། དེ་ཡང་གཞན་དོན་དུ་དཀའ་ཚེགས་ཆེ་བའམ་ཡིད་ཐང་ཆད་པའི་བྱ་བ་སྒྲུབ་པའི་ཐོག་ནས་ཕན་ཐོགས་བྱེད་ཆོག་ལ། ཐ་ན་ལུས་ཀྱི་ངལ་རྩོལ་གྱི་སྟེང་ནས་ཕན་ཐོགས་སྒྲུབ་ཐུབ། རང་ཉིད་དཀའ་སྡུག་ཅན་གྱི་ལས་ཀ་བྱེད་དགོས་པ་ལ་ཞེད་སྣང་རྩ་ནས་བྱེད་རྒྱུ་མེད།

གཞན་ཡང་། སྦྱིན་པའི་ནང་དུ་རང་ཉིད་ཀྱི་ “དགེ་བའི་རྩ་བ་” ཟེར་བ་དེ་མཉམ་སྤྱོད་བྱེད་པ་དེ་ཡང་ཚུད་ཡོད་ཅིང་། དེ་དག་ནི་རང་ཉིད་ཀྱིས་བསགས་པའི་ཚོགས་ཀྱི་དགེ་བའི་ནུས་པ་རྣམས་ཡིན། ངས་སོ་སོ་རང་ཉིད་ཀྱི་མི་ཚེའི་སྟེང་ནས་དཔེར་བརྗོད་གཅིག་བཞག་ཆོག། ང་རང་གི་སྐྱེ་བ་སྔོན་མར་བསགས་པའི་དགེ་བའི་ལས་ཀྱི་ནུས་པ་དེའི་རྣམ་སྨིན་གྱི་འབྲས་བུ་ལ། ཚེ་འདིར་རྒྱ་གར་དུ་བཞུགས་པའི་ནང་པ་སངས་རྒྱས་པའི་བླ་ཆེན་མཁས་གྲུབ་འགའ་རེ་དང་མཇལ་ནས། ཁོང་ཚོ་དང་ལྷན་དུ་སློབ་སྦྱོང་ཞུས་ཐུབ་པ་བྱུང་བ་དང་། འཛམ་གླིང་ཡུལ་གྲུ་གང་སར་མགྲོན་འབོད་ཞུས་ནས་ངོ་མཚར་བའི་མི་མང་པོ་དང་མཉམ་དུ་འབྲེལ་བ་བཟང་པོ་བཟོ་ཐུབ་པ་བྱུང་། འདིས་དེ་བས་ཀྱང་བཟང་ཕྱོགས་ཀྱི་ནུས་པ་མང་བ་བསགས་ནས་ངས་རང་ཉིད་ཀྱི་ཉམས་ལེན་གྱི་ཆ་ཤས་སུ་ “དགེ་བའི་རྩ་བ་” དེ་དག་ལས་གྲུབ་འབྲས་སྨིན་ཐུབ་པ་གང་ཡོད་པ་རྣམས་རང་ཉིད་ཀྱིས་ཉར་བ་ཙམ་མིན་པར། གཞན་དང་མཉམ་སྤྱོད་ཀྱི་ཐབས་ཤེས་བྱེད་ཀྱི་ཡོད། དེ་བཞིན་དུས་དང་གནས་སྐབས་འོས་ཤིང་འཚམས་པ་ཡོད་པའི་སྐབས་སུ་ངས་བླ་ཆེན་ཁག་དང་། མཁས་དབང་། འཛམ་གླིང་སྤྱི་ཡོངས་ལ་ཕན་ཐོགས་ཆེ་བའི་མི་རྣམས་གཞན་དག་ལ་ངོ་སྤྲོད་དང་མཚམས་སྦྱོར་ཞུས་པའི་ཐོག་ནས་ང་རང་གི་འབྲེལ་ལམ་བཟང་པོ་དེ་དག་གཞན་ལའང་ཤེས་ཐབས་བྱེད་ཀྱི་ཡོད། ངས་རང་ཉིད་ཀྱིས་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་དང་། རྒྱ་གར་ནང་མི་ལོ་བཅུ་ཕྲག་ཁ་ཤས་བཏང་ནས་སློབ་གཉེར་སྒོམ་སྒྲུབ་བྱས་པ་རྣམས་མི་གཞན་དག་ལ་སྦྱིན་ཐབས་བྱེད་ཀྱི་ཡོད། འདི་ནི་རང་གི་དགེ་བའི་རྩ་བ་རྣམས་གཞན་དག་ལ་སྦྱིན་པའམ་བགོ་འགྲེམས་བྱེད་ཚུལ་གྱི་གཞན་དོན་ཆེད་དུ་སྒོ་མོ་ཡངས་པོར་འབྱེད་པ་དེ་ཡིན།

སྤྱིར་བཏང་སྦྱིན་པ་ལ་དབྱེ་ན་རིགས་བཞི་ཡོད་པ་ནི།

༡༽ རྒྱུ་དངོས་ཀྱི་རོགས་རམ། ༼ཟང་ཟང་གི་སྦྱིན་པ།༽

༢༽ ཆོས་ཁྲིད་དང་བསླབ་བྱ་གནང་བ། ༼ཆོས་ཀྱི་སྦྱིན་པ།༽

༣༽ འཇིགས་པ་ལས་སྐྱོབ་པ། ༼མི་འཇིགས་པའི་སྦྱིན་པ།༽

༤༽ བྱམས་བརྩེ་སྦྱིན་པ། ༼བྱམས་པའི་སྦྱིན་པ།༽

རྒྱུ་དངོས་ལ་གཏོང་ཕོད་ཀྱི་སྦྱིན་པ། ༼ཟང་ཟིང་གི་སྦྱིན་པ།༽

རྒྱུ་དངོས་ལ་གཏོང་ཕོད་དམ་ཟང་ཟིང་གི་སྦྱིན་པ་ཞེས་པ་ནི། ང་ཚོའི་རྒྱུ་ནོར་ལོངས་སྤྱོད་དང། ཟས། གོས། དངུལ་སོགས་རང་ཉིད་ལ་གང་ཡོད་པ་རྣམས་སྦྱིན་པ་གཏོང་བ་ལ་གོ་ཞིང་། དེ་ཡང་གཏོང་བའི་སེམས་པས་སྦྱིན་པར་འོས་པའི་གནས་སྐབས་སུ་གུས་པའི་སྤྱོད་ཚུལ་དང་ལྡན་པའི་སྒོ་ནས་གཏོང་དགོས་པ་ལས། ཁྱི་ལ་རུས་པ་གཡུག་པ་ལྟར་སྦྱིན་ན་མི་འགྲིག་པ་ཡང་ཚུད་ཡོད། ཟང་ཟིང་གི་སྦྱིན་པའི་ཉམས་ལེན་བྱེད་པར། རང་ཉིད་ངེས་པར་དུ་རྒྱུ་དངོས་མང་པོ་ཡོད་པའི་ཕྱུག་པོ་ཞིག་ཡིན་མི་དགོས། གང་ཡིན་ཞེ་ན། རང་ཉིད་ལ་མ་དག་པའི་དངོས་པོའང་མང་པོ་སྦྱིན་ཆོག་པས་ཡིན། དེའི་དོན་ནི་རང་ཉིད་རོ་བྷིན་ཧཱུཌ་ (Robin Hood) ནང་བཞིན་ཕྱིར་ཐོན་ནས་ཕྱུག་པོ་རྩ་ནས་རྐུ་འཕྲོག་བྱས་ཏེ་སྐྱོ་པོ་ལ་སྦྱིན་དགོས་པའི་དོན་མིན། སྐབས་འདིར་ང་ཚོས་སྤྱི་པའི་རྒྱུ་དངོས་ཀྱི་སྐོར་བཤད་ཀྱི་ཡོད། དཔེར་ན། མི་གཞན་དག་གིས་སྐྱིད་པོ་དང་དགའ་པོའི་ངང་ལོངས་སུ་སྤྱོད་ཆོག་པས། ཁོར་ཡུག་ལ་གཙང་མ་བཟོ་བ་ལྟ་བུ་ནི་གཞན་ལ་སྦྱིན་རྒྱུའི་ལེགས་སྐྱེས་ཧ་ཅང་ཡག་པོ་ཞིག་རེད། དེ་བཞིན་ང་ཚོས་བདེ་སྐྱིད་མྱོང་ཚོར་གང་ཞིག་ཀྱང་མཉམ་སྤྱོད་བགོ་འགྲེམས་བྱེད་ཆོག དཔེར་ན། “གནམ་གཤིས་སྐྱིད་པོ་འདི་མི་ཚང་མས་ཉམས་སུ་མྱོང་རྒྱུ་ཡོང་བ་ཤོག་” བསམ་པ་ལ་སོགས་པ་ལྟ་བུ་རེད།

ཟང་ཟིང་གི་སྦྱིན་པའི་སྐབས་དངོས་གནས་གཟུགས་སུ་གྲུབ་པའི་ཡུལ་ཞིག་དགོས་ཀྱི་ཡོད་པ་བསམ་རྒྱུ་མེད། ང་རང་ཚོའི་སོ་སོའི་ལུས་ཀྱང་སྦྱིན་པ་གཏོང་ཆོག དེ་བཞིན་དུས་ཚོད་དང་། ལས་ཀ། ཁེ་ཕན། ནུས་པ། སེམས་ཤུགས་སོགས་ཀྱང་སྦྱིན་པ་གཏོང་ཆོག་པ་ཡིན། དེ་དག་ཐམས་ཅད་ནི་རྣམ་དཔྱོད་ལྡན་ལ་ཐབས་མཁས་པོའི་སྒོ་ནས་ཟང་ཟིང་གི་སྦྱིན་པ་གཏོང་སྟངས་ཤིག་ཡིན།

ཡིན་ནའང་། དུག་དང་མཚོན་ཆ་སོགས་རང་གཞན་ཚང་མར་གནོད་པའི་རིགས་གཞན་ལ་སྦྱིན་ན་འོས་ཤིང་འཚམས་པ་ཞིག་མིན་པར་གསལ་པོ་རེད།

ཆོས་དང་བསླབ་བྱ་ལམ་སྟོན་ལ་གཏོང་ཕོད། ༼ཆོས་ཀྱི་སྦྱིན་པ།༽

ནང་པ་སངས་རྒྱས་པའི་ལུགས་ལྟར་ན། འདི་ནི་གཞན་ལ་ནང་པ་སངས་རྒྱས་པའི་ཆོས་བསྟན་པའམ་སྦྱིན་པ་ལ་གོ་བར་གསུངས་ཀྱང་། ང་ཚོས་ནང་པ་མིན་པའི་ཕྱོགས་སུའང་དེ་རྒྱ་སྐྱེད་གཏོང་ཆོག འདི་ནི་སློབ་འཁྲིད་དང་། སྐད་བསྒྱུར། ཡིག་བསྒྱུར། སྒྲ་ཕབ། པར་སྐྲུན། དེ་བཞིན་ཤེས་ཡོན་གྱི་ལྟེ་གནས་གསར་གཏོད་དང་དེའི་ནང་ལས་ཀ་བྱེད་བཞིན་པའི་དོན་གཅིག་པུར་གོ་བ་མ་ཡིན་པར། གལ་ཏེ་རང་གིས་ནུས་ན་མི་གཞན་གྱི་དྲི་བར་ལན་འདེབས་དང་། གནས་ཚུལ་མཁོ་སྤྲོད། སློབ་གསོ་བྱེད་པ་སོགས་ལའང་གོ་བ་ཡིན།

ས་སྐྱ་པའི་ཆོས་བརྒྱུད་ཀྱི་ནང་ “ཏིང་ངེ་འཛིན་གྱི་མཆོད་པ་” ཞེས་པ་ཞིག་ཀྱང་ཡོད། དེར་ང་ཚོས་རང་གི་ཆོས་ཀྱི་ཉམས་ལེན་གྱི་རིགས་མི་འདྲ་བ་རྣམས་གཞན་དག་ལ་སྦྱིན་པ་ཡིན། ང་ཚོས་དཔེ་དེབ་ཀློག་པ་དང་སློབ་སྦྱོང་བྱས་པ་ཚང་མ་གཞན་དག་ལ་སྦྱིན་པ་དང་གཞན་ལ་ཕན་ཐོགས་པའི་ཆེད་དུ་བེད་སྤྱོད་གཏོང་གི་ཡོད། དེ་དང་ཕྱོགས་མཚུངས་རང་ཉིད་ཀྱི་ཤེས་བྱ་ཡོན་ཏན་དང་། ཡིད་ཆེས། སྒྲིག་ཁྲིམས། ནང་གི་རྟོགས་པ། ཏིང་ངེ་འཛིན་བཅས་རང་ལ་གང་ཐོབ་པ་རྣམས་དང་། དེ་བཞིན་ཆོས་ཀྱི་འགྲེལ་བཤད་རྣམས་ཀྱང་གཞན་ལ་སྦྱིན་ཆོག་པ་ཡིན། འདི་དག་ཚང་མ་ཆོས་ཀྱི་སྦྱིན་པའི་སྡེ་ཚན་འོག་ཏུ་ཚུད་ཀྱི་ཡོད། ད་དུང་རང་ཉིད་ཀྱིས་ཕན་ཐོགས་ཅན་གྱི་གནད་དོན་གང་ཤེས་པ་ཐམས་ཅད་གཞན་དང་མཉམ་སྤྱོད་ཀྱི་ཐོག་ནས་སྦྱིན་པ་འདི་རྒྱ་སྐྱེད་དུ་གཏོང་ཆོག་པ་ཡིན།

འཇིགས་པ་ལས་སྐྱོབ་པའི་སྦྱིན་པ། ༼མི་འཇིགས་པའི་སྦྱིན་པ།༽

སྦྱིན་པ་འདིའི་རིགས་ནི་གཞན་གྱི་གནས་སྟངས་སྡུག་ཅག་ཡོད་པའི་སྐབས་སུ་རོགས་རམ་བྱེད་པ་ལ་གོ་གི་ཡོད། འདིའི་ནང་ཤན་པས་དུད་འགྲོ་སེམས་ཅན་རྣམས་སྡེབ་གསོད་བྱེད་ལ་ཉེ་བའི་སྐབས་སྲོག་བསླུ་བ་དང་། ལྕགས་ཁྲ་དང་། རླུང་ཙི། ལྷས་ར་སོགས་ཀྱི་ནང་དུ་བཅུག་བཞག་པ་རྣམས་གློད་བཀྲོལ་གཏོང་ནས་སོ་སོ་རང་དབང་ངང་འཁྱམ་འཇུག་པ་རྣམས་ཚུད་ཡོད། དེ་བཞིན་རྐྱལ་རྫིང་ནང་དུ་ལྷུངས་ནས་འབྱིང་བའི་སྦྲང་བུ་རྣམས་ཀྱི་སྲོག་སྐྱོབ་པ་དང་། མི་དང་དུད་འགྲོ་སེམས་ཅན་གྱི་རིགས་ཚ་གྲང་གི་དཀའ་སྡུག་ཤིན་ཏུ་ཆེ་བ་ལས་སྐྱོབ་པ་སོགས་དེ་དག་ཐམས་ཅད་ནི་གཞན་ཉེན་ཁ་ལས་སྲུང་སྐྱོབ་བྱེད་པ་ཡིན། གལ་ཏེ་རང་ཉིད་སྡོད་སའི་ཁང་ཁྱིམ་དུ་འབུ་སྦུར་བ་ཞིག་ཡོད་པ་མཐོང་བ་ཡིན་ན། ང་ཚོས་དེ་ལམ་སེང་སྒེའུ་ཁུང་ནས་ཕྱི་རོལ་ཏུ་མ་གཡུག་པར། དེ་ཐོག་བརྩེགས་ལྔ་དྲུག་ནས་མར་ཐང་དུ་ལྷུང་ཚེ་རྨས་སྐྱོན་རིགས་འཕོག་མིན་བརྟག་དགོས། འབུ་དེ་ལག་གིས་འཇམ་པོའི་སྒོ་ནས་ཕྱིར་འཁྱེར་ཞིང་སར་འཇོག་པ་ནི་འཇིགས་པ་ལས་སྐྱོབ་པའི་སྦྱིན་པ་ཡིན། གཞན་ཡང་ང་ཚོས་འབུ་སྲིན་དེ་རྣམས་ལ་སྨོན་ལམ་བཏབ་ནས་གསང་སྤྱོད་དུ་ཆུ་བཤལ་གཏོང་བ་སོགས་ནམ་ཡང་བྱེད་རྒྱུ་མེད། 

འདིར་ང་ཚོས་རང་གི་ཕྲུ་གུ་ཡིན་ནའང་འདྲ། རྔོན་པ་བརྒྱག་པའི་རི་དྭགས་ཡིན་ནའང་འདྲ་སྟེ། གཞན་དག་ཞེད་སྣང་སྐྱེས་པའི་སྐབས་སུ་སེམས་གསོ་གཏོང་རྒྱུ་དེ་ཡང་འཇིགས་པ་ལས་སྐྱོབ་པའི་སྦྱིན་པའི་ཁོངས་སུ་གཏོགས་པ་ཡིན། དཔེར་ན། ཞི་མིས་ཙི་ཙི་ལ་མནར་གཅོད་གཏོང་གི་ཡོད་ན། ང་ཚོས་ཙི་ཙི་དེ་རྒྱང་ཐག་རིང་ཙམ་འཁྱེར་ནས་དེ་ལས་སྐྱོབ་ཐབས་བྱེད་དགོས་པ་ལྟ་བུ་རེད།

གསང་སྔགས་ཀྱི་གཞུང་ལུགས་ནང་དུ་རང་གི་སེམས་ཀྱི་བཏང་སྙོམས་གཞན་ལ་སྦྱིན་པ་གཏོང་བའི་མི་འཇིགས་པའི་སྦྱིན་པའི་སྐོར་ལ་འགྲེལ་བཤད་རྒྱས་པ་ཡོད། འདིའི་དོན་ནི་གཞན་ལ་ཆགས་པའི་དབང་གིས་ཞེན་པ་སྐྱེ་བ་དང་། ཁོང་ཁྲོ་དང་ཞེ་སྡང་དབང་གིས་ངོས་ལེན་མི་བྱེད་པར་འདོར་བ། དེ་བཞིན་གཏི་མུག་དབང་གིས་སྣང་མེད་དུ་གཏོང་བ་སོགས་གཞན་གྱིས་རང་ལ་ཞེད་སྣང་གང་ཡང་མེད་པའི་དོན་རེད། བྱས་ཙང། ང་ཚོ་གནས་སྐབས་དེར་ཚང་མར་མཉམ་པར་འཛིན་པའི་བློ་སྒོ་འབྱེད་རྒྱུ་དེ་ཡིན་ཞིང། དེ་ནི་གཞན་སུ་ལའང་སྦྱིན་ཆོག་པའི་ངོ་མཚར་བའི་ལེགས་སྐྱེས་ཤིག་ཡིན།

བྱམས་པའི་སྦྱིན་པ།

གསང་སྔགས་ཀྱི་གཞུང་ལུགས་ནང་དུ་སྦྱིན་པའི་རིགས་བཞི་པ་ཞིག་ཀྱང་གསུངས་ཡོད་པ་ནི་བྱམས་པའི་སྦྱིན་པ་ཞེས་པ་དེ་རེད། འདི་ནི་མི་ཚང་མར་བྱམས་བརྩེའི་སྒོ་ནས་འཐམ་རེས་བྱེད་དགོས་པའི་དོན་ལ་མི་གོ་བར། གཞན་དག་ཀུན་ལ་བདེ་བ་འཐོབ་པའི་ཡིད་སྨོན་བྱེད་པ་ལ་གོ་བ་ཡིན། གང་ཟག་གཞན་ལ་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་བའི་ཡིད་སྨོན་བྱེད་པ་ནི་བྱམས་པའི་མཚན་ཉིད་ཡིན།

སྦྱིན་པ་ཡང་དག་པ་གཏོང་ཚུལ།

ང་ཚོས་ཕ་རོལ་དུ་ཕྱིན་པ་དྲུག་པོ་རེ་རེ་ནས་ཉམས་ལེན་བྱེད་པའི་སྐབས་སུའང། གཞན་ལྷག་མ་ལྔ་པོའང་མཉམ་དུ་ཉམས་ལེན་བྱེད་ཐབས་བྱེད་དགོས། སྦྱིན་པའི་ཉམས་ལེན་ལ་ཆ་མཚོན་ན།

  • ཚུལ་ཁྲིམས་དང་ལྡན་པའི་སྒོ་ནས་སྦྱིན་པ་གཏོང་བའི་སྐབས་སུ། རང་ཉིད་ཀྱི་ཞེ་གཏིང་ན་ཡོད་པའི་ཀུན་སློང་ཡང་དག་མ་ཡིན་པ་ཐམས་ཅད་སྤོང་གི་ཡོད།
  • བཟོད་པ་དང་ལྡན་པའི་སྒོ་ནས་སྦྱིན་པ་གཏོང་བའི་སྐབས་སུ། དཀའ་ངལ་གང་འདྲ་ཞིག་འཕྲད་ཀྱང་དེ་ལ་བཟོད་སྒོམ་བྱེད་ཀྱི་ཡོད།
  • བརྩོན་འགྲུས་དང་ལྡན་པའི་སྒོ་ནས་སྦྱིན་པ་གཏོང་བའི་སྐབས་སུ། སེམས་སྤྲོ་བའི་ངང་ནས་སྦྱིན་པ་གཏོང་བ་ལས། སྦྱིན་པ་གཏོང་རྒྱུ་དེ་འགན་འཁྲིའམ་འོས་འགན་ཡིན་བསམ་གྱི་མེད།
  • བསམ་གཏན་དང་ལྡན་པའི་སྒོ་ནས་སྦྱིན་པ་གཏོང་བའི་སྐབས་སུ། ང་ཚོར་སྦྱིན་པ་གཏོང་བ་ལས་དགེ་བའི་ཚོགས་གང་བསགས་པའི་བསྔོ་བ་ལ་བློ་རྩེ་གཅིག་ཏུ་གཏད་ཐུབ་པའི་ཏིང་ངེ་འཛིན་ཡོད།
  • ཤེས་རབ་དང་ལྡན་པའི་སྒོ་ནས་སྦྱིན་པ་གཏོང་བའི་སྐབས་སུ། སྦྱིན་པ་པོ་ ༼རང་ཉིད་༽ དང་ལེན་པ་པོ་ ༼སྦྱིན་ས་༽ བྱིན་པའི་དངོས་པོ་རྣམས་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱིས་གྲུབ་ཡོད་པ་ལས། རང་ངོས་ནས་གྲུབ་མེད་པ་དེ་ཡིན། དེ་ཡང་ལེན་པ་པོ་མེད་ན་སྦྱིན་པ་པོའང་མེད་པ་ཡིན།

སྦྱིན་པ་དང་ཚུལ་མིན་གྱི་ཀུན་སློང་།

ང་ཚོས་ཚུལ་བཞིན་མིན་པའི་སྒོ་ནས་སྦྱིན་པ་གཏོང་བཞིན་ཡོད་པའི་གནས་སྐབས་ཧ་ཅང་གི་མང་པོ་ཞིག་མཐོང་རྒྱུ་ཡོད་པས། དེ་རྣམས་ངེས་པར་དུ་སྤོང་དགོས། ང་ཚོས་སྦྱིན་པ་གཏོང་བའི་སྐབས་སུ། གཞན་གྱི་ཡིད་ལ་འཐད་པོ་ཞིག་ཆགས་ཀྱི་རེད་བསམ་པའི་རེ་བའམ། ཡང་ན་རང་ཉིད་ཆོས་སེམས་ཆེ་མདོག་དང་ཁྱད་དུ་འཕགས་པ་ཡིན་བསམ་པ། དེ་བཞིན་སྤྱིར་བཏང་ང་ཚོས་གཅིག་སྤྲད་པ་ཡིན་ན། དེའི་ལན་དུ་གཅིག་རག་གི་རེད་བསམ་པའམ། མཐའ་ན་གཞན་གྱིས་ཐུགས་རྗེ་ཆེ་ཞེས་པའི་ཚིག་ཙམ་ཞིག་ལས་མ་བྱུང་ནའང་དེ་དག་ལ་རེ་བ་རྒྱག་གི་ཡོད། འོན་ཀྱང་ང་ཚོས་སྦྱིན་པ་གཏོང་བའི་སྐབས་སུ། ཚུར་གཅིག་འཐོབ་འདོད་དང་གཞན་གྱི་ལན་གང་རུང་ཞིག་ལ་རེ་བ་བྱེད་པ་ནི་ཚུལ་བཞིན་མིན་པའི་སྦྱིན་པ་ཡིན་པས། མཐའ་ན་ཐུགས་རྗེ་ཆེ་ཞེས་པའི་ཚིག་ཙམ་ཞིག་ལའང་རེ་བ་རྒྱག་རྒྱུ་མེད། ང་ཚོས་སྦྱིན་པ་གཏོང་སྐབས་གཏོང་ཡུལ་གྱི་གནས་སྟངས་ཡར་རྒྱས་འགྲོ་བའི་སླད་དུ་སྦྱིན་པ་གཏོང་དགོས། དེ་ནི་གཙོ་བོ་ཁོ་རང་ཚོའི་ལས་དབང་ལ་རག་ལུས་པ་ཞིག་ཡིན། ང་ཚོས་རོགས་རམ་གང་ཐུབ་བྱེད་ཆོག་ཀྱང་། དེ་ལས་ལམ་ལྷོང་ལེགས་གྲུབ་དང་བཀའ་དྲིན་རྗེས་དྲན་གྱི་ལན་ཞིག་ལ་རེ་བ་རྒྱག་རྒྱུ་མེད།

ངས་དྲན་པ་གསོས་པ་ཞིག་ལ། རྒྱ་གར་དྷ་རམ་ས་ལའི་ཆར་དུས་ཀྱི་སྐབས་ཤིག་ལ་ཙི་ཙི་ཞིག་ཡུར་ཆུའི་ནང་བྱིངས་བཞིན་འདུག ངས་དེ་ཆུའི་ནང་ནས་ས་ཆ་སྐམ་པོ་ཞིག་གི་ཐོག་ཏུ་བཏོན་པ་དང་། དེར་ཉལ་ནས་སྡོད་བཞིན་པའི་སྐབས་སུ་བྱ་ཁྲ་ཆེན་པོ་ཞིག་ས་ཐོག་ཏུ་བབས་པ་དང་དེ་འཕྲོག་ནས་འཕུར་སོང་། དེར་བརྟེན་ང་ཚོས་རོགས་ཕན་བྱེད་ཐབས་བྱེད་ཀྱང་ཐམས་ཅད་རང་སྒེར་གྱི་ལས་ལ་རག་ནས་ཡོད་པ་ཡིན། ང་ཚོས་གཞན་ལ་བྱ་བ་ལེགས་གྲུབ་ཡོང་བའི་ཆེད་དུ་གོ་སྐབས་དང་མཐུན་རྐྱེན་ཚང་མ་སྦྱོར་ཆོག་ཀྱང་། ད་དུང་ཁོ་ཚོས་ལམ་ལྷོང་རྩ་ནས་ཡོང་མི་ཐུབ་པ་ཆགས་ཀྱི་ཡོད།

དེ་ཙམ་མ་ཟད། གལ་ཏེ་གཞན་ལ་གྲུབ་འབྲས་ལེགས་པོ་ཞིག་འཐོབ་ཀྱི་ཡོད་ན། རང་གིས་གཞན་ལ་རོགས་ཕན་བསྒྲུབས་པ་ཚང་མ་དྲན་གསོས་ཀྱིས་བྱས་ཡུས་ནམ་ཡང་ཤོད་རྒྱུ་མེད་ལ། ང་ཚོས་གཞན་དག་ལ་རོགས་པ་བྱེད་པའི་སྐབས་སུ། ཁོ་ཚོར་ཐན་ཐོགས་ཧ་ཅང་ཆེན་པོ་ཞིག་བྱེད་ཀྱི་ཡོད་བསམས་ནས་མཐོང་ཆུང་རྩ་ནས་བྱ་རྒྱུ་མེད། དོན་ངོ་མར་ཁོ་ཚོས་ང་ཚོ་ལ་རོགས་རམ་བྱེད་ཀྱི་ཡོད། དེ་ཡང་ང་རང་ཚོ་སངས་རྒྱས་ཀྱི་གོ་འཕང་དུ་འདྲེན་པའི་ཚོགས་དང་བསོད་ནམས་སོགས་དགེ་བ་གསོག་འཇུག་གི་ཡོད་པ་དང་། ང་ཚོས་གཞན་དག་ལ་རོགས་རམ་གང་ཐུབ་ཅི་ཐུབ་བསྒྲུབ་ཐུབ་པར་བྱེད་ཀྱི་ཡོད།

དེ་བཞིན་ནག་ཉེས་སམ། ཡང་ན་འགྱོད་སེམས་དང་འགན་འཁྲི་ཡོད་པའི་སྒོ་ནས་སྦྱིན་པ་གཏོང་བ་དེ་ཡང་ཚུལ་བཞིན་མ་ཡིན་པའི་ཀུན་སློང་། དཔེར་ན། མི་གཞན་ཞིག་གིས་ཞལ་འདེབས་རྒྱག་པ་ཡིན་ན། ང་ཚོས་ཀྱང་དེ་ག་ནང་བཞིན་ལད་ཟློས་བྱེད་པ་མ་ཟད། ད་དུང་ཡང་དེ་ལས་མང་བ་སྦྱིན་པ་བཏང་ནས་གཞན་དག་ཟིལ་གྱིས་གནོན་དགོས་པ་ལྟ་བུའི་ཚོར་བ་རྣམས་ནི་ཚུལ་མིན་གྱི་སྦྱིན་པ་ཡིན།

སྦྱིན་པ་དང་ཚུལ་མཐུན་གྱི་ཀུན་སློང་།

སྦྱིན་པ་ཉམས་ལེན་བྱེད་པའི་གནས་སྐབས་སུ་ང་ཚོའི་བསམ་བློ་གཙོ་བོ་ནི། སྦྱིན་པའི་ཡུལ་དེར་འཕྲལ་ཕུགས་གཉིས་ལ་ཕན་ཐོགས་པའི་བསམ་པ་ཞིག་དགོས། ང་ཚོས་དེ་ལྟར་ལེགས་གྲུབ་བྱུང་རུང་མ་བྱུང་རུང་གང་ཐུབ་ཀྱིས་ཐབས་ཤེས་བྱེད་དགོས་ལ། མ་མཐར་ཡང་བསམ་བློ་དེ་འདྲའི་ཐོག་འབད་བརྩོན་ཡིན་གཅིག་མིན་གཅིག་བྱེད་དགོས། འོན་ཀྱང་དེ་ནི་ “ངས་སེམས་ཅན་ཐམས་ཅད་ལ་རོགས་ཕན་བྱེད་འདོད་དངོས་གནས་འདུག་’’ ཅེས་བསམ་བློའི་འཆར་སྣང་ཙམ་ཞིག་ལ་ཟེར་བ་མ་ཡིན་པར། ང་ཚོས་གཞན་ལ་ཟས་སྣོད་འཁྲུ་རོགས་བྱེད་དགོས་བྱུང་ནའང་འཁྲུ་དགོས་ཀྱི་ཡོད།

སྦྱིན་པ་ནི་ཕྱོགས་གཉིས་ཀ་ནས་འགྲོ་ཐུབ་ངེས་རེད། གལ་ཏེ་གཞན་གྱིས་གཏོང་ཕོད་ཆེན་པོས་རང་ལ་རོགས་ཕན་བྱེད་འདོད་ཡོད་ན། ང་ཚོས་ཁེངས་དྲེགས་ཅན་ཆགས་ནས་གཞན་གྱི་འགྲོན་བརྡ་དང་ལག་རྟགས་རྣམས་ངོས་ལེན་མི་བྱེད་པ་དེ་འདྲ་བྱ་རྒྱུ་མེད། མི་མང་པོ་ཞིག་གིས་གཞན་གྱིས་རང་ལ་ཅ་དངོས་སོགས་ཉོ་ཐབས་བྱེད་པའམ། ཐ་ན་དགོང་ཟས་སྟབས་བདེ་ཞིག་གཏོང་ཐབས་བྱེེད་སྐབས་ངོས་ལེན་བྱེད་ཀྱི་མེད། དེ་ལྟར་བྱེད་པས་ང་ཚོས་ཁོ་ཚོའི་ཚོགས་དང་བསོད་ནམས་གསོག་པའི་གོ་སྐབས་དེ་མེད་པ་བཟོ་གི་ཡོད། ངོ་མ་བྱས་ན་བྱང་ཆུབ་སེམས་དཔའི་སྡོམ་པའི་ནང་དུ་གཞན་ལ་གནོད་པའི་རིགས་མིན་ཚེ། གཞན་གྱི་མགྲོན་བརྡ་དང་རོགས་རམ་བྱེད་པ་སོགས་དང་ལེན་བྱེད་དགོས་པར་གསུངས་ཡོད།

ཐེངས་མ་གཅིག་ང་ཨི་ཊ་ལི་རྒྱལ་ཁབ་ཏུ་སེར་ཀོང་རིན་པོ་ཆེ་དང་ལྷན་དུ་འགྲུལ་བཞུད་བྱེད་བཞིན་པའི་སྐབས། མི་སྐོར་ཞིག་གིས་ཁོང་གི་དྲུང་དུ་བཅར་ནས་བཀའ་འདྲི་ཁ་ཤས་ཞུས་སོང་། དེ་ནས་ཁོ་ཚོ་ཕྱིན་ཚར་བའི་རྗེས་སུ་སྒོ་འགྲམ་གྱི་ཅོག་ཙེའི་སྟེང་དུ་ཡིག་སྐོག་གཅིག་བཞག་འདུག སྐབས་དེར་སེར་ཀོང་རིན་པོ་ཆེ་མཆོག་གིས་ང་ལ་གནད་དོན་གལ་ཆེན་པོ་ཞིག་གསུངས་པ་ནི། “འདི་ནི་བླ་མར་ཚུལ་མཐུན་གྱི་འབུལ་སྟངས་ཤིག་རེད། ནང་དུ་ཡོང་མཁན་མི་དེ་དག་གིས། བླ་མས་འབུལ་བ་དེ་སུས་ཕུལ་མིན་མཁྱེན་རྟོགས་ཡོང་བ་དང་དེ་ལ་རྗེས་སུ་ཡི་རང་གིས་གཟིགས་ཚུལ་ཡག་ག་ཡོང་གི་རེད་བསམས་ནས་འབུལ་རྒྱུ་ཆེན་པོ་ཞིག་ཡོད་མདོག་མདོག་གིས་བླ་མ་སྐུ་སྒེར་གྱི་ཕྱག་ཏུ་མ་ཕུལ་བ་རེད།” ཅེས་གསུངས་སོང། དེར་བརྟེན་རྟག་ཏུ་སྦྱིན་པ་གཏོང་སྐབས་གཤོམ་སྟོན་ཆེན་པོ་མི་བྱེད་པར་ཁུ་སིམ་མེར་མངོན་གསལ་དོད་པོ་མེད་པར་སྦྱིན་ན་ཡག་ག་ཡོད། འདི་ལྟ་བུའི་སྤྲོ་སྣང་དང་གུས་ཞབས་ལྡན་པའི་སྒོ་ནས་གཏོང་དགོས་པ་ནི་སྦྱིན་པ་ཡག་ཤོས་དེ་ཡིན།

ང་ཚོས་གཞན་ལ་ག་རེ་སྦྱིན་པ་གཏོང་འཆར་ཡོད་ཀྱང་གཞན་དེ་ལ་སྒུག་འཇུག་པའམ། ཡང་ན་རོགས་པ་བྱེད་ཀྱི་ཡིན་ཟེར་ནའང་དེ་སང་ཉིན་བྱེད་ཀྱི་ཡིན་ཟེར་རྒྱུ་མེད། འདི་ནི་མཆོད་པ་འབུལ་བ་དང་ཏོག་ཙམ་འདྲ་པོ་ཡོད། སེར་ཀོང་རིན་པོ་ཆེ་མཆོག་༸གོང་ས་མཆོག་གི་ཡོངས་འཛིན་གྱི་གྲས་ཤིག་ཡིན་པས། མི་མང་པོས་ཁོང་ལ་མཇལ་ཁ་ཞུ་བར་ཡོང་གི་ཡོད། དེ་དག་ཁྲོད་དུ་ཁོང་ལ་གཟིགས་ཚུལ་ལ་བསམ་ཤེས་མེད་པ་དང་ཏོག་ཙམ་ཁྱད་མཚར་པོ་ཞིག་བྱུང་བ་ཡང་། ཁོང་མཇལ་བཅར་ཞུ་མི་ཚོས་ཁོང་གི་སྐུ་མདུན་དུ་ཐད་ཀར་མ་སླེབས་པར་སྒུག་སྡོད་ཅིང་། སྐུ་མདུན་དུ་འབྱོར་མཚམས་ཕྱག་འཚལ་མཆོད་འབུལ་སོགས་གྲ་རྒྱས་པོ་བྱེད་སྲོལ་ཡོད་པ་དེ་ཡིན། ཁོང་གིས་ “དེ་ལྟར་བྱེད་པ་ཚང་མ་ངའི་དུས་ཚོད་འཕྲོག་བརླག་རེད། ངས་ཁོ་ཚོའི་ཕྱག་འཚལ་བ་དེ་ངེས་པར་དུ་མཐོང་དགོས་པ་མ་རེད། ཁོ་ཚོའི་ཕྱག་འཚལ་བའི་ཕན་ཡོན་ནི་ང་ལ་ཡོད་མ་རེད། ཁོ་ཚོས་ནང་དུ་མ་འཛུལ་གོང་ནས་ཕྱག་འཚལ། དེས་ནས་རང་ཉིད་ཀྱི་གང་ཞུ་འདོད་པ་དེ་ང་ལ་ཐད་ཀར་བཤད་ན་འགྲིག་གི་རེད།” ཅེས་གསུངས། བོད་མི་ཚོས་བླ་མར་མཇལ་དར་འབུལ་བ་དང་ཕྱག་འཚལ་བ་སོགས་རྒྱུན་ལྡན་གྱི་གོམས་སྲོལ་ཞིག་ཡིན་ཡང་། དེ་བླ་མའི་ཐུགས་ལ་འཐད་པ་ཞིག་ཡོང་བའི་ཆེད་དུ་བྱ་རྒྱུ་མེད། ཕྱག་འཚལ་བས་རང་ཉིད་ལ་ཕན་ཐོགས་ཡོད་པ་ལས་བླ་མ་ལ་ཁྱད་པར་གང་ཡང་མེད་པ་དེ་དྲན་དགོས།

རང་ཉིད་སྒེར་ནས་སྦྱིན་པ་གཏོང་བ།

དངོས་པོ་གང་ཞིག་སྦྱིན་པ་གཏོང་བར་བློ་ཐག་གཅོད་ཀྱི་ཡོད་ནའང། གཙོ་ཆེ་ཤོས་ནི་རང་ཉིད་སྒེར་གྱི་ངོས་ནས་སྦྱིན་པ་གཏོང་དགོས་པ་དེ་ཡིན། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ་ཉེ་གནས་ཤིག་ཡོད་པ་དེས་བླ་མའི་ཡོན་ཆབ་འབུལ་རྒྱུ་སོགས་མཆོད་འབུལ་གྱི་རིགས་ཐམས་ཅད་བྱེད་འདོད་ཡོད་པར། ཇོ་བོ་རྗེས་ “དེ་རྣམས་ང་རང་སྒེར་གྱི་ངོས་ནས་བྱ་རྒྱུ་གལ་ཆེན་པོ་རེད། ཁྱོད་ཀྱིས་ངའི་ཆེད་དུ་ཟས་ཀྱང་བཟའ་རྒྱུ་ཡིན་ནམ།” ཞེས་གསུངས་པ་ལྟ་བུ་རེད། བྱས་ཙང་། ང་ཚོར་དུས་ཚོད་ག་དུས་བྱུང་ནའང་སོ་སོ་སྒེར་གྱི་ངོས་ནས་སྦྱིན་པ་གཏོང་དགོས་ཀྱི་ཡོད།

གལ་ཏེ་སྦྱིན་པ་གཏོང་རྒྱུ་ཐག་གཅོད་བྱེད་པ་ཡིན་ན། དེ་ནས་བསམ་བློ་འགྱུར་བ་གཏོང་བའམ། ཡང་ན་དེའི་རྗེས་སུ་འགྱོད་སེམས་ཀྱིས་སྦྱིན་ཟིན་པའི་དངོས་པོ་ཚུར་ལ་ལེན་རྒྱུ་མེད། དེར་མ་ཟད། དངོས་པོ་གང་ཞིག་སྦྱིན་ཟིན་པའི་རྗེས་ནས་རང་ཉིད་ཀྱི་འདོད་པ་ནང་བཞིན་བེད་སྤྱོད་གཏོང་དགོས་པའི་ཨུ་ཚུགས་ཀྱང་བྱེད་རྒྱུ་མེད། དེ་དམིགས་བསལ་གཞན་ལ་དངུལ་སྦྱིན་པའི་སྐབས་ག་འདྲ་བྱས་ནས་བེད་སྤྱོད་གཏོང་དགོས་མིན་སྐོར་ཨུ་ཚུགས་ཀྱིས་ནན་བསྐུལ་བྱེད་པ་ཡོང་གི་ཡོད། དེ་ནི་རང་གིས་གཞན་ལ་འདྲ་པར་ཞིག་བྱིན་པ་དང་། དེ་རྗེས་ཁོའི་ཁྱིམ་དུ་བསྐྱོད་ནས་དེ་གྱང་སྟེང་ལ་བཀལ་མེད་ན། ང་ཚོ་ཏོག་ཙམ་གནོད་པའི་ཚོར་བ་ཡོང་གི་ཡོད་པ་ལྟ་བུ་རེད། དངོས་གནས་བྱས་ན་དངོས་པོ་གང་ཞིག་གཞན་ལ་བྱིན་ཚར་བའི་རྗེས་ཐོག་ནས་དེ་རང་གི་མ་རེད། གཞན་ལ་དག་ཚར་བ་རེད།

ངས་དྲན་པ་གསོས་པ་ཞིག་ལ། སྔོན་མ་དྷ་རམ་ས་ལར་དགོན་པ་ཞིག་འདུག དགོན་པའི་ཞལ་ལག་གི་སྤུས་ཀ་ཧ་ཅང་གི་ཞན་པའི་རྐྱེན་གྱིས། གྲྭ་པ་རྣམས་གཟུགས་གཞི་ཞེ་དྲགས་བདེ་ཐང་མེད་པར་གྱུར་བས། ང་ཚོ་ནུབ་ཕྱོགས་པ་ཚོའི་ཁྲོད་ནས་མ་དངུལ་བསྡུ་རུབ་ཀྱིས་ཞལ་ལག་ཡར་རྒྱས་ཡོང་ཆེད་དངུལ་ཕུལ་བ་རེད། རྗེས་སོར་ཁོ་ཚོས་དངུལ་དེ་མུ་མཐུད་དགོན་པ་གསར་རྒྱག་དང་ལྷ་ཁང་ཡར་རྒྱས་ཀྱི་ཆེད་དུ་སོ་ཕག་ཉོས་འདུག དེ་ཡིས་དངུལ་རྣམས་དགོན་པའི་ལྟོ་དོད་ཆེད་བེད་སྤྱོད་གཏོང་དགོས་པར་འབུལ་མཁན་གྱི་ནུབ་ཕྱོགས་པ་མང་པོ་ཞིག་ལ་བློ་ཕམ་བྱུང་ཡོད། དེའི་སྐབས་སུ་ཐབས་ལམ་ག་རེ་ཡོད་ཅེ་ན། གལ་ཏེ་དོན་དངོས་ཁོ་ཚོའི་ཞལ་ལག་ཡར་རྒྱས་གཏོང་འདོད་ན། ཞལ་ལག་རང་ཉོས་ནས་སྦྱིན་དགོས་ཀྱི་ཡོད། དེ་ནས་ཁོ་ཚོས་ཞལ་ལག་མཆོད་ངེས་རེད། བྱས་ཙང་། དེའི་ཐོག་ལ་ང་ཚོ་རང་ངོས་གྲུང་ཙམ་བྱེད་དགོས། ད་དུང་གནད་དོན་གཞན་ཞིག་ནི། ང་ཚོས་ཁོ་ཚོས་མཉེས་པོ་བྱེད་པའི་བཟའ་ཆའི་རིགས་ཉོ་ཆ་རྒྱག་ན་འགྲིག་པ་ཡིན། ཡིན་ནའང་བོད་ཚོ་ཤ་ལ་དགའ་པོ་ཡོད་པས། ནུབ་ཕྱོགས་པ་སྐོར་ཞིག་གིས་དེ་ངོས་ལེན་བྱེད་མི་སྲིད་ཀྱང་། ཁོ་ཚོས་མཆོད་མྱོང་མེད་པའི་ཏོ་ཕུ་སོགས་ཉོས་ནས་ཕུལ་ན་འོས་ཤིང་མཚམས་པ་ཞིག་མེད།

ངས་སེར་ཀོང་རིན་པོ་ཆེ་མཆོག་ཕལ་ཆེར་ཉིན་ལྟར་མཇལ་གྱི་ཡོད་ཀྱང་། ངས་མཇལ་ཐེངས་རེར་རྟག་པར་འབུལ་རྒྱུ་གཅིག་འཁྱེར་ནས་འགྲོ་གི་ཡོད། དེ་ལྟར་དུས་ཡུན་གང་ཙམ་ཕྱིན་རྗེས་ཁོང་གིས། “ཁྱོད་ཀྱིས་ག་རེ་བྱས་ནས་ང་ལ་ཁ་བཏགས་དང་སྤོས་འདི་དག་འཁྱེར་ཡོང་གི་ཡོད། ང་ལ་གད་སྙིགས་འདི་དག་མི་དགོས།” ཞེས་བཀའ་བཀྱོན་གནང་སོང་། ཁོང་གིས་དེ་རྣམས་གད་སྙིགས་རེད་གསུངས་སོང་། དེ་ནས་ཁོང་གིས་ “ཁ་བཏགས་སྟོང་ཕྲག་མང་པོ་འདི་འདྲ་ངས་ག་རེ་བྱེད་དགོས་རེད་” ཅེས་དང། “གལ་ཏེ་ཁྱེད་རང་ང་ལ་ཅ་ལག་འཁྱེར་དགོས་ན། ངས་དགའ་མོས་བྱེད་ས་དང་བེད་སྤྱོད་ཐུབ་པ་དེ་འདྲའི་རིགས་འཁྱེར་ཤོག་དང་།” ཞེས་ཀྱང་གསུངས་སོང་། ངས་ཁོང་ཤིང་ཏོག་ངང་ལག་ལ་མཉེས་པོ་ཡོད་པ་ཤེས་ཡོད་པས། ངས་ཁོང་ལ་ངང་ལག་ཕུལ་གྱི་ཡོད། གལ་ཏེ་ང་ཚོས་གཞན་ལ་སྦྱིན་པ་གཏོང་འདོད་ཡོད་ན། ངེས་པར་དུ་ཐབས་མཁས་པོ་དང་གཞན་དག་གང་ལ་དགའ་མོས་ཡོད་པ་རྣམས་སྦྱིན་དགོས། ང་ལ་ཡིད་ཆེས་བྱོས་དང་། བླ་མ་ཁོང་རྣམ་པ་ལ་སྤོས་འདང་ངེས་ཡོད་པ་ངས་ཐག་གཅོད་བྱེད་ཆོག

དེ་དང་ཕྱོགས་མཚུངས་གང་ཕུལ་བ་དེ་སྤུས་དག་ཅིག་འབུལ་དགོས་པ་དེ་གལ་ཆེན་པོ་ཡིན་པ་ལས། རང་ཉིད་ཀྱིས་དགའ་པོ་མེད་པ་དང་བེད་སྤྱོད་མེད་པའི་རིགས་འབུལ་ན་མི་འགྲིག དངོས་རྫས་ལ་རྩ་བ་ནས་ངོས་ལེན་མི་བྱེད་མཁན་གྱི་མིའི་རིགས་ལ་ང་ཚོས་ “འདི་ང་ལ་མི་ཞིག་གིས་སྤྲད་སོང་། ངས་འདི་ནམ་ཡང་བེད་སྤྱོད་གཏོང་ཡག་མིན། བྱས་ཙང་། འདི་བཞེས་རོགས་གནང་། ངས་འདི་ཕྱིར་གཡུག་འདོད་མི་འདུག” སོགས་བརྗོད་ཆོག་པ་ཡིན། དེ་མིན་ད་དུང་འོས་ཤིང་མི་འཚམས་པའི་དངོས་པོ་སྦྱིན་པ་གཏོང་བ་ལ། དཔེར་ན། ཤ་མི་བཟའ་མཁན་གྱི་མི་ལ་ཤ་བག་ལེབ་སོགས་སྦྱིན་ན་མི་འགྲིག་པ་ཡིན། གལ་ཏེ་མི་ཞིག་ནམ་རྒྱུན་ཚད་ངེས་ཅན་གྱི་ཟས་རིགས་ལ་བརྟེན་གྱི་འདུག་ན། ང་ཚོས་ཀྱང་དེ་དང་མཉམ་དུ་འགྲོ་དགོས། ང་ཚོས་ཚད་ངེས་ཅན་གྱི་ཟས་རིགས་ལ་ཧ་ཅང་དམ་བསྒྲགས་ཀྱིས་བརྟེན་མཁན་རིགས་ལ་འཁུར་ར་སོགས་སྟེར་རྒྱུ་མེད།

ཆོས་ཀྱི་སྦྱིན་པ།

ཆོས་ཀྱི་སྦྱིན་པའི་སྟེང་ནས་བཤད་ན། གལ་ཏེ་མི་ཞིག་གིས་ཀུན་སློང་ཁོང་ཁྲོ་དང་། འདོད་ཆགས། རང་རློམས། ཡང་ན་དོན་མེད་ཁྱད་མཚར་མཚར་གྱིས་རང་ཉིད་དང་རྟགས་གསལ་ལམ་རྩོད་པ་རྒྱག་འདོད་ཡོད་པར་བཤད་སྐབས། ང་ཚོས་དེར་རྩོད་པ་རྒྱག་རྒྱུ་མེད་ལ་ནང་པའི་དཔེ་ཆ་སོགས་སྦྱིན་རྒྱུ་མེད། ང་ཚོས་ཡུལ་སྣོད་ལྡན་དང་གོ་ཤེས་ཅན་ཁོ་ན་ལ་ཆོས་ཀྱི་བགྲོ་གླེང་དང་སློབ་འཁྲིད་བྱེད་དགོས། གལ་ཏེ་མི་དེ་ཆོས་ཀྱི་སྣོད་ལྡན་ཞིག་མ་ཡིན་པའམ་གོ་ཤེས་ཅན་ཞིག་མིན་ན། དེ་དང་མཉམ་དུ་ཆོས་ཀྱི་བགྲོ་གླེང་དང་སློབ་འཁྲིད་བྱ་རྒྱུ་ནི་མི་འོས་པ་ཞིག་ཡིན། ངོ་མ་བྱས་ན་དེ་ནི་ཕན་ཚུན་གཉིས་ཀའི་དུས་ཚོད་འཕྲོ་བརླག་རེད་ལ། དེས་ཕ་རོལ་པོའི་ཞེ་སྡང་དང་སེམས་ཀྱི་གནས་བབས་ངན་པ་ལ་མཐུན་རྐྱེན་སྦྱོར་གྱི་ཡོད། ང་ཚོས་མི་བློ་རྒྱ་ཆེ་ལ་གུ་ཡངས་པོ་དང་ཤེས་འདོད་དང་སྦྱོང་འདོད་ཡོན་མཁན་རྣམས་ལ་སློབ་འཁྲིད་བྱེད་དགོས།

སློབ་འཁྲིད་བྱེད་སྐབས་ཀྱང་གང་ཟག་གི་བློའི་གནས་ཚད་ལ་གཞིགས་པའི་སློབ་དགོས། རང་ཉིད་མཁས་མདོག་དང་སྤྱང་མདོག་སྟོན་པའི་ཆེད་དུ། རང་ཉིད་ཀྱིས་གང་ཤེས་པའི་རྒྱ་མཚོ་ལྟ་བུའི་ཤེས་བྱ་ཡོན་ཏན་ཡོངས་སུ་རྫོགས་པ་ཁོ་ཚོའི་སྟེང་དུ་སྤུངས་དགོས་པ་མིན། ཕ་རོལ་པོ་ལ་བྲོ་བ་ཅུང་ཙམ་མ་སླེབས་གོང་ལ་གནས་ཚད་ཧ་ཅང་གི་མཐོ་པོ་བསླབ་རྒྱུ་མེད། གལ་ཏེ་མཚམས་མཚམས་གནས་ཚད་མཐོ་པོའི་རིགས་བསླབས་ན། ཁོང་ཚོས་དེའི་དོན་རྟོགས་ནས་སློབ་སྦྱོང་ལ་འབད་རྩོན་བྱ་རྒྱུའི་སྐུལ་མ་ཐེབས་པ་དང་། མི་ཞིག་ཏོག་ཙམ་ཧམ་པ་ཚ་པོ་དང་ཆེ་འདོད་ཚ་པོ་ཡོད་ན། དེ་ལའང་ཕན་ཐོགས་ཆེན་པོ་ཡོད། མཚམས་རེར་༸གོང་ས་མཆོག་གིས་ཀྱང་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་ལ་སོགས་པ་ལ་ཧ་ཅང་གི་མགོ་རྙོག་པོའི་ཐོག་ནས་འགྲེལ་བཤད་གནང་གི་ཡོད། དེས་ནང་པ་སངས་རྒྱས་པའི་ཆོས་འདི་ནི་ཟབ་ཅིང་རྒྱ་ཆེ་བ་ཞིག་ཡིན་པ་སྟོན་པའི་ཆེད་དུ་ཡིན། དེས་ནང་པ་སངས་རྒྱས་པའི་ཆོས་ནི་དར་སྲོལ་རྙིང་པ་དང་རྗེས་ལུས་ཙམ་རེད་སྙམ་པའི་ལྟ་ཚུལ་གང་ཡོད་པ་དེ་མེད་པར་བཟོ་བ་ལ་ཕན་གྱི་ཡོད།

ངས་དྲན་པ་གསོས་པ་ཞིག་ལ། ཐེངས་གཅིག་སེར་ཀོང་རིན་པོ་ཆེ་མཆོག་ནུབ་ཕྱོགས་ཀྱི་ཆོས་ཚོགས་ཤིག་ལ་ཆོས་གསུང་བར་ཕེབས་པའི་སྐབས། ཆོས་ཞུ་བ་ཚོས་སློབ་དཔོན་ཞི་བ་ལྷའི་གཞུང་ལས་གསུངས་པའི་སྟོང་པ་ཉིད་ཀྱི་ལེའུ་དེ་ཉིན་གཉིས་ཀྱི་ནང་གསུངས་རོགས་ཞུས་པས། དེ་ནི་དངོས་གནས་སྤྱིར་བཏང་ལམ་ལུགས་དང་འགལ་བ་ཞིག་རེད། ལེའུ་དེ་གཅིག་པུར་ཡང་ཞིབ་ཚགས་ཀྱིས་སྦྱངས་ན་ལོ་གཅིག་ཙམ་འགོར་བའི་གཞུང་ཞིག་རེད། རིན་པོ་ཆེས་གཞུང་དེ་ནི་ཟབ་ཅིང་རྒྱས་པ་ཞིག་ཡིན་པར་མཚོན་ཆེད་ལེའུ་དབུ་ནས་ཚིག་འགའ་ཤས་ཧ་ཅང་གི་གནས་ཚད་མཐོ་པོ་དང་མགོ་རྙོག་པོའི་ཐོག་ནས་འགྲེལ་བཤད་གནང་སོང་བས། ཁོང་གིས་གང་ཞིག་འཁྲིད་གནང་གི་ཡོད་མིན་མི་སུས་ཀྱང་གོ་དོན་མ་རྟོགས་པ་དང་། སྤྱིར་དེ་འདྲའི་གཞུང་ལུགས་ཤིག་ཉིན་གཉིས་ཙམ་གྱི་ནང་དུ་སློབ་འཁྲིད་བྱེད་ཐུབ་པ་དང་རང་རྒྱུད་ལ་སྦྱོར་ཐུབ་ཟེར་བ་ནི། ག་འདྲའི་ཆེ་འདོད་དང་ཁེངས་དྲེགས་ཡོད་པ་དེ་བསྟན་པ་རེད། དེ་ནས་ཁོང་གིས་ཁོ་ཚོའི་གནས་ཚད་ཀྱི་ཐོག་བབས་ནས་གཞུང་གི་ཆ་ཤས་ཆུང་ངུ་ཞིག་སྤྱིའི་གོ་དོན་ལ་འགྲེལ་བཤད་གནང་བཞིན་ལྷོད་ལྷོད་ངང་སློབ་འཁྲིད་གནང་སོང་།

དེ་ག་ནང་བཞིན་༸གོང་ས་མཆོག་གིས་ཆོས་ཞུ་བ་མང་པོ་འཛོམས་སར་བཀའ་འཁྲིད་གནང་སྐབས། ཁོང་གིས་ཆོས་ཞུ་བའི་གནས་ཚད་ལ་གཞིགས་པའི་ཆོས་ཁྲིད་ཉུང་ངུ་གནང་གི་ཡོད། དེ་མིན་བླ་ཆེན་མཁན་པོ་དགེ་བཤེས་སོགས་མཁས་པ་ཚོགས་པའི་ཁྲོད་དུ། ཁོང་གིས་ཀྱང་གནས་ཚད་ཤིན་ཏུ་མཐོ་བའི་སྒོ་ནས་བཀའ་འཁྲིད་གནང་གི་ཡོད། དེ་ག་རེ་མཚོན་གྱི་ཡོད་ཅེ་ན། ཁོང་གི་མཁྱེན་ཡོན་ནི་ཀུན་ལས་ལྷག་པས་བླ་ཆེན་མཁན་པོ་དགེ་བཤེས་སོགས་ཀྱི་གནས་ཚད་ཀྱི་སྟེང་ནས་བཀའ་འཁྲིད་གནང་ཐུབ་ཅིང་། དེ་ནས་ཁོང་ཚོས་རང་གི་དགེ་ཕྲུག་ཚོར་མགོ་རྙོག་པོ་མིན་པར་གོ་སླ་པོའི་སྟེང་ནས་འཁྲིད་ཐུབ། དེ་འདྲའི་གནས་སྟངས་སྐབས་སུ་གནས་ཚད་དམའ་ཤོས་ཀྱི་ཆ་ལ་བབས་ནས་སློབ་འཁྲིད་བྱེད་རྒྱུ་མེད། གང་ཡིན་ཟེར་ན། གཞན་གྱིས་གནས་ཚད་དེ་གཞིར་བྱས་ནས་བསླབ་ཐུབ་པས་ཡིན། གནས་ཚད་མཐོ་ཤོས་ནས་འཁྲིད་ན་རང་ཉིད་ཀྱི་ཤེས་ཚད་དང་གནས་ཚད་གང་ཡིན་པ་དེའི་སྟེང་དུ་མར་འབབ་ཐུབ་ཀྱི་ཡོད།

མཐའ་དོན་གལ་ཆེ་ཤོས་ནི་དགོས་མཁོ་དང་ལྡན་པ་རྣམས་ལ་སྦྱིན་དགོས་པ་ལས། མི་ཞིག་ལ་དགོས་མཁོ་མེད་ཀྱང་། འདོད་རྔམས་དང་ཆགས་པའི་དབང་གིས་གཅིག་དགོས་འདོད་བྱེད་པ་ལྟ་བུ་ནི། ཕྲུ་གུ་བྱིས་པ་རྣམས་ཉིན་གང་བྱི་རིལ་སོགས་མངར་ཆ་ཟ་འདོད་པ་ནང་བཞིན་ཡིན་པས། དེ་དག་ལ་སྦྱིན་ན་འོས་ཤིང་འཚམས་པ་ཞིག་མ་རེད། ང་ཚོས་རང་གི་རྣམ་དཔྱོད་བེད་སྤྱོད་བྱས་ནས་ཐག་གཅོད་བྱེད་དགོས་ཤིང་། གནས་དུས་གང་ཟག་སུ་དང་གང་ཞིག་ལ་སྦྱིན་ན་འོས་པ་དང་མི་འོས་པ་རྣམ་པར་འབྱེད་དགོས། དེ་ལ་ཆོས་རྒྱམ་དྲུང་པ་རིན་པོ་ཆེས་ “གླེན་པའི་སྙིེང་རྗེ།” ཞེས་མིང་ཚིག་ཧ་ཅང་ཡག་པོ་ཞིག་གསར་བཟོ་གནང་ཡོད། ང་ཚོས་གཞན་ཐམས་ཅད་ཀྱི་དགོས་མཁོ་བསྐོང་མི་ནུས་ཤིང་། དེ་ལྟར་བསྐོང་ཐབས་བྱེད་པའང་བྱབ་ཆུང་དང་གླེན་རྟགས་ཤིག་རེད། དེ་འདྲ་སོང་ཙང། ང་ཚོའི་སྦྱིན་པ་གཏོང་ཚུལ་དེ་ཤེས་རབ་དང་མཐུན་པ་ཞིག་ངེས་པར་དུ་དགོས་པ་ཡིན།

ཕྱོགས་བསྡོམས།

སྦྱིན་པའི་ཉམས་ལེན་བྱེད་པར་རང་ཉིད་ཕྱུག་པོ་དང་རྒྱུ་ནོར་ལོངས་སྤྱོད་མང་པོ་ཡོད་མཁན་ཞིག་ཡིན་མི་དགོས། རང་ཉིད་ས་ཆ་གང་ཞིག་ཏུ་ལས་ཀ་གང་འདྲ་ཞིག་བྱེད་ཀྱི་ཡོད་ཀྱང་རུང། རང་ཉིད་ཀྱི་རྔུབས་པའི་རླུང་གསོས་པ་དང་། དགའ་སྐྱིད་ངང་རོལ་བའི་ནུམ་ཁའི་མཛེས་སྡུག་ལྡན་པའི་ཉི་མ། ཟ་རྒྱུའི་ཟས་ཞིམ་པོ་སོགས་ཡོད་ཚད་གཏོང་བའི་སེམས་དང་མཉམ་སྤྱོད་ཀྱི་སེམས་ཡོད་པའི་སྒོ་ནས་གཏོང་ཕོད་ཅན་གྱི་སེམས་ཤིག་སྐྱེད་འགོ་བཙུག་ཆོག རང་ཉིད་ཀྱི་དགའ་བདེ་གང་མྱོང་བ་དེ་གཞན་ལ་སྦྱིན་པའི་ཡིད་སྨོན་བྱེད་པ་ནི། གཞན་དག་ལ་དངོས་སུ་གང་ལ་གང་དགོས་སྦྱིན་པའི་གོམ་པ་རྗེས་མའི་གཞི་རྟེན་དེ་ཡིན།

གལ་ཏེ་ང་ཚོས་ཐུབ་ཀྱི་འདུག་ན། གཞན་དག་ལ་རྒྱུ་དངོས་སོགས་ཟང་ཟིང་གི་སྦྱིན་པ་གཏོང་རྒྱུ་ནི་ཧ་ཅང་ཕན་ཐོགས་ཆེན་པོ་ཞིག་རེད། དེ་མིན་ང་ཚོས་རང་གི་དུས་ཚོད་དང་ནུས་པ་སོགས་ཀྱང་སྦྱིན་པ་གཏོང་ཆོག་པ་ཡིན། ང་ཚོས་སྤྲོ་བའི་ངང་ནས་ཀུན་སློང་བཟང་པོའི་སྦྱིན་པ་བཏོང་བའི་སྐབས་སུ། སྦྱིན་པ་དེ་སོ་སོ་རང་ཉིད་དང་གཞན་ཚང་མའི་བདེ་སྐྱིད་དང་ལོངས་སྤྱོད་ལ་ཉེན་སྲུང་ཐུབ་པའི་དགེ་བའི་ནུས་པ་ཧ་ཅང་སྟོབས་ཆེན་པོ་ཡོང་བ་ཆགས་ཀྱི་ཡོད།།

Top