ང་ཚོ་ཇི་ལྟར་ཡོད་པར་རྨོངས་པའི་མ་རིག་པ།
ཕྱི་ལོ་དུས་རབས་ཉེར་གཅིག་པའི་དུས་སྟོད་ལ་ང་ཚོ་ནི་གནས་ཚུལ་ལོག་པ་ཁྱབ་གདལ་འགྲོ་བཞིན་པའི་དུས་ཀྱི་ནང་གནས་ཡོད་པ་དང་། མི་མང་པོས་ “གདམ་ཀ་ཅན་གྱི་བདེན་པ་” ལ་ཡིད་ཆེས་བྱེད་ཀྱི་ཡོད། སངས་རྒྱས་ཀྱིས་ལོ་ངོ་སྟོང་ཕྲག་མང་པོའི་སྔོན་དུ་གང་རྟོགས་པའི་གློ་བུར་དུ་ཁྱབ་པའི་གནད་དོན་ཞིག་ཡོད། དེ་ནི་སྡུག་བསྔལ་ཐམས་ཅད་ཀྱི་རྒྱུ་དངོས་སམ་ཀུན་འབྱུང་བདེན་པ་དེ་རེད། དེ་ཡང་མ་རིག་པ་དེ་ཡིན་པ་རེད། མ་རིག་པ་ཞེས་པ་ནི་དྲྭ་རྒྱ་བེད་སྤྱོད་ཇི་ལྟར་བྱེད་ཚུལ་མི་ཤེས་པའི་དོན་མིན་པར། དེ་ལས་ལྡོག་སྟེ། མི་ཤེས་པའམ་མ་རིག་པ་ཞེས་པ་ནི་ང་ཚོའི་སྤྱོད་ལམ་གྱི་ཕུགས་རྒྱང་རིང་པོའི་ཤུགས་རྐྱེན་དང་དེ་གཞི་ལ་བཞག་ནས་དངོས་པོའི་གནས་ལུགས་མི་ཤེས་པ་དང་། དམིགས་བསལ་ང་ཚོ་ཇི་ལྟར་ཡོད་པའི་ཚུལ་དེ་ལ་རྨོངས་པའི་མ་རིག་པ་དེ་ཡིན་པ་རེད། གནད་དོན་རྣམས་གང་གིས་ཇེ་སྡུག་ཏུ་གཏོང་གི་ཡོད་དམ་ཞེ་ན། ང་ཚོས་ཕྱིན་ཅི་ལོག་པའི་ལྟ་བ་དེ་དོན་དམ་བདེན་པ་ཡིན་པར་ཡིད་ཆེས་བྱེད་པ་དེས་གནད་དོན་རྣམས་ཇེ་སྡུག་ཏུ་གཏོང་གི་ཡོད།
དེ་ལས་ཅུང་ཟད་གཏིང་ཟབ་ཏུ་བརྟགས་ན། ང་ཚོ་ཚང་མས་སོ་སོའི་སེམས་ནང་ “ང་ང་ང་” ཞེས་སྐད་ཆ་བཤད་པའི་སྐད་སྒྲ་ཞིག་མྱོང་གི་ཡོད་པ་དང་། དེ་ལ་གཞི་བཞག་ནས་ང་ཚོས་ལུས་སེམས་ལས་ལོགས་སུ་ “ང་” ཟེར་བ་ཞིག་རྙེད་དུ་ཡོད་པ་དང་དེས་སྐད་ཆ་དེ་དག་ཐམས་ཅད་བཤད་དུ་འཇུག་གི་ཡོད་པའི་ཡིད་ཆེས་ཤིག་རང་བཞིན་གྱིས་བྱེད་ཀྱི་ཡོད། འདི་ལྟ་བུའི་རྨོངས་པའི་ཡིད་ཆེས་ཤིག་ཁ་སྣོན་བྱེད་ཀྱི་ཡོད་པའི་རྒྱུ་མཚན་ནི། “ང་” ཟེར་བ་དེ་ལ་གང་འབྱུང་བཞིན་ཡོད་པའམ། ཡང་ན་ “ང་” རང་འདིའི་རྗེས་སུ་ག་རེ་བྱེད་དགོས་པའི་ཐད་བསམ་བློ་གཏོང་བར་ང་ཚོས་སེམས་ནང་རྙོག་དྲ་ཞིག་ག་དུས་བཤད་ནའང་། སེམས་ཁྲལ་བྱེད་སའི་རྡོག་རྡོག་ཚུགས་ཐུབ་ཀྱི་ “ང་” ཟེར་བ་ཞིག་ཡོད་པ་ལྟར་སྣང་གི་ཡོད། ང་ཚོ་ནི་ལོས་ཡོད་དེ་སངས་རྒྱས་ཀྱིས་ཀྱང་དེ་ལ་ངོས་བཞེས་མ་གནང་ཡོད། དཀའ་ངལ་དེ་གང་རེད་ཅེ་ན། ང་ཚོ་ནི་ང་ཚོས་བསམ་པ་དང་ཚོར་བ་ཇི་བཞིན་དུ་གྲུབ་མེད་པ་དེ་རེད། ང་ཚོས་བདེན་དོན་དེ་མི་ཤེས་པའམ་མ་རིག་པར། གདམ་ཀ་ཅན་གྱི་བདེན་པ་འདི་ལ་ཧ་ཅང་ཤུགས་ཆེན་ཡིད་ཆེས་བྱེད་པ་སོང་ཙང་། ང་ཚོ་མཐའ་གཅིག་ཏུ་རྨོངས་ནས་སྡོད་ཀྱི་ཡོད།
སོ་སོ་རང་ཉིད་ཉེན་སྲུང་དང་ལྡན་པར་ཚོར་བར་བྱེད་པའི་ཆེད་ཉོན་མོངས་པ་དང་ངང་ངམ་ཤུགས་ཀྱི་སྤྱོད་ལམ་དང་མཉམ་དུ་ཉེན་སྲུང་མེད་པ་དང་དོན་མེད་གྱི་རྩོལ་བ།
སོ་སོ་རང་ཉིད་ལ་ཡོད་པའི་ཕྱིན་ཅི་ལོག་པའི་བློ་ལ་བརྟེན་ནས་གནད་དོན་ཞིག་ནོར་བ་ཡིན་པའི་རྟགས་མཚན་གསལ་པོ་ཞིག་ནི། ང་ཚོས་དེ་ནི་དངོས་པོའི་གནས་ལུགས་དང་འབྲེལ་ནས་ཡིད་ཆེས་བྱེད་པའི་སྐབས། ཉེན་སྲུང་མེད་པའི་སྡུག་བསྔལ་ཞིག་ང་ཚོས་མྱོང་གི་ཡོད། ཉེན་སྲུང་ཡོད་པར་ཚོར་བའི་ཐབས་སུ་དོན་མེད་ཀྱི་རྩོལ་བའི་ནང་། ང་ཚོས་སོ་སོ་རང་ཉིད་ཁུངས་སྐྱེལ་བྱེད་དགོས་པ་དང་སོ་སོ་རང་ཉིད་ལ་སྲུང་སྐྱོབ་བྱེད་དགོས་པའམ། ཡང་ན་སོ་སོ་རང་ཉིད་དག་སྐྱེལ་བྱེད་དགོས་པ་ཚོར་གྱི་ཡོད། དེ་ལྟ་བུ་ཚོར་བ་ལ་བརྟེན་ནས་ཉོན་མོངས་པའི་སེམས་ཚོར་རྣམས་སྐྱེད་པར་བྱེད་དེ།
- རང་ཉིད་ཉེན་སྲུང་དང་ལྡན་པ་ཚོར་བར་བྱེད་མཁན་ཞིག་ཐོབ་པའི་འདོད་ཆགས།
- དེ་བཞིན་དུ་རང་ཉིད་ཉེན་སྲུང་དང་ལྡན་པར་ཚོར་བའི་ཆེད་སོ་སོ་ནས་རྒྱང་རིང་དུ་གཏོང་བའི་ཞེ་སྡང་།
- རང་ཉིད་དེ་དག་གི་ནང་དུ་ཉེན་སྲུང་ལྡན་པར་ཚོར་བའི་ཆེད་སོ་སོའི་ཉེ་འཁོར་དང་འབྲེལ་ཐག་བཅད་པའི་གཏི་མུག
ཉོན་མོངས་པ་དེ་དག་གིས་ང་ཚོའི་སེམས་ཀྱི་ཞི་བདེ་དང་རང་ཚུགས་ཤོར་འཇུག་གི་ཡོད་ལ། ང་ཚོའི་སྔོན་གྱི་བག་ཆགས་དང་གོམས་པ་ལ་བརྟེན་ནས་བྱ་བ་ཞིག་རྩོམ་པའམ་སྐད་ཆ་ཞིག་བཤད་པའི་ཀུན་སློང་ལ་རྐྱེན་སློང་བྱེད་ཀྱིན་ཡོད། དེ་ལྟར་དབང་མེད་ལས་ཀྱི་སྐུལ་ཤུགས་ཤིག་གིས་བྱ་བ་དེ་དངོས་སུ་བརྩམ་པའམ་སྐད་ཆ་ཞིག་དངོས་སུ་བཤད་དུ་འཇུག་གི་ཡོད།
མ་རིག་པ་དང་། ཉོན་མོངས་པ། དེ་བཞིན་ངང་ངམ་ཤུགས་ཀྱི་སྤྱོད་ལམ་རྣམས་ནི་ང་ཚོའི་སེམས་ཚོར་འཕེལ་འགྲིབ་ལ་རྒྱུན་སྲིང་བའི་རྒྱུ་དངོས་དེ་ཡིན།
ལས་རྒྱུ་འབྲས་ཀྱིས་ང་ཚོའི་སྤྱོད་ལམ་གྱི་དུས་ཡུན་ཐུང་ངུའི་འབྲས་བུ་ལ་དམིགས་ཀྱི་མེད་པར། དེས་ཕུགས་རྒྱང་རིང་པོའི་འབྲས་བུར་དམིགས་ཀྱི་ཡོད། དཔེར་ན། སོ་སོ་རང་ཉིད་ཉེན་སྲུང་མེད་པར་ཚོར་བ་ལྟ་བུ་ལ་ཆ་བཞག་ན། ང་ཚོས་སྤྱི་ཚོགས་བརྒྱུད་ལམ་གྱི་ནང་ཁྱབ་སྤེལ་གཏོང་བའི་རང་གི་སྐོར་དང་རང་གི་འདྲ་པར་སོགས་ལ་དགའ་རྟགས་ཐོབ་པར་འདོད་པའི་འདོད་ཆགས་དང་བཅས་བསམ་བློ་གཏོང་བ་དང་། དགའ་རྟགས་ཐོབ་པ་དེས་སོ་སོ་ཡོད་པ་ངེས་གཏན་བྱེད་པ་དང་དེས་རང་གིས་རང་ལ་རིན་ཐང་གི་ཚོར་བ་ཞིག་སྟེར་གྱི་རེད་བསམ་གྱི་ཡོད། གལ་ཏེ་ཁྱེད་རང་སྤྱི་ཚོགས་བརྒྱུད་ལམ་ལ་དགའ་པོ་ཡོད་མཁན་དང་དེའི་ནང་རང་པར་སོགས་ཁྱབ་སྤེལ་གཏོང་མཁན་ཞིག་ཡིན་ན། སོ་སོ་རང་ཉིད་ཀྱི་ཉམས་མྱོང་ལ་བརྟག་དཔྱད་བྱེད་དགོས། སོ་སོའི་ཁ་པར་སྔོག་བཤེར་བརྒྱུད་དགའ་རྟགས་ག་ཚོད་རག་ཡོད་མེད་ལྟ་བའི་དབང་མེད་ཀྱི་སྐུལ་ཤུགས་ཉིན་དེའི་ནང་ཐེངས་མ་ག་ཚོད་ཡོང་གི་འདུག་གམ། ཁྱེད་ཀྱིས་དགའ་རྟགས་ཐོབ་པ་དེ་མཐོང་བའི་སྐབས་ཀྱི་བདེ་སྐྱིད་ཧ་ཅང་མྱུར་པོ་དེ་དུས་ཚོད་རིང་ལོད་ཇི་ཙམ་གནས་ཀྱི་འདུག་གམ། དེའི་རྗེས་སུ་ཡང་བསྐྱར་ཁྱེད་ཀྱིས་ཁ་པར་སྔོག་བཤེར་ག་དུས་བྱེད་ཀྱི་ཡོད་དམ། ཁྱེད་ལ་དགའ་རྟགས་འདང་ངེས་ཤིག་ཡོད་དམ། སོ་སོའི་ཁ་པར་ལ་ཉིན་གང་ངང་ངམ་ཤུགས་ཀྱིས་སྔོག་བཤེར་བྱེད་པ་དེ་བདེ་སྐྱིད་ལྡན་པའི་སེམས་ཀྱི་གནས་བབ་ཅིག་རེད་དམ། དགའ་རྟགས་འཚོལ་བའི་དུས་ཡུན་རིང་པོའི་ཤུགས་རྐྱེན་དེ་ནི་མི་སྐྱིད་པའི་སྡུག་བསྔལ་ཞིག་ཡིན་པའི་དཔེ་གསལ་པོ་ཞིག་ཡིན་པ་རེད། “ང་” ཟེར་བའི་རྡོག་རྡོག་ཚུགས་ཐུབ་དང་རང་དབང་བ་ཞིག་ཡོད་པ་དང་དེ་དགའ་རྟགས་འདང་ངེས་ལ་བརྟེན་ནས་ཉེན་སྲུང་དང་ལྡན་པ་བཟོ་ཐུབ་པ་དེ་ནི་རྗེས་དཔག་ནོར་བ་ལ་གཞི་བྱས་པ་ཞིག་རེད།
ཐ་ན་ང་ཚོར་བྱམས་བརྩེ་ལྟ་བུའི་ཀུན་སློང་བཟང་པོ་ཞིག་ལ་བརྟེན་ནས་ངང་ངམ་ཤུགས་ཀྱིས་སོ་སོའི་ནར་སོན་པའི་ཕྲུ་གུ་ཚོར་རོགས་བྱེད་ཀྱི་ཡོད་ནའང་། ཕན་ཐོགས་ཡོད་པའམ་དགོས་མཁོ་ཡོད་པའི་ཚོར་བ་དེས་སོ་སོ་རང་ཉིད་ལ་ཡག་པོ་ཞིག་ཚོར་བར་བྱེད་ཀྱི་རེད་སྙམ་པའི་རྨོངས་པ་དང་ཕྱིན་ཅི་ལོག་པའི་བློ་ལ་གཞི་རྩ་བྱས་ཡོད་ན། དེ་ལས་ང་ཚོས་བདེ་སྐྱིད་གང་འདྲ་ཞིག་མྱོང་བ་དེས་ནམ་ཡང་འདོད་བློ་ཚིམས་པ་ཞིག་ཡོང་གི་མ་རེད། མདོར་བསྡུས་ན་ང་ཚོའི་སེམས་ཚོར་གྱི་འཕེལ་འགྲིབ་འབྱུང་བར་རྒྱུན་སྲིང་བའི་རྒྱུ་དངོས་ནི། ང་ཚོ་དང་གཞན་རྣམས་ཇི་ལྟར་ཡོད་པའམ། དོན་ངོ་མར་ཆོས་ཐམས་ཅད་ཇི་ལྟར་ཡོད་པའི་ཚུལ་མི་ཤེས་པ་དང་དེ་དག་ལ་ཕྱིན་ཅི་ལོག་པའི་བློ་ཡོད་པ་རྣམས་རེད། དེའི་ཐོག་ལ་དེ་དག་གིས་རྐྱེན་སློང་བྱེད་པའི་ཉོན་མོངས་པ་དང་། དབང་མེད་ལས་ཀྱི་སྐུལ་ཤུགས། དེ་བཞིན་ངང་ངམ་ཤུགས་ཀྱི་སྤྱོད་ལམ་བཅས་ཡིན་པ་རེད།
མ་རིག་པ་དང་། ཉོན་མོངས་པ། དེ་བཞིན་ངང་ངམ་ཤུགས་ཀྱི་སྤྱོད་ལམ་རྣམས་ནི། དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བ་(འཁོར་བ་)རྒྱུན་སྲིང་བའི་རྒྱུ་དངོས་ཡིན་པ་རེད།
སངས་རྒྱས་ཀྱིས་མ་རིག་པ་དང་། ཉོན་མོངས་པ། ལས་ཀྱི་སྐུལ་སློང་རྣམས་ཀྱང་སྲིད་པ་འཁོར་བའི་ནང་ངང་ངམ་ཤུགས་ཀྱིས་རྒྱུན་སྲིང་བའི་རྒྱུ་ངོ་མ་ཡིན་པ་དང་། དེ་ཡང་ཚད་བཀག་ཅན་གྱི་ལུས་སེམས་གཞི་རྩ་བཞག་པའི་ཐོག་ཚེ་འདི་ཕྱི་གཉིས་ཀའི་ནང་མི་སྐྱིད་པའི་སྡུག་བསྔལ་དང་འདོད་བློ་མི་ཚིམས་པའི་བདེ་སྐྱིད་མྱོང་གི་ཡོད་ཅེས་གསུངས་ཡོད། སངས་རྒྱས་ཀྱིས་མཛུབ་སྟོན་གནང་བ་དེ་ནི་དབང་མེད་ཀྱི་ཡང་ནས་ཡང་དུ་འབྱུང་བའི་ང་ཚོའི་འཁོར་བ་ཞེས་བྱ་བའི་རྒྱུ་ངོ་མའམ་ཀུན་འབྱུང་བདེན་པ་དེ་ཡིན་ཞེས་ཚོར་བ་དེ་དག་གི་ཕྱོགས་སུ་ཡོད་པའི་ང་ཚོའི་རྨོངས་པའི་ཀུན་སློང་དེ་ཡིན།
དུས་ཡུན་ཐུང་ངུའམ་འཕྲལ་སེལ་གྱི་བདེ་བ་འབྱུང་བའི་སྐབས། དེ་ཡུན་རིང་མོར་གནས་ཀྱི་མེད་པ་སོང་ཙང་། དེ་ལ་སྙིང་པོ་མེད་ནའང་། དེ་ལ་ཆགས་པའི་སྐོམ་པ་ཆུ་འདོད་ལྟར་གྱི་འདོད་པ་ལ་རྫོགས་མཐའ་མེད་པ་རེད། ང་ཚོས་མི་སྐྱིད་པ་ཚོར་བའི་སྐབས། ང་ཚོའི་ངང་ངམ་ཤུགས་ཀྱི་སྤྱོད་ལམ་དེས་ད་དུང་མི་སྐྱིད་པ་སྐྱེད་པར་བྱེད་ཀྱི་ཡོད་ནའང་། ང་ཚོ་དེ་དང་གཏན་དུ་བྲལ་བར་འདོད་པའི་སྐོམ་པ་ཆུ་འདོད་ཀྱི་འདོད་པ་བྱེད་ཀྱི་ཡོད། ཐ་ན་ང་ཚོས་གང་ཡང་མི་ཚོར་བའི་ཆེད་དུ་ཟུག་བཅག་གི་སྨན་ཤུགས་ཆེན་པོ་ཞིག་བཟས་པའམ། ཡང་ན་ང་ཚོ་ཏིང་ངེ་འཛིན་གྱི་གནས་བབས་གཏིང་ཟབ་ཅིག་གི་ནང་ཐིམས་ནས་ཡོད་པ་དང་དེའི་ནང་དུའང་གང་ཡང་ཚོར་གྱི་མེད་ནའང་། ཚོར་བའི་གནས་བབས་དེ་ལས་ཉམས་རྒུད་འགྲོ་ངེས་པ་རེད། ཡིན་ནའང་ད་དུང་ཚོར་བའི་གནས་བབས་དེ་ལས་མི་ཉམས་པའི་སྐོམ་པ་ཆུ་འདོད་ཀྱི་འདོད་པ་བྱེད་ཀྱི་ཡོད།
དེར་མ་ཟད། “ང་ནི་ཐབས་སྐྱོ་བ་ལ་” སྙམ་པའི་སྒོ་ནས་ “ང་རང་བདེ་སྐྱིད་འདི་དང་འབྲལ་འདོད་མི་འདུག མི་སྐྱིད་པའམ་སྡུག་བསྔལ་འདི་དང་འབྲལ་འདོད་འདུག ང་ལ་འཛད་མཐའ་མེད་པའི་ཚོར་བ་འདི་དགོས་ཀྱི་འདུག་” ཅེས་བསམ་པ་ལ་བརྟེན་ནས་ང་ཚོས་ “ང་” ཟེར་བ་དེ་ཚུགས་ཐུབ་ཏུ་གྲུབ་པ་ལྟར་དུ་འཛིན་གྱི་ཡོད། ང་ཚོ་ཤི་བའི་སྐབས་སུ་ “ང་” ཞེས་པའི་བསམ་བློ་འཁྲུལ་བ་ལ་འཛིན་པའི་འཛིན་པ་འདི་དང་ང་ཚོའི་སེམས་ཚོར་གྱི་ཕྱོགས་སུ་ཉོན་མོངས་འདི་དག་སྐྱེ་བའི་ཚེ་ན། དེ་དག་གིས་ལས་ཀྱི་སྐུལ་སློང་དང་དབང་མེད་སེམས་ཀྱི་སྐུལ་ཤུགས་དེ་སད་ཀྱི་ཡོད། དེ་ཡང་རྡོ་ཁབ་ལེན་ལྟར་ང་ཚོའི་སེམས་དང་ཉོན་མོངས་པ་དེ་དག་སླར་སྐྱེ་བ་ལེན་པའི་ལུས་ཀྱི་གནས་བབས་སུ་འཐེན་གྱི་ཡོད། ང་ཚོ་མུ་མཐུད་ནས་འཚོ་བའི་ཆེད་དེ་དག་དང་མཉམ་དུ་སྐྱེ་བ་ལེན་པའི་བསམ་བློ་ཞིག་ཡོད་པ་རེད། འདི་ནི་ནང་པའི་ལུགས་ཀྱི་འཚོ་གནས་ཀྱི་བག་ཆགས་ survival instinct ཞེས་པའི་ལྟ་ཚུལ་འདྲ་པོ་ཆགས་ཀྱི་ཡོད།
ཀུན་འབྱུང་བདེན་པའི་རྣམ་པ་བཞི།
ང་ཚོའི་རྨོངས་པ་དང་ཕྱིན་ཅི་ལོག་པའི་བསམ་བློ་ནི་སྡུག་བསྔལ་བདེན་པའི་རྒྱུ་ངོ་མ་དེ་ཡིན། དོན་ངོ་མར་ང་ཚོས་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྡུག་བསྔལ་རྒྱུན་སྲིང་གི་ཡོད། དེ་ལ་རྣམ་པ་བཞི་ཡོད་པ་སྟེ། དེ་ཡང་དམིགས་བཀར་གྱི་ང་ཚོ་ཡང་ནས་ཡང་དུ་སྐྱེ་བ་མུ་མཐུད་ནས་ལེན་པ་དང་འབྲེལ་བ་ཡོད། རྣམ་པ་དེ་དག་ལས་ང་ཚོས་སྤྱིར་བཏང་དེ་དག་སྡུག་བསྔལ་གྱི་རྒྱུ་ངོ་མ་ཇི་ལྟར་ཡིན་པ་དེའང་ཤེས་རྟོགས་ཐུབ།
- དང་པོ་རྒྱུ་སྟེ། ང་ཚོ་ཇི་ལྟར་ཡོད་པའི་ཚུལ་ལ་རྨོངས་པའི་མ་རིག་པ། དེ་དང་མཉམ་དུ་ཉོན་མོངས་པ་དང་དབང་མེད་ལས་ཀྱི་སྐུལ་སློང་བཅས་པ་ནི་ང་ཚོའི་སྡུག་བསྔལ་གྱི་རྒྱུ་ངོ་མ་དེ་ཡིན་པ་རེད། ང་ཚོའི་སྡུག་བསྔལ་ནི་སྐར་རྩིས་རིག་པའི་ཆགས་དབྱིབས་ལ་བརྟེན་པ་ལྟ་བུའམ། ཡང་ན་བསོད་བདེ་ཀླུང་རྟ་མེད་པ་ལྟ་བུ་རྒྱུ་རྩ་བ་ནས་མེད་པའམ་མི་མཐུན་པའི་རྒྱུ་ལས་འབྱུང་བ་ཞིག་མིན།
- གཉིས་པ་ཀུན་འབྱུང་སྟེ། དེ་དག་ནི་ཡང་ནས་ཡང་དུ་བསྐྱར་ལྡབ་ཡང་ལྡབ་ཀྱིས་འབྱུང་བའི་ང་ཚོའི་སྡུག་བསྔལ་ཀུན་འབྱུང་བའི་རྒྱུ་ཡིན་པ་རེད། གནས་སྟངས་རེ་རེའི་ནང་སྡུག་བསྔལ་ནི་རྒྱུ་གཅིག་ཁོ་ན་ལས་ནམ་ཡང་འབྱུང་གི་མེད་པར། རྒྱུ་དང་རྐྱེན་མང་པོ་ཚོགས་པ་ལས་འབྱུང་གི་ཡོད།
- གསུམ་པ་རབ་སྐྱེ་སྟེ། དེ་དག་ནི་ཧ་ཅང་དྲག་པོ་དང་ཤུགས་ཆེ་བས་སེམས་ནང་ནས་སྡུག་བསྔལ་རབ་ཏུ་སྐྱེ་བར་བྱེད་ཀྱི་ཡོད། ང་ཚོའི་སྡུག་བསྔལ་ནི་ཕྱི་རོལ་གྱི་འབྱུང་ཁུངས་ཤིག་ནས་ཡོང་གི་མེད། ཐ་ན་ཕྱིའི་ནུས་མཐུ་ཀུན་ལྡན་གྱི་ལྷ་ལྟ་བུ་ལས་ཀྱང་སྡུག་བསྔལ་ཡོང་གི་མེད།
- བཞི་པ་རྐྱེན་ཏེ། དེ་དག་ནི་ང་ཚོའི་སྡུག་བསྔལ་འབྱུང་བའི་རྐྱེན་ཡིན་པ་རེད། སྡུག་བསྔལ་རྣམས་འཁོར་བའི་བྱ་བ་རང་ལ་བརྟེན་ནས་འབྱུང་གི་མེད་པར། དེ་དག་གི་ཕྱོགས་སུ་ཡོད་པའི་ང་ཚོའི་རྨོངས་པ་དང་ཕྱིན་ཅི་ལོག་པའི་བསམ་བློ་ལ་བརྟེན་ནས་འབྱུང་གི་ཡོད།
ཕྱོགས་བསྡོམས།
ང་ཚོ་སུ་གཅིག་ལའང་མི་འདོད་བཞིན་དུ་དེ་དག་དང་རྟག་ཏུ་འཕྲད་བཞིན་པའི་ཡང་ནས་ཡང་དུ་འབྱུང་བའི་དཀའ་ངལ་དང་སྡུག་བསྔལ་དེ་དག་གི་རྒྱུ་ངོ་མ་ནི། སོ་སོ་རང་ཉིད་ཀྱི་ཐད་ལ་ཕྱིན་ཅི་ལོག་པའི་གནས་ལུགས་ཀྱི་རྟོག་པའི་འཆར་སྒོ་དང་། དེ་དག་ནི་རྟོག་འཆར་ཙམ་ཡིན་པ་ཧ་མི་གོ་བའི་མ་རིག་པ། དེ་དག་གིས་སྐྱེད་པར་བྱེད་པའི་ཉོན་མོངས་པ་དང་ངང་ངམ་ཤུགས་ཀྱི་སྤྱོད་ལམ་དང་བཅས་ཡིན་པ་ནམ་ཞིག་ང་ཚོས་ཤེས་པའི་ཚེ། དཀའ་ངལ་བཟོ་མཁན་དེ་དག་ཐམས་ཅད་གཏན་དུ་སྤོང་བའི་ཕྱིར་འབད་བརྩོན་བྱེད་པ་ནི་དོན་ལྡན་ཞིག་ཏུ་མཐོང་གི་མི་འདུག་གམ།།