དགེ་སློང་མའི་སྡོམ་རྒྱུན་བསྐྱར་གསོའི་གནད་དོན་ཁག

སྐད་ཡིག་གཞན།

འདིར་སྤྱན་འབུལ་ཞུས་པའི་བརྗོད་གཞི་ཁག་ལ་རྒྱུས་མངའ་མེད་པ་ཚོར་ཕན་འདོགས་སླད་རྒྱབ་ལྗོངས་ཀྱི་གནས་ཚུལ་དང་ཆེད་བརྗོད་བརྡ་ཆད་འགའ་ཞིག་དང་ཚེས་གྲངས་སྙན་ཐོ་ཕྱོགས་བསྡུས་ནང་བཀོད་ཡོད།ཁ་སྐོང་འདི་དག་དམིགས་བསལ་རིང་པོ་ཆགས་སྐབས་གྲུ་བཞི་ཁ་གང་མ་དང་མུ་མེན་མདོག་ཅན་གྱི་གུག་རྟགས་ནང་བཅུག་ཡོད།

བརྙན་པར། དགེ་སློང་མ་ཐུབ་བསྟན་ཆོས་སྒྲོན། “བོད་བརྒྱུད་ནང་བསྟན་གྱི་བཙུན་མ་ཚོའི་ཆེད་དགེ་སློང་མའི་སྡོམ་པ།” 

དགེ་སློང་མའི་སྡོམ་པ་ངོ་སྤྲོད།

དགེ་སློང་མ་དགོས་པའི་གལ་གནད།

དགེ་འདུན་གྱི་སྡེས་ནང་པའི་ཆོས་ལུགས་ཁྲོད་རླབས་ཆེ་བའི་བྱེད་སྒོ་ཞིག་སྒྲུབ་ཀྱིན་ཡོད། སྟོན་པ་བཅོམ་ལྡན་འདས་ཀྱི་བཀའ་མང་པོ་ཞིག་ལ་བསྟུན་ན། ནང་པའི་བསྟན་པ་འདི་དར་རྒྱས་འབྱུང་མིན་ནི་འཁོར་རྣམ་བཞིའི་དགེ་འདུན་ལ་རག་ལས་ཡོད་ཅེས་གསུངས། དེ་ཡང་།

  • དགེ་སློང་ཕ།
  • དགེ་སློང་མ།
  • དགེ་བསྙེན།
  • དགེ་བསྙེན་མ་བཅས་སོ།

དེས་ན། པཱ་ལི་ (Pali) གཞུང་ནང་མདོ་སྡེ་རིང་ (Dighanikaya) གི་ཁོངས་གཏོགས་དབྱངས་ཀྱིས་བསྙད་པའི་སྡེའི་ (Sangiti Sutta) ནང་། ཆོས་ཕྱོགས་ཀྱི་མི་ཚེ་རྣམ་དག་ཅིག་སྐྱེལ་བར་དུས་ངན་པ་དང་དུས་མ་ཡིན་པ་དགུའི་ནང་གི་གཅིག་ནི། དགེ་སློང་ཕ་མ་གཉིས་དང་དགེ་བསྙེན་ཕ་མ་གཉིས་ཏེ་འཁོར་བཞི་མ་ཚང་བའི་ཡུལ་མཐའ་འཁོབ་ཏུ་ཀླ་ཀློའི་རིགས་སུ་སྐྱེ་བ་དེ་ཡིན་གསུངས།

ཕྱོགས་མཚུངས་ཉན་སའི་ནང་། དུས་རབས་བཞི་པའམ་ལྔ་པའི་ནང་ཡེ་ཤུ་དུས་སྐབས་སུ་རྒྱ་གར་གྱི་ཐེག་པ་ཆེན་པོའི་སློབ་དཔོན་ཐོགས་མེད་ཀྱིས་དལ་འབྱོར་མི་ལུས་རིན་ཆེན་གྱི་སྦྱོར་བ་བཅུའི་ནང་གི་གཅིག་འདི་ཡུལ་དབུས་སུ་སྐྱེ་བ་འདི་གསུངས་ཡོད། ཡུལ་དབུས་ནི་ས་བབས་ཆགས་སྟངས་ཐོག་ནས་རྒྱ་གར་ནང་གི་ས་ཁུལ་ཞིག་གམ་ཡང་ན་ནང་ཆོས་ཀྱི་ལྟ་ཚུལ་ཐོག་ནས་འཁོར་རྣམ་བཞི་ཚང་བའི་ཡུལ་ཞིག་ལ་ཟེར།

སྲོལ་རྒྱུན་གྱི་ཐོག་ནས་ནང་པའི་ལུང་པ་མང་པོའི་ནང་། ཕྱོགས་གཅིག་ནས་དགེ་སློང་མའི་སྡོམ་རྒྱུན་རྩ་བ་ནས་དར་མེད་པའམ་ཡང་ན་ཐེངས་གཅིག་དར་བ་དེ་ད་ཆ་རྒྱུན་རྦད་དེ་ཆད་ཡོད། དེར་བརྟེན་ནང་པའི་རྒྱལ་ཁབ་དེ་དག་དང་སྲོལ་རྒྱུན་གྱི་ཐོག་ནས་ནང་པ་མིན་པའི་ལུང་པ་ཁག་གི་ནང་དུའང་ནང་པའི་བསྟན་པ་དར་རྒྱས་ཡོང་སླད། དགེ་སློང་མའི་སྡོམ་པ་འབོག་འཇོག་སླར་གསོ་བྱ་རྒྱུ་གནད་འགག་ཤིན་ཏུ་ཆེ། འོན་ཀྱང་དེ་ལྟར་བྱེད་པར་ནང་པའི་གཞུང་ནང་གི་ལུང་གི་རྗེས་སུ་མཐུན་པ་བྱ་རྒྱུ་ནི་སྟབས་བདེ་པོ་མེད།

ཐོག་མར་གསར་དུ་གཏོད་པའི་དགེ་སློང་མའི་རྒྱུད་པ།

སངས་རྒྱས་ཉིད་ཀྱིས་ཞལ་ནས་ “ཚུར་ཤོག་དགེ་སློང་” ཅེས་ཚིག་འགའ་འབོད་དེ་རབ་བྱུང་གི་ཐོག་མ་ལ་དགེ་སློང་གི་སྡོམ་པ་མནོས། དེ་ལྟའི་ལམ་ནས་དགེ་འདུན་ཅུང་མང་པོར་དགེ་སློང་གི་སྡོམ་པ་མནོས་སྐབས། དགེ་སློང་དེ་དག་ཉིད་ཀྱིས་བསྙེན་རྫོགས་ཀྱི་སྡོམ་པ་འབོག་འཇོག་ཆོག་པའི་གནང་བ་ཡོངས་སུ་བསྩལ།

སྲོལ་རྒྱུན་འདྲ་མིན་མང་པོ་ཞིག་གི་འགྲེལ་ལུགས་ལ་གཞིགས་ན། གོའུ་ཏ་མི་སྐྱེ་དགུའི་བདག་མོ་ཆེན་མོས་སངས་རྒྱས་ལ་རབ་བྱུང་གི་སྡོམ་པ་གནང་རོགས་ཞེས་གསོལ་བ་དང་པོ་བཏབ་པར་སངས་རྒྱས་ཀྱིས་ཞལ་བཞེས་མ་གནང་། འོན་ཏེ་ད་དུང་སྐྱེ་དགུའི་བདག་མོ་དང་མཉམ་དུ་བུད་མེད་ལྔ་བརྒྱས་རང་གི་སྐྲ་བྲེགས། གོས་གསེར་པོ་གྱོན། རབ་བྱུང་ལྟར་ཁོང་གི་རྗེས་སུ་འབྲངས། སྡོམ་པ་སྩོལ་རོགས་མཁྱེན་ཞེས་གསོལ་བ་ཐེངས་གཉིས་པ་དང་དེ་ནས་གསོལ་བ་ཐེངས་གསུམ་པ་བཏབ་ཀྱང་། སངས་རྒྱས་ཀྱིས་མ་བསྩལ་སྟབས། ཀུན་དགའ་བོས་ཁོ་མོའི་ཞུ་ངོ་བྱས།

གསོལ་བ་ཐེངས་བཞི་པ་བཏབ་པས། སངས་རྒྱས་ཀྱིས་ལྕི་བའི་ཆོས་བརྒྱད་སྲུང་ཐུབ་ན་སྡོམ་པ་བསྩལ་ཆོག་ཅེས་གསུངས། དེའི་ཁོངས་རབ་བྱུང་ཕོ་མོས་སྡོམ་པ་དུས་རིང་ཐུང་སྲུང་བར་མ་ལྟོས་པར། བཙུན་མའི་བསླབ་པ་རྒན་གཞོན་རྣམས་ཀྱིས་དུས་རྟག་ཏུ་བཙུན་པ་ཚོའི་གཤམ་དུ་འདུག་དགོས་པ་ཚུད་ཡོད། སངས་རྒྱས་ཀྱི་སྐུ་དུས་སུ་རྒྱ་གར་གྱི་རིག་གཞུང་གི་འགྲོ་སྟངས་དང་བསྟུན་ནས་གང་གིས་དེ་ལྟ་བུའི་དམ་བསྒྲགས་མཛད་ཡོད། དེའང་སྤྱི་ཚོགས་ཀྱི་ངོས་ནས་དགེ་འདུན་གྱི་སྡེ་དང་། མཐར་གང་གི་གསུང་ལ་མ་གུས་པ་མི་ཡོང་བའི་སླད་དུ་ཡིན། དེ་བཞིན་ཁྱིམ་པ་རྣམས་ཀྱིས་བཙུན་མ་རྣམས་ལའང་མ་གུས་པ་མི་ཡོང་ཆེད་དུ་བསླབ་ཁྲིམས་བཀས་བཅད། གནའ་བོ་རྒྱ་གར་ནང་བུད་མེད་རྣམས་དང་པོ་སོ་སོའི་ཕའི་སྲུང་སྐྱོབ་བམ་ལམ་སྟོན་འོག་གནས་ཤིང་། དེ་ནས་སོ་སོའི་ཁྱོ་བོ་དང་། མཐར་སོ་སོའི་བུའི་སྲུང་སྐྱོབ་འོག་གནས་དགོས། ཁེར་རྐྱང་དུ་གནས་པའི་བུད་མེད་རྣམས་སྨད་ཚོང་མར་བརྩི་ཞིང་། བཙུན་མ་རྣམས་རང་གི་སྤུན་མཆེད་བུའི་སྲུང་སྐྱོབ་འོག་མེད་སྟབས། བཙུན་མའི་འདུལ་གཞུང་ནང་བཙུན་མ་ཚོ་སྨད་ཚོང་མར་བརྩི་བའི་དོན་རྐྱེན་མང་དག་ཅིག་ལྷག་ཡོད། དགེ་སློང་མའི་སྡེ་པ་དགེ་སློང་ཕའི་སྡེ་པའི་ཁོངས་གཏོགས་སུ་བཟོས་པས་ཁེར་རྐྱང་གི་གནས་བབས་ལ་སྤྱི་ཚོགས་ནང་གུས་བརྩི་ཐོབ་པར་བྱས།

སྲོལ་རྒྱུན་འགའ་ཞིག་དང་བསྟུན་ན། ལྕི་བའི་ཆོས་བརྒྱད་པོ་འདི་ཁས་ལེན་པས་འདིའི་ནང་སྡོམ་པ་འབོག་འཇོག་དང་པོ་དེ་ཚུད་ཡོད། སྲོལ་རྒྱུན་གཞན་ནང་། སངས་རྒྱས་ཀྱིས་ཐོག་མར་སྐྱེ་དགུའི་བདག་མོའི་སྡོམ་པ་འབོག་འཇོག་དང་བུད་མེད་ལྔ་བརྒྱ་ཐམ་པ་དེ་དག་ཀུན་དགའ་བོའི་སྣེ་ཁྲིད་འོག་དགེ་སློང་བཅུ་ལ་འགན་སྐུར་གནང་། གཉིས་ཀའི་ནང་དགེ་སློང་མའི་སྡོམ་པ་འབོག་པའི་གནའ་བོའི་ཚད་ལྡན་གྱི་ཐབས་ནི་དགེ་སློང་ཕ་བཅུ་ལས་གྲུབ་པའི་ཚོགས་པ་ལས་ནོད་དགོས། སྡོམ་པ་འབོག་འཇོག་དེར་ཡོངས་གྲགས་སུ་ཕའི་དགེ་འདུན་རྐྱང་པའི་བསྙེན་པར་རྫོགས་པ་ཞེས་བྱ། སྡོམ་པ་ནོད་པའི་རྒྱུད་རིམ་ནང་ལེན་པ་པོ་ལ་སྡོམ་པ་སྲུང་ཕྱོགས་ཐད་གེགས་བར་འཕྲད་སྲིད་པས། བར་ཆད་ཀྱི་ཆོས་དང་འབྲེལ་བའི་དྲི་བ་འགའ་སྐུར་གྱི་ཡོད། དགེ་སློང་ཕའི་སྡོམ་པ་འབོག་འཇོག་སྐབས་འདྲི་བྱའི་དྲི་བ་ཁག་གི་ཐོག་ལ་བུད་མེད་ཅིག་ཡིན་པའི་ཆ་ནས་གཟུགས་ཕུང་ཆགས་རིམ་དང་འབྲེལ་བའི་དྲི་བ་འཕར་མ་འགའ་འདྲི་ཡི་ཡོད།

དགེ་སློང་མའི་སྡོམ་པ་ལེན་མཁན་བུད་མེད་ཁག་ཅིག་ལ་སྒེར་གྱི་གནད་དོན་དང་འབྲེལ་བའི་དྲི་བ་དེ་ཚོར་ལན་འདེབས་རྒྱུར་ཧ་ཅང་མི་བདེ་བ་ཡོད་སྟབས། སངས་རྒྱས་ཀྱིས་གཉིས་ཚོགས་ཀྱི་སྒོ་ནས་བསྙེན་པར་རྫོགས་པའི་སྲོལ་བཏད་ཡོད། དེར་དང་པོ་དགེ་སློང་མའི་སྡོམ་པ་ལེན་མཁན་རྣམས་ལ་དགེ་སློང་མའི་སྡོམ་པའི་སྣོད་དུ་རུང་མིན་ཐད་དྲི་བ་འདྲི་ཡི་ཡོད། ཕྱིས་སུ་ཉིན་དེ་གར་གཉིས་ཚོགས་ཀྱི་འདུས་པ་སྐྲུན་ཕྱིར་དགེ་སློང་མ་རྣམས་དགེ་སློང་ཕ་དང་མཉམ་དུ་བཞུགས་ཏེ། དགེ་སློང་ཕས་སྡོམ་པ་འབོག་པའི་སྐབས། དགེ་སློང་མ་རྣམས་ཀྱི་དཔང་པོ་བྱེད་ཀྱི་ཡོད།

དང་པོ་དགེ་འདུན་གྱི་སྡེས་སྲུང་བྱའི་སྡོམ་པའི་ནང་སྐྱ་སེར་གང་ཡིན་རུང་གཞན་ལ་གནོད་འཚེ་ཆེ་བའི་ལུས་ངག་གི་ལས་ཏེ་རང་བཞིན་གྱི་ཁ་ན་མ་ཐོ་བའི་ལས་འབའ་ཞིག་སྤོང་དགོས་པ་ཚུད་ཡོད། འོན་ཀྱང་རབ་ཏུ་བྱུང་བ་རྣམས་ལ་དེ་དག་ནང་ཚངས་སྤྱོད་ཀྱི་སྡོམ་པ་གཏོགས་ཡོད། དུས་ཚོད་དང་བསྟུན། བཅས་པའི་ཁ་ན་མ་ཐོ་བ་སྟེ། རང་བཞིན་གྱི་གནོད་འཚེ་ཅན་མིན་པའི་ལུས་ངག་གི་ལས་དང་འབྲེལ་བའི་སྡོམ་པ་མང་པོ་ཞིག་སངས་རྒྱས་ཀྱིས་ཁ་སྣོན་མཛད་ཡོད། འོན་ཏེ་ཁྱིམ་པ་རྣམས་ཀྱིས་དགེ་འདུན་གྱི་སྡེ་དང་སངས་རྒྱས་ཀྱི་ཆོས་ལ་མ་གུས་པ་མི་ཡོང་བའི་སླད་དེ་དག་རབ་བྱུང་ཁོ་ནར་གདམས་སོ། སངས་རྒྱས་ཁོ་ནར་དགག་བྱ་དེ་དག་མཛད་པའི་དབང་ཆ་ལྡན་ཅིང་། བཙུན་མ་རྣམས་ལ་བཙུན་པ་ལས་སྡོམ་པ་འཕར་མ་མང་བ་བཀའ་བསྩལ་ཡོད། རྒྱུ་མཚན་ནི་སྡོམ་པ་འཕར་མ་རེ་རེ་རྣམས་དགེ་འདུན་ནམ་དགེ་འདུན་མའི་ཀུན་སྤྱོད་ཚུལ་མཐུན་མ་བྱུང་བའི་གནད་དོན་གླེང་གཞི་བྱུང་རིམ་དང་བསྟུན་ཏེ་གཏན་ལ་ཕབ་པ་ཞིག་ཡིན། བཙུན་མ་རྣམས་ཀྱི་སྡོམ་པའི་ནང་བཙུན་མ་ཚོས་བཙུན་པ་རྣམས་དང་ཚུལ་མིན་གྱི་འབྲེལ་གཏུགས་བྱུང་བའི་ཐོག་ལ་གཞི་བཞག་སྟེ་མཛད་པ་དང་། ཆབས་ཅིག་བཙུན་པའི་སྡོམ་པའི་ནང་ལྡོག་ཕྱོགས་ཀྱི་ཆ་རྐྱེན་དེ་འདྲ་མེད།

སྡོམ་པ་འབོག་པའི་ཆོ་གའི་ནང་སྡོམ་རྒྱུན་དང་ཁྱད་པར།

ས་བབས་གནས་སྟངས་དང་རིག་གཞུང་གི་ཁྱད་པར་གྱིས་རྐྱེན་པས། ཕྱིས་སུ་ཐེག་དམན་ཞེས་བྱ་བའི་ཐེག་ཆེན་གྱི་གཞུང་ནང་སྡེ་པ་བཅོ་བརྒྱད་རིམ་གྱིས་བྱུང་། དེ་དག་སོ་སོར་དགེ་འདུན་ཕ་དང་མའི་སོ་སོར་ཐར་པའི་སྡོམ་པ་ཐེ་བའི་རང་རང་གི་འདུལ་བའི་གཞུང་རེ་ཡོད། སྡོམ་པའི་རྣམ་གྲངས་དང་སྡོམ་པ་འབོག་པའི་ཆོ་ག་དང་འབྲེལ་སྡེ་པ་དེ་དག་ནང་ཁུལ་དབར་གྱི་ཁྱད་པར་ནི་ཆེན་པོ་དེ་ཙམ་མེད། འོན་ཀྱང་རྙིང་ཞེན་ཅན་གྱི་འདུལ་བའི་སློབ་དཔོན་འགའ་ཞིག་གིས་ཁྱད་པར་དེ་དག་གལ་ཆེན་པོར་བརྩི་གི་ཡོད།

སྡེ་པ་བཅོ་བརྒྱད་ཀྱི་ནང་ནས། དགེ་སློང་གི་རྒྱུད་པ་གསུམ་ད་ལྟའང་མི་ཉམས་པར་གནས་ཡོད།

  • ཤྲཱི་ལངྐ་ (Sri Lanka) དང་། བྷང་ལ་རྡེ་ཤུ་ (Bangladesh) ། འབར་མ་ (Burma) ། ཐེ་ལན་ཌི་ (Thailand) ། ལའོ་སུ་ Laos) ། ཁམ་བྷོ་ཌི་ཡ་ (Cambodia)བཅས་ཀྱི་ནང་དགེ་སློང་གི་སྡོམ་པའི་རྣམ་གྲངས་ ༢༢༧ ཉམས་ལེན་བྱེད་བཞིན་པའི་གནས་བརྟན་སྨྲ་བ་ (Theravada)།
  • ཐེ་ཝན་ (Taiwan) དང་། ཧོང་ཀོང་ (Hong Kong) ། རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁུལ་ཁག་ཅིག ཀོ་རི་ཡ་ (Korea) ། ཝི་ཊི་ནམ་ (Vietnam) བཅས་ཀྱི་ནང་སྡོམ་གྲངས་ ༢༥༠ ཉམས་ལེན་བྱེད་བཞིན་པའི་ཆོས་སྲུང་སྡེ་པ་ (Dharmagupta)།
  • བོད་དང་། བལ་ཡུལ། ཧི་མ་ལཱ་ཡའི་ས་ཁུལ་རྒྱ་གར་དང་། སོག་པོ། ཨུ་རུ་སུའི་ (Russai) མངའ་ཁུལ་སྦུ་ཡ་ཊི་(Buryatia) ཁལ་མུག་ (Kalmykia) ཏུ་ཝ་ (Tuva) བཅས་ཀྱི་ནང་སྡོམ་གྲངས་ ༢༥༣ ཉམས་ལེན་བྱེད་བཞིན་པའི་གཞི་ཐམས་ཅད་ཡོད་པར་སྨྲ་བ་ (Mulasarvastivada) བཅས་སོ།

འདུལ་བའི་ཁྲིམས་ལུགས་རིམ་གྱིས་བྱུང་བ་དང་། རིམ་གྱིས་བའི་དགེ་འདུན་མའི་སྡོམ་པ་རིམ་པ་གསུམ་འགྲེལ་བརྗོད་མཛད།

  • ཚུལ་ཁྲིམས་བཅུ་ལྡན་གྱི་དགེ་ཚུལ་མ། ཚུལ་ཁྲིམས་བཅུ་པོ་དེའང་གཞི་ཐམས་ཅད་ཡོད་པར་སྨྲའི་ལུགས་སུ་བླངས་འདས་སོ་གསུམ་དང་སོ་དྲུག་ཡོད།
  • ལོ་གཉིས་ཀྱི་རིང་ཚོད་ལྟའི་རབ་བྱུང་མ་སྟེ། དགེ་སློབ་མས་གནས་བརྟན་སྨྲ་བ་དང་ཆོས་སྲུང་སྡེ་པའི་ནང་བསླབ་པ་དྲུག་སྲུང་བ་དང་། གཞི་ཐམས་ཅད་ཡོད་སྨྲའི་ནང་རྩ་བ་དྲུག་དང་ཡན་ལག་དྲུག་སྲུང་། དེ་ལྟར་ལོ་གཉིས་ཀྱི་ཚོད་ལྟའི་དུས་ཡུན་ནི་དགེ་སློང་མའི་སྡོམ་པ་ལེན་མཁན་རྟེན་གྱི་གང་ཟག་དེ་སྦྲུམ་མ་མ་ཡིན་པ་ངེས་བརྟན་བཟོ་ཕྱིར་སྲོལ་བཏད།
  • དགེ་སློང་མས་གནས་བརྟན་སྨྲ་བའི་ནང་སྡོམ་པ་གྲངས་ ༣༡༡ དང་། ཆོས་སྲུང་སྡེ་པའི་ནང་སྡོམ་གྲངས་ ༣༤༨། གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ནང་སྡོམ་གྲངས་ ༣༦༤ སྲུང་དགོས།

ཆོས་སྲུང་སྡེ་པའི་ནང་དང་ཕལ་ཆེར་ཆོས་རྒྱུད་གཞན་དག་ནང་དུའང་། དགེ་ཚུལ་མའི་སྡོམ་པ་འབོག་པའི་སྐབས་ཉུང་མཐར་དགེ་སློང་མ་གཉིས་དགོས་ཤིང་། དགེ་སློབ་མའི་སྡོམ་པ་འབོག་པའི་སྐབས་ངེས་པར་དུ་བཞི་དགོས། གནས་བརྟན་སྨྲ་བ་དང་ཆོས་སྲུང་སྡེ་པའི་ནང་མཁན་མོ་རང་ཉིད་ངེས་པར་དུ་སྡོམ་པ་བླངས་ནས་ཉུང་མཐར་ལོ་བཅུ་གཉིས་ལོན་དགོས་པ་དང་། གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་སུ་ལོ་བཅུ་ཟིན་དགོས། ཆོས་སྲུང་སྡེ་པའི་ནང་དགེ་ཚུལ་མའི་སྡོམ་པ་འབོག་པའི་སྐབས་ལས་ཀྱི་སློབ་དཔོན་ལ་ངེས་པར་དུ་སྡོམ་པ་བླངས་ནས་ཉུང་མཐར་ལོ་ལྔ་ཕྱིན་པ་དགོས། བོད་ནང་དགེ་སློང་མའི་སྡེ་མེད་སྟབས། དགེ་སློང་ཕས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་དགེ་ཚུལ་མར་སྡོམ་པ་འབོག་གི་ཡོད།

དགེ་སློང་མའི་སྡོམ་པ་འབོག་པའི་ཆོ་ག་གཉིས་ཡོད་དེ།

  • དང་པོ། དགེ་སློང་མའི་སྡེས་གོ་སྒྲིག་ཞུས་ཏེ། དགེ་སློང་མའི་སྡོམ་པ་ལེན་པའི་སྐབས་ལེན་པ་པོར་བར་ཆད་ཆེ་ཆུང་དང་འབྲེལ་བའི་དྲི་བ་འདྲི་ཡི་ཡོད། དཔེར་ན། ཆོས་སྲུང་སྡེ་པའི་ནང་། བུ་དང་བུད་མེད་གཉིས་ཀར་བར་ཆད་ཆེ་བ་བཅུ་གསུམ་དང་ཆུང་བ་བཅུ་དྲུག་དང་འབྲེལ་བའི་དྲི་བ་འགོད་པ་དང་། དེའི་སྟེང་བུད་མེད་རྣམས་དམིགས་བསལ་བར་ཆད་དང་འབྲེལ་བའི་དྲི་བ་འཕར་མ་དགུ་འདྲི་ཡི་ཡོད། གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་འབའ་ཞིག་ནང་སྡོམ་པ་འབོག་འཇོག་དང་པོ་དེར་ཚངས་སྤྱོད་ཉེར་གནས་ཞེས་བྱ། ཆོས་སྲུང་སྡེ་པའི་ནང་། དེ་ལ་གཞིའི་ཆོས་ཞེས་འབོད།
  • སྡོམ་པ་འབོག་པའི་ཆོ་ག་གཉིས་པའི་ནང་། ཉིན་དེ་གར་གོ་སྒྲིག་ཞུས་ཏེ། སྡོམ་པ་ལེན་པ་པོར་དགེ་སློང་ཕའི་འདུས་པ་ལས་དགེ་སློང་མའི་སྡོམ་པ་ནོད་ཀྱི་ཡོད། གཞི་ཐམས་ཅད་ཡོད་སྨྲའི་ལུགས་དང་ཆོས་སྲུང་སྡེ་པའི་ནང་། དཔང་པོའི་ཚུལ་དུ་སྡོམ་པ་འབོག་པའི་ཆོ་ག་གཉིས་པའི་སྐབས་དགེ་སློང་ཕའི་འདུས་པའང་འཛོམས་དགོས། གནས་བརྟན་སྨྲ་བའི་ནང་། སྡོམ་པ་ལེན་པ་པོར་དགེ་སློང་ཕས་སྡོམ་པ་ནོད་པའི་སྐབས་རོགས་ཟླའི་ཚུལ་དུ་དགེ་སློང་མ་དགོས་ཤིང་། འོན་ཀྱང་དགེ་སློང་ཕས་སྡོམ་པའི་ཆོ་ག་གནང་བའི་སྐབས་དགེ་སློང་མ་མི་དགོས།

ཡུལ་དབུས་སུ་དགེ་སློང་མའི་སྡོམ་པ་འབོག་འཇོག་ཆེད་གནས་བརྟན་སྨྲ་བ་དང་ཆོས་སྲུང་སྡེ་པའི་ལུགས་སུ་དགེ་སློང་མ་བཅུ་འཚང་དགོས་པ་དང་། གཞི་ཐམས་ཅད་ཡོད་སྨྲའི་ལུགས་སུ་དགེ་སློང་མ་བཅུ་གཉིས་འཚང་དགོས་ཤིང་། གཉིས་ཚོགས་ཀྱིས་སྡོམ་པ་གནང་བའི་སྐབས་དགེ་སློང་ཕ་བཅུ་དགོས། གནས་བརྟན་སྨྲ་བ་དང་ཆོས་སྲུང་སྡེ་པའི་ནང་། མཁན་མོ་རང་ཉིད་དགེ་སློང་མའི་སྡོམ་པ་བླངས་ནས་ཉུང་མཐར་ལོ་ངོ་བཅུ་གཉིས་ཕྱིན་ཟིན་པ་དང་། གཞི་སྨྲའི་ལུགས་སུ་ཉུང་མཐར་ལོ་བཅུ་འདས་ཟིན་པ་དགོས། ཆོས་རྒྱུད་གསུམ་པོ་ཐམས་ཅད་ནང་། མཁན་པོ་རང་ཉིད་དགེ་སློང་ཕའི་སྡོམ་པ་བླངས་ནས་ཉུང་མཐར་མི་ལོ་བཅུ་ཕྱིན་ཟིན་པ་དགོས། ཡུལ་མཐའ་འཁོབ་ཏུ་དགོས་ངེས་ཀྱི་དགེ་སློང་མའི་གྲངས་ལོན་གྱི་མེད་སྟབས། གཞི་སྨྲའི་ལུགས་ཀྱིས་གཉིས་ཚོགས་ཀྱིས་སྡོམ་པ་འབོག་པའི་སྐབས་དགེ་སློང་མ་ལྔ་དང་འཕར་མ་དགེ་སློང་ཕ་ལྔ་ཡིས་འདང་ངེས་ཡིན་ཞེས་འགྲེལ་བརྗོད་བྱེད།

སྡོམ་རྒྱུན་ཆད་པའི་ལོ་རྒྱུས།

མ་གཞི་གནས་བརྟན་སྨྲ་བ་དང་། ཆོས་སྲུང་སྡེ་པ། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་བཅས་སུ་རང་རང་སོ་སོའི་དགེ་སློང་མའི་སྡོམ་པའི་ལེ་ལག་རེ་ཡོད་ནའང་། ཆོས་སྲུང་སྡེ་པའི་ལུགས་ཀྱི་དགེ་སློང་མའི་རྒྱུད་པ་གཅིག་པུ་ད་ལྟ་བར་ཉམས་པ་མེད་པར་གནས་ཡོད།

གནས་བརྟན་སྨྲ་བ།

ནང་ཆོས་ནི་ཐོག་མར་ཆོས་རྒྱལ་མྱ་ངན་མེད་ཀྱི་བུ་དབང་ཆེན་ (Mahinda) གྱི་ཆེད་གཉེར་དོན་གཅོད་བརྒྱུད་ཡེ་ཤུ་དུས་རབས་ཀྱི་སྔོན་ལོ་ ༢༤༩ ཤྲི་ལངྐའི་ནང་དར། གནས་བརྟན་སྨྲ་བ་ཞེས་པའི་མིང་འདི་ལོ་དུས་གང་ཞིག་ཏུ་བེད་སྤྱོད་བཏང་ཡོད་མེད་གསལ་ཁ་མེད་ཀྱང་། སྟབས་བདེ་བའི་ཆེད་དུ་ང་ཚོས་ནང་པའི་ཆོས་རྒྱུད་གནས་བརྟན་སྨྲ་བ་ཞེས་པར་ཁུངས་གཏུགས་བྱེད་ཀྱི་ཡིན། དེ་ནས་ཆོས་རྒྱལ་མྱང་ངན་མེད་ཀྱི་སྲས་མོ་དགེ་འདུན་བཤེས་མོ་ (Sanghamitta) གླིང་དེར་ཕེབས་པ་པ་དང་། ཡེ་ཤུ་དུས་རབས་སྔོན་གྱི་ལོ་ ༢༤༠ ཐམ་པར་གནས་བརྟན་སྨྲ་བའི་དགེ་སློང་མའི་སྡོམ་རྒྱུན་དེ་ཤྲི་ལངྐར་དར། ཡེ་ཤུ་དུས་སྐབས་སྤྱི་ལོ་ ༡༠༥༠ ཐམ་པ་ནས་ཊ་མིལ་ (Tamil) བཙན་འཛུལ་གྱི་མཇུག་འབྲས་དང་ཤྲི་ལངྐར་ཅོ་ལ་རྒྱལ་ཁམས་ (Chola Empire) ཀྱིས་དབང་སྒྱུར་བྱས་པའི་རྗེས་སྡོམ་རྒྱུན་དེ་ཉམས་རྒུད་དུ་སོང་།

ངག་རྒྱུན་གྱི་ལོ་རྒྱུས་ལ་གཞིགས་ན། ཆོས་རྒྱལ་མྱ་ངན་མེད་ཀྱིས་ད་དུང་གསང་བའི་བང་ཆེན་སོ་ན་ (Sona) དང་ཨུ་ཏྟ་ར་ (Uttara) ཞེས་བྱ་བ་གཉིས་གསེར་གྱི་ས་ (Suwannnaphum) རྒྱལ་པོའི་ཁབ་ཏུ་བཏང་བ་དང་། ཁོང་གཉིས་ཀྱིས་དེ་གར་གནས་བརྟན་སྨྲ་བའི་ནང་བསྟན་གསར་འཛུགས་བྱས། མཁས་པ་མང་ཆེ་བས་རྒྱལ་པོའི་ཁབ་དེ་ནི་མོན་ (Mon, ཏཻ་ལཻང་ Tailaing) མི་རིགས་དང་འབར་མའི་ལྷོ་ཕྱོགས་སུ་ཐཱ་ཊོན་ (Thaton) གྲུ་ཁའི་གྲོང་ཁྱེར་དང་འབྲེལ་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་དགེ་སློང་མའི་སྡོམ་རྒྱུན་སྐབས་དེ་དུས་དར་ཡོད་མེད་གསལ་པོ་མེད།

མ་མཐར་དུས་རབས་དང་པོ་དང་ཡེ་ཤུ་དུས་སྐབས་ཀྱི་སྔོན་འབར་མའི་བྱང་ཕྱོགས་ཀྱི་པི་ཡུ་ (Pyu) མངའ་སྡེ་འདྲ་མིན་ནང་གནས་བརྟན་སྨྲ་བའི་ནང་ཆོས་བཞུགས་ཡོད་ཀྱང་། ཐེག་ཆེན་དང་། ཧིན་དྷུ། རྣམ་ཤེས་ལ་དམར་མཆོད་འབུལ་སྲོལ་ཡོད་པའི་ས་གནས་ཀྱི་ཨ་རི་ (Ari religion) ཆོས་ལུགས་བཅས་འདྲེས་མ་ཆགས་ཡོད། དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ནང་རྒྱལ་པོ་ཨ་ན་ཝྲ་ཧྟ་ (Anawrahta) ཡིས་བྱང་འབར་མ་གཅིག་གྱུར་བཟོས་ཏེ། ཐཱ་ཊོན་དུ་གནས་པའི་མོན་ (Mon) རྒྱལ་ཁམས་དབང་སྒྱུར་བྱས་པ་དང་། པཱ་གན་ (Pagan) དུ་རྒྱལ་ས་བཙུགས། ཁོ་རང་གི་རྒྱལ་ཁམས་ཡོངས་སུ་གནས་བརྟན་སྨྲ་བའི་ནང་ཆོས་གསར་འཛུགས་བྱ་ཕྱིར་མོན་དགེ་སློང་ཨ་ར་ཧན་ཏ་ (Arahanta) གདན་དྲངས།

ཡེ་ཤུ་དུས་སྐབས་སྤྱི་ལོ་ ༡༠༧༠ ཐམ་པར་ཤྲི་ལངྐའི་ནང་གི་ཅོ་ལ་བ་ཕམ་ཉེས་བཏང་བ་དང་པོ་ལོ་ནྣ་རུ་ཝར་ (Polonnaruwa) རྒྱལ་ས་གསར་པ་རྩ་འཛུགས་བྱས་པ་དང་སྦྲགས། པཱ་གན་ནས་གདན་དྲངས་པའི་དགེ་སློང་ཕ་རྣམས་ཀྱིས་ཤྲི་ལངྐའི་ནང་གནས་བརྟན་སྨྲ་བའི་དགེ་སློང་ཕའི་སྡོམ་རྒྱུན་སླར་གསོ་བྱས། འོན་ཏེ་རྒྱལ་པོ་ཨ་ན་ཝྲ་ཧྟས་མོན་དགེ་སློང་མའི་རྒྱུད་པ་གཙང་མ་ཡིན་མིན་ཐད་དྲི་བ་བསྐུལ་བ་དང་། དེའི་མཇུག་འབྲས་སུ་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་བྱེད་པར་དགེ་སློང་མ་གཅིག་ཀྱང་མ་བཏང་། དེས་ན། ཤྲི་ལངྐའི་ནང་སྐབས་དེ་དུས་གནས་བསྟན་སྡེ་པའི་དགེ་སློང་མའི་སྡོམ་རྒྱུན་བསྐྱར་གསོ་ཐུབ་མེད། འབར་མའི་ནང་དགེ་སློང་མའི་དགོན་སྡེ་ཞིག་ཡོད་པའི་ཡིག་ཐོག་གི་དཔང་པོ་མཐའ་མ་དེ་ནི་པཱ་གན་སོག་པོའི་བཙན་འོག་ཏུ་ཆགས་པའི་སྐབས། སྤྱི་ལོ་ ༡༢༧༨ ཡེ་ཤུའི་དུས་སྐབས་སུ་ཡིན།

ཕྱི་ལོ་ ༡༢༡༥ ནས་ ༡༢༣༦ བར་ཀ་ལིངྒའི་ (Kalinga, དེང་དུས་རྒྱ་གར་ཤར་ཕྱོགས་སུ་གནས་པའི་ཨོ་རི་ས་ Orissa) རྒྱལ་པོ་མ་གྷས་ (Magha) ཤྲི་ལངྐ་དབང་སྒྱུར་བྱས་ཏེ་ཧ་ལམ་ཡོངས་རྫོགས་ཁྲིམས་འོག་ཏུ་མནན། དུས་ཡུན་དེའི་རིང། ཤྲི་ལངྐའི་དགེ་སློང་གི་སྡེར་བྱུས་ཉེས་ཚབས་ཆེ་བྱུང་། རྒྱལ་པོ་མ་གྷ་ཕམ་ཉེས་བཏང་བ་དང་། རྒྱ་གར་ལྷོ་ཕྱོགས་ཀྱི་ས་ཁུལ་དེང་སང་ཊ་མིལ་ནཱ་ཌུ་ (Tamilnadu) ཞེས་བྱ་ཞིང་སྔོན་མ་ཉམས་རྒུད་ཕྱིན་པའི་ཅོ་ལ་རྒྱལ་ཁམས་ནང་གི་ནང་པའི་བསྟི་གནས་ཀཱན་ཅཱི་པུ་རམ་ (Kanchipuram) ནས་གནས་བརྟན་སྨྲ་བའི་དགེ་སློང་ཕ་ཁག་ཅིག་ཕྱི་ལོ་ ༡༢༣༦ ཡེ་ཤུ་དུས་སྐབས་སུ་ཤྲི་ལངྐའི་ནང་དགེ་སློང་གི་སྡོམ་རྒྱུན་སླར་གསོ་བྱེད་པར་གདན་དྲངས། དོན་དངོས་སུ་སྐབས་དེ་དུས་རྒྱ་གར་ལྷོ་ཕྱོགས་སུ་གནས་བརྟན་པའི་དགེ་སློང་མའི་སྡེ་གནས་མེད་པས། ཏཱ་མིལ་ན་དྷུའི་དགེ་སློང་མ་གཅིག་ཀྱང་གདན་དྲངས་མེད། བྷེང་གྷལ་ (Bengal) ཐེ་བའི་རྒྱ་གར་བྱང་ཕྱོགས་སུ་དགེ་སློང་མའི་སྡེ་ཡོད་པའི་ཡིག་ཐོག་གི་དཔང་པོ་མཐའ་མ་དེ་ནི་དུས་རབས་བཅུ་གཉིས་པའི་དུས་མཇུག་ཏུ་ཡིན། འོན་ཀྱང་བཙུན་མ་དེ་དག་གིས་དགེ་སློང་གི་སྡོམ་རྒྱུན་གང་ཞིག་ཉམས་བཞེས་གནང་མིན་གསལ་ཁ་མེད།

དུས་རབས་ཉི་ཤུའི་དུས་མཇུག་ཡེ་ཤུའི་དུས་སྐབས་སུ། ཐེ་ལན་ཌིའི་ (Thailand) ནང་གི་སུ་ཁོ་ཐེའི་ (Sukhothai) རྒྱལ་ཁམས་ཀྱི་རྒྱལ་པོ་རམ་ཁམ་ཧེང་ (Ramkhamhaeng) གིས་ཐེ་ལན་ཌིའི་ནང་ཤྲི་ལངྐ་ནས་གནས་བརྟན་སྨྲ་བའི་ལུགས་ཀྱི་ནང་ཆོས་གསར་འཛུགས་མཛད། སྐབས་དེ་དུས་ཤྲི་ལངྐའི་ནང་དགེ་སློང་མའི་སྡེ་པ་ཞིག་མིག་སྔར་མཇལ་རྒྱུ་མེད་སྟབས། གནས་བརྟན་སྨྲ་བའི་ལུགས་ཀྱི་དགེ་སློང་མའི་སྡོམ་རྒྱུན་ཐེ་ལན་ཌིའི་ནང་རྩ་བ་ནས་སླེབས་ཐུབ་མེད། དུས་རབས་བཅུ་བཞི་པའི་དུས་འགོ་དང་ཡེ་ཤུའི་དུས་སྐབས་སུ་ཁམ་བྷོ་ཌི་ཡ་འི་ (Cambodia) ནང་ཐེ་ལན་ཌི་ནས་གནས་བརྟན་པའི་སྡེ་པ་གསར་འཛུགས་ཞུས་སྟབས། མི་རིང་བར་ཀམ་སྦོ་དྲི་ཡ་ནས་ལའོ་སུ་ (Laos) ནང་གནས་བརྟན་སྨྲ་བའི་ལུགས་དར་ཡོད་ཀྱང་དགེ་སློང་མའི་སྡོམ་རྒྱུན་ནམ་ཡང་དར་མེད།

གནས་བརྟན་སྨྲ་བའི་ལུགས་གནས་ཡུལ་རྒྱལ་ཁབ་ནང་ནས། ཤྲི་ལངྐ་གཅིག་པུའི་ནང་གཞུང་འབྲེལ་གྱི་ཐོག་ནས་གནས་བརྟན་སྨྲ་བའི་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་མཛད་ཡོད་པ་དང་། དེ་ནི་ཕྱི་ལོ་ ༡༩༩༨ ལོར་ཡིན། དུས་དེའི་བར་ཤྲི་ལངྐའི་བུད་མེད་སྡོམ་པ་བཅུ་ལྡན་ཁོ་ནའི་ཉམས་ལེན་པ་ (ད་ས་སིལ་མ་ཏ་ ten-precept practitioner) བྱེད་ཆོག་པའི་གནང་བ་བསྩལ། འོན་ཀྱང་དགེ་སློང་མ་ཆགས་ཀྱི་མེད། བུད་མེད་དེ་ཚོས་རབ་བྱུང་གི་ཆས་གོས་གྱོན་པ་དང་ཚངས་སྤྱོད་ལ་གནས་ནའང་། ཁོང་ཚོ་དགེ་འདུན་གྱི་སྡེའི་ཁོངས་མི་ཡིན་པར་བརྩི་གི་མེད། འབར་མ་དང་ཀམ་སྦོ་དྲི་ཡའི་ནང་། བུད་མེད་རྣམས་སྡོམ་པ་བརྒྱད་ལྡན་གྱི་ཉམས་ལེན་པ་ཁོ་ན་བྱེད་ཆོག་གི་ཡོད། དེའང་འབར་མའི་ནང་སི་ལ་ཤིན་ (silashin) ཟེར་བ་དང། ཀམ་སྦོ་དྲི་ཡའི་ནང་ཌོན་ཆིའམ་ (donchi) ཡིའེ་ཆི་ (yieychi) ཟེར་གྱི་ཡོད། འབར་མའི་ནང་བུད་མེད་འགའ་ཞིག་གིས་སྡོམ་པ་བཅུ་ལེན་གྱི་ཡོད། ཐེ་ལན་ཌིའི་ནང་། མའེ་ཇི་ (maeji) ཞེས་སྡོམ་པ་བརྒྱད་ལྡན་གྱི་ཉམས་ལེན་པ་ཆགས་སྲིད། བྷང་ལ་རྡེ་ཤིའི་ (Bangladesh) ནང་ཅི་ཊ་གོང་ (Chittagong) དང་ཅི་ཊ་གོང་རི་བོའི་རྐང་ལམ་ (Chittagong hill tracks) ཁུལ་དུ་འབར་མའི་རྒྱ་མཚོའི་འགྲམ་གྱི་ཨ་ར་ཀན་ (Arakan) རྫོང་ནས་ཕྱི་ལོ་ ༡༨༦༤ ལོར་གནས་བརྟན་སྨྲ་བའི་ནང་ཆོས་བསྐྱར་གསོ་བྱས་པ་ནས་བཟུང་། བུད་མེད་ཚོས་སྡོམ་པ་བརྒྱད་ལྡན་གྱི་ཉམས་ལེན་པ་ཆགས་ཡོད།

གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ།

བོད་ནང་དུས་སྐབས་གསུམ་གྱི་རིང་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་དགེ་སློང་གི་སྡོམ་རྒྱུན་ལུ་གུ་རྒྱུད་དུ་སླར་གསོ་མཛད་ཡོད་ནའང་། གཞི་སྨྲའི་ལུགས་ཀྱི་དགེ་སློང་མའི་སྡེ་པ་རྩ་འཛུགས་བརྟན་པོ་ནམ་ཡང་ཚུགས་ཐུབ་མེད། དེ་ལ་བརྟེན་ནས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བའི་སྲོལ་རྒྱུན་ཁྲོད་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་བུད་མེད་ཚོ་དང་སྡོམ་པ་ལེན་འདོད་ཡོད་པ་རྣམས་དགེ་ཚུལ་མ་འབའ་ཞིག་ཆགས་ཀྱི་ཡོད།

རྒྱ་གར་གྱི་མཁན་ཆེན་ཞི་བ་འཚོ་གཙོ་བོར་གྱུར་བའི་དགེ་འདུན་ཞལ་གྲངས་སུམ་ཅུ་བོད་དུ་ཕེབས་རྗེས། ཕྱི་ལོ་ ༧༧༥ ནང་ཡེ་ཤུའི་དུས་སྐབས་སུ་བོད་དབུས་སུ་བསམ་ཡས་དགོན་པ་ཕྱག་བཏབ་པ་དང་སྦྲགས། བོད་ནང་གཞི་སྨྲའི་ལུགས་ཀྱི་དགེ་སློང་གི་སྡོམ་རྒྱུན་ཐེངས་དང་པོ་དེ་གསར་འཛུགས་མཛད། དེའང་བོད་ཀྱི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་མགོན་སྐྱབས་གནང་། འོན་ཀྱང་ཕྱོགས་གཅིག་ནས་སྐབས་དེ་དུས་བོད་ནང་རྒྱ་གར་ནས་གཞི་སྨྲའི་ལུགས་ཀྱི་དགེ་སློང་མ་བཅུ་གཉིས་ཕེབས་མེད་པ་དང་། ཕྱོགས་གཞན་ཞིག་ནས། བོད་ཀྱི་བུད་མེད་རྣམས་དེ་རྒྱ་གར་དུ་དགེ་སློང་མའི་སྡོམ་པ་ལེན་པར་བསྐྱོད་མེད་པའི་རྐྱེན་གྱིས། བོད་ནང་སྐབས་དེ་དུས་གཞི་སྨྲའི་ལུགས་ཀྱི་དགེ་སློང་མའི་སྡོམ་རྒྱུན་རྩ་འཛུགས་བྱུང་མེད།

ཏུང་ཧོང་ (Dunhuang) ཡིག་ཆའི་ནང་ཉར་ཚགས་བྱས་པའི་རྒྱ་ནག་གི་གནས་ཚུལ་འབྱུང་ཁུངས་ལ་གཞིགས་ན། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ་གཉིས་པ་འབྲོ་བཟའ་བྱང་སྒྲོན་དང་བུད་མེད་གཞན་སུམ་ཅུ་ལྷག་ཙམ་ལ་བསམ་ཡས་སུ་དགེ་སློང་མའི་སྡོམ་པ་གནང་འདུག ཁོང་ཚོར་སྡོམ་པ་འབོག་མཁན་ནི་བསམ་ཡས་སུ་སྒྲ་སྒྱུར་ཁང་དུ་ཕྱི་ལོ་ ༧༨༡ ལོར་གདན་དྲངས་པའི་རྒྱ་ནག་གི་དགེ་སློང་ཕ་རྣམས་ཡིན་ངེས། རྒྱ་ནག་ཐང་རྒྱལ་རབས་ཀྱི་གོང་མ་ཀྲོང་ཛོང་ (Zhong-zong) གིས་ཕྱི་ལོ་ ༧༠༩ ལོར་རྒྱ་ནག་ནང་ཆོས་སྲུང་སྡེ་པའི་སྡོམ་རྒྱུན་གཅིག་པུ་ལག་བསྟར་ཆོག་ཅེས་བཀའ་རྒྱ་བསྒྲགས་པ་ནས་བཟུང་། བོད་ནང་གི་དགེ་སློང་མའི་སྡོམ་པ་འབོག་འཇོག་དེ་ཆོས་སྲུང་སྡེ་པའི་རྒྱུད་པ་ཡིན་ངེས། གཅིག་བྱས་ན་དགེ་འདུན་གྱི་སྡེ་རྐྱང་པ་གཅིག་གིས་སྡོམ་པ་མནོས་ཡོད་པ་དང་། བསམ་ཡས་སུ་བགྲོ་གླེང་ (ཕྱི་ལོ་ ༧༩༢ ནས་ ༧༩༤) སྐབས་རྒྱ་ནག་གི་ཤོག་སྡེ་ཕམ་ཉེས་བཏང་པ་དང་བོད་ནས་ཕྱིར་འབུད་བཏང་པའི་རྗེས་རྒྱུད་པ་དེ་མུ་མཐུད་ཐུབ་མེད།

ཕྱི་ལོ་ ༨༡༥ ནས་ ༨༣༦ བར་བོད་ཀྱི་ཆོས་རྒྱལ་ཁྲི་རལ་པ་ཅན་གྱིས་རྒྱལ་སྲིད་བསྐྱངས་པའི་སྐབས། རྒྱལ་པོ་མཆོག་གིས་ཐམས་ཅད་ཡོད་པར་སྨྲ་བའི་ (Sarvastivada) གཞུང་ལུགས་ལས་གཞན་པའི་ཐེག་དམན་གྱི་གཞུང་བོད་སྒྱུར་མི་ཆོག་ཅེས་བཀའ་རྩ་བསྒྲགས། དེས་རྐྱེན་པས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡོམ་རྒྱུན་ལས་གཞན་པའི་རྒྱུད་པ་རྣམས་གནད་ལ་སྨིན་པོས་བོད་ནང་ཚད་ཅན་དུ་བསྒྱུར།

མཁན་ཆེན་ཞི་བ་འཚོ་ནས་བརྒྱུད་པའི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་དགེ་སློང་གི་སྡོམ་རྒྱུན་དེ་དུས་རབས་དགུ་པའི་དུས་མཇུག་གམ་བཅུ་པའི་དུས་འགོར་ཙམ་ལ་གླང་དར་མས་ནང་པའི་བསྟན་པ་བསྣུབས་པའི་སྐབས་ཧ་ལམ་རྩ་མེད་དུ་བཏང་། རྒྱ་ནག་གི་ཆོས་སྲུང་སྡེ་པའི་དགེ་སློང་གཉིས་ཀྱིས་རོགས་རམ་དང་སྦྲགས། ཉམས་མེད་དུ་གནས་པའི་གཞི་སྨྲའི་དགེ་སློང་གསུམ་གྱིས་བོད་ཀྱི་ཤར་ཕྱོགས་སུ་བླ་ཆེན་དགོངས་པ་རབ་གསལ་ལས་སྡོམ་པ་ཐོབ་ནས་དགེ་སློང་གི་སྡོམ་རྒྱུན་འདི་གསོན་ཤུགས་ཇེ་ཆེར་བཏང་། འོན་ཀྱང་དགེ་སློང་གཉིས་ཚོགས་ཀྱི་སྒོ་ནས་གཞི་སྨྲའི་ལུགས་ཀྱི་དགེ་སློང་མའི་སྡོམ་པ་འབོག་འཇོག་གསར་འཛུགས་ཆེད་ཆོ་གའི་བརྒྱུད་རིམ་མི་གཅིག་པའི་ཆོས་སྲུང་སྡེ་པའི་དགེ་སློང་མའི་རྗེས་སུ་འཇུག་མེད།

བླ་ཆེན་དགོངས་པ་རབ་གསལ་གྱི་གཞི་སྨྲའི་དགེ་སློང་གི་སྡོམ་རྒྱུན་དེ་བོད་དབུས་སུ་སླར་དར་བ་དེར་འདུལ་བ་སྨད་འདུལ་ཞེས་གྲགས། འོན་ཏེ་བོད་ནུབ་ཕྱོགས་སུ་དུས་རབས་བཅུ་པའི་དུས་མཇུག་ཏུ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རང་གི་རྒྱལ་ཁམས་སུ་གཞི་སྨྲའི་དགེ་སློང་གི་སྡོམ་རྒྱུན་གསར་འཛུགས་སམ་བསྐྱར་འཛུགས་ཆེད་རྒྱ་གར་ལ་རེ་ལྟོས་གནང་དེས་ན། གཞི་སྨྲའི་ལུགས་ཀྱི་དགེ་སློང་གི་སྡོམ་རྒྱུན་ཐེངས་གཉིས་པ་གསར་འཛུགས་ཆེད། ཁོང་དང་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་དྷ་རྨ་པཱ་ལ་དང་ཁོང་གི་སློབ་མ་ཁག་ཅིག་ བོད་ཀྱི་ནུབ་ཕྱོགས་སུ་གུ་གེར་ (Guge) གདན་དྲངས། རྒྱུད་པ་འདི་ལ་འདུལ་བ་སྟོད་འདུལ་ཞེས་གྲགས།

གུ་གེའི་དུས་རིམ་ལོ་རྒྱུས་ལ་གཞིགས་ན། སྐབས་དེ་དུས་གུ་གེར་གཞི་སྨྲའི་ལུགས་ཀྱི་བཙུན་མའི་རྒྱུད་པ་ཞིག་ཀྱང་གསར་འཛུགས་ཞུས་པ་དང་། ཡེ་ཤེས་འོད་ཀྱི་སྲས་མོ་ལྷའི་མེ་ཏོག་ལ་སྡོམ་པ་ཐོབ་སྐོར་གསལ་སྡོམ་པ་ཐོབ་སྐོར་གསོནལ་འོན་ཀྱང་སྡོམ་པ་དེ་དགེ་སློང་མའམ་དགེ་ཚུལ་མའི་སྡོམ་པ་གང་ཡིན་གསལ་པོ་མེད། དེ་བཞིན་གུ་གེར་སྡོམ་པ་འབོག་པར་གཞི་སྨྲའི་དགེ་སློང་མ་གདན་དྲངས་ཡོད་མེད་གསལ་ཁ་མེད་ཅིང་། གཞི་སྨྲའི་དགེ་སློང་མའི་སྡེ་བོད་ཀྱི་ནུབ་ཕྱོགས་སུ་སྐབས་དེ་དུས་རྩ་འཛུགས་བརྟན་པོ་བྱུང་ཡོད་པའི་དཔང་པོ་ཁ་གསལ་མེད།

ཕྱི་ལོ་ ༡༢༠༤ ལོར། བོད་ཀྱི་ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ་གྱིས་ནཱལནྡའི་མཁན་པོ་མཐའ་མ་རྒྱ་གར་གྱི་སློབ་དཔོན་ཤཱ་ཀྱའི་དཔལ་བཟང་། (Shakyashribhadra) གྷུ་རི་ཌེའི་རྒྱལ་རྒྱུད་ (Ghurid dynasty) ཀྱི་རྒུ་ཛུ་ཏུར་ཀས་ (Guzz Turks) དབང་སྒྱུར་བྱས་པའི་མཇུག་འབྲས་ཀྱི་གཏོར་སྐྱོན་ལས་འགྲོལ་ཆེད་བོད་དུ་གདན་དྲངས། སྐབས་དེར་བོད་ནང་སློབ་དཔོན་ཤཱ་ཀྱའི་དཔལ་བཟང་གིསས་དང་ཁོང་གི་ཕྱག་རོགས་དགེ་འདུན་པ་ཚོས་ས་སྐྱའི་སྲོལ་རྒྱུན་ཁྲོད་ཀྱི་སྡོམ་པ་ལེན་འདོད་ཡོད་པ་ཚོར་གཞི་སྨྲའི་ལུགས་ཀྱི་དགེ་སློང་གི་སྡོམ་པ་མནོས། དེར་བརྟེན་བོད་ནང་དེ་ལྟའི་སྡོམ་པ་འབོག་འཇོག་ཐེངས་གསུམ་པ་དེ་འགོ་ཚུགས། དེར་ནང་གསེས་རྒྱུད་པ་གཉིས་ཡོད་པ་ལས། དང་པོ་ཤཱ་ཀྱའི་དཔལ་བཟང་ལས་ས་སྐྱ་པནྜི་ཏ་ཀུན་དགའ་རྒྱལ་མཚན་ལ་བརྒྱུད་པའི་སྡོམ་རྒྱུན་དང་། གཉིས་པ་དེ་ཤཱ་ཀྱའི་དཔལ་བཟང་ལས་ས་སྐྱའི་དགེ་འདུན་པ་སྡེ་པ་གཅིག་ལ་བརྒྱུད་པའི་སྡོམ་རྒྱུན་དེ་ཡིན། རྒྱུད་པ་གཉིས་པ་དེ་ལས་སྡོམ་པ་ཐོབ་པའི་ཕྱིས་ཀྱི་དགེ་འདུན་པ་ཚོ་མཐར་སྡེ་པ་བཞིར་གྱེས། དུས་རབས་བཅུ་གཉིས་པའི་དུས་མཇུག་ཏུ་རྒྱ་གར་བྱང་ཕྱོགས་སུ་དགེ་སློང་མ་ཡོད་པའི་དཔང་རྟགས་ཡོད་ནའང་། སློབ་དཔོན་ཤཱ་ཀྱའི་དཔལ་བཟང་བོད་དུ་ཕེབས་པའི་སྐབས་གཞི་སྨྲའི་ལུགས་ཀྱི་དགེ་སློང་མ་བོད་ནང་མཉམ་དུ་ཕེབས་མེད། དེས་ན། གཞི་སྨྲའི་ལུགས་ཀྱི་དགེ་སློང་ཕ་གསུམ་གྱི་སྡོམ་རྒྱུན་དང་འབྲེལ་བོད་ནང་གཞི་སྨྲའི་ལུགས་ཀྱི་དགེ་སློང་མའི་སྡོམ་རྒྱུན་ནམ་ཡང་དར་མེད།

སློབ་དཔོན་ཤཱ་ཀྱའི་དཔལ་བཟང་བོད་དུ་ཕེབས་པའི་རྗེས་ཀྱི་དུས་རབས་ནང་། མ་མཐར་བོད་ནང་གཞི་སྨྲའི་ལུགས་ཀྱི་དགེ་སློང་མའི་སྡོམ་རྒྱུན་གསར་སྤེལ་ཆེད་འབད་བརྩོན་ཐེངས་གཅིག་གནང་ཡོད། འོན་ཀྱང་དེར་ལམ་ལྷོང་བྱུང་མེད། དུས་རབས་བཅོ་ལྔ་པའི་འགོར། ས་སྐྱའི་བླ་མ་ཤཱ་ཀྱ་མཆོག་ལྡན་གྱིས་དམིགས་བསལ་རང་གི་ཨ་མའི་ཆེད་དུ་གཞི་སྨྲའི་ལུགས་ཀྱི་དགེ་སློང་མའི་སྡེ་པ་རྐྱང་པས་དེ་ལུགས་ཀྱི་སྡོམ་རྒྱུན་སྤེལ་ཆེད་འབད་བརྩོན་བསྟེན། འོན་ཀྱང་དེ་མིན་ད་བཞུགས་ཀྱི་ས་སྐྱའི་སློབ་དཔོན་ཀུན་མཁྱེན་གོ་རམ་པ་བསོད་ནམས་སེང་གེས་སྡོམ་རྒྱུན་དེའི་ཁུངས་ཐུབ་ཀྱི་རང་བཞིན་ལ་མཐའ་གཅིག་ཏུ་སྐྱོན་བརྗོད་མཛད་པར་བརྟེན་མུ་མཐུད་གནས་མེད།

ལོ་རྒྱུས་ཀྱི་ཁུངས་འབྲེལ་འདི་དག་ཐོག་ནས་དགེ་འདུན་གྱི་སྡེའི་ནང་བུད་མེད་ཀྱི་བྱེད་སྒོ་སྟེ་དགེ་སློང་མའི་འདུལ་བ་དང་སྡོམ་རྒྱུན་ཐད་རྒྱལ་སྤྱིའི་ལྷན་ཚོགས་འདི་བཞིན་དེང་དུས་ཀྱི་སྤྱི་ཚོགས་ནང་གཞི་སྨྲའི་ལུགས་ཀྱི་དགེ་སློང་མའི་སྡོམ་རྒྱུན་སླར་གསོའི་ཆེད་འབྱུང་སྲིད་པའི་ཐབས་ལམ་དང་འབྲེལ་བའི་ཉམས་ཞིབ་ཀྱི་གྲུབ་འབྲས་མིག་སྔར་གསལ་སྟོན་ཆེད་གོ་སྒྲིག་ཞུས་པ་རེད། གཞན་ཡང་དམིགས་ཡུལ་གཅིག་ནི་བོད་བརྒྱུད་ནང་བསྟན་མ་ཡིན་པའི་ནང་པའི་ཆོས་ལུགས་ཀྱི་སྲོལ་རྒྱུན་ཁག་གི་དགེ་སློང་མའི་སྡོམ་རྒྱུན་དང་འབྲེལ་བའི་ཉམས་མྱོང་རྣམས་ཤེས་རྟོགས་དང་སྲོལ་རྒྱུན་དེ་དག་གི་བསླབ་པ་རྒན་པ་རྣམས་ཀྱི་དྲུང་ནས་བསླབ་བྱ་འཚོལ་ཆེད་ཡིན།

ཡིག་ཆའི་གནད་དོན་སྙིང་བསྡུས།

ཧ་ལམ་ནང་པའི་སྲོལ་རྒྱུན་གྱི་རྒྱལ་ཁབ་ཚང་མ་ནས་དགེ་སློང་ཕ་དང་མའི་སློབ་དཔོན་རྣམས་དང་བསླབ་པ་རྒན་རབས། དེ་བཞིན་ནུབ་ཕྱོགས་སུ་སངས་རྒྱས་ཀྱི་གསུང་རབས་ཞིབ་འཇུག་རིག་པའི་བསྟི་གནས་ཀྱི་ཁོངས་མི་རྒན་པ་བཅས་ཐེ་བའི་སྐུ་ཚབ་གྲངས་ ༦༥ ཙམ་ལྷན་ཚོགས་འདིར་ཆིབས་སྒྱུར་གནང་ཡོད། ལྷན་ཚོགས་སྐབས་ཚོགས་མི་ཡོངས་ཀྱིས་མགྲིན་དབྱངས་གཅིག་ཏུ་གཞི་སྨྲའི་ལུགས་ཀྱི་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་བྱེད་དགོས་པ་དང་། བྱེད་ཐུབ་སྐོར། ངེས་པར་དུ་བྱེད་དགོས་སྐོར་མོས་མཐུན་གནང་ཡོད། དེ་མིན་ནང་ཆོས་ཀྱི་བུད་མེད་ཚོར་དབྱེ་འབྱེད་བྱེད་ཀྱི་འདུག་ཅེས་དེང་དུས་སྤྱི་ཚོགས་ཀྱི་ངོས་ནས་ནང་ཆོས་ལ་དམའ་འབེབས་བྱེད་སྲིད་པ་དང་། ནང་པ་ཚོས་སྤྱི་ཚོགས་ལ་ཕན་པའི་སོ་སོའི་ནུས་པར་ཚད་བཀག་བཟོ་གི་ཡོད། མདོར་ན། སངས་རྒྱས་ཉིད་ཀྱིས་ཚུལ་ཁྲིམས་དེ་དག་རྩ་བའི་ཆ་ནས་སྤྱི་ཚོགས་ནང་ནས་དགེ་འདུན་གྱི་སྡེར་གུས་བཀུར་དང་ཁས་ལེན་འཐོབ་རྒྱུ་དང་སྐྱོན་བརྗོད་མི་ཡོང་བ་བྱ་རྒྱུའི་ཆེད་དུ་གསུངས། སངས་རྒྱས་རང་ཉིད་ཀྱིས་ཚུལ་ཁྲིམས་དེ་དག་དམིགས་ཡུལ་ཐད་གུ་ཡངས་པོ་གནང་ཡོད་པ་དང་། དེ་དང་གཅིག་མཚུངས་ཤིག་དེང་དུས་ཀྱི་སྤྱི་ཚོགས་ལག་བསྟར་བྱེད་ཐུབ།

ཁ་ཡོད་ལག་ཡོད་ཀྱི་བསམ་ཚུལ་དང་ལུང་གི་ལྟ་ཚུལ་ཐོག་ནས་བཤད་ན། གཞི་སྨྲའི་ལུགས་ཀྱི་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་བྱ་ཆེད་འདོད་བློ་ཁེངས་ཤོས་ཀྱི་ཐབས་ལམ་ནི། གཞི་སྨྲའི་ལུགས་ཀྱི་དགེ་སློང་ཕ་དང་ཆོས་སྲུང་སྡེ་པའི་དགེ་སློང་མ་གཉིས་ཚོགས་ནས་སྡོམ་པ་འབོག་འཇོག་བྱ་རྒྱུ་དེ་ཡིན་ཞེས་སྐུ་ཚབ་མང་ཆེ་བས་དགོངས་ཚུལ་གསུངས་ཡོད། ཤྲི་ལངྐའི་སྲོལ་རྒྱུན་གྱི་གནས་བརྟན་སྨྲ་བའི་དགེ་སློང་མའི་རྒྱུད་པ་ཟམ་མ་ཆད་པའི་གཉིས་ཚོགས་ཀྱི་ཆ་ཤས་སུ་རྒྱ་ནག་ནང་ཆོས་སྲུང་སྡེ་པའི་དགེ་སློང་མའི་སྡོམ་རྒྱུན་ནི་དུས་རབས་ལྔ་པའི་ནང་འགོ་ཚུགས་ཡོད། དགེ་སློང་མའི་བྱེད་སྒོ་ནི་སྡོམ་པ་ནོད་སའི་རྟེན་ལ་སྡོམ་པའི་སྣོད་དུ་རུང་མི་རུང་དྲི་བ་འདྲི་རྒྱུ་ཡིན་སྟབས། སྡོམ་པ་གནང་བ་དེ་དགེ་སློང་ཕའི་སྡོམ་པ་འབོག་ཕྱོགས་ཡིན།

འདུལ་བའི་གཞུང་དང་བསྟུན་ན། གལ་ཏེ་དགེ་སློང་མའི་སྡོམ་པ་དང་པོ་དེ་དེ་ལྟར་གནང་བ་ན། ཐ་ན་དགེ་སློབ་མ་དང་ཚངས་སྤྱོད་ (brahmacharya) ཀྱི་སྡོམ་པ་སྔོན་དུ་མ་བཏང་བར། དགེ་སློང་མའི་སྡོམ་པ་ད་དུང་ཁུངས་ཐུབ་ཏུ་གནས་ཐུབ། དགེ་སློང་གི་སྡོམ་པ་ལེན་མཁན་ཚོས་ལྟུང་བ་ཆུང་ཙག་མྱོང་དགོས་ནའང་། དེ་ནི་དགའ་བ་སྐྱེ་བའི་གནས་ཤིག་ཡིན། དགེ་བཤེས་རིན་ཆེན་དངོས་གྲུབ་ཀྱིས་འདུལ་བའི་ཁུངས་གཞན་དྲངས་པ་ལས། དགེ་སློང་རྣམས་ཀྱིས་གནས་སྟངས་བྱེ་བྲག་པའི་ཁྲོད་ལྟུང་བ་ཆུང་ཙག་མེད་པར་ཚངས་སྤྱོད་ཀྱི་སྡོམ་པ་འབོག་ཆོག་ཅེས་གསུངས་ཡོད། དེ་ལས་དགེ་སློང་ཕ་དེ་རིགས་ཀྱིས་དགེ་སློང་མའི་སྡོམ་པ་འབོག་རུང་། དེ་ཡང་ཚངས་སྤྱོད་པ་བཞིན་ཉིན་དེ་གར་ལག་བསྟར་བྱ་དགོས། དེ་ལྟར་དགེ་སློང་ཕ་ལ་ལྟུང་བ་ཆུང་ཙག་མི་ཡོང་།

སྡོམ་པ་འབོག་མཁན་དགེ་སློང་ཚོར་ལྟུང་བ་ཆུང་ཙག་ཡོད་མེད་ལ་མ་ལྟོས་པར། དགེ་སློང་མ་གསར་པ་ཚོས་སྡོམ་པ་ལོ་བཅུ་ཚུལ་བཞིན་སྲུང་ཡོད་ཚེ། གཉིས་ཚོགས་སྡེ་ཞུགས་ཆོག་པ་དང་ད་དུང་དགེ་སློབ་མ་དང་ཚངས་སྤྱོད་ཀྱི་སྡོམ་པ་ནོད་ཆོག་གི་ཡོད། ཐབས་ལམ་དེར་རྒྱབ་སྐྱོར་སླད། སྐུ་ཚབ་ཁག་ཅིག་གིས་བོད་ཀྱི་གཉིས་ཚོགས་ཀྱི་སྡོམ་པ་འབོག་སྲོལ་གྱི་མཚན་གཞི་གླེང་ཡོད་དེ། གཞི་ཐམས་ཅད་ཡོད་སྨྲ་དང་ཆོས་སྲུང་སྡེ་པའི་དགེ་སློང་ཕ་གཉིས་ཚོགས་ནས། དུས་རབས་དགུ་པའམ་བཅུ་པའི་ནང་བླ་ཆེན་དགོངས་པ་རབ་གསལ་གྱི་སྡོམ་རྒྱུན་བྱུང་།

པཱ་ལི་ (Pali) གཞུང་ནང་ཉམས་ལེན་བྱེད་བཞིན་པའི་ཁྲིམས་མཐུན་གྱི་བརྒྱུད་རིམ་ཞིག་ལ་གཞི་བཅོལ་ནས། གནས་བརྟན་སྨྲ་བའི་འདུལ་བའི་སློབ་དཔོན་འགའ་ཞིག་གིས་གཞི་སྨྲའི་ལུགས་ཀྱི་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་བྱེད་པའི་ཐབས་ལམ་མི་འདྲ་བ་ཞིག་བསམ་ཚུལ་བཏོན་ཡོད། ཆོས་སྲུང་སྡེ་པའི་དགེ་སློང་གཉིས་ཚོགས་ཀྱིས་སྡོམ་པ་མནོས་པའི་རྗེས། དགེ་སློང་གི་སྡེས་ཉམས་བཞེས་བྱེད་པའི་རྡ་ལྷི་ཀ་མྨ་ (ལས་བརྟན་ dalhikamma) ཞེས་པའི་ཆོ་ག་ཞིག་གི་ཐོག་ནས་སྡོམ་པ་གསར་དུ་བླངས་པའི་ཆོས་སྲུང་སྡེ་པའི་དགེ་སློང་མས་བསྐྱར་དུ་གཞི་སྨྲའི་ལུགས་ཀྱི་དགེ་སློང་མའི་སྡོམ་པ་ལེན་ཆོག ། བརྒྱུད་རིམ་འདིས་ཆོས་སྲུང་སྡེ་པའི་སྡོམ་པ་དེ་འདྲ་མཉམ་ཡིན་པའི་གཞི་སྨྲའི་ལུགས་ཀྱི་སྡོམ་པར་སྒྱུར་གྱི་ཡོད། དེ་ལྟར་གཞི་སྨྲའི་ལུགས་ཀྱི་དགེ་སློང་དང་དགེ་སློང་མ་གཉིས་ཚོགས་ཀྱིས་དགེ་སློང་མའི་སྡོམ་པ་ནོད་ཆོག ། དེ་མིན་བསམ་ཚུལ་གཅིག་ནི་བོད་བརྒྱུད་ནང་བསྟན་ཉམས་ལེན་བྱེད་པའི་ཆོས་སྲུང་སྡེ་པའི་ལུགས་ཀྱི་བསླབ་པ་རྒན་པའི་དགེ་སློང་མར་རྡ་ལྷི་ཀ་མྨའི་ཆོ་གའི་བརྒྱུད་རིམ་ལག་བསྟར་བྱས་ནས་གཞི་སྨྲའི་ལུགས་ཀྱི་དགེ་སློང་མར་འགྱུར་ཆོག ། དེ་ནས་ཁོང་ཚོས་གཞི་སྨྲའི་ལུགས་ཀྱི་གཉིས་ཚོགས་ཀྱིས་སྡོམ་པ་གཙང་མ་ཞིག་ནོད་པའི་དགེ་སློང་མའི་སྡེ་འཛུགས་ཐུབ།

གཉིས་ཚོགས་ཐབས་ལམ་མམ་རྡ་ལྷི་ཀ་མྨའི་ཐབས་ལམ་གང་རུང་ལ་རྒྱབ་སྐྱོར་ཆེད། སྐུ་ཚབ་མང་པོ་ཞིག་གིས་སངས་རྒྱས་སྐུ་དུས་དང་དགེ་སློང་མའི་སྡོམ་རྒྱུན་དབུ་བརྙེས་པའི་སྐབས་སྡོམ་པ་འབོག་འཇོག་གམ་གནས་བརྟན་སྨྲ་བའི་ལུགས་། ཆོས་སྲུང་སྡེ་པ། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་ཐོག་ནས་དབྱེ་བ་གང་ཡང་མེད་པའི་དོན་དངོས་ལ་ནན་བརྗོད་བྱས་ཡོད། དེར་བརྟེན་ང་ཚོས་སྤྱིར་བཏང་དགེ་སློང་མའི་སྡོམ་པའི་སྙིང་པོ་ནོད་ཕྱོགས་ཐད་དོ་ནན་བྱེད་དགོས་པ་ལས་ལོ་རྒྱུས་ཐོག་གི་རྒྱུད་པའི་ཁྱད་པར་ལ་གཙིགས་སུ་འཛིན་མི་རུང་།

འོན་ཀྱང་ལྷན་ཚོགས་ལ་བཅར་བའི་བོད་པའི་རབ་བྱུང་མའི་སྡེ་པའི་སྐུ་ཚབ་ཀྱིས་རིམ་པ་ཆ་ཚང་བོད་ཀྱི་གཞི་སྨྲའི་སྡེ་ཚན་ནང་གནས་པའི་འདོད་པ་བརྗོད་ཡོད། དེས་ན་ལྷན་ཚོགས་ལ་བཅར་བའི་བཙུན་མ་ཚོས་དགེ་སློང་མའི་སྡོམ་པ་འབོག་འཇོག་དེ་གཞི་སྨྲའི་དགེ་སློང་ཕ་གཅིག་པུ་ཚུད་པའི་སྡེས་ནོད་རྒྱུར་གདམ་ཀ་བྱས་ཡོད།

གནས་བརྟན་སྨྲ་བ་དང་ཆོས་སྲུང་སྡེ་པའི་ནང། དགེ་འདུན་གྱི་སྡེ་པ་རྐྱང་པས་སྡོམ་པ་འབོག་པའི་ཐབས་ལམ་དེ་དགེ་སློང་མ་ཞིག་གི་སྡོམ་རྒྱུན་བསྐྱར་གསོའི་སླད་འདུལ་བའི་ལུགས་ནང་གནང་བ་སྦྱིན་རུང་བ་ཞིག་ཡིན། དེར་མ་ཟད་ཆོས་རྒྱུད་དེ་གཉིས་ནང་དགེ་འདུན་གྱི་སྡེ་རྐྱང་པས་སྡོམ་པ་འབོག་པ་ནི་གནས་སྟངས་འགའ་ཞིག་སྐབས་ལག་བསྟར་བྱས་ཡོད་སྲིད་ལ་དེའི་ཐད་སྡོམ་པ་འབོག་མཁན་ལ་ལྟུང་བ་ཆུང་ཙག་འབྱུང་། རྒྱུ་མཚན་ནི་དགེ་སློང་མའི་སྡོམ་པ་འབོག་ཕྱོགས་ཀྱི་ཐབས་ལམ་འདི་ནི་སངས་རྒྱས་ཀྱིས་དགེ་འདུན་གྱི་སྡེ་པ་རྐྱང་པའི་སྲོལ་བཏད་པའི་རྗེས་སུ་དགེ་འདུན་གཉིས་ཚོགས་ཀྱིས་སྡོམ་པ་འབོག་པའི་སྲོལ་མཛད་ཡོད། དེ་ལྟར་བྱེད་པས་སངས་རྒྱས་ཀྱིས་ཆེད་མངགས་དགེ་འདུན་གྱི་སྡེ་པ་རྐྱང་པས་དགེ་སློང་མའི་སྡོམ་པ་འབོག་འཇོག་ལ་གནང་བ་མ་བསྩལ་བ་མ་ཡིན་པ་དང་། དུས་མཚུངས་ས་ཁུལ་གཞན་དུ་འདུལ་བའི་གཞུང་ནང་ཁོང་གིས་ཐབས་ལམ་ཕྱི་མ་དེ་འགོ་བཙུགས་པའི་རྗེས་དང་པོ་དེར་གནང་བ་བསྩལ་མེད། འདུལ་བའི་གཞུང་ནང་གལ་སྲིད་དགེ་འདུན་གྱི་ལས་བྱེ་བྲག་པ་ཞིག་ལ་དགག་བྱ་བྱས་ཡོད་ནའང་། སངས་རྒྱས་ཀྱི་དགོངས་པ་གཞིར་བཟུང་། གནང་བ་བསྩལ་ཡོད། ལོ་བཅུ་ཕྱིན་པའི་རྗེས། དགེ་སློང་མ་དེ་དག་བསླབ་པ་རྒན་པར་གྱུར་ཏེ། གཞི་སྨྲའི་དགེ་འདུན་གཉིས་ཚོགས་ཤིག་གིས་གཉིས་ཚོགས་ཀྱི་སྡོམ་པ་འབོག་འཇོག་བསྐྱར་དུ་འགོ་འཛུགས་ཆོག །

མ་གཞི་ལྷན་ཚོགས་སྐབས་དངོས་སུ་བགྲོ་གླེང་མ་བྱུང་ཀྱང་། རྒྱ་གར་དྷ་རམ་ས་ལར་རྟེན་གཞི་བྱས་པའི་དབུས་བོད་མིའི་སྒྲིགས་འཛུགས་ཀྱི་ཁྱབ་ཁོངས་ཆོས་རིག་ལྷན་ཁང་གིས་ལྷན་ཚོགས་འདི་མ་ཚོགས་པའི་གཟའ་འཁོར་ཁ་ཤས་ཀྱི་སྔོན་དགོངས་ཚུལ་ཅུང་མི་འདྲ་བ་ཞིག་ཕུལ་ཡོད། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་ལུགས་ཀྱི་འདུལ་བར་གཞིགས་ན། གལ་ཏེ་དགེ་སློང་ཕའི་སྡོམ་པ་འབོག་པའི་ཆོ་ག་གཞིར་བཟུང་དགེ་སློང་མ་ཞིག་གི་སྡོམ་པ་བླངས་ཡོད་ཚེ། སྡོམ་པའི་རྟེན་གྱི་གང་ཟག་ལ་ལྟུང་བ་ཆུང་ཙག་བྱུང་ཀྱང་། སྡོམ་པ་འབོག་འཇོག་དེ་ཁུངས་ལྡན་ཡིན་ཞེས་སངས་རྒྱས་ཀྱིས་བཀའ་བསྩལ་ཡོད། དེ་ལྟའི་ཐོག་ནས་སྡོམ་པ་ལེན་པ་པོས་དགེ་སློང་ཕའི་ཆོ་ག་བརྒྱུད་དགེ་སློང་མའི་སྡོམ་པ་ལེན་ཆོག ཁོ་མོར་དགེ་སློང་ཕའི་སྡོམ་པ་མི་འཐོབ། གཞན་ཡང་གདམ་ཀ་ཞིག་ལ་གཞི་སྨྲའི་ལུགས་ཀྱི་དགེ་སློང་ཕའི་ཆོ་གའི་སྒོ་ནས་དགེ་འདུན་གྱི་སྡེ་པ་རྐྱང་པའམ་གཉིས་ཚོགས་ཀྱི་དྲུང་ནས་དགེ་སློང་མའི་སྡོམ་པ་ལེན་ན་ཆོག །

མདོར་ན། ད་ལྟའི་གནད་དོན་ནི་འདུལ་བའི་གཞུང་གི་ལུང་གཞིར་བཟུང་གཞི་སྨྲའི་ལུགས་ཀྱི་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་བྱེད་ཕྱོགས་འདི་ཡིན། འོན་ཏེ་འབྱུང་སྲིད་པའི་ཐབས་ལམ་ཁག་ཅིག་གི་ཐད་གཞུང་ལུགས་མང་པོ་ཞིག་ཕན་ཚུན་འགལ་བར་སྣང་། བོད་ཀྱི་དགེ་བཤེས་རྣམས་རིག་པའི་ལམ་ནས་བགྲོ་གླེང་བྱ་རྒྱུར་ཤིན་ཏུ་མཁས་སྟབས། བགྲོ་གླེང་གི་གནད་དོན་ཕྱོགས་གཉིས་ཀའི་ཐབས་ལམ་རུང་བ་དང་གསལ་པོར་མིག་སྔར་བཏོན་ཡོད། ཕྱོགས་གཉིས་ཀས་ཁས་ལེན་རུང་བའི་ཐག་གཅོད་ཀྱི་ཐབས་ལམ་ཞིག་དགོས་ཀྱི་ཡོད། དེའི་ནང་ནང་འགྲིགས་བྱེད་པའང་ཚུད་སྲིད། གཞུང་ནང་སྡོམ་རྒྱུན་བསྐྱར་གསོ་འདྲ་བའི་འདུལ་བའི་གནད་དོན་ཁག་ངེས་པར་དུ་བསླབ་པ་རྒན་པའི་དགེ་འདུན་དང་འདུལ་བ་འཛིན་པའི་དགེ་འདུན་གྱི་སྡེ་འཛོམས་ནས་ཐག་གཅོད་དགོས་པ་ལས། ཐ་ན་༸གོང་ས་མཆོག་ཡིན་ནའང་། མི་སྒེར་གྱིས་ཐག་གཅོད་བྱེད་མི་ཆོག དེར་བརྟེན་གནད་དོན་འདིའི་ཐད་རིམ་པ་གཙོ་བོ་ནི། དང་པོ། དེ་ལྟའི་ལྷན་ཚོགས་འདེམས་སྒྲུག་བྱེད་པའི་ཐབས་ལམ་གཏན་འབེབས་བྱ་རྒྱུ་དང་། གཉིས་པ། ལྷན་ཚོགས་ཀྱིས་ཐག་གཅོད་བྱེད་པའི་བརྒྱུད་རིམ་ཐག་གཅོད་བྱས་ནས། སྐུ་ཚབ་གདན་འདྲེན་ཞུ་དགོས། གསུམ་པ། ལྷན་ཚོགས་དེ་འདྲ་མགྱོགས་ནས་མྱུར་དུ་གོ་སྒྲིག་དགོས།

གཞི་སྨྲའི་ལུགས་ཀྱི་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་བྱེད་ཕྱོགས་དང་འབྲེལ་༸གོང་ས་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དབུ་བཞུགས་ཐོག་ལྷན་ཚོགས་དེས་ཐག་གཅོད་གང་བྱུང་བ་དེར་གདན་འདྲེན་ཞུས་པའི་གནས་བརྟན་སྨྲ་བ་དང་ཆོས་སྲུང་སྡེ་པའི་བསླབ་པ་རྒན་པའི་དགེ་སློང་ཕ་དང་མ་རྣམས་ཀྱིས་མགྲིན་དབྱངས་གཅིག་ཏུ་མོས་མཐུན་དང་རྒྱབ་སྐྱོར་ཞུས་ཡོད།

གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་ལུགས་ཀྱི་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་བྱེད་ཕྱོགས་ཐད་དགོངས་ཚུལ་གསུངས་པའི་དཀའ་ཚེགས་ཅན་གྱི་གནད་དོན་འགའ།

བོད་རིགས་མཁས་པའི་ཁྲོད་ཀྱི་འདུལ་བ་འཛིན་པ་དང་ཉམས་ཞིབ་པ་རྣམས་ཀྱིས་ཐག་གཅོད་དགོས་པའི་ལུགས་མཐུན་གྱི་གནད་དོན་མི་ཉུང་བ་ཞིག་སྙིང་བསྡུས་སུ་བཀོད་ཡོད། དེ་ཡང་གཞི་སྨྲའི་ལུགས་ཀྱི་དགེ་སློང་མའི་སྡོམ་རྒྱུན་བསྐྱར་གསོ་བྱེད་ཕྱོགས་ཀྱི་ཐབས་ལམ་འདྲ་མིན་གྱི་བསམ་ཚུལ་དང་འབྲེལ་ནས་བྱུང་། མ་གཞི་ལྷན་ཚོགས་སྐབས་གནད་དོན་དེ་དག་ཞིབ་ཚགས་པོར་སྤྱན་འབུལ་ཞུས་མེད་ཀྱང་། བགྲོ་གླེང་གི་སྐབས་མང་པོ་ཞིག་ལ་ཐོན་ཡོད།

འདུལ་བའི་ལུགས་འདྲ་མིན་གྱི་དགེ་སློང་ཕ་དང་མ་གཉིས་སྡོམ་པ་འབོག་པའི་ཆོ་ག་ཞིག་ནང་མཉམ་བཅར་ཞུ་ཆོག་གམ། དགེ་འདུན་གཉིས་ཚོགས་ཁྲོད་གཞི་སྨྲའི་ལུགས་ཀྱི་དགེ་སློང་དང་ཆོས་སྲུང་སྡེ་པའི་དགེ་སློང་མ་འདུས་ཆོག་གམ། གལ་སྲིད་དེ་འདྲའི་དགེ་འདུན་གཉིས་ཚོགས་ཀྱིས་དགེ་སློང་མའི་སྡོམ་པ་མནོས་ན། སྡོམ་པ་ལེན་པོའི་རྒྱུད་ཀྱི་དགེ་སློང་མའི་སྡོམ་པ་དེ་རྒྱུད་པ་གང་ཞིག་ཡིན་ནམ།

བོད་ཀྱི་དགེ་སློང་ཕ་རྣམས་ཀྱིས་དགེ་འདུན་རྐྱང་པའི་སྡེ་པའི་ཐོག་ནས་དགེ་སློང་མའི་སྡོམ་པ་གནང་བ་སྲིད་དམ།

དགེ་སློང་མའི་སྡོམ་པ་ལེན་མཁན་ཚོར་དགེ་སློང་མ་མ་ཆགས་པའི་སྔོན་དགེ་སློབ་མའི་སྡོམ་པ་བླངས་ནས་ལོ་གཉིས་ཀྱི་སྦྱོང་བརྡར་མཐར་ཕྱིན་རྒྱུ་གལ་ཆེ་ལོས་ཡིན་ནམ།

དགེ་སློང་མའི་སྡོམ་པ་འབོག་པའི་ཆོ་གའི་བརྒྱུད་རིམ་ནང་། སྡོམ་པ་ལེན་མཁན་གྱི་རྟེན་དགེ་སློང་མ་མ་ཆགས་པའི་གོང་ཚངས་སྤྱོད་ཀྱི་སྡོམ་པ་ནོད་རྒྱུ་གལ་ཆེ་ལོས་ཡིན་ནམ། ཡིན་ཚེ། དགེ་སློང་ཕས་ནོད་ཆོག་གམ། གང་ལྟར་ཚངས་སྤྱོད་ཀྱི་སྡོམ་པ་དངོས་མ་ཡིན་ཅིང་། སྡོམ་པ་འབོག་པའི་ཆོ་གའི་ཆ་ཤས་ཡིན་ཅིང་། དེའི་ཁྲོད་དགེ་སློང་མའི་སྡེ་པས་སྡོམ་པ་ལེན་མཁན་ལ་སྡོམ་པ་ནོད་པའི་གེགས་བར་ཆེ་ཆུང་དང་འབྲེལ་བའི་དྲི་བ་འདྲི་ཡི་ཡོད།

གལ་ཏེ་དགེ་སློང་ཕའི་སྡོམ་པ་འབོག་པའི་ཆོ་ག་དེ་དགེ་སློང་མར་སྡོམ་པ་འབོག་པའི་ཆོ་གར་ལག་བསྟར་བྱས་ཚེ། གོང་གི་གནད་དོན་ཁག་སེལ་ཐུབ་བམ།

༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་གཞི་སྨྲའི་ལུགས་ཀྱི་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་བྱ་རྒྱུ་ཤིན་ཏུ་གལ་འགངས་ཆེན་པོ་ཡིན་ནའང་། གཞི་སྨྲའི་ལུགས་ཀྱི་འདུལ་གཞུང་གི་སྲོལ་རྒྱུན་དང་མཐུན་པའི་སྒོ་ནས་བྱ་དགོས་པ་གནད་ཆེ་ཞེས་གསུངས་ཡོད། བོད་པ་ཚོས་སྡོམ་རྒྱུན་འདི་ཁུངས་ལྡན་མིན་པའི་ཐབས་ལམ་གྱི་ཐོག་ནས་བསྐྱར་གསོ་བྱས་པའི་ལོ་རྒྱུས་ལ་བརྟེན་ནས་ཐག་གཅོད་བྱེད་རྒྱུ་མེད་པ་གལ་ཆེ་བ་དང་། ལྷག་པར་དུ་འདུལ་བའི་གཞུང་གི་རྗེས་སུ་འབྲང་རྒྱུ་དང་འཛིན་རྒྱུར་བོད་པ་ཚོས་ལྷོད་གཡེང་བཏང་ཡོད་པ་ནི་ཁོང་ཚོའི་གསང་སྔགས་ཀྱི་ཉམས་ལེན་གྱིས་རྐྱེན་པས་གནད་དོན་ཆགས་པ་རེད་ཅེས་བཤད་པ་ལོ་རྒྱུས་ནང་བྱུང་ཡོད་པས་ནན་ཟབ་དགོས་པ་གལ་ཆེ་བཀའ་བསྩལ།

ལྷན་ཚོགས་དེར་བཅར་མཁན་བོད་པའི་དགེ་འདུན་པ་དང་བཙུན་མ་ཚང་མས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་བྱ་རྒྱུའི་གནད་དོན་འདི་ནི་སྤྱིར་བཏང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ནམ་བུད་མེད་ཀྱི་ཐོབ་ཐང་དང་འབྲེལ་བ་ཅི་ཡང་མེད་ཅེས་བརྗོད་ཀྱི་འདུག དེ་ནི་སྐྱེས་པ་དང་བུད་མེད་ཚོས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་དང་། སྡོམ་པ་ལེན་པ། མཐར་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པར་བྱེད་པའི་ཐོབ་ཐང་གཅིག་མཚུངས་སངས་རྒྱས་ཀྱི་འདུལ་བའི་གཞུང་ནང་བཀའ་བསྩལ་ཡོད། དེས་ན་དེའི་ཁྲོད་སེམས་ཀྱི་མྱོང་ཚོར་མངོན་པའམ་སྦས་པ། མཐུན་ཕྱོགས་སམ་འགལ་ཟླ་གང་གཏོགས་རུང་། དགེ་སློང་མའི་སྡོམ་རྒྱུན་བསྐྱར་གསོ་བྱ་རྒྱུ་ནི་མཐའ་གཅིག་ཏུ་འདུལ་བའི་ཁྲིམས་མཐུན་གྱི་གནད་དོན་ཡིན་ཅིང་གནད་དོན་དེའི་ཐོག་ནས་ངེས་པར་དུ་ཐག་གཅོད་བྱེད་དགོས་པ་ཡིན། འོན་ཀྱང་གནས་བརྟན་སྨྲ་བའི་བཙུན་པ་རྒན་པ་དགེ་སློང་བྱང་ཆུབ་ཀྱིས་ (Bhikkhu Bodhi) དགོངས་ཚུལ་གསུངས་པ་ལྟར། འདིར་རྩ་འཛིན་གཅིག་དྲན་པ་བྱ་རྒྱུ་གལ་ཆེན་པོ་ཡིན། དེ་ཡང་ “དགེ་སློང་མའི་སྡོམ་པ་འབོག་པའི་ཆོ་ག་ནི་དགེ་སློང་མའི་སྡོམ་རྒྱུན་སྤེལ་བའི་མཐུན་རྐྱེན་ཡིན་པ་ལས་དེ་ལ་འགལ་རྐྱེན་བཟོ་ཆེད་མ་ཡིན་” ཅེས་གསུངས།། །།

Top