རྗེ་བཙུན་མི་ལ་རས་པས་གཞོན་ནུ་ཞིག་ལ་སེམས་ཀྱི་རང་བཞིན་ངོ་སྤྲོད་གནང་བ།

ཉིན་མ་གཅིག་ལ་རྗེ་བཙུན་མི་ལ་རས་པ་ཁོང་གཅིག་པུ་བྲག་ཕུག་གཅིག་གི་ནང་བཞུགས་པའི་སྐབས་སུ། ཁོང་མཇལ་འཕྲད་དུ་མི་གཉིས་སླེབས་ནས་ཁོང་ལ་དྲི་བ་འདྲི་འགོ་གཙུགས་པ་རེད། “ཁྱེད་རང་གཅིག་པུ་ཡིན་ནམ། ཁེར་རྐྱང་གི་ཚོར་བ་ཡོང་གི་མི་འདུག་གམ།” ཞེས་དྲིས་པར། མི་ལ་རས་པས། “ང་རང་དུས་རྟག་ཏུ་གཅིག་དང་མཉམ་དུ་སྡོད་ཀྱི་ཡོད། གཅིག་པུ་རྩ་ནས་མིན།” ཞེས་ལན་གནང་བ་རེད། དེ་ལ་མི་གཞོན་པ་དེས། “སུ་དང་མཉམ་དུ་སྡོད་ཀྱི་ཡོད་དམ།” ཞེས་ཞུས། མི་ལ་རས་པས། “ང་རང་གི་བྱང་ཆུབ་ཀྱི་སེམས་དང་མཉམ་དུ་སྡོད་ཀྱི་ཡོད་” ཅེས་གསུངས། “དེ་གང་དུ་ཡོད་དམ་”ཞུས་པའི་ལན་དུ། “དེ་ནི་ངའི་རྣམ་ཤེས་ཀྱི་ཁང་པའི་ནང་དུ་ཡོད་” ཅེས་གསུངས། དེ་ནས་མི་རྒན་པ་དེས། “ཁང་པ་དེ་གང་འདྲ་ཞིག་ཡོད་རེད་” དྲིས་པར། མི་ལ་རས་པས། “དེ་ནི་ང་རང་གི་ལུས་ཡིན་” ཞེས་གསུངས་པ་རེད།

མི་དེའི་སེམས་ནང་། མི་ལ་རས་པས་ཁོང་གཉིས་ལ་འཕྱ་སྨོད་བྱེད་ཀྱི་འདུག་བསམས་ནས་ཁོང་རང་གི་རོགས་པ་གཞོན་པ་དེ་ལ། “ད་ངེད་གཉིས་འགྲོ། འདིར་དུས་ཚོད་འཕྲོ་བརླག་རེད་འདུག ཁོང་ནི་ཟུར་ཟ་ཅན་ཞིག་རེད་འདུག” ཅེས་ལབ་པ་རེད། མི་གཞོན་པ་དེས་ཁོང་ལ། “མ་རེད། ང་རང་གཉིས་ཁོང་ལས་བློ་བསྐྱེད་ཅིག་རག་ཐུབ་ས་རེད།” ཅེས་ཟེར་ནས་མི་ལ་རས་པའི་ཕྱོགས་སུ་ཡང་བསྐྱར་ཁ་བལྟས་ནས་ཞུས་པ་རེད།

འོ་ན། “ཁྱེད་ཀྱིས་རྣམ་ཤེས་ནི་སེམས་དང་ལུས་ནི་ཁང་པ་རེད་” ཅེས་གསུངས་ཀྱི་ཡོད་དམ།” ཞེས་དྲིས། མི་ལ་རས་པས། “རེད། དེ་རང་རེད། ངས་འདི་འདྲ་རང་ལབ་ཀྱི་ཡོད།” ཅེས་གསུངས། “སྤྱིར་བཏང་ཁང་པའི་ནང་མི་མང་པོ་སྡོད་ཐུབ་ཀྱི་ཡོད། ཡིན་ནའང་ལུས་གཅིག་གི་ནང་སེམས་མི་འདྲ་བ་ག་ཚོད་སྡོད་ཐུབ་ཀྱི་རེད་དམ། སྤྱིར་བཏང་ལུས་ནང་སེམས་གཅིག་གནས་ཐུབ་ཀྱི་ཡོད། ཡིན་ནའང་དོ་དགོང་སྒོམ་རྒྱག་སྐབས་སོ་སོའི་ལུས་ཀྱི་ནང་དཔྱད་པ་བྱས་ནས་དེ་ལས་མང་བའི་སེམསའཚོལ་དགོས་” གསུངས་པ་རེད། 

མི་དེ་གཉིས་ཀྱིས་དེ་ལྟར་བྱ་རྒྱུ་མོས་མཐུན་བྱུང་ནས་སོ་སོའི་ཁྱིམ་དུ་ལོག་ཕྱིན་པ་དང་། དེ་རྗེས་མི་གཞོན་པ་དེས་མཚན་མོར་སྒོམ་བརྒྱབ་པ་དང་། ཕྱི་ཉིན་ཞོགས་པ་སྔ་པོ་མི་ལ་རས་པ་མཇལ་དུ་རྒྱུག་ཕྱིན་ནས་མི་དེས། “བླ་མ་ལགས། ཁ་སང་དགོང་མོ་ངས་སྒོམ་བརྒྱབ་པ་ཡིན། ཁྱེད་ཀྱིས་གསུངས་པ་ནང་བཞིན་ལུས་ནང་སེམས་གཅིག་རང་གནས་ཀྱི་འདུགཡིནའང་སེམས་དེ་ཡ་མཚན་ཞིག་འདུག་་་་་དེའི་དབྱིབས་དང་། ཁ་དོག་ལ་སོགས་པ་གང་ཡང་འགྲེལ་བཤད་རྒྱག་ཐུབ་ཀྱི་མི་འདུག གལ་ཏེ་ངས་དེ་རྗེས་འདེད་བྱེད་པ་ཡིན་ན། ངས་དེ་བཟུང་ཐུབ་ཀྱི་མི་འདུག གལ་ཏེ་ངས་དེ་གསོད་བརྩིས་བྱེད་ན། དེ་ནི་ཤི་རྒྱུ་མི་འདུག ངས་ག་ཚོད་ཀྱིས་མགྱོགས་པོ་འགྲོ་ན། དེ་ཡང་དེ་ལས་མགྱོགས་པ་འགྲོ་གི་འདུག དེ་ནི་རྙེད་མི་སྲིད་པ་ཞིག་རེད་འདུག གལ་ཏེ་ངས་དེ་བཟུང་ཡོད་བསམ་ནའང་དེའི་སྟེང་གནོན་ཐུབ་ཀྱི་མི་འདུག དེ་བཞིན་ངས་སེམས་དེ་ས་གནས་གཅིག་ལ་འཇོག་ཐབས་བྱེད་ཀྱང་། དེ་སྡོད་ཀྱི་མི་འདུག གལ་ཏེ་ངས་དེ་གློད་པ་ཡིན་ན། དེས་གཡོ་འགུལ་བྱེད་ཀྱི་མི་འདུག ཡང་གལ་ཏེ་ངས་དེ་ཚུར་བསྡུ་རུབ་བྱེད་ཐབས་བྱེད་ན། དེ་བསྡུ་ཐུབ་ཀྱི་མི་འདུག ཡང་དེའི་རང་བཞིན་ཤེས་ཐབས་བྱེད་ན། དེས་བལྟ་བཅུག་གི་མི་འདུག དེ་འདྲ་ཡིན་པ་སོང་ཙང་། ང་རང་དེའི་སྐོར་མགོ་འཐོམས་སོང་། ངས་སེམས་དེའི་རང་བཞིན་ཧ་གོ་གི་མི་འདུག ཡིན་ནའང་དེ་ནི་མེད་པ་རེད་ཅེས་ལབ་ཐུབ་ཀྱི་མི་འདུག ཐུགས་རྗེ་གཟིགས། བླ་མ་ལགས། ང་ལ་སེམས་ཀྱི་ངོ་སྤྲོད་གནང་རོགས་གནང་” ཞེས་ཞུས་པ་རེད།

མི་ལ་རས་པས། “ངས་ཁྱེད་རང་ལ་བྱེ་མ་ཀ་རའི་བྲོ་བ་བརྗོད་པའི་རེ་བ་མ་བྱོས།” ཤེས་གསུངས་ནས་མུ་མཐུད་དེ། “བུ་རམ་གྱི་རོ་མིག་གིས་མཐོང་མི་ཐུབ། རྣ་བས་ཐོས་མི་ཐུབ། ཁྱེད་རང་སོ་སོ་རང་གིས་སྒོམ་རྒྱག་ནས་འཚོལ་དགོས་ཀྱི་ཡོད། སེམས་ནི་མི་ཞིག་གིས་འགྲེལ་བཤད་བྱེད་པ་ནང་བཞིན་མེད་པ་དེ་དྲན་པ་བྱེད་དགོས། འདི་དག་ནི་ཕྱིའི་སྣང་ཚུལ་གྱི་བརྡ་ཙམ་རེད། སེམས་ནི་ནམ་ཡང་འགྲེལ་བཤད་རྒྱག་མི་ཐུབ། མི་གཞན་ནས་གོ་བརྡ་རག་པ་ལ་སོ་སོ་རང་གི་ངོས་ནས་བརྟག་ཞིབ་བྱེད་དགོས།སེམས་དེ་ནི་སོ་སོ་རང་གི་རིག་པ་ཁོ་ནས་ཤེས་ཐུབ་ཀྱི་རེད།” ཅེས་གསུངས་པ་རེད། དེ་ནས་མི་གཞོན་པ་དེས་མི་ལ་རས་པ་ལ་ཆོས་མང་དུ་གསུང་རོགས་གནང་ཞུས་པ་རེད།

མི་ལ་རས་པས། “དེ་ནི་ཕན་ཐོགས་མེད་པ་རེད། དེ་རིང་ཁྱེད་རང་ནང་ལ་ལོག་རྒྱུག། སང་ཉིན་ཁྱེད་རང་གི་སེམས་དེའི་ཁ་དོག་དང་དབྱིབས་ག་འདྲ་འདུག །དེ་ཁྱེད་རང་གི་མགོའི་ནང་ལ་གནས་འདུག་གམ། ཡང་ན་རྐང་པའི་མཐེ་བོང་གི་རྩེར་གནས་འདུག་ང་ལ་བརྗོད་དགོས་གསུངས།” གསུངས་པ་རེད། 

སང་ཉིན་ནམ་ལངས་པ་དང་མི་གཞོན་ནུ་དེ་མི་ལ་རས་པའི་རྩ་ལ་སླེབས། མི་ལ་རས་པས། “ཁྱེད་རང་གིས་སེམས་ལ་དཔྱད་པ་བྱས་ཚར་ཡིན་ནམ།” ཞེས་གསུངས་པས། མི་གཞོན་པ་དེས་བསམ་ཤེས་ཆེན་པོའི་སྒོ་ནས། “ཡིན། ངས་དཔྱད་པ་བྱས་པ་ཡིན། སེམས་ནི་གཡོ་མཁན་གྱི་དངོས་པོ་ཞིག་དང་དེའི་རང་བཞིན་ནི་གཡོ་འགུལ་དེ་རེད་འདུག །དེའི་གཞི་རྩའི་ངོ་བོ་ནི་ཧ་ཅང་དྭངས་ཤིང་གསལ་བ་ཞིག་དང་། སེམས་ནི་ཁ་དོག་དང་དབྱིབས་གང་གིས་ཀྱང་འགྲེལ་བརྗོད་བྱེད་ཐུབ་ཀྱི་མི་འདུག །བྱས་ཙང་། ཁ་དོག་དང་དབྱིབས་ལ་བརྟེན་ནས་སེམས་ངོས་བཟུང་རྒྱུ་ནི་མི་སྲིད་པ་ཞིག་རེད་འདུག ང་ཚོའི་སྒོ་ལྔའི་དབང་པོ་མིག་ལྟ་བུ་བེད་སྤྱོད་བྱས་ནས་སེམས་ཀྱིས་གཟུགས་མཐོང་བ་དང་། རྣ་བའི་དབང་པོ་ལ་བརྟེན་ནས་སེམས་ཀྱིས་སྒྲ་ཐོས་པ། སྣའི་དབང་པོ་ལ་བརྟེནས་ནས་སེམས་ཀྱིས་དྲི་སྣོམ་པ། ལྕེའི་དབང་པོ་ལ་བརྟེན་ནས་སེམས་ཀྱིས་རོ་མྱོང་བ། དེ་ག་ནང་བཞིན་རྐང་པ་བེད་སྤྱོད་བཏང་ནས་སེམས་གྱིས་གོམ་པ་སྤོ་བ་སོགས་ཚང་མ་དཀྲུག་མཁན་དེ་སེམས་རེད་འདུག །སེམས་ཀྱིས་ངག་འཁྱལ་བྱེད་པ་དང་། སེམས་ཀྱིས་མི་མཐུན་པ་ཚང་མ་བཟོ་བ། སེམས་ཀྱིས་ལས་ཀྱི་འབྲས་བུ་མྱོང་བར་བྱེད་ཀྱི་འདུག” །ཅེས་བཤད་པ་རེད།

མི་ལ་རས་པས་ཁོང་ལ། “ཁྱེད་རང་གིས་སེམས་ཀྱི་ཀུན་རྫོབ་ཀྱི་ཆ་དེ་ལ་དཔྱད་པ་བྱེད་ཐུབ་འདུག ཀུན་རྫོབ་ཀྱི་སེམས་དེ་ལས་ང་ཚོས་མི་དགེ་བའི་ལས་གསོག་གི་ཡོད། དེར་བརྟེན། ང་ཚོ་འཁོར་བ་ལ་འཁྱམ་བསྡད་ཀྱི་ཡོད་རེད། ཁྱེད་རང་གིས་ཀུན་རྫོབ་ཀྱི་སེམས་ཀྱི་སྐོར་ཡག་ཐག་ཆོད་ཤེས་འདུག ད་གོ་རྟོགས་འདིའི་སྒང་ལ་གལ་ཏེ་ངས་ཁྱེད་རང་ཐར་པའི་གྲོང་འཁྱེར་དུ་འཁྲིད་པར་འདོད་ཀྱི་ཡོད་ན། ངས་འཁྲིད་ཆོག་” གསུངས་པ་རེད།

དེ་ནས་སློབ་མ་གཞོན་ནུ་དེས་མི་ལ་རས་པ་ཁོང་རང་གི་བླ་མ་ངོས་ལེན་བྱས་པ་རེད། ཉིན་མང་པོ་སོང་རྗེས། མི་ལ་རས་པས་སློབ་མ་དེ་ལ། ཁྱེད་རང་གི་མིང་གང་ཡིན་དྲིས་གནང་བ་རེད། ཁོང་གིས། ངའི་མིང་དགེ་བསྙེན་སངས་རྒྱས་སྐྱབས་ཡིན། ལོ་བཅུ་དྲུག་ཡིན་ཞུས། དེ་ནས་མི་ལ་རས་པས་ཁོང་གི་སློབ་མ་གསར་པ་དེ་ལ་ཆོས་དང་པོ་ཉེན་མེད་ཀྱི་ཁ་ཕྱོགས་ ༼སྐྱབས་འགྲོ་༽ ཀྱི་སྐོར་གསུངས་པ་རེད།

“དོ་དགོང་ནས་བཟུང་དཀོན་མཆོག་གསུམ་ལས་སྐྱབས་འགྲོ་མི་འགལ་བ་བྱེད་དགོས། དོ་དགོང་ཁྱེད་རང་སྲུང་མཁན་དང་ཁྱེད་རང་ཕན་ཐོགས་ཡོད་པ་དེ་སེམས་རེད་འདུག་གམ། ཡང་ན་ལུས་རེད་འདུག་སྒོམ་ནས་དཔྱད་པ་བྱེད་དགོས་” གསུངས་པ་དང་། ཕྱི་ཉིན་དེར་སློབ་མ་དེས། “དེ་ནི་ལུས་དེ་ཡིན་ཚོད་མི་འདུག་” ཅེས་ཞུས་པ་རེད།

མི་ལ་རས་པས་ཐབས་མཁས་པའི་སྒོ་ནས་ཁོང་ལ་སྟོང་ཉིད་དང་ངོ་བོ་ཉིད་མེད་པའི་སྐོར་ལམ་སྟོན་གནང་གི་ཡོད་པ་རེད། ཡིན་ནའང་སྟོང་ཉིད་ཀྱི་ཐ་སྙད་ཙམ་ཡང་མི་གསུངས་པ་དང་དེ་ཆེན་པོ་མ་བཟོས་པར། སློབ་མ་དེས་སྒོམ་རྒྱག་པ་དང་མྱོང་ཚོར་བྱུང་བའི་རྗེས་ལ་གཞི་ནས་དེ་སྟོང་པ་ཉིད་རེད་ཅེས་གསུངས་གནང་གི་ཡོད། དེའི་གོང་ལ་གསུངས་འདོད་མེད། དེ་ནི་ཐབས་ལམ་ཕན་ནུས་ལྡན་པ་ཞིག་ཡིན། སོ་སོ་སྲུང་སྐྱོབ་བྱེད་མཁན་དེ་སེམས་རེད་ལུས་རེད་དྲིས་པའི་སྐབས་སུ། མི་དེས་བསམ་བློ་ཟབ་མོ་གཏང་ནས་དཔྱད་པ་མི་བྱེད་ཀ་མེད་ཆགས་ཀྱི་ཡོད། མི་ཞིག་ལུས་པོ་བདེ་པོ་ཡོད་པ་ཚོར་ཐུབ་ཀྱང། སེམས་མི་བདེ་བ་དང་རྨོངས་པ་ཡོད་སྲིད་པ་རེད། བྱས་ཙང། ཚེ་འདི་དང་ཕྱི་མ་གཉིས་ཀའི་ནང་སོ་སོ་ལ་སྲུང་སྐྱོབ་བྱེད་མཁན་དེ་ནི་སེམས་ཡིན་པ་རེད། 

འདི་དག་ནི་རྗེ་བཙུན་མི་ལ་རས་པས་ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས་ངོ་བོ་ཉིད་མེད་པ་དང་སེམས་ཀྱི་རང་བཞིན་ངོ་མ་ངོ་སྤྲོད་གནང་ནས་མི་རྣམས་ལ་ཆོས་བསྟན་པ་དང་ཐར་པའི་ལམ་དུ་འཁྲིད་གནང་གི་ཡོད་པ་རེད།།

བརྙན་པར། རྗེ་བཙུན་མ་བསྟན་འཛིན་དཔལ་མོ། “སེམས་ངལ་ཡིད་ཞུམ་ལ་གདོང་ལེན་བྱེད་པ།”
Top