ཆོས་ཉམས་ལེན་སྐབས་གྲུབ་འབྲས་ཐོན་པ་ཞིག་ཡོང་བ་ནི། དངོས་པོའི་གནས་ལུགས་དང་མཐུན་པའི་བློའི་འཁྱེར་ཕྱོགས་ཤིག་ཡོད་པ་ལ་རག་ལས་ཡོད། དེའི་དོན་ནི། ཆོས་རྣམས་དོན་ངོ་མར་གང་འདྲ་སེ་ཡོད་པའམ་གནས་པ་དེ་ནང་བཞིན་དཔྱད་པ་བྱེད་པའི་ཚུལ་ཞིག་ལ་གོ་གི་ཡོད། དེ་འདྲ་བའི་དཔྱད་པ་བྱེད་ཚུལ་ལ། སངས་རྒྱས་ཀྱིས་རིགས་པ་བཞི་གསུངས་ཡོད། དེ་དག་ནི་ནང་པའི་ཆོས་སྲོལ་གྱི་གཞི་རྩའི་ཁས་ལེན་ཡིན། སངས་རྒྱས་ཀྱི་ཞལ་ནས། “བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན།” ཞེས་སངས་རྒྱས་ཀྱིས། ང་ལ་དད་པ་དང་གུས་པ་ཡོད་པ་སོང་ཙང་། ངས་གང་བཤད་པ་ཁས་ལེན་བྱ་རྒྱུ་མེད། ཡིན་ནའང་སོ་སོའི་ངོས་ནས་གསེར་ཉོ་བ་ནང་བཞིན་བརྟག་དཔྱད་བྱེད་དགོས་པར་གསུངས་ཡོད་པ་དེ་སེམས་ནང་དྲན་དགོས།
རིགས་པ་བཞི་ནི།
༡༽ ལྟོས་པའི་རིགས་པ།
༢༽ བྱ་བ་བྱེད་པའི་རིགས་པ།
༣༽ ཚད་མའི་རིགས་པ།
༤༽ ཆོས་ཉིད་ཀྱི་རིགས་པ་བཅས་བཞི་རེད།
དེ་དག་ཀྱང་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་བྱང་ཆུབ་ལམ་རིམ་ཆེན་མོའི་་ནང་འགྲེལ་བཤད་གང་འདྲ་གནང་ཡོད་པ་ལ་བལྟ་རྒྱུ་ཡིན།
ལྟོས་པའི་རིགས་པ།
རིགས་པ་དང་པོ་ཆོས་རྣམས་ཀྱི་གཞི་རྩའི་གནས་ལུགས་དེ་ཕན་ཚུན་གཅིག་ལ་གཅིག་ལྟོས་ནས་ཡོད་པ་དེ་ལ་ལྟོས་པའི་རིགས་པ་ཟེར་གྱི་ཡོད། འབྲས་བུ་ཞིག་ཡོང་བར། རྒྱུ་དང་རྐྱེན་ལ་ལྟོས་དགོས། དེ་ནི་ང་ཚོ་ཚང་མས་ཁས་ལེན་ཐུབ་པའི་རིགས་པ་ཞིག་ཡིན། དེའི་དོན་ནི། གལ་ཏེ་ང་ཚོས་ཁྱད་ཆོས་བཟང་པོ་ཞིག་གམ་གོ་རྟོགས་གསལ་པོ་ཞིག་གོང་འཕེལ་གཏོང་འདོད་ཡོད་ན། ང་ཚོས་དེ་གང་ལ་བརྟེན་པའམ་ལྟོས་ཀྱི་ཡོད་པ་ལ་བརྟག་དཔྱད་བྱེད་དགོས། ང་ཚོས་ཐོག་མ་ཉིད་ནས་དེའི་གཞི་རྟེན་བྱེད་པ་ལ་ག་རེ་གོང་འཕེལ་གཏོང་དགོས་སམ།
ཆོས་ཉམས་ལེན་གྱི་གྲུབ་འབྲས་རྣམས་ཀྱི་གཞི་རྟེན་ནི་གྲུབ་འབྲས་གཞན་དང་ཆ་རྐྱེན་གཞན་ལ་ལྟོས་ནས་ཡོད། དཔེར་ན། གལ་སྲིད་ང་ཚོས་སྟོང་ཉིད་རྟོགས་པའི་ཤེས་རབ་བམ་གནས་ལུགས་རྟོགས་པའི་ཤེས་རབ་རྒྱུད་ལ་སྐྱེད་དགོས་ཀྱི་ཡོད་ན། དེ་ལྟ་བུའི་གོ་རྟོགས་དེ་གང་ལ་རག་ལས་མིན་བརྟག་དཔྱད་བྱས་ནས་ཤེས་པར་བྱེད་དགོས། དེ་ནི་ཏིང་ངེ་འཛིན་ལ་རག་ལས་ཡོད། ཏིང་ངེ་འཛིན་མེད་པར། ཤེས་རབ་དེ་གོང་འཕེལ་གཏོང་མི་ཐུབ། འོ་ན་ཏིང་ངེ་འཛིན་གྱི་གཞི་རྟེན་གང་ཡིན་ནམ་ཞེ་ན། དེ་ནི་ཁྲིམས་རང་སྲུང་གི་ཚུལ་ཁྲིམས་ལ་རག་ལས་ཡོད། གལ་སྲིད་ང་ཚོའི་སེམས་ལོག་ལམ་དུ་འཁྱམས་འགྲོ་བའི་སྐབས། ང་ཚོའི་དོ་སྣང་ངམ་སེམས་ལ་ཚུལ་བཞིན་བཅོས་པའི་སྒྲིག་ཁྲིམས་ཤིག་མེད་པ་ཡིན་ན། ང་ཚོས་ཕལ་ཆེར་ཏིང་ངེ་འཛིན་གོང་འཕེལ་གཏོང་མི་ཐུབ། དེར་བརྟེན་ང་ཚོས་སྟོང་ཉིད་རྟོགས་པའི་ཤེས་རབ་རང་རྒྱུད་ལ་སྐྱེད་པར་བྱེད་འདོད་ན། ཐོག་མར་ང་ཚོས་ཁྲིམས་རང་སྲུང་གི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་ཐ་ན་ཉུང་ངུ་ཞིག་ཡིན་ནའང་གོང་འཕེལ་གཏོང་བར་འབད་བརྩོན་བྱེད་དགོས།
ནང་ཆོས་ལ་སློབ་གཉེར་བྱེད་པའི་སྐབས་རིགས་པ་དང་པོ་དེ་ལག་བསྟར་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ང་ཚོ་མང་པོ་ཞིག་གིས་ཆོས་ཀྱི་དེབ་བཀླགས་ནས་ཤེས་པ་ནང་བཞིན་འབྲས་བུ་བཟང་པོ་དེ་དག་འཐོབ་འདོད་ཡོད། འོན་ཀྱང་གལ་སྲིད་ང་ཚོས་སོ་སོའི་འདོད་པ་བཞིན་དོན་དངོས་ལ་བསམས་ན། གྲུབ་འབྲས་དེ་དག་གང་ལ་རག་ལས་ཡོད་པ་བརྟག་དཔྱད་བྱེད་དགོས། སོ་སོའི་དམིགས་ཡུལ་གང་ཞིག་སྒྲུབ་པ་ལ། ག་རེ་ཡར་རྒྱས་གཏོང་དགོས་པ་ཤེས་པའི་སྐབས་དམིགས་ཡུལ་དེ་གང་འདྲ་སེ་བསྒྲུབ་ཐུབ་པ་དེ་ཡང་ཤེས་ཀྱི་ཡོད། དེ་ནས་ང་ཚོས་གཞི་རྩ་ནས་ཡར་འགོ་བཙུགས་ཐུབ་པ་དང་། དེས་ང་ཚོའི་འཚོལ་ཞིབ་དེ་དངོས་པོའི་གནས་ལུགས་དང་མཐུན་པར་བྱེད་ཀྱི་ཡོད།
བྱ་བ་བྱེད་པའི་རིགས་པ།
རིགས་པ་གཉིས་ནི་བྱ་བ་བྱེད་པའི་རིགས་པ་ཡིན། རང་རང་གི་རྒྱུ་དང་རྐྱེན་ལ་བརྟེན་པའི་ཆོས་ཐམས་ཅད་ཀྱིས་བྱ་བ་མི་འདྲ་བ་རེ་བྱེད་ཀྱི་ཡོད། མེས་བསྲེགས་པའི་བྱ་བ་བྱེད་པ་ལས་ཆུ་མི་བྱེད། འདི་ནི་ནང་ཆོས་ཀྱི་གཞི་རྩའི་ཁས་ལེན་ནམ་རིགས་པ་ཞིག་ཡིན་པ་དང་། ང་ཚོ་ཚང་མས་ཀྱང་ཁས་ལེན་ཐུབ་པ་ཞིག་ཡིན། དེ་ལག་ལེན་བསྟར་ཕྱོགས་ནི། ནང་ཆོས་ལ་སློབ་གཉེར་བྱེད་སྐབས་ཆོས་འདིའམ་དེས་བྱེད་ལས་ལ་བརྟག་དཔྱད་བྱེད་དགོས། ང་ཚོས་གོང་འཕེལ་གཏོང་དགོས་པའི་བྱམས་པ་དང་ཏིང་ངེ་འཛིན་ལྟ་བུའི་སེམས་ཀྱི་གནས་བབས་སམ་སེམས་ཚོར་ཁ་ཤས་ཀྱི་སྐོར་དང་། ཁོང་ཁྲོ་དང་རྨོངས་པ་ལྟ་བུ་སྤོང་དགོས་པ་ང་ཚོ་ལ་གདམས་ངག་གནང་ཡོད། དེ་ག་ནང་བཞིན་ང་ཚོས་འབད་བརྩོན་བྱེད་དགོས་པའི་ཐབས་ལམ་ཁ་ཤས་གསུངས་ཡོད། ཐབས་ལམ་དེ་དག་ཤེས་པ་ལ་དེ་དག་གིས་བྱ་བ་གང་བྱེད་མིན་དང་། དེ་དག་གི་བྱེད་ལས་གང་ཡིན་པར་བརྟག་དགོས། དེ་གང་ཡིན་ཞེ་ན། ཆོས་ཁ་ཤས་ལྷན་ཅིག་ཏུ་གནས་ཐུབ་པ་དང་ཁ་ཤས་དེ་ལྟར་ལྷན་ཅིག་ཏུ་གནས་མི་ཐུབ། དེ་བཞིན་དུ་སེམས་ཀྱི་གནས་བབས་ཁ་ཤས་ཀྱིས་སེམས་ཀྱི་གནས་བབས་གཞན་དག་རྒྱ་སྐྱེད་དང་གོང་འཕེལ་གཏོང་བའི་བྱ་བ་བྱེད་ཀྱི་རེད།
དཔེར་ན། བྱམས་པ་གོང་འཕེལ་གཏོང་བའི་སྒོམ་གྱི་ཐབས་ལམ་བྱེ་བྲག་པར་བརྟག་དཔྱད་བྱེད་པ་དང་ཉམས་སུ་མྱོང་བས་དེའི་ཐད་ང་ཚོའི་གདེང་ཚོད་གོང་མཐོར་གཏོང་ཐུབ། ང་ཚོས། “འདི་འགྲིག་པ་ཡིན་ནམ་ནོར་བ་ཡིན་” ཞེས་དཔྱད་པ་བྱས་རྗེས་མྱོང་བ་འཐོབ་ཐབས་བྱེད་ཀྱི་ཡོད། དེ་ལྟར་བྱེད་པའི་དགོས་དོན་ནི། ཐབས་ལམ་དེ་ལ་གདེང་ཚོད་རྙེད་པའི་ཆེད་དུ་ཡིན། ཉམས་ལེན་བྱེད་པའི་སྐབས་ཀྱི་ཐབས་ལམ་ཡང་དག་པ་ཞིག་དང་དོན་དག་དེ་སྒྲུབ་ཀྱི་ཡོད་པའི་གདེང་ཚོད་ཀྱི་བྱེད་ལས་གང་ཡིན་ནམ། དེས་ཉམས་ལེན་ཞིབ་ཚགས་པོ་བྱེད་པའི་ང་ཚོའི་ནུས་པ་གོང་འཕེལ་གཏོང་གི་ཡོད། གལ་ཏེ་ང་ཚོར་སོ་སོས་བྱེད་བཞིན་པའི་བྱ་བ་དེར་གདེང་ཚོད་མེད་ན། དེ་ཉམས་ལེན་བྱེད་ཀྱི་མ་རེད། གལ་སྲིད་ང་ཚོས་རིམ་པ་སོ་སོའི་བྱེད་ལས་ཤེས་པ་ཡིན་ན། དེ་དག་རེ་རེ་ལ་སེམས་བཏད་དེ་སྒྲུབ་ཀྱི་རེད། གལ་ཏེ་ང་ཚོས་མ་ཤེས་པ་ཡིན་ན། དེ་དག་གཅིག་ཀྱང་བྱེད་ཀྱི་མ་རེད།
དེའི་སྟེང་གང་གིས་གཏོར་སྐྱོན་གཏོང་བའམ་གཉེན་པོ་བྱེད་པའི་བྱེད་ལས་དེ་ང་ཚོས་ཤེས་རྟོགས་བྱེད་དགོས། དཔེར་ན། ཐབས་ལམ་གང་ཞིག་ལ་གདེང་ཚོད་ཡོད་པ་དེས་བློ་ཐག་མ་ཆོད་པའི་ཐེ་ཚོམ་ཟློག་པར་བྱེད་ཀྱི་ཡོད། ཐབས་ལམ་དེར་གདེང་ཚོད་མེད་པའམ། ཡང་ན་དེ་ལ་འཇུག་པའི་ང་ཚོའི་འཇོན་ཐང་ལ་གདེང་ཚོད་མེད་པ་དེས་བྱ་བ་ལེགས་གྲུབ་ཡོང་བར་འགོག་རྐྱེན་བྱེད་ཀྱི་ཡོད།
ང་ཚོས་གང་སྦྱངས་པ་དང་། ཉམས་ལེན་ཀྱི་རིམ་པ་གང་ཞིག་བྱས་པ་དེས་ནུས་ཤུགས་སྤེལ་བ། གང་ཞིག་གིས་གནོད་མིན་ཤེས་པ་བྱ་རྒྱུ་གལ་ཆེན་པོ་ཡིན། དེ་ནས་ང་ཚོས་གང་བྱེད་བཞིན་པའི་ཐད་དངོས་པའི་གནས་ལུགས་དང་མཐུན་པའི་བློའི་འཁྱེར་སོ་ཞིག་འབྱུང་ཐུབ། དཔེར་ན། “ང་ཚོས་བྱམས་པ་ལྟ་བུའི་དགེ་བའི་སེམས་ཀྱི་གནས་བབས་སམ་བློའི་འཁྱེར་སོ་ཞིག་གོང་འཕེལ་གཏོང་དགོས་པའི་རྒྱུ་མཚན་གང་ཡིན་ནམ་”ཞེ་ན། དེའི་རྒྱུ་མཚན་ཡང་དག་པ་ཞིག་ནི། དེས་ཞི་བདེའི་སེམས་ཤིག་བསྐྲུན་པའི་བྱ་བ་བྱེད་པ་དང་། ང་ཚོས་གཞན་ལ་ཕན་ཐོགས་ཐུབ་པར་བྱེད་ཀྱི་ཡོད། ང་ཚོས་ཁོང་ཁྲོ་ལྟ་བུའི་མི་དགེ་བའི་སེམས་ཀྱི་གནས་བབས་བྱེ་བྲག་ཅིག་སྤོང་བར་འདོད་པའི་རྒྱུ་མཚན་གང་ཡིན་ནམ།དེའི་རྒྱུ་མཚན་ནི། དེས་ག་རེ་བྱེད་ཀྱི་ཡོད་པ་སྟེ། རང་གཞན་གཉིས་ཀར་དཀའ་ངལ་བཟོ་གི་ཡོད་པ་སོང་ཙང་ཡིན། ཐ་མག་འཐེན་པ་ལ་ཆགས་པ་ལྟ་བུ་གནོད་གཞི་ཅན་གྱི་སྤྱོད་ལམ་ངན་པ་བཀག་འགོག་བྱེད་པའི་འདུན་པ་ཡོད་དུས་འདི་ཤེས་དགོས་ཡག་ཧ་ཅང་གལ་ཆེན་པོ་རེད། གལ་ཏེ་ཐ་མག་འཐེན་ན་ང་ཚོའི་གློ་བ་ལ་གནོད་སྐྱོན་བྱེད་པ་ལྟ་བུ་ང་ཚོས་བྱེད་ལས་དེ་གསལ་པོར་རྟོགས་པ་ཡིན་ན། ཐ་མག་འཐེན་རྒྱུ་དེ་སྤོང་དགོས་པའི་རྒྱུ་མཚན་དེ་ཤེས་ཐུབ། དེ་ནི་ང་ཚོས་བྱ་བ་བྱེད་པའི་རིགས་པ་ལག་ལེན་བསྟར་ཚུལ་དེ་ཡིན།
ཚད་མའི་རིགས་པ།
རིགས་པ་གསུམ་པ་ནི་རྒྱུ་མཚན་གྱིས་གྲུབ་པའི་ཚད་མའི་རིགས་པ་དེ་ཡིན། དེའི་དོན་ནི། གྲུབ་དོན་གང་ཞིག་ལེགས་པར་གཏན་ལ་ཕབ་པའམ་ར་སྤྲོད་བྱས་པ་ལ་ཚད་མས་གནོད་པའམ་འགལ་བ་མེད་པར་གོ་བ་ཡིན། དང་པོ་ང་ཚོས་གང་སྦྱངས་པ་དེ་ལུང་གི་ཐོག་ནས་འགལ་བ་མེད་པ་ཐག་གཅོད་བྱེད་དགོས། ང་ཚོས་གདམས་པ་དེ་ནང་ཆོས་ཀྱི་གདམས་པ་ཡིན་མིན་ཇི་ལྟར་ཤེས་ནུས་སམ། སངས་རྒྱས་ཀྱིས་བསྟན་པའི་ལུང་དང་འགལ་བ་ཅི་ཡང་མེད་པར་མཐུན་པ་ཞིག་དགོས། སངས་རྒྱས་ཀྱིས། གདུལ་བྱ་མི་འདྲ་བ་རེ་རེ་ལ་ཆོས་ཚུལ་མི་འདྲ་བ་རེར་གསུངས་ཡོད་པས། ཚིག་གི་ངོ་ཐོག་ཙམ་ལ་འགལ་བ་ལྟ་བུར་སྣང་གི་ཡོད། འོ་ན་སངས་རྒྱས་ཀྱི་དགོངས་པ་མཐར་ཐུག་དེ་གང་ཡིན་ང་ཚོས་ཇི་ལྟར་ཤེས་སམ། རྒྱ་གར་གྱི་སློབ་དཔོན་ཆོས་ཀྱི་གྲགས་པའི་ཞལ་ནས། གལ་ཏེ་སངས་རྒྱས་ཀྱི་གསུང་ནང་བརྗོད་དོན་བྱེ་བྲག་པ་ཞིག་བསྐྱར་ཟློས་བྱེད་ཀྱི་ཡོད་ན། སངས་རྒྱས་ཀྱིས་དེ་དངོས་གནས་གསུངས་པ་ང་ཚོས་ཤེས་ཀྱི་ཡོད། དེ་ནི་གལ་ཆེན་པོ་ཡིན་ཅིང་། ལྷག་པར་དུ་བཟང་སྤྱོད་དང་འབྲེལ་བའི་གནད་དོན་ཐད་ལ་དེ་གནད་འགག་ཆེན་པོ་ཡིན་པ་གསུངས་ཡོད།
ཚད་མའི་སྒོ་ནས་ཤེས་པར་བྱེད་པའི་ཐབས་གཉིས་པ་ནི། གཏན་ཚིགས་རིགས་པ་དང་རྗེས་དཔག་ཚད་མ་ཡིན། དེ་ཡང་གཏན་ཚིགས་ཀྱི་ཐོག་ནས་འགལ་བ་འདུག་གམ་མི་འདུག རྒྱུ་མཚན་དང་མཐུན་པ་རེད་འདུག་གམ། དེས་རྒྱུན་ཤེས་ཀྱི་གནད་དོན་ཞིག་སྟོན་གྱི་འདུག་གམ། ཡང་ན་དེ་་རྦད་དེ་ཁྱད་མཚར་པོ་ཞིག་རེད་ཅེས་དཔྱད་པ་ལྟ་བུ་ཡིན། ཤེས་པར་བྱེད་པའི་ཐབས་གསུམ་པ་ནི། ཐད་ཀར་གྱི་ངོས་འཛིན་༼མངོན་སུམ་ཚད་མའི་༽ཐོག་ནས་ཤེས་པར་བྱེད་པ་དེ་ཡིན། དེ་ཡང་། ང་ཚོས་དངོས་སུ་སྒོམ་རྒྱག་པའི་སྐབས། ང་ཚོའི་མྱོང་བས་འགལ་འདུ་བཟོ་ཡི་འདུག་གམ་ངེས་བརྟན་བཟོ་ཡི་འདུག་ཅེས་པ་ལྟ་བུ་ཡིན།
ད་ང་ཚོས་རིགས་པ་འདི་ལག་བསྟར་བྱེད་ཚུལ་གྱི་དཔེ་མཚོན་གཅིག་ལ་བལྟས་ན། “བྱམས་པ་སྒོམ་པས་ཁོང་ཁྲོ་ལས་རྒྱལ་བ་” ལྟ་བུ་ཉོན་མོངས་སམ་དཀའ་ངལ་གང་ཞིག་གི་ཁ་གཏད་དུ་གཉེན་པོ་བསྟེན་ཚུལ་གྱི་སློབ་སྟོན་ཞིག་ང་ཚོར་འཐོབ་སྲིད་པ་ཡིན། དེ་ལ་ཐོག་མར་ང་ཚོས་འདི་སངས་རྒྱས་ཀྱིས་གང་གསུངས་པའི་ཆོས་དང་མཐུན་གྱི་ཡོད་དམ་ཞེ་ན། མཐུན་གྱི་ཡོད། སངས་རྒྱས་ཀྱིས་གསུངས་པའི་ཆོས་དང་འགལ་བ་གང་ཡང་མེད།
དེ་གཏན་ཚིགས་རིགས་པའི་ཐོག་ནས་ཡང་དག་པ་ཞིག་རེད་དམ་ཞེ་ན། རེད། བྱམས་པ་ནི་གཞན་སེམས་ཅན་རྣམས་བདེ་བ་དང་ལྡན་པར་ཤོག་ཅེས་པའི་འདུན་པ་ཡིན། སོ་སོར་གནོད་པ་བྱེད་མཁན་གྱི་གང་ཟག་དེས་རང་ཉིད་ལ་དེ་ལྟར་བྱེད་དགོས་དོན་གང་ཡིན་ནམ། རང་ངོས་ནས་དེ་ལ་ཁོང་ཁྲོ་བྱེད་དགོས་དོན་གང་ཡིན་ནམ། མི་འདི་དང་འདིས་ལས་ངན་པ་འདི་འདྲ་བྱེད་པའི་རྒྱུ་མཚན་ནི། ཁོའམ་མོ་སྐྱིད་པོ་མེད་པ་སོང་ཙང་རེད། དེར་བརྟེན་མི་དེ་སེམས་དང་སེམས་ཚོར་གྱི་ཐོག་ནས་མི་སྐྱིད་པ་ཆགས་ཀྱི་ཡོད། གལ་ཏེ་རང་ཉིད་མི་དེ་ལ་བརྩེ་བ་ཡོད་ན། ཕོ་མོ་སུ་ཡིན་རུང་སྐྱིད་པོ་འོང་བར་འདོད་ཅིང་། མི་དེ་བདེ་སྐྱིད་དང་ལྡན་ཞིང་སྡུག་བསྔལ་མི་ཡོང་བའི་སྨོན་འདུན་བྱེད་ཀྱི་རེད། དེ་ལྟ་བུའི་བསམ་བློའི་འཁྱེར་ཕྱོགས་ལ་བརྟེན་ནས་ང་ཚོ་མི་དེ་ལ་ཁོང་ཁྲོ་མི་ཟ་བའི་སྔོན་འགོག་བྱེད་ཀྱི་རེད། རེད་དམ་མ་རེད། དེ་ནི་རྒྱུ་མཚན་ལྡན་ལ་ཡང་དག་པ་ཞིག་རེད། གནོད་པ་མང་པོ་བྱེད་བཞིན་པའི་མི་ཞིག་ལ་རང་ངོས་ནས་དེ་ལྟར་བྱེད་མི་ཉན་ཞེས་འགོག་ཐབས་བྱེད་འདོད་ན། སོ་སོས་བྱམས་བརྩེ་རྒྱ་སྐྱེད་གཏོང་བའི་སྒོ་ནས་བཀག་འགོག་བྱེད་དགོས། མི་དེ་སྐྱིད་པོ་ཡོང་བའི་སྨོན་འདུན་བྱེད་དགོས། རྒྱུ་མཚན་ནི་མི་དེ་སྐྱིད་པོ་ཡོང་ན་གནོད་པ་བྱེད་ཀྱི་མ་རེད། ཁོང་ཁྲོ་ཟ་བ་དེས་གཞན་གནོད་པ་བྱེད་པ་ལས་ཟློག་མི་ཐུབ། དེར་བརྟེན་ཆོས་ཀྱི་བསླབ་བྱ་འདིས་རྒྱུ་མཚན་ལྡན་པའི་གོ་བ་ཞིག་སྟེར་གྱི་ཡོད།
མཐའ་མར། ང་ཚོས་མངོན་སུམ་ཚད་མའམ་སྒོམ་གྱི་མྱོང་བ་ལ་བརྟེན་ནས་བརྟག་དཔྱད་བྱེད་ཀྱི་ཡོད། ཕྱོགས་གཞན་ཞིག་ནས། ང་ཚོས་དེ་ལྟར་འབད་བརྩོན་བྱེད་པས་དོན་དག་སྒྲུབ་ཐུབ་དང་མི་ཐུབ་ལྟ་གི་ཡོད། གལ་ཏེ་ངས་བྱམས་བརྩེ་སྒོམ་པ་ཡིན་ན། དེས་ཁོང་ཁྲོ་ཉུང་དུ་གཏོང་གི་རེད་དམ་ཞེ་ན། ཏན་ཏན་གཏོང་གི་རེད། དེ་ནི་རྒྱུ་མཚན་ལྡན་པའི་ཆོས་ཀྱི་བསླབ་བྱ་ཞིག་ཡིན་མིན་གྱི་ཚོད་ལྟ་གསུམ་པ་དེ་ཡིན། ང་ཚོས་ཚད་མའི་རིགས་པ་ཇི་ལྟར་ལག་བསྟར་བྱེད་ཚུལ་དེ་ལྟར་ཡིན།
ཆོས་ཉིད་ཀྱི་རིགས་པ།
རིགས་པ་མཐའ་མ་ནི་ཆོས་ཉིད་ཀྱི་རིགས་པ་ཡིན། དེ་ཡང་གནས་ལུགས་ཁ་ཤས་ནི་དངོས་པོའི་ཆོས་ཉིད་ཡིན་པ་དཔེར་ན། མེ་ནི་ཚ་ཞིང་བསྲེག་པ་དང་ཆུ་ནི་བརླན་ཅིང་གཤེར་བ་ཡིན་པ་ལྟ་བུ་རེད། འོ་ན་མེ་ཚ་བ་དང་ཆུ་རློན་པ་ག་རེ་བྱས་ནས་ཡིན་ནམ་ཞེ་ན། དེ་ནི་དངོས་པོའི་རང་བཞིན་ནམ་ཆོས་ཉིད་རེད། ནང་ཆོས་ནང་། དཔེར་ན། སེམས་ཅན་ཐམས་ཅད་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ལྟ་བུ་དངོས་པོའི་ཆོས་ཉིད་དམ་རང་བཞིན་ཡིན་པའི་རྒྱུ་མཚན་ཙམ་གྱིས་གནད་དོན་གང་ཞིག་བདེན་པ་ཡིན་པར་བརྟག་དཔྱད་བྱེད་དགོས། དེའི་རྒྱུ་མཚན་གང་ཡིན་ནམ་ཞེ་ན། དེ་ནི་དངོས་པོའི་གནས་ལུགས་གང་ཡིན་པ་དེ་ག་རང་རེད། དཔེ་མཚོན་གཞན་ཞིག་བཞག་ན། སྡུག་བསྔལ་ནི་མི་དགེ་བའི་སྤྱོད་ལམ་གྱི་འབྲས་བུ་དང་བདེ་བ་ནི་དགེ་བའི་སྤྱོད་ལམ་གྱི་འབྲས་བུ་ཡིན་པ་ལྟ་བུ་རེད། དེ་ག་རེ་བྱས་ནས་རེད་ཅེ་ན། དེ་ནི་འཇིག་རྟེན་གྱི་རང་བཞིན་ནམ་ཆོས་ཉིད་རེད། སངས་རྒྱས་ཀྱིས་དེ་འདྲ་བཟོས་བཞག་པ་ཞིག་མིན་པར། དངོས་པོའི་གནས་ལུགས་དང་རང་བཞིན་ཆོས་ཉིད་དེ་འདྲ་ཞིག་ཆགས་བསྡད་ཀྱི་ཡོད། གལ་སྲིད་ང་ཚོས་བརྟག་དཔྱད་བྱས་ནས་དངོས་པོ་ཁ་ཤས་གནས་ལུགས་དང་མཐུན་པར་ཤེས་རྟོགས་བྱུང་བ་ཡིན་ན། ང་ཚོས་དེ་དག་མི་ཚེའི་ནང་གི་དངོས་ཡོད་གནས་སྟངས་ཤིག་ཡིན་པར་ཁས་ལེན་བྱེད་དགོས་པ་ལས། སོ་སོ་དེ་དག་ལ་ཡིད་བསུན་པ་དང་སེམས་འཁྲུགས་ནས་བསྡད་པ་ནི་དུས་ཚོད་འཕྲོག་བརླག་རང་རེད།
ནང་ཆོས་ཉམས་ལེན་དང་འབྲེལ་བ་ཧ་ཅང་ཆེན་པོ་ཡོད་པའི་དངོས་པོའི་རང་བཞིན་གྱི་གནད་དོན་གཅིག་ནི། དོན་ངོ་མར་འཁོར་བའི་ནང་བདེ་སྡུག་འདྲ་མིན་གྱི་འཕེལ་འགྲིབ་ཡོང་བའི་ཆོས་ཉིད་འདི་ཡིན། དེའི་དོན་ནི་བདེ་འགྲོ་དང་ངན་འགྲོའི་སྐྱེ་བ་ལེན་པ་ཙམ་མིན་པར། ང་ཚོའི་ཉིན་རེའི་འཚོ་བའི་ཁྲོད་ཀྱི་སྐད་ཅིག་རེ་རེའི་ནང་ཡོང་གི་ཡོད། ང་ཚོའི་སེམས་ཁམས་ཀྱི་ཉམས་འགྱུར་དང་འཕེལ་འགྲིབ་ཀྱི་ཚོར་སྣང་གང་མྱོང་ཡང་། གལ་སྲིད་ང་ཚོས་དེ་དངོས་པོའི་རང་བཞིན་ཡིན་པར་ཁས་ལེན་བྱས་ན། ཡིད་བསུན་དང་སེམས་འཁྲུགས་པ་དེ་འདྲ་ཡོང་གི་མེད། རང་ངོས་ནས་འཁོར་བ་ལས་གང་ཞིག་རེ་བ་བྱེད་ཀྱི་ཡོད་དམ། བཤད་མི་དགོས་ལྟར། མཚམས་རེ་སྒོམ་ཉམས་ལེན་གནད་ལ་སྨིན་པོ་ཡོང་བ་དང་སྐབས་རེ་ཡོང་གི་མེད། ཡང་སྐབས་རེ་ཉམས་ལེན་བྱེད་འདོད་པ་དང་། སྐབས་རེ་བྱེད་མི་འདོད་པ་ཡོང་གི་ཡོད། དེ་ནི་དངོས་པོ་རྣམས་ཀྱི་རང་བཞིན་ཡིན་པས་གནད་འགག་ཆེན་པོ་གང་ཡང་མ་རེད། དངོས་ཡོད་གང་ཡིན་པ་དེ་རང་ལ་གཞི་འཛིན་ནས་བཞག་དགོས་པ་ལས་སེམས་སྡུག་དང་བསུན་གཙེར་བྱེད་རྒྱུ་མེད། དེ་ནི་ཧ་ཅང་གལ་འགང་ཆེན་པོ་རེད།
གལ་ཏེ་ང་ཚོས་ནང་ཆོས་ལ་དོན་དངོས་དང་མཐུན་པའི་ཉམས་ལེན་བྱེད་འདོད་ན། སངས་རྒྱས་ཀྱིས་བསྟན་པའི་རིགས་པ་བཞི་པོ་འདི་ཕན་ཐོགས་ཤིན་ཏུ་ཆེ། དེ་དག་ཚུལ་བཞིན་དུ་ཤེས་རྟོགས་ཡོང་བ་དང་། ང་ཚོས་སློབ་གཉེར་བྱེད་པའི་ཆོས་ལ་དེ་དག་ལག་བསྟར་བྱེད་ཚུལ་ཤེས་ཆེད་ང་ཚོའི་ལུས་ལ་ཆགས་བྲལ་བྱས་པའི་དཔེ་མཚོན་ཞིག་ལ་བལྟས་ན།
༡༽ ཆགས་བྲལ་འདི་གོང་འཕེལ་གཏོང་བའི་གཞི་རྟེན་གང་ལ་བྱས་སམ། དེ་ནི་མི་རྟག་པ་དང་། སྐྱེ་བ་ཕྱི་མ། བདག་གྲུབ་ཚུལ། ལུས་དང་སེམས། བདག་སོགས་ཀྱི་དབར་གྱི་འབྲེལ་བ་ཤེས་པ་ལ་རག་ལས་ཡོད།
༢༽ ང་ཚོའི་ལུས་ལ་ཆགས་བྲལ་གོང་འཕེལ་གཏོང་བའི་བྱེད་ལས་གང་ཡིན་ནམ། དེས་ང་ཚོ་ན་བ་དང་། རྒས་པ། ལུས་སེམས་ཀྱི་ནུས་པ་ཉམས་པའི་སྐབས་སེམས་མི་འཁྲུགས་པ་དང་ཁོང་ཁྲོ་མི་ཟ་བའི་རོགས་ཕན་གྱི་བྱ་བ་བྱེད་ཀྱི་ཡོད།
༣༽ དེ་གཏན་ཚིགས་རིགས་པས་གྲུབ་པ་རེད་དམ་ཞེ་ན། རེད། སངས་རྒྱས་ཀྱིས། ལུས་ལ་ཆགས་བྲལ་བྱེད་པས་སྡུག་བསྔལ་གྱི་རྒྱུ་གཅིག་མེད་པར་བྱེད་གསུངས། དེ་ཡང་སྐད་ཅིག་མ་དང་འབྲེལ་བའི་ཆགས་པ་ངོས་འཛིན་པ་དེ་རྒྱུ་མཚན་དང་ལྡན་པ་ཞིག་ཡིན་ནམ་ཞེ་ན། རྒྱུ་མཚན་ལྡན་པ་ཞིག་ཡིན་ཏེ། ཟག་བཅས་ཀྱི་ཕུང་པོ་འདི་སྐད་ཅིག་སྐད་ཅིག་གིས་འགྱུར་ནས་རྒས་འགྲོ་གི་ཡོད། དེ་ལྟར་འགྱུར་འགྲོ་བ་ང་ཚོས་མྱོང་གི་ཡོད་དམ་ཞེ་ན། མྱོང་གི་ཡོད་དེ། ང་ཚོས་ཆགས་བྲལ་གོང་འཕེལ་གཏོང་བའི་ཚེ། སྡུག་བསྔལ་དང་དཀའ་ངལ་ཉུང་བ་མྱོང་གི་ཡོད་པ་ཤེས་ཐུབ།
༤༽ དངོས་པོ་རྣམས་ཀྱི་རང་བཞིན་ནམ་ཆོས་ཉིད་ཀྱི་སྐོར་བཤད་ན། གལ་ཏེ་ངས་རང་གི་ལུས་ལ་ཆགས་བྲལ་བྱེད་པའི་ཐོག་ལ་སྒོམ་རྒྱག་པ་ཡིན་ན། ངའི་སེམས་ནང་གི་བདེ་སྐྱིད་ཉིན་རེ་བཞིན་གོང་འཕེལ་འགྲོ་ཐུབ་བམ། འགྲོ་མི་ཐུབ། འདི་ནི་འཁོར་བ་ཡིན། འཁོར་བའི་ནང་སྐྱིད་སྡུག་སྣ་ཚོགས་པས་འཕེལ་འགྲིབ་བྱེད་ཀྱི་ཡོད། མཐར་ང་ཚོས་ཕུགས་རྒྱང་རིང་པོའི་ཐོག་ནས་བལྟས་ན། སོ་སོ་སྐྱིད་པ་ཞིག་དང་སོ་སོའི་མི་ཚེ་ཡག་ག་ཞིག་ཡོང་ཐུབ། འོན་ཀྱང་དེ་ནི་ཀྱ་ཀྱོག་གང་ཡང་མེད་པར་ནར་གྱིས་ཡོང་གི་མ་རེད། དེ་ནི་དངོས་པོ་རྣམས་ཀྱི་རང་བཞིན་མ་ཡིན།
ཕྱོགས་བསྡོམས།
ང་ཚོས་རིགས་པ་བཞི་པོ་ལག་བསྟར་བྱས་ནས་ལུས་ལ་ཆགས་བྲལ་བྱེད་པའི་ཉམས་ལེན་གྱི་ཆོས་ལྟ་བུ་ལ་བརྟག་དཔྱད་བྱེད་ཆོག་ལ། དེར་འཇུག་པའི་ཚུལ་ལ་དོན་དངོས་དང་མཐུན་པའི་བློའི་འཁྱེར་ཕྱོགས་ཤིག་ཡར་རྒྱས་གཏོང་ཐུབ། དེ་འདྲ་སོང་ཙང་། སངས་རྒྱས་ཀྱི་ཞལ་ནས། “ངས་གང་བཤད་པའི་ཆོས་རྣམས་ལ་དད་པ་དང་གུས་པ་ཡོད་པ་ཙམ་གྱིས་ཡིད་ཆེས་བྱེད་མི་རུང་བར། གསེར་ཉོ་བའི་སྐབས་ལེགས་ཉེས་དཔྱོད་པ་བཞིན་དུ་བརྟག་དཔྱད་བྱེད་དགོས་” ཤེས་གསུངས་ཡོད། དེའི་དོན་ནི། རིགས་པ་བཞི་ལག་བསྟར་བྱས་ཏེ་བརྟག་དཔྱད་བྱེད་དགོས་པའི་དོན་དུ་གསུངས་པ་ཡིན་ནོ།། །།