བོད་ནང་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡོམ་རྒྱུན་གྱི་ལོ་རྒྱུས།

བོད་ནང་དུས་སྐབས་གསུམ་གྱི་ཐོག་ནས་གཞི་ཐམས་ཅད་ཡོད་སྨྲའི་དགེ་སློང་ཕའི་སྡོམ་རྒྱུན་དེ་རྩ་འཛུགས་བྱས་ཡོད་ནའང་། ཐམས་ཅད་ཡོད་སྨྲའི་དགེ་སློང་མའི་སྡོམ་རྒྱུན་དེ་བརྟན་པོ་ཞིག་ནམ་ཡང་རྩ་འཛུགས་བྱུང་མེད། དེའི་རྗེས་ནས་གཞི་ཐམས་ཅད་ཡོད་སྨྲའི་འདུལ་བའི་སྲོལ་རྒྱུན་གྱི་ནང་དུ་བོད་བརྒྱུད་ནང་བསྟན་གྱི་རྗེས་སུ་འབྲང་མཁན་གྱི་བུད་མེད་རྣམས་དང་རབ་ཏུ་བྱུང་འདོད་ཡོད་མཁན་ཚོ་ནི་དགེ་ཚུལ་མའམ་བཙུན་མར་གྱུར་བ་རེད། 

བོད་ནང་ཐམས་ཅད་ཡོད་སྨྲའི་དགེ་སློང་ཕའི་སྡོམ་རྒྱུན་ཐོག་མར་རྩ་འཛུགས་བྱས་པ་དེ་ནི་རྒྱ་གར་གྱི་མཁན་ཆེན་ཞི་བ་འཚོ་བོད་དུ་ཕེབས་པ་ལ་བརྟེན་ནས་བྱུང་ཞིང་། ཁོང་དང་མཉམ་དུ་རབ་ཏུ་བྱུང་བའི་གྲྭ་པ་སུམ་ཅུ་ཕེབ་ཡོད། དེ་ཡང་ཕྱི་ལོ་ ༧༧༥ ལོར་བོད་དབུས་སུ་བསམ་ཡས་གཙུག་ལག་ཁང་ཆེན་མོ་བཞེངས་མཛད་པའི་སྐབས་ཡིན་པ་དང་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཐུགས་འགན་རོགས་སྐྱོར་མཛད་པའི་འོག་ཏུ་བྱུང་ཡོད། འོན་ཀྱང་། དེའི་སྐབས་སུ་རྒྱ་གར་གྱི་ཐམས་ཅད་ཡོད་སྨྲའི་དགེ་སློང་མ་བཅུ་གཉིས་བོད་དུ་བསླེབས་མེད་ལ། བོད་ཀྱི་བུད་མེད་ཚོ་དེའི་རྗེས་སུ་སྡོམ་རྒྱུན་དེ་ལས་མཐོ་བ་འཐོབ་པའི་ཕྱིར་རྒྱ་གར་དུའང་འགྲུལ་བཞུད་བྱས་མེད་པ་སོང་ཙང་། གཞི་ཐམས་ཅད་ཡོད་སྨྲའི་ལུགས་ཀྱི་དགེ་སློང་མའི་སྡོམ་རྒྱུན་དེ་དུས་སྐབས་དེའི་ཚེ་ན་བོད་དུ་རྩ་འཛུགས་བྱུང་མེད། 

གང་ལྟར་ཡང་། ཏུན་ཧོང་ཡིག་རྙིང་གི་ཁྲོད་དུ་རྒྱུན་འཛིན་བྱས་པའི་རྒྱ་ནག་གི་ཡིག་ཆ་ལྟར་ན། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ་གཉིས་པའི་ནང་གི་གཅིག་སྟེ། འབྲོ་བཟའ་བྱང་སྒྲོན་དང་མཉམ་དུ་བུད་མེད་སུམ་ཅུ་ལ་བསམ་ཡས་གཙུག་ལག་ཁང་དུ་དགེ་སློང་མའི་སྡོམ་པ་ཐོབ་པར་གསལ། དགེ་སློང་མའི་སྡོམ་པ་དེ་ནི་ཕྱི་ལོ་ ༧༨༡ ལོར་བསམ་ཡས་སུ་སྒྲ་སྒྱུར་ལས་ཁང་ལ་གདན་དྲངས་པའི་རྒྱ་ནག་གི་དགེ་སློང་ཚོས་གནང་ཡོད་ངེས་རེད། ཕྱི་ལོ་ ༧༠༩ ལོར་རྒྱ་ནག་གི་ཐང་གོང་མ་ཀྲོང་ཙུང་ (Zhong-zong) གིས་དྷརྨ་གུཔྟའམ་ཆོས་སྲུང་སྡེ་པའི་སྡོམ་རྒྱུན་ཁོ་ན་རྒྱ་ནག་ཏུ་རྗེས་སུ་འབྲང་དགོས་པའི་བཀའ་ཁྱབ་བཏང་བ་ནས་བཟུང་སྟེ། བོད་ཀྱི་དགེ་སློང་མའི་སྡོམ་རྒྱུན་དེའང་ཆོས་སྲུང་སྡེ་པའི་སྡོམ་རྒྱུན་ནས་དར་བ་ཞིག་ཡིན་དགོས་པར་གྱུར། སྡོམ་པ་དེ་ཡང་ཕལ་ཆེར་དགེ་འདུན་རྐྱང་པའི་ཐབས་ཚུལ་གྱིས་གནང་ཡོད་པ་དང་བསམ་ཡས་རྩོད་པའི་ (༧༩༢-༧༩༤) སྐབས་སུ་རྒྱ་ནག་གི་ཤོག་ཁག་ཕམ་ཉེས་བྱུང་བ་དང་དེ་དག་བོད་ནས་ཕྱིར་འབུད་བཏང་བའི་རྗེས་སུ་སྡོམ་རྒྱུན་མུ་མཐུད་ནས་གནས་མེད། 

བོད་ཀྱི་རྒྱལ་པོ་ཁྲི་རལ་པ་ཅན་གྱི་དུས་སྐབས་སུ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེའི་ནང་དུ་ཡོད་པ་ལས་གཞན་པའི་ཐེག་དམན་གྱི་གཞུང་ལུགས་བོད་སྐད་དུ་སྒྱུར་མི་ཆོག་པའི་བཀའ་ཁྱབ་མཛད། འདིས་ཐམས་ཅད་ཡོད་སྨྲའི་ལུགས་དེ་བོད་དུ་སྲོལ་གཏོད་པ་ལས་གཞན་པའི་སྡོམ་རྒྱུན་གྱི་གོ་སྐབས་ལ་ནུས་པ་དང་ལྡན་པའི་སྒོ་ནས་ཚད་བཀག་བྱས་ཡོད། 

མཁན་ཆེན་ཞི་བ་འཚོ་ནས་བྱུང་བའི་གཞི་ཐམས་ཅད་ཡོད་སྨྲའི་ལུགས་ཀྱི་དགེ་སློང་ཕའི་སྡོམ་རྒྱུན་དེ་བཞིན་ཕྱི་ལོ་དུས་རབས་དགུ་བའི་མཇུག་དང་བཅུ་པའི་འགོ་སྟོད་ཙམ་ལ་རྒྱལ་པོ་གླང་དར་མས་ནང་བསྟན་ལ་དྲག་གནོན་དང་འགོག་ཐབས་བྱེད་སྐབས་སུ་ཕལ་ཆེར་མེད་པར་གྱུར་ཡོད། གཞི་ཐམས་ཅད་ཡོད་སྨྲའི་དགེ་སློང་འཚོ་བཞིན་པ་གསུམ་ལ་རྒྱ་ནག་གི་ཆོས་སྲུང་སྡེ་པའི་ལུགས་ཀྱི་དགེ་སློང་གཉིས་ཀྱི་རོགས་ལ་བརྟེན་ནས་བོད་ཤར་ཕྱོགས་ནས་བླ་ཆེན་དགོངས་པ་རབ་གསལ་གྱི་སྡོམ་རྒྱུན་དང་བཅས་དགེ་སློང་ཕའི་སྡོམ་རྒྱུན་འདི་སླར་གསོ་བྱུང་ཡོད། ཡིན་ནའང་། དེའི་སྐབས་སུ་དགེ་འདུན་གཉིས་ཚོགས་ཀྱི་སྡོམ་རྒྱུན་འདྲེས་མ་ལ་བརྟེན་ནས་གཞི་ཐམས་ཅད་ཡོད་སྨྲའི་ལུགས་ཀྱི་དགེ་སློང་མའི་སྡོམ་རྒྱུན་རྩ་འཛུགས་ཆེད་ཆོས་སྲུང་སྡེ་པའི་དགེ་སློང་མའི་འདྲ་མཚུངས་ཀྱི་རྒྱུད་རིམ་གང་ཡང་རྗེས་སུ་འབྲངས་མེད། 

བླ་ཆེན་དགོངས་པ་རབ་གསལ་གྱི་ཐམས་ཅད་ཡོད་སྨྲའི་ལུགས་ཀྱི་དགེ་སློང་ཕའི་སྡོམ་རྒྱུན་དེ་བོད་དབུས་སུ་དར་ཁྱབ་བྱུང་བ་དང་དེ་ལ་སྨད་འདུལ་ཞེས་སུ་གྲགས་པ་རེད། འོན་ཀྱང་། བོད་ནུབ་ཕྱོགས་སུ་དུས་རབས་བཅུ་པའི་མཇུག་ཏུ་རྒྱལ་པོ་ཡེ་ཤེས་འོད་ཀྱིས་ཁོང་གི་རྒྱལ་གཞིས་སུ་ཐམས་ཅད་ཡོད་སྨྲའི་ལུགས་ཀྱི་དགེ་སློང་ཕའི་སྡོམ་རྒྱུན་དེ་རྩ་འཛུགས་སམ། ཡང་ན་ཕལ་ཆེར་སླར་ཡང་རྩ་འཛུགས་གནང་ཕྱིར་རྒྱ་གར་ལ་ཞལ་ཕྱོགས་པ་རེད། དེར་བརྟེན་ཁོང་གིས་གཞི་ཐམས་ཅད་ཡོད་སྨྲའི་ལུགས་ཀྱི་དགེ་སློང་ཕའི་སྡོམ་རྒྱུན་གཉིས་པ་དེ་རྩ་འཛུགས་ཆེད་རྒྱ་གར་ཤར་གྱི་པནྜི་ཏ་དྷརྨ་པཱ་ལའམ་ཆོས་སྐྱོང་དང་ཁོང་གི་སློབ་མ་འགའ་ཞིག་བོད་ནུབ་ཕྱོགས་གུ་གེ་ལ་གདན་འདྲེན་ཞུས། སྡོམ་རྒྱུན་དེ་ལ་སྟོད་འདུལ་ཞེས་སུ་གྲགས་པ་རེད། 

གུ་གེའི་རྒྱལ་རབས་ལྟར་ན། དེའི་སྐབས་སུ་ཐམས་ཅད་ཡོད་སྨྲའི་ལུགས་ཀྱི་བཙུན་མའི་སྡོམ་རྒྱུན་དེའང་གུ་གེར་རྩ་འཛུགས་བྱས་ཡོད་པ་དང་རྒྱལ་པོ་ཡེ་ཤེས་འོད་ཀྱི་བུ་མོ་ལྷའི་མེ་ཏོག་ལའང་སྡོམ་པ་དེ་ཐོབ་ཡོད། འོན་ཀྱང་། སྡོམ་པ་དེ་དགེ་སློང་མའམ་ཡང་ན་དགེ་ཚུལ་མའི་སྡོམ་པ་གང་ཡིན་གསལ་པོ་མེད། དེ་གཉིས་གང་ཡིན་རུང་གཞི་ཐམས་ཅད་ཡོད་སྨྲའི་ལུགས་ཀྱི་དགེ་སློང་མ་རྣམས་སྡོམ་པ་གནང་བའི་ཕྱིར་གུ་གེར་གདན་འདྲེན་ཞུས་ཡོད་མེད་ཀྱང་གསལ་ཁ་མེད། དེ་བཞིན་དེའི་སྐབས་སུ་བོད་ནུབ་ཕྱོགས་སུ་གཞི་ཐམས་ཅད་ཡོད་པར་སྨྲའི་དགེ་སློང་མའི་དགེ་འདུན་གྱི་སྡེ་དེ་བརྟན་ཚུགས་པ་ཞིག་རྩ་འཛུགས་བྱུང་ཡོད་དང་མེད་ཀྱི་ཐད་ལའང་བདེན་དཔང་གང་ཡང་མེད་པ་རེད། 

ཕྱི་ལོ་ ༡༢༠༤ ལོར་བོད་ཀྱི་ལོ་ཙཱ་བ་ཁྲོ་ཕུ་བྱམས་པ་དཔལ་གྱིས་དཔལ་ནཱ་ལནྜཱའི་ཁྲི་འཛིན་མཐའ་མ་སྟེ། རྒྱ་གར་གྱི་པནྜི་ཏ་ཤཱཀྱ་ཤྲཱི་བྷདྲ་བོད་དུ་གདན་དྲངས། ཁོང་གདན་དྲངས་དགོས་དོན་ནི་གྷུ་རི་དའི་རྒྱལ་རྒྱུད་ (Ghurid Dynasty) ཀྱི་གྷཛ་ཏུར་ཀིའི་མི་རིགས་ (Guzz Turks) ཀྱི་བཙན་འཛུལ་གྱིས་རྐྱེན་པས་གཏོར་སྐྱོན་བྱས་པ་ལས་ཐར་བའི་ཕྱིར་ཡིན། ཤཱཀྱ་ཤྲཱི་བྷདྲ་བོད་དུ་ཡོད་སྐབས། ཁོང་དང་ཁོང་གི་ཕྱག་རོགས་རྒྱ་གར་གྱི་དགེ་འདུན་པ་ཚོས་ས་སྐྱའི་ལུགས་སུ་འོས་མི་ཚོར་གཞི་ཐམས་ཅད་ཡོད་སྨྲའི་ལུགས་ཀྱི་དགེ་སློང་ཕའི་སྡོམ་པ་གནང་བས། དེ་ནས་སྡོམ་རྒྱུན་གསུམ་པ་དེ་བོད་དུ་འགོ་ཚུགས་པ་རེད། དེ་ལ་ནང་གསེས་ཀྱི་སྡོམ་རྒྱུན་གཉིས་ཡོད་དེ། གཅིག་ནི་ཤཱཀྱ་ཤྲཱི་བྷ་དྲའི་སྡོམ་པ་ནས་བྱུང་བའི་ས་སྐྱ་པནྜི་ཏ་ཀུན་གདའ་རྒྱལ་མཚན་གྱི་སྡོམ་པ་དང་གཞན་དེ་ནི་ཁོང་གིས་དུས་ཕྱིས་སུ་སྦྱོང་བརྡར་སྤྲད་པའི་དགེ་འདུན་གྱི་སྡེ་ལས་བྱུང་ཞིང་། མཐར་དེ་ནི་ས་སྐྱའི་ཚོགས་པ་བཞི་རུ་དབྱེ་བ་ཕྱེས་ཡོད། དུས་ཕྱི་ཤོས་ལ་ཆ་བཞག་ན་དུས་རབས་བཅུ་གཉིས་པའི་ནང་དུའང་རྒྱ་གར་བྱང་གི་ཕྱོགས་སུ་དགེ་སློང་མ་རྣམས་ཡོད་པའི་བདེན་དཔང་ཡོད་ནའང་། གཞི་ཐམས་ཅད་ཡོད་སྨྲའི་ལུགས་ཀྱི་དགེ་སློང་མའི་སྡོམ་རྒྱུན་དེ་བོད་ཀྱི་དགེ་སློང་ཕའི་སྡོམ་རྒྱུན་གསུམ་པོ་གང་རུང་ལྷན་ཅིག་ཏུ་ནམ་ཡང་དར་ཁྱབ་བྱུང་མེད། 

ཤཱཀྱ་ཤྲཱི་བྷ་དྲ་བོད་དུ་ཕེབས་པའི་རྗེས་ནས་བཟུང་སྟེ་དུས་རབས་མང་པོའི་ནང་བོད་དུ་གཞི་ཐམས་ཅད་ཡོད་སྨྲའི་ལུགས་ཀྱི་དགེ་སློང་མའི་སྡོམ་རྒྱུན་དེ་རྩ་འཛུགས་ཆེད་མ་མཐར་ཡང་འབད་བརྩོན་གཅིག་བྱས་ཡོད་ཀྱང་། དེ་ནི་ལམ་ལྷོང་བྱུང་མེད། དུས་རབས་བཅོ་ལྔ་པའི་འགོ་སྟོད་ལ་ས་སྐྱའི་བླ་མ་ས་སྐྱ་མཆོག་ལྡན་གྱིས་དམིགས་བསལ་ཁོང་གི་ཨ་མའི་ཆེད་དུ་གཞི་ཐམས་ཅད་ཡོད་སྨྲའི་ལུགས་ཀྱི་དགེ་འདུན་རྐྱང་པའི་དགེ་སློང་མའི་སྡོམ་རྒྱུན་སྐོང་འཚོགས་གནང་། ཡིན་ནའང་། ཁོང་དང་དུས་མཉམ་གྱི་ས་སྐྱའི་བླ་མ་གོ་རམ་པ་བསོད་ནམས་སེང་གེས་སྡོམ་རྒྱུན་འདི་ཁུངས་ཐུབ་ཚད་ལྡན་ཡིན་མིན་ཐད་སྐྱོན་བརྗོད་ཆེན་པོ་མཛད་པ་དང་དེའི་རྗེས་ནས་རྒྱུན་ཆད་པ་རེད།། 

Top