མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་བ།
ལོ་མང་པོའི་ནང་ང་རང་ཚོའི་ལུས་པོ་འགྱུར་བ་ཕྱིན་ཡོད། སྤྱིར་བཏང་ནས་བཤད་ན། ཐ་ན་སེམས་དོན་རིག་པའམ་སྒོམ་སྒྲུབ་ཀྱིས་འགྱུར་ལྡོག་དེ་འགོག་མི་ཐུབ། ང་ཚོ་མི་རྟག་པ་ཡིན་ཅིང་། སྐད་ཅིག་སྐད་ཅིག་གིས་འགྱུར་བ་འགྲོ་གི་ཡོད། དེ་ནི་རང་བཞིན་ཡིན། དུས་ཚོད་ནི་རྟག་ཏུ་འགྲོ་བསྡད་ཀྱི་ཡོད། སྟོབས་ཤུགས་གང་གིས་ཀྱང་དེ་འགོག་མི་ཐུབ། དེར་བརྟེན་དྲི་བ་ངོ་མ་ནི་ང་ཚོས་དུས་ཚོད་བེད་སྤྱོད་མ་ནོར་བ་གཏོང་གི་ཡོད་དམ་མེད་ཟེར་བ་དེ་ཡིན། ང་ཚོས་གཞན་ལ་དཀའ་ངལ་བཟོ་ཆེད་དུས་ཚོད་བེད་སྤྱོད་གཏོང་གི་ཡོད་དམ། མཐར་དེས་ང་ཚོ་རང་ཉིད་ཀྱི་སེམས་གཏིང་དུ་མི་སྐྱིད་པའི་ཚོར་སྣང་སྐྲུན་གྱི་ཡོད། ངའི་བསམ་པར། དུས་ཚོད་བེད་སྤྱོད་གཏོང་སྟངས་དེ་ནི་ནོར་བ་ཞིག་རེད།
དེ་ལས་ཀྱང་ཐབས་ལམ་ཡག་ག་ཞིག་ནི། ཉིན་ལྟར་ང་ཚོའི་སེམས་ལ་བཟོ་བཅོས་བརྒྱབ་སྟེ་ཀུན་སློང་བཟང་པོ་ཞིག་ཡོང་ཐབས་བྱས་ནས་ཉིན་ལྷག་མ་རྣམས་ཀུན་སློང་དེའི་ཐོག་གནས་ཐུབ་པ་བྱ་རྒྱུ་དེ་ཡིན། དེའི་དོན་ནི། བྱུང་ན་གཞན་ལ་ཕན་འདོགས་དགོས་ཤིང་། མ་བྱུང་ན་མ་མཐར་ཡང་གཞན་ལ་གནོད་པ་བྱ་རྒྱུ་སྤོང་དགོས་པ་དེ་རེད། གནད་དོན་དེའི་ཐད་འཚོ་ཐབས་ཆེད་ཀྱི་ལས་རིགས་གང་ཡིན་རུང་ཁྱད་པར་མེད། སོ་སོའི་འཚོ་ཐབས་གང་ཡིན་ཀྱང་ཀུན་སློང་དགེ་བའམ་བཟང་པོ་ཞིག་སྐྱེད་ཐུབ། གལ་སྲིད་ང་ཚོས་ཉིན་མ་དང་། གཟའ་འཁོར། ཟླ་བ། ལོ་མང་། དེ་བཞིན་ལོ་བཅུ་ཕྲག་མང་པོའི་དུས་ཚོད་དེ་ལྟར་བེད་སྤྱོད་བྱས་ན། ང་ཚོའི་མི་ཚེ་དོན་དང་ལྡན་པ་ཞིག་ཆགས་ཀྱི་ཡོད། མ་མཐར་ཡང་ང་ཚོས་སོ་སོ་སྒེར་གྱི་སེམས་ཀྱི་གནས་བབས་སྐྱིད་པོ་ཞིག་ཡོང་བར་མཐུན་རྐྱེན་སྦྱོར་གྱི་ཡོད། སྔ་ཕྱི་མ་གཏོགས་ང་ཚོ་འཆི་དགོས། འཆི་བའི་ཉིན་དེར་སླེབས་དུས་ང་ཚོར་བློ་འགྱོད་མི་ཡོང། གང་ཡིན་ཟེར་ན། ང་ཚོས་སོ་སོའི་དུས་ཚོད་འཕྲོག་བརླག་བཏང་མེད་པ་དང་བཟང་ཕྱོགས་ཀྱི་སྒོ་ནས་དུས་ཚོད་བེད་སྤྱོད་བཏང་ཡོད་པ་ཤེས་ཀྱི་རེད།
འཆི་བའི་ཐད་དོན་དངོས་དང་མཐུན་པའི་བསམ་ཕྱོགས་ཤིག་ཡོད་པ།
ང་ཚོའི་ད་ལྟའི་མི་ཚེ་ནི་རྟག་པ་བརྟན་པ་གང་ཡང་མ་ཡིན། འོན་ཏེ་ “འཆི་བ་དགྲ་རུ་” བསམ་པ་ནི་རྦད་དེ་ནོར་འཁྲུལ་རེད། འཆི་བ་ནི་ང་ཚོའི་མི་ཚེའི་ཆ་ཤས་ཡིན། བཤད་མི་དགོས་པ་ལྟར། ནང་པའི་ལྟ་ཚུལ་ནང་ལུས་འདི་ཕྱོགས་གཅིག་ནས་དགྲ་ལྟ་བུ་ཡིན། ཐར་པ་དོན་གཉེར་གྱི་བློ་བཅོས་མ་མ་ཡིན་པ་ཞིག་སྐྱེད་པར། ང་ཚོར་བསམ་ཕྱོགས་དེ་འདྲ་དགོས་ཀྱི་ཡོད། དེ་ཡང་སྐྱེས་པ་ཉིད་ནས་ལུས་འདི་སྡུག་བསྔལ་གྱི་རང་བཞིན་དུ་གནས་ཡོད། དེར་བརྟེན་ང་ཚོས་དེ་འགོག་པར་འདོད་ཀྱི་ཡོད། འོན་ཀྱང་བསམ་ཕྱོགས་འདིས་དཀའ་ངལ་མང་པོ་ཞིག་བཟོ་སྲིད། གལ་སྲིད་ཁྱེད་ཀྱིས་འཆི་བ་དགྲ་ལྟར་བསམས་ན། སོ་སོའི་ལུས་པོ་འདི་ཡང་དགྲ་ཡིན་དགོས་ལ། མི་ཚེ་ཧྲིལ་པོ་འདི་ཡང་དགྲ་ཡིན། དེ་ནི་ཏོག་ཙམ་ཚད་ལས་བརྒལ་འགྲོ་གིན་ཡོད།
འཆི་བ་ཟེར་དུས་མ་མཐར་ཡང་ལུས་རྟེན་འདི་ལ་མི་གནས་པར་གོ་བ་ཡིན། ཚེ་འདིར་ང་ཚོས་འབྲེལ་ལམ་དམ་ཟབ་བསྐྲུན་པའི་དངོས་པོ་ཡོངས་རྫོགས་དང་ཁ་བྲལ་དགོས་ཀྱི་ཡོད། དུད་འགྲོ་ཚོའང་འཆི་བར་དགའ་ཡི་མེད། དེར་བརྟེན་དེ་ནི་རང་བཞིན་གྱིས་མི་ལའང་གཅིག་མཚུངས་རེད། འོན་ཏེ་ང་ཚོ་རང་བཞིན་དེའི་ཆ་ཤས་སུ་གཏོགས་པས་འཆི་བའང་ང་ཚོའི་མི་ཚེའི་ཆ་ཤས་ཡིན། རྒྱུ་མཚན་རིགས་པའི་ཐོག་ནས་བཤད་ན། མི་ཚེ་ལ་ཐོག་མ་དང་མཐའ་མ་སྟེ་སྐྱེ་བ་དང་འཆི་བ་ཡོད། བྱས་ཙང་། རྒྱུན་གཏན་དང་མི་འདྲ་བ་ཞིག་གང་ཡང་མིན། འོན་ཀྱང་ངའི་བསམ་པར། འཆི་བའི་ཐོག་དོན་དངོས་དང་མི་མཐུན་པའི་ང་ཚོའི་ཐབས་ལམ་དང་ལྟ་ཚུལ་གྱིས་རྐྱེན་པས་དགོས་མེད་ཀྱི་དཀའ་ངལ་དང་སེམས་འཁྲལ་འཕར་མ་བཟོ་གི་ཡོད།
དེར་བརྟེན་ནང་པའི་ཉམས་ལེན་པ་ཞིག་ལ་ཉིན་ལྟར་འཆི་བ་དང་མི་རྟག་པའི་སྐོར་ལ་བསམ་བློ་གཏོང་རྒྱུ་ནི་ཕན་འདོགས་ཧ་ཅང་ཆེ། མི་རྟག་པར་རིམ་པ་གཉིས་ཡོད་དེ། རགས་པ་ ༼འདུས་བྱས་ཐམས་ཅད་མི་རྟག་པ་༽ དང་། ཕྲ་བ་ ༼ཆོས་ཐམས་ཅད་རྒྱུ་རྐྱེན་གྱིས་དབང་གིས་སྐད་ཅིག་སྐད་ཅིག་ལ་འགྱུར་བ་༽ བཅས་གཉིས་ཡིན། དོན་དངོས་སུ་མི་རྟག་པ་ཕྲ་བ་འདི་ནང་པའི་ཆོས་ནས་བཤད་པའི་དོན་ངོ་མ་དེ་ཡིན། འོན་ཀྱང་སྤྱིར་བཏང་ནས་རགས་པའི་མི་རྟག་པའང་ཉམས་ལེན་གྱི་ཆ་ཤས་གལ་ཆེ་བ་ཞིག་ཡིན། གང་ཡིན་ཞེ་ན། དེ་ལ་བརྟེན་ནས་ང་ཚོའི་རྒྱུད་ལ་གཏན་དུ་གནས་སྲིད་པའི་སེམས་ཚོར་ལ་གཞིར་བྱས་པའི་ཉོན་མོངས་པ་རྣམས་ཉུང་དུ་གཏོང་གི་ཡོད།
ནུབ་ཕྱོགས་སུའང་སྙན་གྲགས་ཆེ་བའི་རྒྱལ་པོའམ་དཔོན་པོ་ཚོའི་མཁར་རྫོང་དང་ཕོ་བྲང་ཆེན་པོ་དེ་དག་ལ་ལྟོས་དང་། མི་དབང་དེ་དག་གིས་སོ་སོར་འཇིག་མེད་འཆི་མེད་ལྟ་བུར་བསམས་ཡོད། འོན་ཀྱང་ད་ལྟ་ང་ཚོས་བཀོད་པ་དེ་དག་ལ་བལྟས་ན་བྱབ་ཆུང་རང་རེད། རྒྱ་ནག་གི་ལྕགས་རི་རིང་པོར་ལྟོས་དང་། ལྕགས་རི་རྩིག་མཁན་གྱི་ལས་མི་འབངས་མི་སེར་ཚོར་དཀའ་སྡུག་ཧ་ཅང་ཆེན་པོ་བཟོས་ཡོད། འོན་ཀྱང་ལས་ཀ་དེ་རིགས་ནི། “ངའི་དབང་ཆ་དང་རྒྱལ་ཁམས་གཏན་དུ་གནས་རྒྱུ་རེད་” ཅེས་དང་ “ངའི་གོང་མ་གཏན་དུ་གནས་ཀྱི་རེད་” ཅེས་པའི་ཚོར་བའི་ཐོག་ནས་ལག་ཀ་བྱས་པ་ཞིག་ཡིན། དཔེར་ན། སྦར་ལིན་ལྕགས་རི་ Berlin Wall ལ་ཆ་བཞག་ན། ཤར་འཇར་མིན་གྱི་དམར་ཤོག་འགོ་ཁྲིད་ཁག་ཅིག་གིས་དེ་ནི་ལོ་ངོ་སྟོང་ཕྲག་རིང་གནས་ཐུབ་ཅེས་བརྗོད་ཡོད། ཚོར་བ་དེ་ཚང་མ་རང་གཅེས་འཛིན་དང་། སོ་སོའི་ཤོག་ཁག །སོ་སོའི་ཡིད་ཆེས། སོ་སོ་གཏན་དུ་གནས་ཀྱི་རེད་ཅེས་པའི་བསམ་བློའི་ཐོག་ནས་ཡོང་གི་ཡོད།
ད་ཆ་ང་ཚོར་སོ་སོའི་ཀུན་སློང་གི་ཆ་ཤས་སུ་བཟང་ཕྱོགས་ཀྱི་འདོད་པ་དགོས་པ་བདེན་པ་ཡིན། འདོད་པ་མེད་པར་གཡོ་འགུལ་མེད། འོན་ཀྱང་མ་རིག་པ་དང་འབྲེལ་བའི་འདོད་པ་དེ་ཉེན་ཁ་ཅན་རེད། དཔེར་ན། རྟག་པ་བརྟན་པ་རེད་བསམ་པའི་ཚོར་བ་ལ་བརྟེན་ནས་རྒྱུན་དུ་ “ང་གཏན་དུ་གནས་རྒྱུ་རེད་” བསམ་པའི་ལྟ་ཚུལ་ཡོང་གི་ཡོད། དེ་ནི་དོན་དངོས་དང་མི་མཐུན་པ་ཡིན། དེ་མ་རིག་པ་རེད། དངོས་པོ་གང་ཡང་རུང་བ་ཞིག་དེ་ལས་མང་བ་དགོས་པར་འདོད་པའི་འདོད་པ་དེ་དང་མཉམ་དུ་འགྲོགས་ན་དཀའ་ངལ་དང་སྡུག་བསྔལ་དེ་ལས་མང་བ་བཟོ་གི་ཡོད། དེ་ལས་ལྡོག་སྟེ་ཤེས་རབ་ཀྱི་གྲོགས་དང་བཅས་པའི་འདོད་པ་དེ་ཡག་པོ་རེད། ང་ཚོར་དེ་དགོས་པ་ཡིན།
ང་ཚོས་གསང་སྔགས་ཀྱི་ཉམས་ལེན་ནང་མི་རྟག་དྲན་སྐུལ་དང་འབྲེལ་བའི་ཐོད་པ་དང་དེ་དང་གཟུགས་དབྱིབས་འདྲ་བའི་དངོས་པོ་དེ་འདྲ་མཐོང་གི་ཡོད་པ་དང་། དཀྱིལ་འཁོར་འགའ་ཞིག་ནང་ང་ཚོས་དུར་ཁྲོད་དམིགས་རྣམ་དུ་བྱེད་ཀྱི་ཡོད། དེ་དག་ཐམས་ཅད་མི་རྟག་དྲན་སྐུལ་གྱི་མཚོན་རྟགས་རྣམས་རེད། ཉིན་གཅིག་ངའི་སྣུམ་འཁོར་དུར་ཁྲོད་ཅིག་བརྒྱུད་ནས་ཕྱིན་པ་ཡིན། ཕྱིས་སུ་ངས་མི་མང་ལ་གཏམ་བཤད་ཅིག་བྱེད་སྐབས་ངའི་སེམས་ནང་ “ང་རང་དུར་ཁྲོད་དེ་བརྒྱུད་ནས་འགྲོ་གི་འདུག །དེ་ནི་ང་ཚོའི་མཐའ་མའི་འགྲོ་ས་དེ་རེད། ང་ཚོ་དེར་འགྲོ་དགོས་ཀྱི་ཡོད།” ཅེས་པ་དེ་གསལ་པོ་བྱས་ནས་དྲན་གྱི་འདུག །ཡེ་ཤུ་ཡིས་ཀུར་རྟགས་ཐོག་ནས་རང་ཉིད་ཀྱི་རྗེས་འཇུག་པ་ཚོར་མཐར་འཆི་བ་ཐོག་ཏུ་འབབ་པ་བསྟན་འདུག །སངས་རྒྱས་ཀྱིས་ཀྱང་གཅིག་མཚུངས་བསྟན་ཡོད། ཨལ་ལཱ་ Allah སྐོར་ངས་ཤེས་ཀྱི་མེད། ཨལ་ལཱ་ལ་གཟུགས་མེད། འོན་ཀྱང་སྟོན་པ་མོ་ཧཱ་མ་དྷས་ Muhammad དེ་ལྟར་བསྟན་ཡོད་པ་སྨྲོས་མེད་རེད།
དེར་བརྟེན་སྔ་ཕྱི་མ་གཏོགས་འཆི་བ་ཐོག་ཏུ་འབབ་ངེས་པས་ང་ཚོས་དོན་དངོས་དང་མཐུན་པ་བྱེད་དགོས། འཆི་བ་ཐོག་ཏུ་འབབ་པ་ཤེས་པའི་ཐོག་དང་པོ་ཉིད་ནས་བསམ་ཕྱོགས་བསྐྱེད་ཡོད་ན། འཆི་བ་དངོས་སུ་ཡོང་བའི་ཚེ་སོ་སོའི་སེམས་ནང་དངངས་འཚབ་ཉུང་བ་ཡོད། རྒྱུ་མཚན་དེ་བས་ན། ནང་པའི་ཉམས་ལེན་པ་ཞིག་ཡིན་པའི་ཆ་ནས་ཉིན་ལྟར་སོ་སོའི་ཐོག་ཏུ་དེ་ལྟར་དྲན་སྐུལ་བྱ་རྒྱུ་གལ་གནད་ཧ་ཅང་ཆེ།
འཆི་བའི་དུས་སུ་གང་བྱ་དགོས་པ།
ང་ཚོའི་ཆེས་མཐའ་མའི་ཉིན་དེ་སླེབས་པའི་ཚེ། ང་ཚོས་དེ་དང་ལེན་དགོས་པ་ལས་རྒྱུས་མངའ་མེད་པའི་ཁྱད་མཚར་པོ་ཞིག་ཏུ་བལྟ་རྒྱུ་མེད། དེ་ལས་ཐབས་ལམ་གཞན་ཅི་ཡང་མེད། སྐབས་དེར་ལྷ་ཡོད་པར་སྨྲ་བའི་ཆོས་ལུགས་ལ་དད་པ་ཡོད་མཁན་ཚོས། “མི་ཚེ་འདི་དཀོན་མཆོག་གིས་བཟོས་པ་རེད། མཐའ་མ་འཆི་བ་འདི་ཡང་དཀོན་མཆོག་གི་དགོངས་གཞི་གཞིར་བཟུང་བཀོད་ཡོད། ང་རང་འཆི་བ་མི་འདོད་ནའང་དཀོན་ཅོག་གི་བཟོས་ཡོད་སྟབས། དེར་དོན་སྙིང་ལྷག་པོ་ཞིག་ཡོད་རྒྱུ་རེད།” ཅེས་བསམ་བློ་གཏོང་དགོས། འཇིག་རྟེན་བཀོད་པ་པོར་ཡིད་ཆེས་ཡོད་མཁན་ཚོས་ངེས་པར་དུ་དེ་ལྟར་བསམ་བློ་གཏོང་དགོས།
རྒྱ་གར་སྲོལ་རྒྱུན་གྱི་རྗེས་འཇུག་པ་དང་སྐྱེ་བ་ཕྱི་མར་ཡིད་ཆེས་ཡོད་མཁན་ཚོས་སེམས་འཁྲལ་རྐྱང་རྐྱང་བྱས་ནས་སྡོད་རྒྱུའི་ཚབ་ཏུ། སོ་སོའི་སྐྱེ་བ་ཕྱི་མར་བསམ་བློ་གཏོང་དགོས་པ་དང་། ཕྱི་མར་སྐྱེ་བ་བཟང་པོ་ཞིག་སྐྱེ་བའི་རྒྱུ་མ་ནོར་བ་གསོག་པར་འབད་བརྩོན་བྱེད་དགོས། དཔེར་ན། འཆི་བའི་ཚེ་རང་གིས་གང་བསགས་པའི་དགེ་བའི་ལས་རྣམས་ཕྱི་མ་ཡག་པོ་ཡོང་བའི་ཆེད་དུ་བསྔོ་དགོས། དེ་ནས་ང་ཚོའི་དད་པ་གང་ཡིན་ལ་མ་ལྟོས་པར་འཆི་བའི་ཚེ་ངེས་པར་དུ་སེམས་ཞི་འཇམ་ངང་གནས་ཐུབ་པ་དགོས། ཁོང་ཁྲོ་དང་ཞེད་སྣང་ཧ་ཅང་ཤུགས་ཆེན་བྱེད་པ་སོགས་ཡག་པོ་མེད།
གལ་སྲིད་ཐུབ་ན། ནང་པའི་ཉམས་ལེན་པ་ཚོས་སོ་སོའི་དུས་ཚོད་རྣམས་རང་གི་སྐྱེ་བ་ཕྱི་མར་དམིགས་ཏེ་བེད་སྤྱོད་གཏོང་དགོས། དེའི་ཐད་བྱང་ཆུབ་སེམས་ཀྱི་ཉམས་ལེན་དང་སྔགས་ཀྱི་ཉམས་ལེན་འགའ་ཞིག་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད། གསང་སྔགས་ཀྱི་གཞུང་ལུགས་ལྟར་བྱས་ན། འཆི་བའི་ཚེ་འབྱུང་བ་འཐིམ་པའི་རིམ་པ་བརྒྱད་གསུང་གི་ཡོད་དེ། ལུས་ཀྱི་འབྱུང་བ་རགས་པ་འཐིམ་པ་དང་དེ་ནས་འབྱུང་བ་དེ་ལས་ཕྲ་བ་འཐིམ་པའི་རིམ་པ་རྣམས་ཡོད། སྔགས་ཉམས་ལེན་པ་ཚོས་རིམ་པ་འདི་སོ་སོའི་ཉིན་རེའི་སྒོམ་སྒྲུབ་ནང་འཇུག་དགོས་ཀྱི་ཡོད། ཉིན་ལྟར་ངས་ཉུང་མཐར་ཐེངས་ལྔ་དཀྱིལ་འཁོར་འདྲ་མིན་ནང་འཆི་བ་སྒོམ་གྱི་ཡོད། ང་ད་དུང་འཚོ་བཞིན་འདུག །དེ་རིང་ཞོགས་པ་ནས་ངས་འཆི་བ་གསུམ་བརྒྱུད་ནས་ཕྱིན་ཚར་བ་ཡིན།
བྱས་ཙང་། ཐབས་ལམ་དེ་དག་ནི་སྐྱེ་བ་ཕྱི་མ་ཡག་པོ་ཡོང་བའི་ཁག་ཐེག་བྱེད་ཀྱི་ཡོད། ཆོས་ལ་ཡིད་ཆེས་མེད་མཁན་ཚོས་ངས་གོང་དུ་ཞུས་པ་བཞིན། མི་རྟག་པའི་དངོས་ཡོད་ཀྱི་གནས་ཚུལ་ལ་དོན་དངོས་དང་བསྟུན་རྒྱུ་གལ་ཆེན་པོ་ཡིན།
འཆི་བཞིན་པ་ཚོར་རོགས་རམ་ཇི་ལྟར་དགོས་པ།
འཆི་བ་དངོས་སུ་འཕྲད་བཞིན་པ་ཚོའི་འཁྲིས་སུ་རོགས་བྱེད་ཚུལ་ཐད་ཤེས་རྒྱ་ཡོད་མཁན་གྱིས་བསྐོར་ནས་ཡོད་ན་ཕན་ཐོགས་ཆེ། ངས་གོང་དུ་བརྗོད་པ་བཞིན། འཆི་བཞིན་པ་ཚོ་འཇིག་རྟེན་བཀོད་པ་པོར་ཡིད་ཆེས་བྱེད་མཁན་ཡིན་ན། ཁོང་ཚོར་དཀོན་མཆོག་དྲན་འཇུག་དགོས། ནང་པའི་ལྟ་ཚུལ་ཐོག་ནས་ཀྱང་དཀོན་མཆོག་ལ་རྩེ་གཅིག་ཏུ་དད་པ་བྱེད་པར་ཕན་ཡོན་འགའ་ཤས་ཡོད། དེ་ལྟར་ཡིད་ཆེས་མེད་མཁན་ཚོའམ་ཆོས་དད་མེད་མཁན་ཚོར་གོང་དུ་བརྗོད་པ་བཞིན་གནས་སྐབས་དེར་དངོས་ཡོད་དང་བསྟུན་དགོས་པ་དང་། སོ་སོའི་སེམས་ཞི་འཇམ་དུ་ཉར་ཐུབ་ཐབས་བྱ་རྒྱུ་གལ་འགངས་ཆེ།
འཆི་བཞིན་པའི་གང་ཟག་དེའི་ཉེ་འགྲམ་དུ་སྤུན་མཆེད་ཚོས་ཞེན་ཆགས་ཆེན་པོས་ངུ་འབོད་བྱེད་པ་ནི་སེམས་ཞི་འཇམ་དུ་གནས་རྒྱུར་འགོག་རྐྱེན་བྱེད་སྲིད། རང་གི་སྤུན་མཆེད་ཚོར་ཆགས་ཞེན་ཧ་ཅང་ཆེན་པོ་བསྐྱེད་ན། ཁོང་ཁྲོ་འཕེལ་བ་དང་འཆི་བ་དགྲར་བལྟ་བ་ཡོང་སྲིད། བྱས་ཙང་། ཁོང་ཚོའི་སེམས་ཀྱི་གནས་བབས་ཞི་འཇམ་ངང་གནས་ཐབས་བྱ་རྒྱུ་དེ་གནད་འགག་ཡིན། དེ་གལ་ཆེན་པོ་རེད།
སྐབས་མང་པོ་ཞིག་ལ་ང་རང་ནང་པའི་འཆི་ཉེན་ཡོད་པའི་ནད་པ་ངལ་གསོ་ཁང་ནང་འགྲོ་དགོས་པའི་རེ་སྐུལ་བྱས་བྱུང་། དཔེར་ན། ཨོ་སི་ཊྲེ་ལི་ཡའི་ནང་བཙུན་མའི་དགོན་པ་ཞིག་ཡོད། བཙུན་མ་དེ་ཚོས་མཐའ་གཅིག་ཏུ་སོ་སོའི་རང་ནུས་ཡོད་ཚད་འཆི་བཞིན་པའི་མི་དང་ཚབས་ཆེའི་ནད་པ་ཚོར་ལྟ་རྟོག་བྱེད་ཀྱི་ཡོད། དེ་ནི་ང་ཚོའི་ཉིན་རེའི་སྙིང་རྗེའི་ཉམས་ལེན་དེ་ལག་ལེན་ངོ་མའི་ཐོག་འགེལ་བའི་ལམ་རྨད་དུ་བྱུང་བ་ཞིག་ཡིན། དེ་ཧ་ཅང་གལ་ཆེན་པོ་ཡིན།
ཕྱོགས་བསྡོམས།
འཆི་བ་ནི་རྒྱུས་མེད་ཡ་མཚན་ཅན་ཞིག་གང་ཡང་མིན། དེ་ནི་ཉིན་རེར་བཞིན་འཛམ་གླིང་གང་སར་འབྱུང་བཞིན་ཡོད། ང་རང་ཚོ་འཆི་རྒྱུ་ངེས་པ་ཡིན་པ་དེ་རྟོགས་པ་ལ་བརྟེན་ནས་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་རྒྱུའི་བློ་སྟོབས་སྤེལ་གྱི་ཡོད། འཆི་བ་ག་དུས་ཡིན་ནའང་ཡོང་སྲིད་པ་དེ་ཧ་གོ་བའི་སྐབས། ང་ཚོས་གནས་ཚུལ་ཆུང་ཙག་རིགས་ལ་འཁྲུག་རྩོད་དང་བྱ་རྒྱུ་ཉུང་བ་ཡོད། དེའི་ཚབ་ཏུ་སོ་སོའི་མི་ཚེ་ཕལ་ཆེ་བ་གཞན་ལ་གང་ཐུབ་ཅི་ཐུབ་ཀྱིས་ཕན་འདོགས་པའི་སྐུལ་སློང་སྐྱེ་གི་རེད།