ཡང་དག་པའི་ངག། ཡང་དག་པའི་སྤྱོད་ལམ། ཡང་དག་པའི་འཚོ་བ།

བསྐྱར་ཞིབ།

བཟང་སྤྱོད་ཀྱི་ཚུལ་ཁྲིམས་དང་། རྩེ་གཅིག་པའི་ཏིང་ངེ་འཛིན། ཆོས་རྣམ་པར་འབྱེད་པའི་ཤེས་རབ་གསུམ་ནི། དུས་རྟག་ཏུ་ང་ཚོ་དཀའ་ངལ་དང་སྡུག་བསྔལ་གང་འདྲ་ཞིག་མྱོང་བ་ལས་ཐར་བ་ལ་ཕན་ཆེད་དུ་དམིཌ་ཀྱི་ཡོད། དེའི་ཐབས་ལམ་ནི། དཀའ་སྡུག་དེ་དག་གི་རྒྱུ་རྐྱེན་ངོས་བཟུང་སྟེ། བསླབ་པ་གསུམ་པོ་ལག་ལེན་དུ་བསྟར་བའི་སྒོ་ནས་རྒྱུ་རྐྱེན་དེ་དག་མེད་པ་བཟོ་རྒྱུ་དེ་ཡིན། 

ང་ཚོའི་ཉིན་རེའི་མི་ཚིའི་ནང་གཞན་དང་མཉམ་དུ་འབྲེལ་འདྲིས་བྱེད་སྐབས་བསླབ་པ་གསུམ་རྒྱུད་ལ་སྦྱོང་པ་ཡིན་ན་ཕན་ཐོགས་ཧ་ཅང་ཆེན་པོོ་ཡོད།

  • བཟང་སྤྱོད་ཀྱི་ཚུལ་ཁྲིམས། ང་ཚོས་མི་གཞན་ལ་སྤྱོད་ཚུལ་སྟོན་སྟངས་དང་སྐད་ཆ་ཤོད་སྟངས་ཐད་རྟོག་ཞིབ་བྱེད་དགོས་པ་གལ་ཆེན་པོ་ཡིན། ང་ཚོས་གནོད་འཚེ་ཅན་དང་མི་དགེ་བའི་ལས་ག་འདྲ་ཞིག་ལ་འཛེམ་ཟོན་བྱེད་པ་ཡིན་ནའང་བཟང་སྤྱོད་ཀྱི་ཚུལ་ཁྲིམས་དགོས་ཀྱི་ཡོད།
  • རྩེ་གཅིག་པའི་ཏིང་ངེ་འཛིན། གཞན་དང་མཉམ་དུ་འདྲིས་གཤིབ་བྱེད་པའི་སྐབས་སུ་བློ་རྩེ་སྒྲིམས་ཐུབ་པ་དགོས། དེ་ལྟར་བྱུང་ན། ཁོ་ཚོའི་དགོས་མཁོ་གང་ཡིན་པ་དང་མི་ཚེའི་ནང་ག་རེ་འབྱུང་བཞིན་ཡོད་པ་བཅས་ཤེས་ཀྱི་རེད། གལ་སྲིད་ང་ཚོའི་སེམས་ག་ས་ག་ལ་གཡེང་ནས་ཁ་པར་ལ་ཡང་སེ་བལྟ་བཤེར་བྱེད་པ་སོགས་བྱེད་ན། གཞན་དང་མཉམ་དུ་དོན་ལྡན་གྱི་ལབ་གླེང་དང་འབྲེལ་འདྲིས་ཞིག་ཡོང་རྒྱུ་ཁག་པོ་བཟོ་གི་རེད།
  • རྣམ་པར་འབྱེད་པའིཤེས་རབ། གལ་སྲིད་ང་ཚོས་མི་གཞན་གྱི་སྐད་ཆ་ལ་ཡག་པོ་ཉན་ཡོད་ན། སོ་སོའི་རྣམ་པར་འབྱེད་པའི་ཤེས་རབ་བཀོལ་སྤྱོད་ཀྱིས་ཚུལ་ལྡན་འོས་འཚམས་ཀྱི་ཡ་ལན་གང་ཞིག་སྤྲོད་དགོས་མིན་ཐད་ཐག་གཅོད་བྱེད་ཐུབ་པ་ཞིག་ཡོང་བ་དང་། དེས་ཀྱང་སླར་ཡང་གཞན་གྱི་ཕྱོགས་ལ་ཚུལ་མཐུན་གྱི་བསམ་བློ་གཏོང་སྟངས་དང་། སྐད་ཆ་ཤོད་སྟངས། བྱ་སྤྱོད་སྤེལ་སྟངས་ཤིག་ཡོང་བར་བྱེད་ཀྱི་ཡོད།

བསླབ་པ་གསུམ་པོ་ཕན་ཚུན་གཅིག་ལ་གཅིག་ལྟོས་ཀྱིས་མཉམ་བསྐྱོད་དང་ཁ་སྣོན་བྱེད་ཀྱི་ཡོད། དེ་འདྲ་སོང་ཙང། ང་ཚོས་དུས་རྒྱུན་དེ་དག་དུས་གཅིག་དུ་ལག་ལེན་ལ་སྦྱོར་དགོས་པ་ཡིན། ང་ཚོ་མི་གཞན་དང་མཉམ་དུ་མེད་པའི་སྐབས་བསླབ་པ་གསུམ་གྱི་ཉམས་ལེན་དེ་སོ་སོ་རང་ཉིད་ལ་ཕན་པ་རླབས་ཆེན་ཞིག་ཡོང་གི་ཡོད་པ་ནི།

  • བསླབ་པ་གསུམ་གྱིས། རང་ཉིད་ཕུང་བྱེད་མི་དགེ་བའི་ལས་བྱེད་པ་དེ་སྔོན་འགོག་བྱེད་ཀྱི་ཡོད།
  • ང་ཚོའི་སེམས་རྩེ་གཅིག་ཏུ་གནས་པ་ཡིན་པས། དམིགས་ཡུལ་ག་འདྲ་ཞིག་བཟུང་ཡང་བསྒྲུབ་ནུས།
  • ང་ཚོས་གཞི་རྩའི་རྣམ་དཔྱོད་བེད་སྤྱོད་བཏང་ནས་གང་ཚུལ་མཐུན་ཡིན་པ་དང་གང་ཚུལ་མཐུན་མ་ཡིན་པའི་ཁྱད་པར་འབྱེད་ཀྱི་ཡོད།

དེ་ནང་བཞིན་བསླབ་པ་གསུམ་ནི། ང་ཚོའི་ཉིན་རེའི་མི་ཚེེའི་ནང་སོ་སོ་སྒེར་གྱི་གནས་སྟངས་དང་སྤྱི་ཚོགས་ལ་འབྲེལ་འདྲིས་ཀྱི་གནས་སྟངས་གཉིས་ཀར་བེད་སྤྱོད་བྱེད་ཆོག་པའི་གཞི་རྩའི་རྣམ་གཞག་ཅིག་ཡིན།

འཕགས་ལམ་ཡན་ལག་བརྒྱད།

ང་ཚོས་བསླབ་པ་གསུམ་ལ་ཉམས་ལེན་བྱེད་པའི་སྐབས་སྦྱོང་བརྡར་འདི་ངོ་སྤྲོད་བྱེད་སྟངས་གཅིག་ལ་འཕགས་ལམ་ཡན་ལག་བརྒྱད་ཅེས་ཟེར་གྱི་ཡོད། དེ་དག་ནི་ང་ཚོས་སྦྱོང་བརྡར་བྱེད་པའི་ཉམས་ལེན་གྱི་རིགས་མི་འདྲ་བ་བརྒྱད་ཡིན་ཞིང་། དེ་དག་གིས་བསླབ་པ་གསུམ་པོ་གོང་འཕེལ་དུ་གཏོང་འཇུག་གི་ཡོད།

བཟང་སྤྱོད་ཀྱི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་སྦྱོང་བའི་ཆེད་ཉམས་ལེན་གསུམ་ཡོད་པ་ནི།

  • ཡང་དག་པའི་ངག ང་ཚོའི་འབྲེལ་འདྲིས་བྱེད་སྟངས།
  • ཡང་དག་པའི་ལས་ཀྱི་མཐའ། ང་ཚོའི་བྱ་སྤྱོད་སྤེལ་ཚུལ།
  • ཡང་དག་པའི་འཚོ་བ། ང་ཚོའི་འཚོ་ཐབས།

རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་བསླབ་པ་ལ་སྦྱོང་བའི་ཆེད་ཉམས་ལེན་གསུམ་ཡོད་པ་ནི།

  • ཡང་དག་པའི་རྩོལ་བ། ང་ཚོའི་སེམས་མི་དགེ་བའི་བསམ་བློ་བསྟར་ཆགས་སུ་ཡོད་པ་དེ་མེད་པར་བཟོ་ནས་ནས་སྒོམ་གྱི་ཆ་རྐྱེན་དུ་འགྱུར་བའི་སེམས་ཀྱི་གནས་སྟངས་གོང་འཕེལ་གཏོང་དགོས་པ།
  • ཡང་དག་པའི་དྲན་པ། ང་ཚོའི་དམིགས་པའི་ཡུལ་དང་ཀུན་སློང་གཉིས་མི་གློད་པར་བཟུང་བ།
  • ཡང་དག་པའི་ཏིང་ངེ་འཛིན། ཕན་བྱེད་དགེ་བའི་ཆོས་གང་ཡང་རུང་བ་ཞིག་ལ་དམིགས་པ་གཏད་པ།

རྣམ་པར་འབྱེད་པའི་ཤེས་རབ་ཀྱི་བསླབ་པ་ལ་སྦྱོང་ཆེད་ཉམས་ལེན་གཉིས་ཡོད་པ་ནི།

  • ཡང་དག་པའི་ལྟ་བ། ཕན་གནོད་དང་། ནོར་མ་ནོར་གྱི་ཁྱད་པར་ཡང་དག་པར་ཕྱེ་བའི་སྒོ་ནས་གང་ཞིག་བདེན་པར་ཡིད་ཆེས་པ།
  • ཡང་དག་པའི་རྟོག་པ། ༼ཀུན་ནས་སློང་བའི་བློ་ཡང་དག་པ།༽ ཡང་དག་པའི་ལྟ་བས་སྣེ་འཁྲིད་པའི་ཕན་བྱེད་དགེ་བའི་སེམས་ཀྱི་གནས་སྟངས།

དེ་ལས་རྒྱས་ཙམ་བཤད་ན། ཉམས་ལེན་བརྒྱད་པོ་དེ་དག་རེ་རེ་ལ་ང་ཚོས་སྤོང་བར་འདོད་པའི་སྦྱོར་ཚུལ་ནོར་བ་ཞིག་དང་། ང་ཚོས་བླང་བར་འདོད་པའི་སྦྱོར་ཚུལ་མ་ནོར་བའམ་ཡང་དག་པ་བཅས་གཉིས་རེ་ཡོད།

ངག

ངག་གི་སྒོ་ནས་ང་ཚོས་གཞན་ལ་སྐད་ཆ་ཤོད་སྟངས་དེས་ང་རང་ཚོ་སོ་སོའི་སེམས་ཀྱི་གནས་སྟངས་མཚོན་གྱི་ཡོད། དེ་ལ་བརྟེན་ནས་གཞན་གྱི་ཇི་ལྟར་ཚོར་མིན་དང་། རང་ལ་བརྩི་མཐོང་བྱེད་ཚུལ་སོགས་ཡ་ལན་སྟེར་ཚུལ་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེར་བརྟེན་སྐད་ཆ་ཤོད་སྟངས་ག་འདྲ་ཞིག་ཕན་ཐོགས་ཆེ་བ་དང་ག་འདྲ་ཞིག་གནོད་སྐྱོན་ཆེ་བ་ང་ཚོས་ཤེས་དགོས་པ་ཡིན།

ཡང་དག་མིན་པའི་ངག

ཡང་མ་མིན་པའི་ངག་ནི། སྡུག་བསྔལ་དང་དཀའ་ངལ་གྱི་རྒྱུ་རྐྱེན་བྱེད་མཁན་གྱི་རིགས་ལ་ཟེར།

  • རྫུན་བཤད་པ་ནི། བདེན་པ་མ་ཡིན་པ་བཤད་ནས་གཞན་མགོ་སྐོར་གཏོང་བ་ལ་ཟེར། གལ་སྲིད་ང་ཚོ་གཞན་ལ་མགོ་སྐོར་གཏོང་མཁན་དང་རྫུན་ཤོད་མཁན་ཞིག་ཡིན་པའི་མིང་ངན་དེ་ཐོགས་ན། མི་སུས་ཀྱང་ང་ཚོར་བློ་མི་གཏད་པ་དང་ཡིད་ཆེས་མི་བྱེད་ལ། ང་ཚོས་བཤད་པའི་སྐད་ཆ་ཙམ་ལའང་ཉན་གྱི་མ་རེད། འདི་ལ་བརྟེན་ནས་སྐྱིད་པོ་མེད་པའི་གནས་སྟངས་ཞིག་བཟོ་གི་ཡོད།
  • ཕྲ་མ་བཤད་པ་ནི། མི་གང་ཡང་རུང་བ་ཞིག་ལ་ཁོ་ཚོའི་མཛའ་གྲོགས་སམ་བརྩེ་གྲོགས་ཀྱི་སྐོར་ལ་སྐད་ཆ་མི་སྙན་པ་སྡུག་རིགས་ངན་ཚད་བཤད་ནས་ཕན་ཚུན་མི་མཐུན་པ་བཟོ་བའམ་འབྲེལ་བ་རྩ་གཏོར་གཏོང་བ་ལ་ཟེར། བྱེད་སྟངས་དེ་ལ་བལྟས་ནས་མི་རྣམས་ཀྱིས། ཁོ་ཚོའི་རྒྱབ་ལ་ང་ཚོས་སྐད་ཆ་གང་ཞིག་ཟེར་སྲིད་བསམ་ནས་དོགས་པ་སྐྱེས་སྟེ་རང་ཉིད་ཀྱི་འབྲེལ་ལམ་རྩ་མེད་གཏོང་གི་ཡོད།
  • ཚིག་རྩུབ་སྨྲ་བ། འདི་ནི་སེམས་གནག་པོས་སྐད་ཆ་ཤོད་པའམ། སྐད་ལོག་རྒྱག་པ། གཞན་ལ་ཁ་ངན་ཚིག་རྩུབ་སྨྲ་བ་ལ་ཟེར།  ང་ཚོས་གཞན་ལ་ངག་གི་སྒོ་ནས་ཚིག་རྩུབ་བཤད་པ་ཡིན་ན། གཞན་གྱིས་ཀྱང་དེ་བཞིན་ང་ཚོ་ལ་ལན་སློག་གི་རེད། དྲག་སྦྱོར་ལ་དགའ་མཁན་ཞིག་ཡིན་ན་མ་གཏོགས་རྟག་པར་སྐད་ལོག་བརྒྱབ་མཁན་གྱི་མི་ང་ཚོ་ལྟ་བུ་ཞིག་གི་ཉེ་འགྲམ་ལ་སྡོད་འདོད་མི་བྱེད་པ་ཡིན།
  • ངག་ཀྱལ་ནི། ག་དུས་ཡིན་ནའང་སྐད་ཆ་རྫོགས་རྒྱུ་མེད་པ་བཤད་པ་དང་། གཞན་ལ་བར་ཆད་བྱེད་པ་དང་། ཆོ་མེད་པའམ་བྱབ་ཆུང་གི་སྐད་ཆ་ཤོད་པ་ལ་ཟེར། སྐད་ཆ་དེ་ལྟར་བཤད་པའི་འབྲས་བུ་ལ་གཞན་གྱིས་ང་ཚོའི་སྐད་ཆ་ལ་གལ་གནད་དུ་མི་བརྩི་བ་དང། ང་ཚོ་དང་མཉམ་དུ་བསྡད་ན་དཀའ་སྡུག་མྱོང་ཡག་རེད་བསམ་གྱི་ཡོད། ད་དུང་བྱེད་སྟངས་འདིས་རང་སོ་སོའི་དུས་ཚོད་ཙམ་མ་ཟད་གཞན་གྱི་དུས་ཚོད་ཀྱང་འཕྲོ་བརླག་གཏོང་གི་ཡོད།

ཡང་དག་པའི་ངག

ཕན་བྱེད་དགེ་བའི་ངག་ནི། གོང་དུ་བཤད་པའི་ཡང་དག་མིན་པའི་ངག་མི་འདྲ་བ་བཞི་སྤོང་བ་ལ་རོགས་ཕན་བྱེད་པ་དེ་ཡིན། དེ་ལ་སྒྲིག་ཁྲིམས་གྱི་རིམ་པ་དང་པོ་ནི། ང་ཚོ་རྫུན་བཤད་འདོད་པའམ་སྐད་ངན་རྒྱབ་འདོད་པ། ཁ་བརྡར་འདོད་པ་སོགས་བྱུང་ན། དེ་ནི་མི་དགེ་བ་ཡིན་པ་དང་། དེ་ཡིས་རང་སེམས་མི་སྐྱིད་པའི་རྒྱུ་བྱེད་ཀྱི་ཡོད་པ་རྟོགས་ནས་ལས་དེ་མི་བྱེད་པའི་ཐབས་ཤེས་གང་ཡོད་བྱེད་ཀྱི་ཡོད། 

འདི་འདྲ་བྱེད་རྒྱུ་ལས་སླ་པོ་ཞིག་རྩ་ནས་མེད། རྒྱུ་མཚན་ནི་རང་ཉིད་ཀྱིས་སྐད་ཆ་དེ་རང་ཤུགས་ཀྱིས་མ་བཤད་གོང་། དེ་བཤད་འདོད་ཡོང་བའི་དུས་དེ་ག་རང་ལ་ཧ་གོ་བར་བྱས་ནས་བཀག་སྡོམ་བྱེད་དགོས་པ་ཡིན། དཔེར་ན། འཁུར་ར་རྡོག་རྡོག་གཅིག་ཟ་འདོད་ཀྱི་བློ་སྐྱེས་པ་ལྟ་བུ་ཡིན། མཚམས་རེར་འཁུར་ར་རྡོག་རྡོག་གཅིག་ཙམ་མ་ཟད་གཉིས་པ་ཡང་ཟ་རྒྱུའི་གོ་སྐབས་ཐོབ་པའི་སྐབས་ཡོང་གི་ཡོད་ཀྱང་། ཤུགས་ཀྱིས་འཁུར་ར་རྡོག་རྡོག་གཉིས་པ་དེ་ལག་ཏུ་མ་བཟུང་གོང་ང་ཚོས། “འདོད་པ་ཡོོད་ཀྱང་དེ་ལྟར་བྱེད་དགོས་དོན་མེད། ང་ལ་འཁུར་ར་འདི་མི་དགོས། ང་རང་སྐམ་པོ་བཟོ་དགོས་ཀྱི་འདུག བྱས་ཙང་འདི་ཟ་ན་རྒྱགས་རུ་འགྲོ་ཡག་ལས་མེད་” ཅེས་བསམ་ཆོག།འདི་ནི་སྐབས་འདིར་བཤད་བཞིན་པའི་སྒྲིག་ཁྲིམས་དེ་ཡིན།

གནའ་སྔ་མོའི་རྒྱ་གར་གྱི་སློབ་དཔོན་ཞི་བ་ལྷས། གལ་སྲིད་ང་ཚོས་ངག་གི་བྱ་སྤྱོད་དེའི་རིགས་བྱེད་འདོད་སྐྱེ་བའི་སྐབས་ཤིང་དུམ་བུ་ལྟ་བུ་ཚོར་མེད་ངང་གནས་དགོས་ཞེས་བཀའ་སློབ་གནང་ཡོད། དེ་ནི་གལ་སྲིད་ང་རང་ལ་མི་གཞན་ལ་སྐད་ལོག་བརྒྱབ་འདོད་པའམ། ཡིད་ལ་མི་འཐད་པའི་སྐད་ཆ་ཞིག་བཤད་འདོད་སྐྱེ་གི་ཡོད་ཀྱང། དེས་རང་གཞན་གཉིས་ཀ་མི་སྐྱིད་པ་བཟོ་རྒྱུ་ཡིན་པ་ཤེས་དགོས་པ་དང་། ཤེས་ནས་ངས་སྐད་ཆ་དེ་འདྲ་མི་བཤད་པར་ཤིང་དུམ་བུ་ལྟར་ཚོར་མེད་སྡོད་ཀྱི་རེད། ཡང་ཆོ་མེད་པའི་ཆོབ་ཅིག་སློང་འདོད་པའམ། དོན་སྙིང་མེད་པའི་འགྲེལ་བརྗོད་བྱེད་འདོད་བྱུང་ནའང་། དེ་ནི་ངག་ཀྱལ་ལམ་ཁ་བརྡར་བ་ཙམ་ཡིན་པ་ཤེས་དགོས་པ་དང་། ཤེས་ནས་ངས་ཅང་མི་སྨྲ་བར་ཤིང་དུམ་བུ་ལྟར་སྡོད་ཀྱི་རེད། དེ་འདྲའི་སྒོ་ནས་ཡང་དག་པའི་ངག་སྐྱོང་དགོས་པ་ཡིན།

སྒྲིག་ཁྲིམས་ཀྱི་རིམ་གཉིས་པ་ནི། དེ་ལས་ལྡོག་སྟེ་ཁྱེད་ཀྱིས་དངོས་གནས་དགེ་བའི་ལས་ཤིག་བྱེད་པ་དང། ཕན་པའི་ལམ་ནས་སྐད་ཆ་བཤད་པ་དེ་ཡིན། དེ་ལྟར་བྱས་པས་བདེ་སྐྱིད་འབྱུང་གི་ཡོད་པ་ཤེས་ནས་གནས་སྟངས་གང་འདྲ་ཞིག་ཡིན་རུང་ཞི་མཐུན་ལྡན་པ་བཟོ་གི་ཡོད། ད་ང་ཚོས་གང་བྱེད་དགོས་ཤེ་ན། དེ་ལ་རྒྱུ་དང་འབྲས་བུའི་སྒོ་ནས་བསམ་བློ་གཏོང་དགོས་པ་ཡིན།

ཡང་དག་པའི་ངག་རྒྱུད་ལ་སྐྱེད་པར་བྱེད་པ་ལ། བདེན་པ་བཤད་པ་དང་། འཇམ་པོའི་སྒོ་ནས་བཤད་པ། བརྩེ་བའི་སྒོ་ནས་བཤད་པ། དུས་དང་མཚམས་པར་བཤད་པ་དང། ཚད་རན་པར་བཤད་པ། དོན་དང་ལྡན་པ་གང་ཡིན་པ་ཁོ་ན་བཤད་པ་བཅས་ལ་བློ་དང་ལྡན་པའི་རྩོལ་བ་དང་དམ་བཅའ་བརྟན་པོ་ཞིག་ངེས་པར་དུ་དགོས་ཀྱི་ཡོད།

  • ང་ཚོས་ག་དུས་ཡིན་ནའང་གཞན་ལ་བསུན་པོ་དང་བར་ཆད་མི་བྱེད་པའམ། ཡང་ན་ཁོ་ཚོར་རྒྱུན་ཆད་མེད་པར་ཁ་པར་གཏོང་བ་དང་འཕྲིན་ཡིག་བསྐུར་བ་སོགས་མི་བྱེད་པའི་འབད་བརྩོན་བྱེད་དགོས་ཞིང། དམིགས་བསལ་གྱི་ཞོགས་པ་ཁ་ལག་ག་རེ་ཟས་ཡོད་མེད་དང་། དོན་མེད་གཏམ་འཆལ་ག་རེ་ཡོད་མེད་སོགས་དོན་དག་ཆུང་ཆུང་རིགས་ལ་འཛེམ་ཟོན་བྱེད་དགོས། འདི་ནི་གཞན་ལ་བར་ཆད་རྐྱང་རྐྱང་བྱེད་པའི་དོན་མེད་ཀྱི་ངག་ཀྱལ་ཞིག་ཡིན།
  • ཚད་དང་མཐུན་པའི་སྐད་ཆ་ནི། གཞན་ལ་སྐད་ཆ་བཤད་བཞིན་པའི་སྐབས་སྐད་ཆ་ཤོད་ཡག་མང་དྲགས་པ་མ་ཡིན་པའམ། གནད་དོན་ཁ་ཤས་ཐད་ཚད་ལས་བརྒལ་བའི་སྐུལ་མ་གཏོང་ཡག་གི་ཐབས་ཤེས་མི་བྱེད་པ་དང། དམིགས་བསལ་ཁོ་ཚོས་ཁས་ལེན་བྱས་ཚར་བའི་དོན་དག་ཐད་དེ་ལྟར་བྱེད་མི་རུང་།

ང་ཪང་ཚོས་སྐད་ཆ་ཤོད་པའི་སྐབས་རྣམ་དཔྱོད་བེད་སྤྱོད་གཏོང་དགོས་པ་ནི་བཤད་མི་དགོས་པ་ཡིན། དཔེ་ཆ་བཞག་ན། མི་ཞིག་གི་སྟོད་གོས་མདོག་ཉེས་པོ་ཞིག་གྱོན་ཡོད་པ་དེ་ལ་བདེན་པར་བཤད་ན་ཕར་ཕྱོགས་དེར་གནོད་ཀྱི་ཡོད་པས། “ཨོ། དེ་དངོས་གནས་མདོག་ཉེས་ཞིག་འདུག་” ཅེས་ལབ་རྒྱུ་མེད། མཚམས་རེར་ང་ཚོས་གཟབ་གཟབ་བྱེད་དགོས། ཡིན་ནའང་དེ་ནི་གཙོ་བོ་ཕར་ཕྱོགས་ཀྱི་མི་དེར་རག་ལུས་པ་ཡིན། ངའི་གཅུང་མོས་ང་ཐུག་ག་ལ་སླེབས་སོང་། ང་ཚོ་ཕྱི་ལོགས་ལ་འགྲོ་བའི་སྐབས་ཁོ་མོས་འོག་འཇུག་གཅིག་གྱོན་སོང་། འོག་འཇུག་དེ་ཏོག་ཙམ་ནར་བསྡད་པ་ཞིག་དང་རན་པོ་མེད་པ་ཞིག་མཐོང་བས། ཁོ་མོ་ནི་ངའི་གཅུང་མོ་ཡིན་པས། ངས་འོག་འཇུག་དེ་མདོག་ཉེས་པོ་འདུག་ཞེས་ལབ་ན་ལོས་འགྲིག ཡིན་ནའང་ནང་མི་མ་ཡིན་པ་ཞིག་ལ་དེ་ལྟར་སྐད་ཆ་ཤོད་རྒྱུ་དཀའ་ལས་ཁག་པོ་ཡོད། ཁྱེད་རང་གི་དགའ་རོགས་གསར་པ་ཞིག་ལ། “ཁྱེད་རང་གིས་འོག་འཇུག་མདོག་ཉེས་པོ་ཅིག་གྱོན་འདུག གཞན་པ་ཞིག་གྱོན་དང་” ཞེས་བཤད་པ་དེ་བདེན་པ་ཡིན་ནའང་དེ་འདྲ་ལབ་ཀྱི་མ་རེད། 

ཚིག་རྩུབ་ནི། མཚམས་རེར་དྲག་ཤུགས་ཀྱིས་ཤོད་དགོས་པའི་དུས་དེ་འདྲ་ཡང་ཡོང་སྲིད། རང་ཉིད་ཀྱི་ཕྲུ་གུས་མེ་སྤོར་བྱེད་ཀྱི་ཙག་སྒྲ་དང་མེ་ཆ་སོགས་ལ་རྩེད་མོ་རྩེ་བའི་སྐབས་དྲག་ཤུགས་ཀྱི་ཐོག་ནས་སྐད་ཆ་ཤོད་དགོས་ཐུག་གི་ཡོད། དེ་ནི་ཚིག་རྩུབ་ཀྱི་གྲས་སུ་བརྩི་རྒྱུ་མེད། གང་ཡིན་ཞེ་ན། ཁྱེད་རང་གི་ཀུན་སློང་དེ་ཁོང་ཁྲོ་མ་ཡིན་པའི་ཕྱིར། བྱས་ཙང་ཀུན་སློང་ནི་དངོས་གནས་དྲང་གནས་གནད་འགག་ཆེན་པོ་ཡིན།

ཡང་དག་མིན་པའི་ངག་གི་དཔེར་བརྗོད་གཞན་འགའ་ཞིག་ནི།

མི་དགེ་བའི་ལམ་ནས་སྐད་ཆ་ཤོད་སྟངས་དེ་དག་མི་གཞན་ལ་དམིགས་པ་ཙམ་མ་ཡིན་པར་རང་སོ་སོ་ལའང་དམིགས་དགོས་པ་དང་། ང་ཚོས་མི་དགེ་བའི་ལམ་ནས་སྐད་ཆ་ཤོད་སྟངས་ཐད་བསམ་བློ་རྒྱ་ཆེ་ས་ནས་གཏོང་ཐུབ་པ་ཞིག་ཡིན།

རྫུན་བཤད་པ་ལ་རང་སོ་སོའི་ཚོར་བ་གཞན་ལ་རྫུན་མ་བཤད་པའམ། ཡང་ན་གཞན་གྱི་ཕྱོགས་ལ་ཀུན་སློང་གང་ཡོད་པ་དེ་རྫུན་མ་བཤད་པ་བཅས་རྫུན་གྱི་ཁོངས་སུ་གཏོགས་ཆོག། ང་ཚོས་མི་གཞན་ཞིག་ལ་དཔེ་ཡག་པོ་བྱེད་པ་དང་། བརྩེ་བ་དང་དགའ་པོ་ཡོད་ལུགས་རྣམས་བཤད་པ་རྣམས་ནི། དེ་ལ་ཡིད་ཆེས་ནས་རང་གིས་རང་མགོ་སྐོར་གཏོང་གི་ཡོད། དོན་ངོ་མར་ང་ཚོ་ལ་དགོས་ཡག་ནི། མི་གཞན་དེའི་དངུལ་སོགས་རྒྱུ་ནོར་ལོངས་སྤྱོད་རྣམས་ཡིན། དོན་ངོ་མ་འདི་ནི་མགོ་སྐོར་བསླུ་བྲིད་རེད། བཤད་མི་དགོས་པ་ཞིག་ལ་གནས་སྟངས་འདི་འདྲའི་སྐབས་ང་ཚོ་མི་དེའི་འགྲམ་ལ་འགྲོ་ནས། ང་དངོས་གནས་བྱས་ན་ཁྱེད་རང་ལ་དགའ་གི་མི་འདུག། ང་ལ་དགོས་པ་དེ་ཁྱེད་རང་གི་དངུལ་ཡིན། ཞེས་མི་བཤད་ལ། དེ་འདྲ་བཤད་པ་ནི་ཏོག་ཙམ་རན་པ་ཞིག་མ་ཡིན། ཡིན་ནའང་ང་ཚོ་སོ་སོའི་ཚོར་བ་དང་ཀུན་སློང་ཐད་བདེན་པ་ཡིན་མིན་བརྟག་དཔྱད་ངེས་པར་དུ་བྱེད་དགོས།

ཕྲ་མའི་ངག་ནི། ཤིན་ཏུ་ནང་འགལ་གྱི་སྐད་ཆ་བཤད་ནས་རང་གི་གྲོགས་པོ་རྣམས་རང་ཉིད་གཡུགས་ནས་འགྲོ་དགོས་པའི་གནས་སྟངས་ཤིག་ཡིན་ཆོག མི་ཁ་ཤས་ནི་ག་དུས་ཡིན་ནའང་རྙོག་དྲྭ་རྐྱང་བཤད་པ་དང་དང་རྒྱུན་དུ་བསམ་བློ་སྡུག་རིགས་ངན་ཚད་གཏོང་གི་ཡོད། དེས་མི་གཞན་རྣམས་ཁོ་ཚོ་ལས་རྒྱང་ཐག་རིང་དུ་གཏོང་གི་ཡོད། ང་ཚོ་དེ་འདྲ་ཞིག་ཡོད་ན་སུས་ང་ཚོ་དང་མཉམ་དུ་གྲོགས་བྱེད་འདོད་ཡོད་དམ། ཡང་མིན་ན། རྫོགས་རྒྱུ་མེད་པའི་སྐད་ཆ་བཤད་ནས་མི་གཞན་དེར་ཚིག་གཅིག་བཤད་རྒྱུའི་གོ་སྐབས་མ་སྤྲད་ན་འདི་ཡི་མི་གཞན་པ་འདྲོགས་ནས་རང་དང་ཐག་རིང་སར་འགྲོ་གི་ཡོད། ང་ཚོ་ཚང་མས་མི་དེ་འདྲ་ངོ་ཤེས་ཀྱི་ཡོད་པ་ཡིན་ནའང། དུས་རྒྱུན་མི་དེ་དག་ལ་དམིགས་བསལ་གྱི་ཐུག་འཕྲད་བྱེད་འདོད་ཡོང་མི་སྲིད། དེར་བརྟེན་མི་གཞན་ལ་ཚིག་འཇམ་པོའི་སྒོ་ནས་སྐད་ཆ་ཡག་པོ་ཤོད་རྒྱུ་དང་། གང་ཐུབ་ཅི་ཐུབ་ཀྱིས་བཟང་ཕྱོགས་ཀྱི་བསམ་བློ་ཡོད་པ་ཞིག་དགོས།

ཚིག་རྩུབ་ནི། མི་གཞན་ཙམ་མ་ཟད་རང་སོ་སོ་ལ་ཁ་ངན་ཚིག་རྩུབ་སྨྲ་བའི་སྐབས་སུ་ཡོང་གི་ཡོད། མི་གཞན་ཞིག་ལ་གླེན་པ་དང་ཞེད་སྣང་ཚ་པོ་འདུག་ཞེས་ལབ་ན། དེ་ནི་གནག་པོ་ཡིན་པ་བཤད་མི་དགོས་པ་ཡིན་ལ། རང་ཉིད་རང་ལ་དེ་ལྟར་སྨྲས་ནའང་གནག་པོ་ཡིན། འདི་ཡིས་དངོས་གནས་ང་ཚོ་སྐྱིད་རུ་གཏོང་གི་མེད། བྱས་ཙང་། རང་སོ་སོ་ལ་བསམ་བློ་འཁྱེར་ཕྱོགས་ཡག་པོ་ཡོད་པ་ཞིག་དང་། རང་ཉིད་རང་ལ་བརྩི་བཀུར་བྱེད་སྟངས་ཡག་པོ་ཞིག་དང་། དེ་བཞིན་རང་ཉིད་རང་གི་སེམས་ནང་སྐད་ཆ་ཤོད་སྟངས་ཡག་པོ་ཞིག་དགོས་པ་ནི་གལ་ཆེན་པོ་ཡིན། 

ངག་ཀྱལ་ནི། རྣམ་དཔྱོད་བེད་སྤྱོད་མ་བཏང་བར་རང་སོ་སོའི་སྒེར་གྱི་གནས་ཚུལ་དང་། དོགས་པ། སེམས་ཁྲེལ་སོགས་གང་འདོད་ཀྱིས་གཞན་ལ་བཤད་རྒྱུ་མེད། མི་གཞན་ལ་བཤད་མི་དགོས་པ་དང་བཤད་ན་མི་འགྲིག་པའི་གནས་ཚུལ་འགའ་ཤས་ཡོད་པ་ནི་དཔེར་ན། མི་ཞིག་གི་རང་ལ་ཡིད་ཆེས་བྱས་ནས་ཁོ་རང་སྐྱེས་པ་ནང་འབྲེལ་གྱི་འཁྲིག་སྤྱོད་པ་ཡིན་པའམ་ཁོ་རང་ལ་སྐྲན་ནད་ཡོད་པ་བཤད་ནས། ཁོས་སྐད་ཆ་དེ་དག་མི་གཞན་ལ་མ་བཤད་རོགས་ཟེར་དུས་ཁྱེད་རང་གིས་ཀྱང་དེ་ག་རང་བྱེད་དགོས་ཀྱི་ཡོད་པ་ལྟ་བུ་ཡིན། མི་གཞན་གྱི་གསང་བ་རྟོལ་ནས་བསླུ་བྲིད་བྱེད་པ་ནི་དུས་རྒྱུན་ངག་ཀྱལ་གྱི་ཁོངས་སུ་གཏོགས་པ་ཡིན།

ཡང་དག་པའི་ངག་ནི། དུས་དང་གནས་སྐབས་དང་བསྟུན་ནས་རན་ཞིང་འཚམས་པའི་སྒོ་ནས་སྐད་ཆ་ཤོད་རྒྱུ་དེ་ཡིན། མཚམས་རེ་ལུགས་དང་མཐུན་པའི་སྐད་ཆ་ཤོད་རྒྱུ་དང་མཚམས་རེར་ལུགས་དང་མི་མཐུན་པའི་སྐད་ཆ་ཤོད་དགོས་ཀྱི་ཡོད། གང་ལྟར་ཡང་། མི་གཞན་བདེ་པོ་ཚོར་བའི་སྐད་ཆ་ཤོད་དགོས། ཕྲུ་གུ་ཞིག་ལ་གནས་ཚུལ་ཞིག་འགྲེལ་བཤད་རྒྱག་པའི་སྐབས་ཕྲུ་གུ་དེས་ཧ་གོ་ཚོད་ཀྱི་སྒོ་ནས་འགྲེལ་བཤད་རྒྱག་དགོས། དེ་ལྟར་མི་རྒན་པ་དང་རིག་གཞུང་ཐ་དད་པའི་མི་རྣམས་ལའང་གཅིག་མཚུངས་རེད།

ལས་ཀྱི་མཐའ། ༼སྤྱོད་ལམ་༽

འཕགས་ལམ་ཡན་ལག་བརྒྱད་ཀྱི་གཉིས་པ་ནི། ཡང་དག་པའི་ལས་ཀྱི་མཐའ་ཟེར་བ་དེ་ཡིན། དེ་ནི་ཆེད་ལས་མིང་ཚིག་གམ་བརྡ་ཆད་ཅིག་ཡིན། མཐའ་མཚམས་ཀྱི་སྐོར་བཤད་སྐབས་ང་ཚོས་ཚད་ངེས་ཅན་ཞིག་གི་སྐོར་བཤད་ཀྱི་ཡོད། དཔེར་ན། “ངས་མཚམས་འདི་ལས་བརྒལ་བའི་ལས་མི་བྱེད་” ཟེར་བ་ལྟ་བུ་ཡིན།

ཡང་དག་མིན་པའི་སྤྱོད་ལམ།

མཚམས་ལས་བརྒལ་ནས་འགྲོ་བ་ཞེས་པ་ནི། ཕུང་བྱེད་མི་དགེ་བའི་སྤྱོད་ལམ་གྱི་རིགས་གསུམ་ལ་གོ་བ་ཡིན།

  • སྲོག་གཅོད་པ། སེམས་ལྡན་གང་ཡང་རུང་བ་གསོད་པ།
  • མ་བྱིན་པར་ལེན་པ། རང་ལ་བདག་དབང་མེད་པའི་ཅ་ལག་ཞིག་ཁྱེར་བའམ་རྐུ་བ།
  • མི་ཚངས་སྤྱོད་པ། འཇུག་མི་རུང་བའི་འཁྲིག་སྤྱོད་ཀྱི་ལས་ལ་ཞུགས་པ།

སྲོག་གཅོད།

གོ་བདེ་བར་བྱས་ན། སྲོག་གཅོད་ནི་སེམས་ཅན་གཞན་་གྱི་ཚེ་སྲོག་འཕྲོག་པ་ལ་ཟེར་ཞིང། དེ་ཡང་ཡིན་གཅིག་མིན་གཅིག་མི་ཁོ་ནར་ཡིན་པའི་ངེས་པ་མེད་དེ། ཉ་དང་། འབུ་སྲིན། དུད་འགྲོའི་རིགས་སོགས་སྲོག་ལྡན་ཚང་མ་ཚུད་པ་ཡིན།

ངའི་བསམ་པར། ང་ཚོ་མང་ཆེ་བར་ཉ་བཟུང་རྒྱུ་དང་རྔོན་པ་རྒྱག་རྒྱུ་དེ་སྤོང་བར་དེ་ཙམ་ཁག་པོ་ཡིན། ཡིན་ནའང་མི་འགའ་ཤས་ལ་འབུ་སྲིན་སོགས་གསོད་རྒྱུ་སྤོང་བར་དཀའ་ལས་ཁག་པོ་ཡོད་སྲིད། “འབུ་སྦྲང་མ་འདི་ཚེ་སྔོན་མར་ངའི་ཨ་མ་ཡིན།” ཞེས་བསམ་བློ་གཏོང་བ་ལྟ་བུ་སྐྱེ་བ་སྔ་ཕྱི་ལ་བསམ་བློ་གཏོང་མི་དགོས་པའི་ཐོག་ནས་སྲོག་གཅོད་སྤོང་བའི་ཐབས་ལམ་མང་པོ་ཡོད། དོ་ནན་ཆེ་ཤོས་ནི། གལ་སྲིད་འབུ་སྲིན་ལྟ་བུ་ཞིག་གི་ང་ཚོར་ཁོང་ཁྲོ་སློང་གི་ཡོད་ན། དེར་ལྷན་སྐྱེས་ཀྱི་བག་ཆགས་ང་ཚོ་ལ་ཐོག་མར་ཡ་ལན་ཞིག་ཡོད་པ་དེ་ཡིན་གཅིག་མིན་གཅིག་དེ་གསོད་དགོས་ཡག་མེད། དེ་འདྲའི་བག་ཆགས་ཀྱིས་ང་ཚོའི་གདོང་ལ་ཟིར་སྒྲ་རྒྱག་བཞིན་པའི་སྦྲང་མ་དེ་ཙམ་མ་ཟད། སོ་སོ་འདོད་མོས་མེད་པའི་རིགས་ག་འདྲ་ཞིག་ཡིན་ཡང་དྲག་པོའི་སྒོ་ནས་མེད་པ་བཟོ་འདོད་ཀྱི་གོམས་གཤིས་ཆགས་ཀྱི་ཡོད། དེའི་ཚབ་ལ་ཁོང་ཁྲོ་སློང་མཁན་དེ་དང་མཉམ་དུ་ཞི་བའི་ཐབས་ལམ་ཀྱིས་གདོང་ལེན་བྱེད་ཐབས་ཤིག་འཚོལ་དགོས། བྱས་ཙང། སྦྲང་མ་དང་དུག་སྦྲང་ལྟ་བུ་ཁང་པའི་གྱང་གི་སྟེང་དུ་བབས་པའི་སྐབས་ང་ཚོས་དེ་དག་གི་སྟེང་དུ་ཤེལ་ཕོར་གཅིག་བཀོན་ནས་དེའི་འོག་ཏུ་ཤོག་བུ་ཞིག་གིས་བཀག་སྟེ་ཕྱི་ལོགས་ལ་གློད་ཆོག། གནས་སྟངས་ཤིན་ཏུ་མང་པོ་ཞིག་གི་ནང་། ང་ཚོས་དགའ་མོས་མེད་པའི་རིགས་ལ་ཞི་བ་དང་འཚེ་བ་མེད་པའི་སྒོ་ནས་གདོང་ལེན་བྱ་རྒྱུའི་ཐབས་ལམ་རྙེད་ཐུབ། 

གལ་སྲིད་ང་ལྟ་བུ་ཁྱེད་རང་ཡང་རྒྱ་གར་ལ་སྡོད་མྱོང་མཁན་ཞིག་ཡིན་ན་འབུ་སྲིན་མཉམ་དུ་འཚོ་གནས་བྱེད་ཚུལ་ཤེས་ཀྱི་རེད། རྒྱུ་མཚན་ནི་རྒྱ་གར་ནང་འབུ་སྲིན་ཚང་མ་མེད་པ་བཟོ་ཐབས་རྩ་བ་ནས་མེད། “གལ་སྲིད་ཁྱེད་རང་འབུ་སྲིན་ལ་དགའ་པོ་ཡོད་ན། ཁྱེད་རྒྱ་གར་ལ་དགའ་པོ་ཆགས་ཀྱི་རེད་” ཅེས་ངས་འགྲིམ་འགྲུལ་དང་འབྲེལ་བའི་ཚོང་འབྲེལ་གྱི་དྲིལ་བསྒྲགས་ལ་འདི་འདྲ་ཞིག་བསམ་མྱོང་ཡོད། ང་ཐེངས་དང་པོར་རྒྱ་གར་ལ་སྤོས་པའི་སྐབས་ངའི་རྒྱབ་ལྗོངས་ནི་འབུ་སྲིན་རིགས་ལ་རྩ་བ་ནས་དགའ་པོ་མེད། འོན་ཀྱང་ཚན་རིག་དང་འབྲེལ་བའི་བཅོས་སྒྲུང་ལ་དགའ་པོ་ཡོད། བྱས་ཙང་གལ་སྲིད་ང་ཐག་རིང་གི་འཇིག་རྟེན་གཞན་ཞིག་ལ་སླེབས་པ་དང་། དེའི་ནང་སེམས་ཅན་ཚང་མ་འབུ་སྲིན་གྱི་དབྱིབས་གཟུགས་ཡོད་པ་ཞིག་ཡིན་ན། ཁོ་ཚོ་དང་ཐུག་འཕྲད་བྱུང་བ་དང་རྡོག་རྫིས་བཏང་ནས་བཙིར་ན་དེ་ནི་ཤིན་ཏུ་མདོག་ཉེས་པ་དང་འཇིགས་རྔམས་ཅན་ཞིག་ཆགས་སྲིད་བསམ་མྱོང་ཡོད། གལ་སྲིད་སོ་སོ་རང་ཉིད་འབུ་སྲིན་བསྡད་ས་ལ་བཞག་ན། ཁོ་རང་ཚོས་གང་ལྟར་བྱེད་དགོས་ངེས་ཀྱི་བྱ་བ་ཙམ་ཞིག་བྱེད་ཀྱི་ཡོད་པ་ཤེས་ཐུབ། དེ་ལ་བརྟེན་ནས་སྲོག་ལྡན་ཞིག་ཡིན་པའི་ཆ་ནས་ཁྱེད་རང་གིས་དེ་ལ་བརྩི་མཐོང་བྱེད་ཡག་འགོ་བཙུག་གི་རེད།

གནོད་འཚེ་ཅན་གྱི་མི་ཡོད་པ་ནང་བཞིན་གནོད་འཚེ་ཅན་གྱི་འབུ་སྲིན་ཡོད་པ་ནི་བཤད་མི་དགོས་པ་ཞིག་ཡིན། དེ་འདྲའི་སྐབས་མཚམས་རེ་དེ་དག་ལ་སྟངས་འཛིན་ཤུགས་ཆེན་པོ་དང་ནན་པོ་བྱེད་དགོས་པ་ནི་སློབ་སྟོན་བྱེད་རུང་བ་ཞིག་ཡིན། འོན་ཀྱང་ང་ཚོས་མི་དང་མིའི་དབར་གྱི་རྩོད་རྙོག་སྐོར་བཤད་ཀྱང་རུང་། ཡང་ན་ཁང་པའི་ནང་ལ་འབུ་གྲོག་མ་དང་འབུ་ཞུ་ལུ་མ་སོགས་ཀྱིས་ཡོངས་སུ་ཁྱབ་ནས་ཡོད་སྐབས་ཐོག་མར་ཞི་བའི་ཐབས་ཤིག་བསྟེན་ཐབས་བྱེད་པ་ནི་ཡག་ཤོས་དེ་ཡིན། 

ཡིན་ནའང་ཞིང་ཁའི་ནང་ཁྱེད་རང་གི་ལོ་ཏོག་བཟའ་མཁན་འབུ་ཆ་གྭ་པ་ལྟ་བུར་བསམ་བློ་བཏང་བ་ཡིན་ན། དེ་བཅོས་ཐབས་ལ་ཀུན་སློང་ཧ་ཅང་གལ་ཆེན་པོ་ཡིན། དཔེར་མཚོན་ཞིག་ནི། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐྱེ་བ་སྔོན་མ་གྲུ་གཟིངས་གཏོང་མཁན་ཞིག་ཡིན་པ་ལྟ་བུ་དང། གྲུ་གཟིངས་ནང་ཡོད་པའི་མི་ཞིག་གིས་གྲུ་གཟིངས་ནང་གི་མི་ཡོད་ཚད་གསོད་ཡག་གི་འཆར་གཞི་སྒྲིག་བཞིན་ཡོད་པ་དེ་སངས་རྒྱས་ཀྱིས་མཁྱེན་ནས། མི་མང་པོ་སྲོག་གཅོད་པའི་ལས་དེ་འགོག་ཐབས་ཀྱི་ཞི་བའི་ཐབས་ལམ་མེད་པར་གཟིགས་ནས། ལམ་ཀ་གཅིག་རང་ཡོད་པ་ནི། མི་ཚང་མ་གསོད་འདོད་བྱེད་མཁན་ནུས་ལྡན་གྱི་མི་དེ་གསོད་རྒྱུ་ལས་མེད་པ་མཁྱེན་ཏེ་མི་དེ་བསད་པ་རེད། ཡིན་ནའང་ཁོང་ཁྲོ་དང་འཇིགས་སྣང་གིས་ཀུན་ནས་བསླངས་པ་མ་ཡིན་པར་གྲུ་གཟིངས་ནང་ཡོད་པའི་འགྲུལ་བ་གཞན་རྣམས་ཀྱི་སྲོག་སྐྱོབ་རྒྱུ་དང་། ལག་དམར་བ་ཁོ་རང་ལ་ཚད་ལས་བརྒལ་བའི་ལས་བསགས་རྒྱུ་ལས་གྲོལ་ཆེད་སྙིང་རྗེས་ཀུན་ནས་བསླངས་སྟེ་སྲོག་བཅད་གནང་ཡོད། སྐབས་དེར་ཀུན་སློང་ཡག་པོས་སྦྱོར་བ་བརྩམས་ཀྱང་བྱ་བ་དེ་མི་དགེ་བ་ཡིན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ངོས་བཞེས་གནང་སྟེ། སངས་རྒྱས་ཀྱིས། གཞན་སྲོག་ལས་སྐྱོབ་པའི་ཆེད་སྲོག་གཅོད་ཀྱི་ལས་ཀྱི་འབྲས་བུ་ཅི་འདྲ་ཞིག་ཡོང་ནའང་ངོས་བཞེས་གནང་གི་ཡིན། ཞེས་ཁོང་གིས་ཐུགས་ཐག་བཅད་གནང་ཡོད། 

དེར་བརྟེན་ཞིང་ཀ་ལ་གནོད་པའི་གཞན་ཟས་སུ་སྤྱོད་པའི་སྲོག་ཆགས་ཆ་ག་པ་ལྟ་བུ་ཞིག་གསོད་དགོས་བྱུང་ན་ཁོང་ཁྲོའམ། འཇིགས་སྣང་། ཡང་ན་སྟོན་ཐོག་བཙོང་ནས་དངུལ་མང་པོ་གསོག་འདོད་ཀྱི་ཀུན་ནས་བསླངས་པ་མིན་པར། སྙིང་རྗེས་ཀུན་ནས་བསླངས་སྟེ་གསོད་ཐབས་བྱེད་དགོས། དེ་ལྟར་བྱས་ན་ཁོང་ཁྲོས་ཀུན་ནས་བསླངས་སྟེ་གསོད་པ་ལས་རྣམ་སྨིན་གྱི་འབྲས་བུ་ཡང་བ་ཡོང་གི་རེད། གང་ལྟར་ཡང་། སངས་རྒྱས་བཅོམ་ལྡན་འདས་ནང་བཞིན་ལས་ཀ་དེ་ནི་མི་དགེ་བ་ཡིན་པ་ངོས་ལེན་བྱས་ནས་དེའི་འབྲས་བུ་ག་འདྲ་ཞིག་འབྱུང་ཡང་དང་ལེན་བྱེད་དགོས།

མ་བྱིན་པར་ལེན་པ།

མི་མང་ཆེ་བ་སོ་སོའི་རྒྱུ་ནོར་ལོངས་སྤྱོད་ལས་ཚེ་སྲོག་ལ་གཅེས་འཛིན་ཆེ་བ་བྱེད་ཀྱི་ཡོད་ཀྱང་། ད་དུང་ཡང་གལ་སྲིད་ཁྱེད་ཀྱིས་མི་ཞིག་གི་རྒྱུ་ནོར་རྐུ་ན། དེས་ཕྱོགས་གཉིས་ཀ་ལ་མི་སྐྱིད་པ་ཆེན་པོ་བཟོ་རྒྱུ་ཡིན་པ་ཐག་ཆོད། དམིགས་བསལ་གྱི་རྐུན་མ་དེ་ལ། “ང་འཇུ་བཟུང་བྱེད་མི་ཡོང་ངམ་” སྙམ་པའི་དངངས་འཚབ་ཡོད་པའི་སྐབས་སུ་མི་སྐྱིད་པ་ཆགས་ཀྱི་ཡོད།

ད་ང་ཚོས་གང་བྱེད་འདོད་པ་ནི། སོ་སོའི་ཆེད་དཀའ་ངལ་ལས་གཡོལ་ཐབས་བྱེད་རྒྱུ་དེ་ཡིན། དཔེར་ན་ཉ་དང་འབུ་སྲིན་ལྟ་བུ་བསད་ན་དེ་ནི་ཁོ་ཚོའི་དཀའ་ངལ་ཞིག་ཡིན་པ་གསལ་པོ་རེད། ཡིན་ནའང་ང་ཚོར་འབུ་སྲིན་ཀྱིས་དཔེ་བསུན་པོ་བཟོས་པ་ཡིན་ན། ག་དུས་ཡིན་ཀྱང་དུག་སྦྲང་གིས་དུས་ནམ་ཞིག་ང་ཚོའི་ས་ཆར་བཙན་འཛུལ་བྱས་མི་ཡོང་ངམ་སྙམ་པའི་སེམས་ཁྲེལ་དང་། མཚན་དཀྱིལ་ལ་ལངས་ནས་དེ་དག་འཚོལ་ཞིབ་བྱེད་དགོས་པ་སོགས་ང་ཚོ་ལའང་དཀའ་ངལ་ཡོད་པ་ཡིན། འདི་ནི་སེམས་འཚབ་ཀྱི་གནས་སྟངས་ཞིག་ཡིན། གལ་སྲིད་ང་ཚོས་སྤྱིར་བཏང་ཞི་བའི་ཐབས་ལམ་གྱི་གནས་ཚུལ་འདི་དག་ལ་གདོང་ལེན་བྱས་ན་ང་ཚོའི་སེམས་ཀྱང་ཞི་ལྷོད་པ་ཡོང་གི་རེད།

མ་བྱིན་པར་ལེན་པ་ལའང་འཇབ་རྐུ་བྱེད་དགོས་པ་དང་འཛིན་བཟུང་བྱས་མི་ཡོང་ངམ་སྙམ་པའི་དོགས་པ་བྱེད་དགོས་པ་སོགས་འགྲོ་སྟངས་གཅིག་པ་ཡིན། མ་བྱིན་པར་ལེན་པ་འདོད་པ་ཤུགས་ཆེན་པོ་ཞིག་ལ་གཞིར་བཞག་ཡོད་པ་དང་། འདོད་པ་དེས་ཅ་དངོས་དེ་འཐོབ་པའི་ཆེད་བྱེད་དགོས་པའི་ལས་ཀ་བྱེད་པ་ལ་བཟོད་སྒོམ་འདང་ངེས་ཤིག་མེད་པས་གཞན་གྱི་ལག་ནས་རྐུ་བ་ཡིན།
ལྡོག་ཕྱོགས་ཀྱི་ཀུན་སློང་གཞི་ལ་བྱས་ནས་སྲོག་གཅོད་པ་དང་མ་བྱིན་པར་ལེན་པའི་དཔེ་མཚོན་ཀྱང་ཡོད་དེ།

  • ཆགས་པ་དང་འདོད་རྔམས་ཀྱིས་ཀུན་ནས་བསླངས་ཏེ། ཉའམ་དུད་འགྲོ་སེམས་ཅན་གྱི་ཤ་ཟ་འདོད་སྐྱེས་ནས་སྲོག་བཅད་སྲིད། གལ་སྲིད་ཟ་རྒྱུའི་ཁ་ལག་གཞན་ཅི་གང་མེད་ན་གནས་སྟངས་གཅིག་རེད། ཡང་ཟ་རྒྱུའི་གདམ་ཀ་གཞན་ཡོད་བཞིན་དུ་བསད་ན་སྐད་ཆ་ཁག་ཁག་རེད།
  • མི་ཞིག་ལ་གནོད་འཚེ་བྱེད་འདོད་སྐྱེས་ནས་ཁོ་ལ་བདག་དབང་ཡོད་པའི་ཅ་ལག་ཁོང་ཁྲོས་ཀུན་ནས་བསླངས་ཏེ་མ་བྱིན་པར་ལེན་པ་ཡོང་སྲིད།

མི་ཚངས་པར་སྤྱོད་པ།

བརྗོད་གཞི་འདི་དཀའ་ལས་ཁག་པོ་ཞིག་ཡོད། གང་ཡིན་ཞེ་ན། ང་རང་ཚོ་མང་ཆེ་བའི་འཁྲིག་སྤྱོད་ཀྱི་རྒྱབ་ལ་ནུས་ཤུགས་སྤྲོད་མཁན་དེ་ནི་འདོད་ཆགས་ཡིན། ནང་ཆོས་ནས་གང་ལ་འཛེམ་དགོས་པའི་གཞི་རྩའི་ལམ་སྟོན་ཁ་ཤས་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་ནི།

  • བཙན་གཡེམ་དང་དྲག་རྩུབ་བྱེད་པ་སོགས་ང་ཚོའི་འཁྲིག་སྤྱོད་ཀྱི་བྱ་བ་ལས་གཞན་ལ་གནོད་སྐྱེལ་བ།
  • མི་གཞན་པ་དང་ཐ་ན་རང་གི་བཟའ་ཟླ་ལའང་འདོད་པ་མེད་བཞིན་དུ་འཁྲིག་སྤྱོད་བྱེད་བཅུག་པ།
  • མི་གཞན་གྱི་བཟའ་ཟླ་དང་། སོ་སོ་ལ་བཟའ་ཟླ་ཡོད་བཞིན་དུ་གཞན་གྱི་བཟའ་ཟླ་དང་མཉམ་དུ་འཁྲིག་སྤྱོད་བྱེད་པ། དེ་འདྲའི་རིགས་ག་ཚོད་གཟབ་གཟབ་བྱས་ཀྱང་ཐ་མ་དཀའ་རྙོག་ནང་འཚུད་ཀྱི་རེད། རེད་དམ་མ་རེད།

མི་ཚངས་པར་སྤྱོད་པ་ལ་རྣམ་པ་གཞན་མང་པོ་ཡོད་ཀྱང་། བསྡོམས་བརྒྱབ་ནས་བཤད་ན་ང་ཚོ་དུད་འགྲོ་ནང་བཞིན་ལས་ཀ་བྱེད་མི་རུང་བ་དེ་ཡིན། དུད་འགྲོ་རྣམས་ནི་ག་དུས་འདོད་པ་བྱུང་བ་དང་། གཡས་གཡོན་ལ་སུ་ཡོད་མེད་་ལ་མ་ལྟོས་པར་དུད་འགྲོ་གཞན་ཚང་མའི་སྟེང་དུ་མཆོངས་ནས་ལམ་སེང་འཁྲིག་སྤྱོད་ཀྱི་བྱ་བ་ལ་འཇུག་གི་ཡོད། དེ་དག་ནི་མཐའ་གཅིག་ཏུ་འདོད་ཆགས་ཀྱི་དབང་དུ་ཤོར་བའི་སེམས་ཅན་ཡིན་པས། དེ་དག་འདྲ་པོ་མི་བྱེད་པའི་འཛེམ་ཟོན་བྱེད་དགོས་པ་ཡིན།

དེ་འདྲ་སོང་ཙང་། ང་ཚོས་བྱེད་དགོས་ཡག་ག་རེ་ཡོད་ཟེར་ན། ས་མཚམས་ཞིག་བཞག་ནས་ང་ཚོའི་འཁྲིག་སྤྱོད་ཀྱི་བྱ་བ་དང་འབྲེལ་བའི་ལས་ཀ་རྣམས་ས་མཚམས་དེ་བརྒལ་ནས་མི་བྱེད་པའི་ཆོད་སེམས་བཞག་དགོས། ང་ཚོས་བཟོས་པའི་ས་མཚམས་དེ་དག་ནི། འཁྲིག་སྤྱོད་ཀྱི་དུས་མང་ཉུང་དང་། འཁྲིག་སྤྱོད་ཀྱི་བྱ་བ་མི་འདྲ་བ་དང་། འཁྲིག་སྤྱོད་སྐབས་ཀྱི་འདུག་ལུགས་འདུག་སྟངས་ལ་སོགས་པ་དང་འབྲེལ་བ་ཞིག་ཡིན་ཆོག སོ་སོའི་འདོད་པ་གང་ཡོད་ལྟར་དུས་དང་ས་ཆ། རོགས་པ་སོགས་གང་ལ་ཡང་མ་ལྟོས་པར་དུད་འགྲོ་ནང་བཞིན་འཁྲིག་སྤྱོད་བྱེད་མི་རུང་། སྐབས་འདིར་གནད་དོན་གཙོ་བོ་ནི། མི་ཚེའི་ནང་འཁྲིག་སྤྱོད་བྱེད་ཚུལ་གྱི་ལམ་སྟོན་འགའ་གསར་གཏོད་བྱ་རྒྱུ་ཡིན། བཟང་སྤྱོད་ཀྱི་ཚུལ་ཁྲིམས་རང་སྲུང་ཆ་ནས་བཤད་ཀྱང་འདི་ནི་ཤིན་ཏུ་གལ་ཆེན་པོ་ཆགས་ཡོད། ཚུལ་ཁྲིམས་རང་སྲུང་ཞེས་པ་ནི། རང་གི་བཟོས་པའི་བཅད་མཚམས་ལས་མ་བརྒལ་བ་བྱ་རྒྱུ་དེ་ཡིན། རྒྱུ་མཚན་ནི། བཅད་མཚམས་ལས་བརྒལ་བ་ཡིན་ན། དེ་ནི་ཆགས་སེམས་ཙམ་ལ་བརྟེན་པ་ཡིན་ཞིང་། ཆགས་སེམས་ནི་དཀའ་ངལ་ཚང་མའི་རྒྱུ་ཡིན་པ་ང་ཚོས་ཧ་གོ་བའི་ཕྱིར་རོ།།

མྱོས་བྱེད་སྤྱོད་པ། ༼ཆང་འཐུང་བ།༽

མྱོས་བྱེད་སྤྱོད་པ་དེ་མི་དགེ་བའི་སྤྱོད་ལམ་གྱི་ཁོངས་སུ་མེད་ཀྱང་། དེ་དག་སྤོང་རྒྱུ་ནི་རང་ཉིད་ཡར་རྒྱས་གཏོང་བ་ལ་ཤིན་ཏུ་གལ་ཆེན་པོ་ཡིན། 

ང་ཚོར་ཏིང་ངེ་འཛིན་ཡར་རྒྱས་གཏོང་འདོད་ཡོད་ལ་ཚུལ་ཁྲིམས་ཡར་རྒྱས་གཏོང་འདོད་ཡོད་ཀྱང་། ཆང་རག་གིས་བཟི་ན་རང་ཉིད་ལ་ཚུལ་ཁྲིམས་གང་ཡོད་པ་དེ་ཉམས་འགྲོ་བ་ཡིན། དེ་ལྟར་མིན་ནམ། ང་ཚོས་མྱོས་རྫས་ཀྱི་སྨན་ཟ་བའམ་རྡོ་ཐ་ (marijuana) འཐེན་ནས་སེམས་ཀྱི་དམིགས་གཏད་ཚང་མ་བརླག་གཏོང་གི་ཡོད། ང་ཚོ་སོ་སོ་ཡར་རྒྱས་གཏོང་རྒྱུའི་དམིགས་ཡུལ་དང་བཟི་སྨན་ཪིགས་འདྲ་མིན་དང་ཆང་རག་སོགས་ཀྱི་ཤུགས་རྐྱེན་གཉིས་དཔྱད་བསྡུར་བྱས་ནས་བལྟས་ན། ཆང་གིས་མྱོས་པའམ། ར་བཟི་བ་ནི་འགལ་འདུ་ཅན་ཞིག་ཡིན་པ་ཤེས་ཀྱི་རེད། མྱོས་རྫས་ཀྱི་རིགས་སྤྱད་པ་ལས་ར་བཟི་བའི་སྐབས་སུ་འགོག་རྐྱེན་བར་ཆད་བཟོ་བ་ཙམ་མ་ཟད། དེ་དག་གི་འཕྲོས་ལྷག་སྡུག་བསྔལ་ཡང་ཡོང་སྲིད་པ་ཡིན། དཔེར་ན་ར་དྭངས་ཚར་བའི་རྗེས་ཀྱི་ཆང་ནད་ལྟ་བུ། བྱུང་ན་མྱོས་རྫས་རིགས་རྩ་བ་ནས་སྤོང་རྒྱུ་གལ་ཆེན་པོ་ཡིན་མོད། དེ་ལྟར་མ་བྱུང་ནའང་སོ་སོའི་ནམ་རྒྱུན་བེད་སྤྱོད་གཏོང་ཡག་གི་ཆེད་དུ་ས་མཚམས་འདྲ་པོ་ཞིག་བཟོས་ན་དངོས་གནས་ཡག་པོ་ཡོད།

ཡང་དག་པའི་ལས་ཀྱི་མཐའ། ༼ཡང་དག་པའི་སྤྱོད་ལམ།༽

ཚུལ་ཁྲིམས་རང་སྲུང་གི་རྣམ་པ་གཅིག་ནི། མི་དགེ་བའི་སྤྱོད་ལམ་གྱི་རིགས་སྤོང་རྒྱུ་དེ་ཡིན། རྣམ་པ་གཞན་ཞིག་ནི། དགེ་བའི་ལས་ཀྱི་ལམ་དུ་འཇུག་རྒྱུ་དེ་ཡིན། དེ་ལ་ཡང་དག་པའི་སྤྱོད་ལམ་ཞེས་ཟེར་གྱི་ཡོད། དེར་བརྟེན། སེམས་ཅན་གཞན་གྱི་སྲོག་འཕྲོག་རྒྱུའི་ཚབ་ལ་གཞན་གྱི་ཚེ་སྲོག་ལ་ཧུར་ཐག་གིས་གཅེས་སྲུང་བྱེད་པར་ཕན་ཐོགས་བསྒྲུབ་དགོས། རྒྱ་ཆེ་ས་ནས་འགྲེལ་བཤད་བྱེད་ན། ཁོར་ཡུག་གཏོར་སྐྱོན་བྱ་རྒྱུའི་ཚབ་ལ་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན། དེ་ལ་བརྟེན་ནས་ཉ་ལ་སོགས་པའི་དུད་འགྲོ་སེམས་ཅན་རྣམས་རང་དབང་ལྡན་པའི་སྒོ་ནས་འཚོ་ཐུབ། རང་ལ་ཕག་པ་མང་པོ་ཡོད་པའི་དབང་དུ་བཏང་ནས་དེ་རྒྱག་པ་ཆགས་ནས་སོ་སོས་ཟ་ཡག་ཆེད་ཁ་ལག་སྤྲོད་པ་མ་ཡིན་པར། ཕག་པ་དེ་དག་བདེ་ཐང་ངང་འཚར་ལོང་ཡོང་རྒྱུའི་ཆེད་ཁ་ལག་སྤྲོད་དགོས་པ་ཡིན། དེ་ནི་སེམས་ཅན་གྱི་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་པ་ཡིན། དེ་བཞིན་རང་གི་ཁྱི་ལ་ཁ་ལག་སྟེར་བ་དེ་ཡང་ཚེ་སྲོག་སྲུང་སྐྱོབ་བྱེད་ཐབས་ཤིག་ཡིན། དེའི་ནང་དུ་ནད་པ་ལ་གཅེས་སྐྱོང་དང་རྨས་སྐྱོན་ཕོག་པའི་མི་རྣམས་ལ་རོགས་ཕན་བསྒྲུབ་རྒྱུ་ལ་སོགས་པའང་ཚུད་ཡོད། 

ཁྱེད་རང་གི་སྡོད་ཤག་ནང་གི་ཟིར་སྐད་སྒྲོགས་པའི་སྦྲང་བུའམ་བུང་བ་འཁོར་བ་ལ་བསམ་ནས་བཤད་ན། དེ་སྡོད་ཤག་ནང་སྡོད་འདོད་མེད་པར་ཕྱི་ལ་འགྲོ་འདོད་ཡོད་ཀྱང་། འགྲོ་སྟངས་མ་ཤེས་པར་ལུས་ཡོད། དེ་དག་གི་ཁང་པའི་ནང་འཛུལ་བའི་ནོར་འཁྲུལ་བྱས་པ་ཙམ་རྒྱུ་མཚན་དུ་བྱས་ནས་བསད་ན། དེ་ཡག་པོ་ཞིག་མ་རེད། རེད་དམ་མ་རེད། སྦྲང་བུ་དེ་འཚོ་འདོད་ཡོད་པས། ང་ཚོས་སྒེའུ་ཁུང་ཕྱེ་བ་དང་ཁ་ནས་ཤུ་སྒྲ་སྒྲོགས་ཏེ་དེ་ཕྱི་ལ་གཏོང་ཡག་གི་རོགས་པ་བྱེད་ཐུབ། ཁྱེད་རང་གི་དེ་ལྟར་བྱས་པ་དེ་ལ་སེམས་ཅན་གྱི་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་རོགས་བྱས་པ་ཟེར་ལ། གལ་སྲིད་བྱིའུ་ཞིག་ཁང་པའི་ནང་འཛུལ་ནོར་ཐེབས་ནས་སླེབས་ན། ཁྱེད་རང་གིས་མེ་མདའ་བཏོན་ནས་བརྒྱབ་སྲིད་དམ་ཟེར་ན། བརྒྱབ་མི་སྲིད། ཡིན་ནང་བྱིའུ་དང་སྦྲང་བུ་གཉིས་ཀྱི་བར་ཁྱད་པར་ནི། ལུས་ཀྱི་བོངས་ཚད་དང་། དེ་གཉིས་ཀྱི་མཐོང་སྣང་། དེ་གཉིས་ཀྱིས་སྒྲ་སྐད་རྒྱག་རྟངས་ཙམ་ཡིན། གལ་སྲིད་ཁྱེད་རང་ཁང་པའི་ནང་སྦྲང་མ་ལ་སོགས་པ་འཛུལ་འཇུག་འདོད་མེད་ན་སྒེའུ་ཁུང་ཕྱེ་རྒྱུ་མེད། ཡང་ན་སྒེའུ་ཁུང་ལ་ཡོལ་བ་རྒྱག་དགོས།

རྐུན་མ་མི་རྐུ་བ་ལ་ཡང་དག་པའི་བྱ་བ་ནི། གཞན་གྱི་རྒྱུ་ནོར་ལོངས་སྤྱོད་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན། གལ་སྲིད་གཞན་གྱི་ཅ་དངོས་ཞིག་རང་ལ་གཡར་ན། ཁྱེད་རང་ཅ་དངོས་དེ་འཕྲོ་བརླག་མི་འགྲོ་ཡག་གི་ཐབས་ཤེས་གང་ཐུབ་བྱེད་ཀྱི་ཡོད། མི་གཞན་ལ་ཅ་དངོས་ཡག་པོ་རག་ཡག་ཆེད་སོ་སོ་ངོས་ནས་རོགས་པ་བྱ་རྒྱུའི་འབད་བརྩོན་བྱེད་ཀྱི་རེད།

གཞན་ཙམ་མ་ཟད་རང་ལ་ཡང་འཁྲིག་སྤྱོད་ཀྱི་བྱ་བ་མི་རུང་བ་བྱེད་པ་སོགས་མི་ཚངས་སྤྱོད་ཀྱི་ཚབ་ཏུ་འཁྲིག་སྤྱོད་ཀྱི་སྐབས་སུ་བྱམས་བརྩེ་ལྡན་པ་དང་གཤིས་ཀ་འཇམ་པོ་ཡོད་དགོས་པ་ལས་ཚ་དྲོད་ཆེ་སྐབས་ཀྱི་ཁྱི་ལྟར་བྱེད་མི་རུང་།

ཡང་དག་པ་དང་། ཡང་དག་མིན་པའི་སྤྱོད་ལམ་གྱི་དཔེ་མཚོན་གཞན་འགའ་ནི།

ང་ཚོས་བགྲོ་གླེང་གི་ཁྱབ་ཚད་ལ་བལྟས་ན། སྤྱོད་ལམ་རིགས་གསུམ་གྱི་ཁྱབ་ཁོངས་སུ་ཡོད་པའི་རྣམ་པ་གཞན་མང་པོ་ཡོད་པ་མཐོང་ཐུབ། 

དཔེར་ན། སྲོག་གཅོད་སྤོང་བའི་ཁྱབ་ཚད་ལྟ་བུ་མཚོན་ན། སེམས་ཅན་གཞན་ལ་ལུས་ཀྱི་སྒོ་ནས་དྲག་རྩུབ་ཀྱིས་ལྟ་སྟངས་དེ་འགོག་དགོས། དེ་ཡང་མི་གཞན་ལ་བརྡུང་རྡེག་མི་གཏོང་བ་ཙམ་དུ་མ་ཟད། ཚད་ལས་བརྒལ་བའི་ལས་ཀ་བསྐུལ་བའམ་ལུས་ལ་གནོད་སྐྱོན་ཡོང་སྲིད་པའི་ལས་ཀ་བྱེད་དུ་བཅུག་པ་ལྟ་བུ་ཡིན། འདི་ནི་རང་སོ་སོ་ལ་ཡང་སྦྱར་ནས་བཤད་ཆོག་སྟེ། ཚད་ལས་བརྒལ་བའི་ལས་ཀ་བྱེད་པ་དང་། ཟས་ཡག་པོ་མི་བཟའ་བ་དང་། གཉིད་ཉུང་ཉུང་ཁུག་བ་སོགས་ཀྱི་སྒོ་ནས་རང་སོ་སོ་ལ་སྡུག་སྦྱོང་རྩ་ནས་གཏོང་རྒྱུ་མེད། ང་ཚོ་སོ་སོའི་སྤྱོད་ལམ་ལ་བརྟག་དཔྱད་བྱེད་སྐབས་གཞན་ལ་བསམ་བློ་བཏང་ནས་བྱེད་ཀྱི་ཡོད་ཀྱང། སོ་སོ་ལ་ཚུར་སྦྱར་ནས་བསམ་བློ་བཏང་སྟེ་བརྟག་དཔྱད་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན། 

མ་བྱིན་པ་ལེན་པ་ཞེས་པ་ཡང་རྒྱ་ཆེ་ས་ནས་བཤད་ན། གཞན་གྱི་རྒྱུ་ནོར་ལོངས་སྤྱོད་མ་བྱིན་པར་ལེན་པ་ཙམ་མ་ཡིན་པར། དང་པོ་ནས་གཞན་ལ་སྐད་ཆ་མ་དྲིས་པར་གཞན་གྱི་རྒྱུ་ནོར་བེད་སྤྱོད་གཏོང་རྒྱུ་དེ་ཡོད། དཔེར་ན། སྐད་ཆ་མ་དྲིས་པར་གཞན་གྱི་ཁ་པར་འཁྱེར་ནས་ས་ཐག་རིང་པོ་ཞིག་ལ་ཁ་པར་གོང་ཆེན་པོ་ཞིག་བཏང་བའམ། ཆོག་མཆན་མེད་པར་གཞན་གྱི་འཁྱགས་སྒམ་ནས་ཁ་ལག་བཏོན་ཏེ་བཟའ་བ་ལྟ་བུ་དང། ད་དུང་གློག་བརྙན་ཁང་ནང་འཛུལ་ཤོག་མ་ཉོས་པར་འཛུལ་འགྲོ་བ་དང་། དེང་སང་མི་རྣམས་འདིའི་སྐོར་གོ་འདོད་མེད་ཀྱང་རྒྱལ་ཁབ་གཞུང་ལ་ཁྲལ་མ་སྤྲད་པ་དེའང་མ་བྱིན་པ་ལེན་པ་ཡིན། འདི་ལ་ཁྱེད་ཀྱིས། “ང་ཁྲལ་སྤྲོད་འདོད་མེད། དེ་གང་ཡིན་ཞེ་ན། ཁྲལ་གྱི་བསྡུ་དངུལ་རྣམས་དམག་གྲོན་དང་མཚོན་ཆ་ཉོ་ཆེད་བེད་སྤྱོད་བྱེད་ཀྱི་ཡོད་པའི་ཕྱིར་” ཞེས་ཟེར་ནས་ཁ་རྩོད་རྒྱག་ཆོག་ཀྱང་། དངོས་ཡོད་གནས་ཚུལ་ནི། ཁྲལ་གྱི་བསྡུ་དངུལ་རྒྱ་ལམ་བཟོ་རྒྱུ་དང་། སྨན་ཁང་དང་སློབ་གྲྭ་རྒྱག་རྒྱུ་སོགས་ལ་ཡང་འགྲོ་སོང་གཏོང་གི་ཡོད། བྱས་ཙང་ཁྱེད་རང་ལ་དེ་དག་དགོས་ན་ཁྲལ་ངེས་པར་དུ་སྤྲོད་དགོས་ཀྱི་ཡོད།

ཆོག་མཆན་མེད་པར་བརྐུ་བཤུས་བྱས་པའི་གཉེན་ཆས་དང་བརྙན་ཐུང་ཕབ་ལེན་བྱས་ན་དེ་མ་བྱིན་པར་ལེན་པ་ཡིན་ནམ། ངས་བསམ་ན་རེད། ལྷག་པར་དུ་ “རིན་པ་མ་སྤྲད་པར་ཕབ་ལེན་བྱེད་མི་ཆོག” ཅེས་ཁ་གསལ་པོ་དྲིས་ཡོད་ན། དེ་རྐུ་བ་ཡིན་པ་གསལ་པོ་རེད། འདི་རྐུན་མ་མིན་ཟེར་ས་མེད། གང་ལྟར་ཡང་། རྩ་འཛིན་བྱེད་ས་ནི། ས་མཚམས་བཟོ་དགོས་པ་དེ་ཡིན། འདིའི་སྐབས་སུ་འཇུག་འབྲས་ལ་བསམ་བློ་མ་བཏང་བར་འདོད་པ་གང་ཡོད་ལྟར་བྱེད་པ་དང་། ཡང་གང་ཡང་མི་བྱེད་པར་སྡོད་པ་བཅས་ཀྱི་ཚད་གཞི་ཞིག་ཡོད་དགོས། མ་བྱིན་པར་ལེན་པ་ལྟ་བུར་བསམ་ན་ང་ཚོས། “ངས་དངུལ་ཁང་བཅོམ་པའམ་མཛོད་ཁང་ནས་རྐུན་མ་རྒྱབ་ཀྱི་མིན། ཡིན་ནའང་རིན་པ་མ་སྤྲད་པར་ཕབ་ལེན་བྱེད་ཀྱི་ཡིན། དེ་ངས་གཡོལ་ཐུབ་ས་མ་རེད།” ཅེས་བཤད་སྲིད། གང་ལྟར་འདིའི་སྐབས་སུ་མ་མཐའ་ཡང་ས་མཚམས་འདྲ་པོ་ཞིག་བཟོ་གི་ཡོད། ཡིན་ནའང་རིན་པ་མ་སྤྲད་པར་ཕབ་ལེན་བྱེད་རྒྱུ་ནི་ད་དུང་ཡང་མ་བྱིན་པར་ལེན་པ་ཡིན་པ་ངོས་ལེན་བྱེད་དགོས་པ་གལ་ཆེན་པོ་ཡིན། འདི་འདྲའི་སྐབས་ཁྱེད་རང་ལ་རིན་པ་སྤྲོད་རྒྱུའི་དངུལ་ཡོད་བཞིན་དུ་མ་སྤྲད་པར་ཕབ་ལེན་བྱེད་པ་དང་། དངུལ་མེད་བཞིན་ཏུ་ཕབ་ལེན་བྱས་པ་གཉིས་ཀྱི་དབར་ཁྱད་པར་ཆེན་པོ་ཞེ་དྲག་ཡོད། དངུལ་ཡོད་བཞིན་ཏུ་མ་སྤྲད་པ་དེ་ཚབས་ཆེ་བ་ཡོད་ལ། དེ་ནི་མཐོང་ཆུང་བཏང་བ་ཞིག་དང་མ་རབས་ཞིག་ཡིན་པས། དེ་ནི་ང་ཚོས་ངེས་པར་དུ་སྤོང་དགོས་ཀྱི་ཡོད།

མ་བྱིན་པར་ལེན་པའི་སྐོར་ལ་བཤད་སྐབས་སོ་སོ་ལ་བལྟ་ནས་བཤད་ཆོག དཔེར་ན། ཆོ་མེད་བེད་མེད་ཀྱི་ཅ་ལག་ལ་དངུལ་འཕྲོ་བརླག་གཏོང་བ་དང། རྒྱན་པོ་འགྱེད་པ་སོགས་ནི་རང་གི་རྒྱུ་ནོར་བེད་སྤྱོད་ལོག་པར་བཏང་བ་ཞིག་ཡིན། ཡང་སོ་སོ་ལ་འགྲོ་སོང་གཏོང་རྒྱུའི་དངུལ་ཡོད་བཞིན་ཏུ་སེར་སྣ་བྱེད་རྒྱུ་མེད། དཔེར་ན། བཟའ་འཐུང་ཡག་པོ་ཉོས་ནས་ཟས་སྤྱོད་ཚད་ལྡན་ཞིག་བསྟེན་རྒྱུའི་དངུལ་ཡོད་ཀྱང་སེར་སྣ་བྱས་ནས་གོང་ཆུང་ཤོས་དང་སྤུས་ཚད་སྡུག་ཤོས་ཉོས་ན། དེ་ནི་རང་གི་ས་ནས་རང་གིས་མ་བྱིན་པར་ལེན་པ་ལྟ་བུ་ཆགས་ཀྱི་ཡོད།

མི་ཚངས་སྤྱོད་ཀྱི་ཐོག་ནས་བཤད་ན། རང་ཉིད་གཞན་གྱི་གཏན་གྲོགས་དང་གཞན་ལ་ལོག་པར་སྤྱོད་པ་ཙམ་མ་ཡིན་པར། རང་སོ་སོའི་ལུས་དང་སེམས་ཚོར་ཀྱི་བདེ་ཐང་ལ་ཉེན་ཁ་ཡོད་པའི་འཁྲིག་སྤྱོད་ཀྱི་བྱ་བ་ལ་འཇུག་རྒྱུ་ལས་བཀག་སྡོམ་བྱ་རྒྱུ་དེ་ཡིན། དཔེར་ན་། ཁྱེད་རང་ཡིད་དབང་འཕྲོག་སའི་མི་ཞིག་དང་ཐུག་ནས་ཕྱོགས་གཅིག་ནས་མི་དེ་དང་མཉམ་དུ་འཁྲིག་པ་སྤྱོད་འདོད་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་མི་དེ་ལ་སེམས་ཚོར་གྱི་དཀའ་ངལ་སོགས་དཀའ་ངལ་མང་པོ་ཡོད་པ་ཞིག་ཡིན་ན། ཁྱེད་ཀྱིས། ཨོ། དེའི་ནང་འཚུད་ན་མ་འོངས་པར་དཀའ་ངལ་འཕྲད་རྒྱུ་ཡིན་པ་ཧ་གོ་བ་ལྟ་བུ་རེད། བྱས་ཙང་། སོ་སོ་སྒེར་གྱི་འཕྲོད་བསྟེན་དང་བདེ་ཐང་ལ་བསམ་བློ་བཏང་ནས་དེ་འདྲའི་ནང་མི་འཚུད་པ་བྱེད་ཀྱི་རེད། དེར་བརྟེན་མི་ཞིག་སྙིང་རྗེ་པོ་ཡོད་པ་ཙམ་གྱིས་ང་ཚོ་འདོད་ཆགས་དབང་དུ་ཤོར་འཇུག་རྒྱུ་མེད།

རང་གིས་བཟོས་པའི་ས་མཚམས་ལས་བརྒལ་ན་ག་རེ་བྱེད་དགོས།

དུས་ནས་དུས་སུ་ང་ཚོའི་སྤྱོད་ལམ་གྱི་ཆེད་བཟོས་པའི་ས་མཚམས་ལས་བརྒལ་ནས་འགྲོ་གི་ཡོད་པ་ནི་བཤད་མི་དགོས་པ་ཞིག་ཡིན། བྱས་ཙང་། ནང་ཆོས་ནས་གནས་སྟངས་དེ་འདྲ་ལ་ཁ་གཏད་བཅོག་ཆེད་ཀྱི་ཐབས་ལམ་ཚན་པ་ཁ་ཤས་ཤིག་བསྟན་ཡོད་པ་ནི།

  • སོ་སོར་དྲང་པོ་བྱས་ནས་རང་གི་བྱས་པའི་ལས་ཀར་ངོས་ལེན་བྱེད་དགོས་པ།
  • བྱས་པར་འགྱོད་སེམས་དང་ལས་ཀ་གང་ཞིག་ཡིན་ཀྱང་བྱས་མེད་ན་སྙམ་པའི་འདུན་པ་ཡོད་དགོས། འདི་ནི་ནག་ཉེས་ཡོད་པ་དང་གཅིག་པ་མིན། ནག་ཉེས་ཡོད་པའི་སྐབས་སུ་རང་ཉིད་མི་སྡུག་ཅག་ཡིན་བསམ་ནས་བློ་དེ་གློད་གཏོང་མི་བྱེད་པ་དེ་ཡིན།
  • ལས་གང་འདྲ་ཤིག་བྱས་ཀྱང་དེ་བསྐྱར་ལྡབ་མི་བྱེད་རྒྱུའི་ཆོད་སེམས་འཇོག་དགོས།
  • རང་གི་བཟོས་པའི་ས་མཚམས་ལས་བརྒལ་ན་མི་སྐྱིད་པ་དང་དཀའ་ངལ་ཡོང་གི་ཡོད། དེ་འདྲ་སོ་ཙང་། ཀུན་སློང་བསྐྱར་དུ་གཏན་འབེབས་བྱས་ནས་ས་མཚམས་ལས་བརྒལ་རྒྱུ་མེད།
  • ཁ་གཏད་བཅོག་དགོས་པའམ་གཉེན་པོ་བསྟེན་དགོས། དེ་ནི་དཔེར་ན། རང་གིས་མི་གཞན་ཞིག་ལ་སྐད་ལོག་བརྒྱབ་ན། དྲང་པོའི་སྒོ་ནས་བཟོད་གསོལ་ཞུ་དགོས་ལ། སྐད་ལོག་བརྒྱབ་པ་དེ་རང་ཉིད་སེམས་པ་སྐྱིད་པོ་མེད་པའམ་སེམས་ཁམས་ཀྱི་ཉམས་འགྱུར་བདེ་པོ་མེད་པའི་སྐབས་ཡིན་པ་སོགས་རྒྱུ་མཚན་རྣམས་འགྲེལ་བཤད་བརྒྱབ་དགོས། 

འཚོ་བ། ༼འཚོ་ཐབས།༽

འདི་ནི་ང་ཚོའི་འཚོ་བ་སྐྱེལ་སྟངས་དང་འབྲེལ་བ་ཞིག་ཡིན། དེ་དག་ལས་ཁ་ཤས་ནི་བཟང་སྤྱོད་དང་མཐུན་ཞིང་ཁ་ཤས་ནི་བཟང་སྤྱོད་དང་མི་མཐུན་པ་ཡོད།

ཡང་དག་མིན་པའི་འཚོ་བ། ༼ལོག་པའི་འཚོ་བ།༽

འདི་ནི་གནོད་འཚེ་ཅན་གྱི་ཚོང་ལས་ཁང་དང། ཡང་མིན་ན་རང་གཞན་གང་རུང་ལ་གནོད་པའི་དཔལ་འབྱོར་གསོག་སྒྲུབ་བྱ་རྒྱུ་སྤོང་དགོས་པ་དང་འབྲེལ་བ་ཞིག་ཡིན། འདིའི་ནང་ཚུད་པ་དཔེར་ན།

  • མཚོན་ཆ་བཟོ་སྐྲུན་བྱེད་པའམ་དེ་དང་འབྲེལ་ཡོད་ཀྱི་ལས་ཀ་བྱེད་པ།
  • སེམས་ཅན་བཤའ་བ་དང། རྔོན་པ་རྒྱག་པ། ཉ་ཟིན་པ། འབུ་སྲིན་རྩ་མེད་གཏོང་བ་ལྟ་བུ།
  • བཟི་སྨན་དང་ཆང་རག་གི་རིགས་བཟོ་བསྐྲུན་དང། ཚོང་གཉེར། མཁོ་སྒྲུབ་བྱེད་པ།
  •  རྒྱན་རྩེད་ཁང་གཉེར་བ།
  • འདོད་པའི་བསྟན་བཅོས་དང་འཆལ་སྤྱོད་ཀྱི་རིགས་དཔར་སྐྲུན་དང་འགྲེམས་སྤེལ་བྱེད་པ།

འཚོ་ཐབས་ཀྱི་རིགས་འདི་དག་གིས་གཞན་ལ་གནོད་པ་སྐྱེལ་བའམ། ཡང་དཔེར་ན། འཆལ་སྤྱོད་ཀྱི་རིགས་ལྟ་བུས་འདོད་ཆགས་འཕེལ་བྱེད་ཀྱི་རྐྱེན་བྱེད་པ་ཡིན། རྒྱུན་ལྡན་གྱི་ལས་ཀ་བྱེད་མཁན་ཞིག་ཡིན་ནའང་དྲང་པོ་དྲང་གཞག་བྱས་ནས་དྲང་པོ་མ་ཡིན་པའི་སྤྱོད་ཚུལ་སྤོང་རྒྱུ་གལ་ཆེན་པོ་ཡིན། དཔེར་ན།

  • འཛད་སྤྱོད་པ་ལྟ་བུར་ཚད་ལས་བརྒལ་བའི་གོང་ཚད་བརྒྱབ་ནས་དངུལ་གང་མང་མང་རག་ཐབས་བྱེད་པ།
  • གཞན་ནོར་ཧམ་ཟ་སྟེ། གཞན་གྱི་མ་རྩ་ལས་དངུལ་ལེན་ཏེ་རང་གི་བེད་སྤྱོད་བྱེད་པ།
  • བཙན་འཕྲོག གཞན་ལ་སྡིགས་ར་བསྐུལ་ཏེ་དངུལ་རགས་ཐབས་བྱེད་པ།
  • ལྐོག་ངན།
  • གཞན་ལ་བཤུ་གཞོག་གཏོང་བ།
  • དྲིལ་བསྒྲགས་རྫུན་མ་བྱེད་པ།
  • བཟའ་བཅའ་ཐོན་རྫས་ལ་བསྲེ་ལྷད་བྱས་ཏེ་དངུལ་མང་པོ་བཟོ་ཐབས་བྱེད་པ།

ད་དུང་དྲང་པོ་མ་ཡིན་པའི་སྒོ་ནས་འཚོ་བ་སྐྱེལ་སྟངས་མང་པོ་ཡོད། བྱས་ཙང་། ང་ཚོས་བཟང་སྤྱོད་ཀྱི་ཁྲིམས་རང་སྲུང་ལ་བརྟེན་ནས་ལོག་པའི་འཚོ་ཐབས་འདི་དག་ངེས་པར་དུ་སྤོང་དགོས།

ཡང་དག་པའི་འཚོ་བ།

ང་ཚོས་འཚོ་བ་སྐྱེལ་སྟངས་དེ་དྲང་པོ་དང་སྤྱི་ཚོགས་ལ་ཕན་པ་ཞིག་ལ་དམིགས་དགོས། དཔེར་ན།

  • སྨན་དཔྱད།
  • སྤྱི་ཚོགས་ཞབས་ཞུ།
  • དྲང་བདེན་གྱི་ཚོང་ལས།
  • གཞན་ལ་ཕན་ཐོགས་ཅན་གྱི་ཅ་ལག་བཟོ་སྐྲུན་དང། བཙོང་བ་དང་། མཁོ་སྒྲུབ་བྱེད་པ།

སྤྱི་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ལ་གནོད་འཚེ་མེད་པ་ཞིག་དང་གཞན་གྱི་བདེ་དོན་ལ་ཕན་ཐོགས་པ་གང་འདྲ་ཞིག་ཡོད་ནའང་དེ་ནི་ཧ་ཅང་ཡག་པོ་རེད། དེའི་སྟེང་ལ་ང་ཚོས་བྱེད་དགོས་པ་ནི།

  • གཞན་ལ་མགོ་སྐོར་གཏོང་རྒྱུ་མེད་ལ་ཚད་ལས་བརྒལ་བའི་རིན་གོང་བརྒྱབ་རྒྱུ་མེད།
  • རིན་གོང་ཚད་དང་ལྡན་པ་ཞིག་བཟོས་ནས་རྒྱུ་མཚན་དང་ལྡན་པའི་ཁེ་བཟང་ཡོད་པ་བྱེད་དགོས།
  • ལས་བྱེད་རྣམས་ལ་གླ་ཕོགས་ཡག་པོ་སྤྲོད་པ་ལས་བཤུ་གཞོག་གཏོང་རྒྱུ་མེད།

དོགས་འདྲི་དང་འབྲེལ་བའི་གནད་དོན་ཡང་སེ་ཡོང་བསྡད་ཡག་གཅིག་ནི། དགོས་མཁོ་ཡིན། ཐེངས་གཅིག་ཨོསྟྲེ་ལི་ཡའི་ལུག་མང་པོ་ཡོད་སའི་ས་ཁུལ་ཞིག་ལ་བོད་པའི་བླ་མ་ཞིག་གི་ཆེད་ངས་སྐད་བསྒྱུར་བྱས་མྱོང་། དེའི་སྐབས་མི་ཞིག་གིས། “ང་འཚོ་སྡོད་བྱེད་སའི་གྲོང་གི་ནང་ལས་ཀ་གཅིག་རང་ཡོད་པ་ནི་ལུག་གསོ་སྐྱོང་བྱེད་རྒྱུ་དེ་རེད། དེ་ཡང་བལ་དང་ཤ་ཡི་ཆེད་དུ་བེད་སྤྱོད་གཏོང་གི་ཡོད། ངས་ལས་མཚམས་བཞག་ནས་ལུང་པ་གཞན་ལ་ལས་ཀ་འཚོལ་ཐབས་བྱེད་མི་ཐུབ་པས། ད་ག་རེ་བྱེད་དགོས་རེད།” ཅེས་དྲིས་སོང་། བོད་པའི་བླ་མ་དེས། “གནད་དོན་གཙོ་བོ་དེ་རང་གི་ལས་ཀ་དྲང་པོ་དྲང་གཞག་བྱེད་རྒྱུ་དང་། གཞན་ལ་མགོ་བསྐོར་གཏོང་རྒྱུ་མེད། ལུག་དེ་རྣམས་ལ་གཅེས་སྤྲས་དང་ཁ་ལག་ཡག་པོ་སྤྲད་ནས་བྱམས་པོ་བྱེད་དགོས་པ་ལས་སྡུག་སྤྱོད་བྱེད་རྒྱུ་མེད།” ཅེས་གསུངས་སོང། བྱས་ཙང་། དོ་ནན་བྱེད་དགོས་ཡག་གཙོ་བོ་ནི་སེམས་བཟང་པོ་དང་དྲང་པོ་བྱེད་རྒྱུ་དེ་རེད།

བརྙན་པར། དགེ་བཤེས་བཀྲ་ཤིས་ཚེ་རིང་། “ཡང་དག་པའི་འཚོ་བ་ཟེར་བ་དེ་གང་རེད་དམ།” 

ཕྱོགས་བསྡོམས།

འཕགས་ལམ་བརྒྱད་ལས་འཐོབ་པའི་བསླབ་བྱ་དེ་རྣམས་ལ་ང་ཚོས་ལྟ་བའི་སྐབས་དེ་དག་ང་ཚོ་ལ་དམ་བསྒྲགས་ཀྱིས་བཙིར་གྱི་ཡོད་པའི་སྒྲིག་ཁྲིམས་ལྟ་བུར་བལྟ་རྒྱུ་མེད་པར། མཐའ་མར་རང་གཞན་གཉིས་ཀ་ལ་གནོད་པ་སྐྱེལ་མཁན་གྱི་མི་དགེ་བའི་ལས་ལས་ཐར་བར་བྱེད་པའི་ས་མཚམས་ལྟ་བུར་བལྟ་དགོས།

Top