དེང་དུས་འཛམ་གླིང་ནང་གི་ནང་ཆོས།

ལྷོ་དང་ལྷོ་ཤར་ཨེ་ཤི་ཡའི་གནས་བརྟན་སྡེ་པའི་ནང་ཆོས།

རྒྱ་གར། (India)

དུས་རབས་ ༧ ཙམ་གྱི་ནང་རྒྱ་གར་ནང་ནང་ཆོས་ག་ལེར་ག་ལེར་ཉམས་འགོ་བཙུགས་པ་དང་། དུས་རབས་ ༡༢ སྐབས་ཀྱི་པཱ་ལའི་རྒྱལ་ཁམས་ཉམས་རྒུད་དུ་སོང་བའི་རྗེས། ཐག་རིང་བྱང་ཕྱོགས་སུ་ཡོད་པའི་ཧི་མ་ལ་ཡའི་ཡུལ་གྲུ་ཙམ་ལ་མ་གཏོགས་ནང་ཆོས་རྩ་མེད་དུ་གྱུར་ཡོད། དུས་རབས་ ༡༩ མཇུག་ཙམ་ནས་ཤྲཱི་ལངྐའི་ནང་ཆོས་ཀྱི་དབུ་འཁྲིད་ཨཱ་ན་ག་རི་ཀ་དྷརྨ་པཱ་ལས་ (Anagarika Dharmapala) དབྱིན་ཡུལ་གྱི་མཁས་པ་ཚོའི་རོགས་རམ་ལ་བརྟེན་ནས་བྱང་ཆུབ་ཆེན་པོའམ་མཧཱ་བྷོ་དྷིའི་སྤྱི་ཚོགས་ཐེབས་རྩ་ (Mahabodhi Society)  ཤེས་པ་གསར་འཛུགས་གནང་བའི་རྗེས། ནང་ཆོས་རྒྱ་གར་ནང་སླར་གསོ་བྱུང་། ཁོ་ཚོའི་དམིགས་ཡུལ་གཙོ་བོ་ནི། རྒྱ་གར་ནང་ཡོད་པའི་ནང་པའི་གནས་རྩ་ཆེན་ཁག་ཚང་མ་ཉམས་གསོ་བྱེད་རྒྱུ་དེ་ཡིན་པ་དང། ཁོ་ཚོས་ནང་པའི་གནས་རྩ་ཆེན་ཁག་ལ་ལྷ་ཁང་བཞེངས་ཐུབ་པའི་ལམ་ལྷོང་བྱུང་ཞིང་། དེ་དག་ཚང་མའི་ནང་དགེ་འདུན་པ་ཡོད།

ཕྱི་ལོ་ ༡༩༥༠ ཙམ་ལ། ཨཾ་བྷེད་ཀར་ (Ambedkar) གྱིས་ལག་པ་འཆང་མི་རུང་བའི་རིགས་དམན་པའི་ཁྲོད་ནང་པ་གསར་མའི་ལས་འགུལ་དབུ་འཛུགས་གནང་ནས། མི་བརྒྱ་ཕྲག་སྟོང་ཕྲག་མང་པོ་རིགས་རུས་ཀྱི་མིང་ངན་སེལ་བའི་ཆེད་ནང་པར་བསྒྱུར་ཡོད། འདས་པའི་ལོ་བཅུ་ཕྲག་གི་རིང་ལ་གྲོང་ཁྱེར་ནང་ཡོད་པའི་འབྲིང་རིམ་སྤྱི་ཚོགས་ཀྱི་ནང་དུ་ནང་ཆོས་ལ་དོ་སྣང་ཇེ་ཆེར་འགྲོ་བཞིན་ཡོད། ད་ལྟའི་ཆར་རྒྱ་གར་མི་འབོར་གྱི་བརྒྱ་ཆ་ ༢ ཙམ་ནང་པ་ཆགས་ཡོད།

ཤྲཱི་ལངྐ། (Sri Lanka)

སྤྱི་ལོའི་སྔོན་གྱི་བརྒྱ་ཕྲག་ ༣ པའི་ནང་རྒྱལ་པོ་ཨ་ཤོ་ཀའི་སྲས་མ་ཧིནྡྲས་ཤྲཱི་ལངྐར་ནང་ཆོས་ཐོག་མར་ངོ་སྤྲོད་གནང་བ་ནས་བཟུང་ནང་ཆོས་སློབ་གཉེར་བྱ་ཡུལ་གྱི་བསྟི་གནས་སུ་གྱུར་ཡོད། ཤྲཱི་ལངྐ་ལ་རྒྱུན་མ་ཆད་པའི་ནང་པའི་ལོ་རྒྱུས་རིང་ཤོས་དེ་ཡོད། ཡུལ་དེའི་ནང་དམག་འཁྲུག་བྱུང་བའི་སྐབས་སུ་དུས་ཡུན་རིང་པོ་ཞིག་ལ་ནང་ཆོས་ཉམས་རྒུད་སོང་ཡོད་པ་དང་། དུས་རབས་ ༡༦ ནས་བཟུང་སྟེ་གླིང་ཕྲན་དེ་མི་སེར་སྤེལ་ཡུལ་དུ་བསྒྱུར་ནས། ཡུ་རོབ་ནས་ཡིན་པའི་ཆོས་ལུགས་ཁྱབ་སྤེལ་གཏོང་མཁན་གྱིས་ཡུལ་མི་རྣམས་ཡེ་ཤུའི་ཆོས་ལུགས་སུ་བརྗེ་སྒྱུར་བྱས་ཡོད།

དུས་རབས་ ༡༩ ནང་དབྱིན་ཇིའི་མཁས་པ་དང་ལྷ་ལམ་སྨྲ་བ་ཚོའི་རོགས་རམ་འོག་ནང་ཆོས་སླར་གསོ་ཤུགས་ཆེན་བྱུང་བས། སྐབས་རེ་ཤྲཱི་ལངྐའི་ནང་ཆོས་ལ་ཡེ་ཤུའི་ཆོས་ལུགས་གསར་མའི་ནང་ཆོས་ཤེས་ཁྱད་ཆོས་མཚོན་པར་བྱེད་ཀྱི་ཡོད། དེ་ཡང་མཁས་པའི་སློབ་གཉེར་དང་། ཁྱིམ་པའི་སྤྱི་ཚོགས་ལ་གྲྭ་པ་ཚོས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་བསྒྲུབ་པ་དང་། དེ་བཞིན་དུ་གྲྭ་པ་ཙམ་མིན་པར་ཁྱིམ་པ་རྣམས་ལའང་སྒོམ་ཉམས་ལེན་བྱེད་རྒྱུ་ཡོད་པ་གཙོ་ནན་བྱས་ཡོད། ཕྱི་ལོ་ ༡༩༤༨ ནང་ཤྲཱི་ལངྐའི་རྒྱལ་ཁབ་ལ་རང་བཙན་ཐོབ་པ་ནས་བཟུང་ནང་པའི་ཆོས་ལུགས་དང་དེའི་རིག་གཞུང་སླར་གསོ་ཡོང་བར་དོ་སྣང་ཤུགས་ཆེན་བྱུང་ཡོད་པ་རེད།

དེང་སང་ཤྲཱི་ལངྐའི་མི་འབོར་བརྒྱ་ཆ་ ༧༠ ཙམ་ནི་ནང་པ་ཡིན་པ་དང་། དེ་ནང་ནས་ཕལ་ཆེ་བ་གནས་བརྟན་སྡེ་པའི་ཆོས་སྲོལ་གྱི་རྗེས་སུ་འབྲང་མཁན་ཡིན། ལོ་ངོ་ ༣༠ རིང་གི་ནང་འཁྲུག་རྗེས། ཤྲཱི་ལངྐ་ནི་ད་ཆ་རྒྱལ་ཞེན་ཅན་གྱི་ནང་ཆོས་སུ་ཐོན་ཡོད་པ་མཐོང་ཆོས་སུ་ཡིན་ལ། བོ་དྷུ་བ་ལ་སེ་ནའམ་ (Bodu Bala Sena) ནང་པའི་དཔུང་ཤུགས་ལྟ་བུའི་ཚོགས་པ་ཁ་ཤས་ཀྱིས་ཁ་ཆེ་ལ་ངོ་རྒོལ་ཟིང་འཁྲུག་སློང་སྟེ། ནང་པའི་དཔོན་རིགས་བར་མ་རྣམས་ལ་འཐབ་རྒོལ་བྱེད་ཀྱི་ཡོད།

མི་ཡཱན་མཱར། ༼འབར་མ།༽  (Myanmar/Burma)

ལོ་རྒྱུས་ཉམས་ཞིབ་ཀྱི་ལམ་ནས་བཤད་པ་ལྟར་ན། འབར་མའི་ནང་ནང་ཆོས་དར་ནས་མི་ལོ་ ༢༠༠༠ ལྷག་བརྒལ་བའི་ལོ་རྒྱུས་ཡོད་པ་དང། ད་ལྟའི་ཆར་རྒྱལ་ཁབ་དེའི་མི་འབོར་བརྒྱ་ཆ་ ༨༥ ཙམ་ནང་པ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། དགེ་སློང་གི་སྡོམ་པ་དང་ལྡན་པ་རྣམས་ལ་སྒོམ་ཉམས་ལེན་དང་ནང་ཆོས་སློབ་གཉེར་གཉིས་ཀ་ཆ་སྙོམ་གྱི་ཐོག་ནས་དོ་ནན་བྱེད་པའི་སྲོལ་རྒྱུན་རིང་པོ་ཞིག་ཡོད་པ་མ་ཟད། ཁྱིམ་པ་ཚོས་ཀྱང་དད་མོས་ཤུགས་ཆེ་བྱེད་བཞིན་ཡོད། འབར་མའི་ནང་པའི་ནང་སྙན་གྲགས་ཆེ་ཤོས་ཀྱི་མི་སྣ་གཅིག་ནི། ལྷག་མཐོང་སྒོམ་གྱི་ཐུན་མོང་མ་ཡིན་པའི་ཐབས་ཚུལ་ལ་མཁས་པ་ཁྱིམ་པའི་དགེ་རྒན་ཆེན་མོ་ཨེ་སི་ཨན་གྷོ་ཨན་ཀ་ (S.N.Goenka) རེད།

ཕྱི་ལོ་ ༡༩༤༨ ལོར་འབར་མའི་རྒྱལ་ཁབ་དབྱིན་ཇིའི་འོག་ནས་རང་བཙན་ཐོབ་པ་ནས་བཟུང། དམག་དོན་མིན་པའི་སྲིད་གཞུང་དང་དམག་དོན་གྱི་སྲིད་གཞུང་གཉིས་ཀས་གནས་བརྟན་སྡེ་པའི་ནང་ཆོས་ཁྱབ་སྤེལ་བཏང་ཡོད། དམག་དོན་གྱི་སྲིད་དབང་འོག་ནང་ཆོས་ལ་དམ་བསྒྲགས་ཤུགས་ཆེ་བྱས་པ་མ་ཟད། སྲིད་གཞུང་དང་འགལ་ཟླ་ཅན་གྱི་མི་སྣ་གསང་ཉར་བྱས་པའི་དགོན་པ་མང་པོ་སྣང་མེད་གཏོར་གཤིག་བཏང་ཡོད། དམག་དོན་གྱི་སྲིད་གཞུང་ལ་རྔམ་སྟོན་ཁྲོམ་སྐོར་བྱེད་པའི་སྐབས་དགེ་འདུན་པ་རྣམས་རྒྱུན་དུ་སྣེ་ཁྲིད་ཀྱི་མི་སྣ་གཙོ་བོ་བྱེད་ཀྱི་ཡོད་པ་དཔེར་ན། ༨༨༨༨ སྒེར་ལངས་དང་། དེ་བཞིན་ཕྱི་ལོ་ ༢༠༠༧ ལོའི་ངུར་སྨྲིག་གསར་བརྗེའི་གྱེན་ལངས་ལྟ་བུ་རེད།

འདས་པའི་ལོ་བཅུའི་རིང་། རྒྱལ་ཞེན་ཚོགས་པ་འདྲ་མིན་མང་པོ་ཞིག་ཐོན་ནས་ནང་ཆོས་སླར་གསོ་ཡོང་ཐབས་བྱས་ཏེ་ཁ་ཆེའི་ཆོས་ལུགས་ཀྱི་འགལ་ཟླར་ལངས་ཡོད། ༩༦༩ ཚོགས་པ་ཞེས་པའི་འགོ་ཁྲིད་གྲྭ་པ་ཨ་ཤིན་ལྦི་ར་ཐུ་ཡིས་ (Ashin Wirathu) རང་ཉིད་འབར་མའི་བིན་ལ་དྷེན་ (Burmese Bin Laden) ཡིན་ཚུལ་བརྗོད་ནས་ཁ་ཆེའི་བདག་དབང་དུ་ཡོད་པའི་ཚོང་ཁང་ནས་ཚོང་ཟོག་ཉོ་མི་ཆོག་པའི་གྲོས་འཆར་བཏོན་ཡོད།ནང་ཆོས་སྲུང་སྐྱོབ་བྱེད་ཀྱི་ཡོད་ཚུལ་གྱིས་ཁ་ཆེའི་ལྷ་ཁང་དང་ཁྱིམ་ལ་དྲག་པོའི་རྒོལ་འཛིང་དེ་སྤྱིར་བཏང་འཆར་ཅན་ལྟར་ཆགས་པ་དང། ཁ་ཆེའི་ངོས་ནས་ཀྱང་ཚུར་རྒོལ་ལན་བྱས་ཏེ། ཡུལ་དེའི་གནས་སྟངས་མེ་ལྕེ་ལྟ་བུ་དེ་ད་དུང་འབར་དུ་བཅུག་ནས་ཇེ་སྡུག་ཏུ་གྱུར་ཡོད།

བྷང་ལ་སྡེ་ཤི་། (Bangladesh)

ཕྱི་ལོ་དུས་རབས་ ༡༡ ཙམ་གྱི་བར་དུ་བྷང་ལ་སྡེ་ཤིའི་ནང་གི་ཆོས་ལུགས་དབང་ཤུགས་རྩེར་སོན་པ་ནི་ནང་ཆོས་རེད། འོན་ཀྱང་དེང་སང་མི་འབོར་གྱི་བརྒྱ་ཆ་ ༡ ལས་ཉུང་བ་ནང་པ་ཆགས་ཡོད། དེ་དག་མང་ཆེ་བ་ཞིག་ནི་འབར་མའི་ཉེ་འགྲམ་དུ་ཡོད་པའི་ཅིཏྟ་གྷོང་རི་རྒྱུད་ཀྱི་ (Chittagong Hill Tracts) ས་ཁུལ་དུ་མཉམ་གནས་བྱེད་ཀྱི་ཡོད། བྷང་ལ་དེ་ཤའི་རྒྱལ་ས་དྷཱ་ཀའི་ (Dhaka) ནང་ནང་པའི་ལྷ་ཁང་བཞི་དང་ཤར་ཕྱོགས་ཀྱི་གྲོང་གསེབ་ཁག་ནང་ལྷ་ཁང་མང་བ་ཡོད་ཀྱང། འབར་མ་ནས་ལོགས་སུ་ཡོད་པ་སོང་ཙང། ནང་ཆོས་ཀྱི་ཉམས་ལེན་དང་གོ་རྟོགས་ཀྱི་གནས་ཚད་ཧ་ཅང་དམའ་པོ་ཡོད།

ཐེ་ལན་ཌི། (Thailand)

ནང་ཆོས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁམས་ནང་སྤྱི་ལོའི་དུས་རབས་ ༥ ནས་ངོ་སྤྲོད་བྱས་ཡོད། ཡུལ་དེར་དམངས་ཁྲོད་ཀྱི་ཆོས་ལུགས་དང་ཧིན་དུའི་ཆོས་ལུགས་ནས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་དང་། ནང་ཆོས་ནི་གཙོ་བོ་གནས་བརྟན་སྡེ་པའི་ལུགས་དང་། དེ་བཞིན་ཐེག་པ་ཆེན་པོའི་ཆོས་ཀྱི་རྗེས་སུ་འབྲང་མཁན་ཡང་ཡོད། དེ་ཤྲཱི་ལངྐ་དང་འབར་མ་གཉིས་ལས་མི་འདྲ་བ་ཞིག་ནི། ཡུལ་དེར་དགེ་སློང་མའི་སྡོམ་རྒྱུན་ནམ་ཡང་བྱུང་མེད། མི་འབོར་གྱི་བརྒྱ་ཆ་ ༩༥ ཙམ་ནི་ནང་པ་རེད།

ཐེ་ལན་ཌིའི་ནང་ཡོད་པའི་དགེ་འདུན་གྱི་སྡེ་ནི། ཡུལ་དེའི་རྒྱལ་རྒྱུད་ལམ་ལུགས་ཀྱི་སྒྲོམ་གཞི་ལ་དཔེ་བཞག་ཡོད་པས། རྒྱུན་སྲོལ་རིག་གཞུང་དེ་གཙང་མ་ཞིག་གཅེས་སྲུང་བྱེད་པར་འགན་འཁྲི་ཡོད་པའི་གོང་མ་བླ་ཆེན་དང་རྒན་རབས་ཀྱི་ལྷན་ཁང་ཡང་ཡོད། ནགས་ཚལ་དབེན་པར་གནས་པའི་དགེ་འདུན་གྱི་སྡེ་དང་གྲོང་རང་དུ་སྡོད་མཁན་གྱི་དགེ་འདུན་པའི་སྡེ་གཉིས་ཡོད། དེ་གཉིས་ཀ་ལ་ཁྱིམ་པ་མང་ཚོགས་ནས་དད་གུས་དང་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་ཡོད། 

བསོད་སྙོམས་ལ་བརྟེན་ནས་དབེན་པའི་ནགས་སུ་གནས་པའི་དགེ་འདུན་པ་རྣམས་ཁེར་རྐྱང་ནགས་གསེབ་ཏུ་བཞུགས་ནས་སྒོམ་སྒྲུབ་གཏིང་ཟབ་གནང་བ་དང། དགོན་པའི་སྒྲིག་ཁྲིམས་ཁག་ལ་དམ་དོན་བརྩི་སྲུང་གནང་གི་ཡོད། གྲོང་ན་བཞུགས་པའི་དགེ་འདུན་པ་ཚོས་གཙོ་བོ་དཔེ་ཆ་བློ་འཛིན་བྱེད་པ་དང་། ས་གནས་ཡུལ་མི་རྣམས་ཀྱི་བདེ་དོན་ཆེད་ཆོ་ག་རིམ་གྲོ་བསྒྲུབ་ཀྱི་ཡོད། ཐེ་ལན་ཌིའི་རིག་གཞུང་ནང་འདྲེ་དང་སྲིན་པོ་ལ་ཡིད་ཆེས་ཡོད་པ་སོང་ཙང་། དགེ་འདུན་པ་ཚོས་སྐྱ་བོ་མི་དམངས་ལ་སྲུང་སྐྱོབ་ཆེད་སྲུང་འཁོར་སྤྲོད་སྲོལ་ཡོད། དགེ་འདུན་པ་རྣམས་ལ་ནང་ཆོས་ཀྱི་བསྟན་བཅོས་པཱ་ལཱིའི་སྐད་ནང་ཡོད་པ་རྣམས་དེང་དུས་ཐེ་ལན་ཌིའི་སྐད་ཀྱི་ནང་ཕབ་སྒྱུར་སྦྱོང་བརྡར་ཆེད་ནང་པའི་གཙུག་ལག་སློབ་གཉེར་ཁང་ཞིག་ཀྱང་ཡོད།

ལའོ་སུ། (Laos)

ནང་པ་སངས་རྒྱས་པའི་ཆོས་ལའོ་སུའི་རྒྱལ་ཁབ་ནང་སྤྱི་ལོའི་དུས་རབས་ ༧ པའི་ནང་ཐོག་མར་དར་འགོ་བཙུགས་པ་དང། དེང་སང་ཡུལ་དེའི་མི་འབོར་གྱི་བརྒྱ་ཆ་ ༩༠ ཙམ་ཞིག་ནི་རྣམ་ཤེས་སྨྲ་བ་དང་འདྲེས་པའི་ནང་ཆོས་ལ་ཁས་ལེན་ཡིད་ཆེས་བྱེད་ཀྱི་ཡོད། དམར་ཤོག་གི་སྲིད་དབང་སྐབས་ཐོག་མར་དབང་འཛིན་པ་ཚོས་ཆོས་ལ་ཐད་ཀར་དམ་བསྒྲགས་བྱས་མེད་ཀྱང། ཁོ་ཚོའི་ཆབ་སྲིད་ཀྱི་དམིགས་ཡུལ་རྣམས་སྒྲུབ་ཐབས་སུ་ནང་པའི་དགེ་འདུན་གྱི་སྡེ་བཀོལ་སྤྱོད་བྱས་ཡོད་ལ། ནང་ཆོས་ལ་དུས་ཚོད་ལས་བརྒལ་ཏེ་དྲག་གནོན་ཚབས་ཆེན་བྱས་ཡོད། ཕྱི་ལོ་ ༡༩༩༠ ནས་བཟུང་ནང་ཆོས་བསྐྱར་གསོ་བྱུང་བ་དང་ཆབས་ཅིག་ལའོ་སུའི་མི་སེར་ཕལ་ཆེ་བ་ཆོས་སེམས་ཧ་ཅང་ཆེ་བས། མི་མང་ཆེ་བ་དགོན་པ་ལྷ་ཁང་དུ་མ་མཐའ་ཡང་དུས་ཡུན་ཐུང་ངུའི་རིང་འཛུལ་ཞུགས་བྱེད་བཞིན་ཡོད། ཁྱིམ་པ་ཕལ་ཆེ་བས་དགེ་འདུན་བསོད་སྙོམས་པ་རྣམས་ལ་ཟས་སྦྱིན་པ་དང་། ཚེས་པ་བཅོ་ལྔའི་ཉིན་དགོན་པ་ལྷ་ཁང་མཇལ་དུ་འགྲོ་བ་སོགས་བྱེད་ཀྱི་ཡོད། 

ཁམ་བྷོ་ཌི་ཡ་། (Cambodia)

ཁམ་བྷོ་ཌི་ཡའི་ནང་དུས་རབས་ ༡༣ ནས་བཟུང་གནས་བརྟན་སྡེ་པའི་ཆོས་སྲོལ་དེ་ཁོ་ཚོའི་རྒྱལ་ཁབ་ཀྱི་ཆོས་ལུགས་སུ་གྱུར་ཡོད་པ་དང་། མི་འབོར་གྱི་བརྒྱ་ཆ་ ༩༥ ཙམ་ད་དུང་ཡང་ནང་པ་རེད། ཕྱི་ལོ་ ༡༩༧༠ ནང་ཁེ་མེར་རོག (Khmer Rouge) དམར་ཤོག་པ་རྣམས་ཀྱིས་ནང་ཆོས་རྩ་མེད་གཏོང་ཐབས་བྱས་ཏེ་དམིགས་ཡུལ་འགྲུབ་ལ་ཉེ་བར་སླེབས། ཕྱི་ལོ་ ༡༩༧༩ ལ་སླེབས་སྐབས་ནང་པའི་དགེ་འདུན་པ་ཕལ་ཆེ་བ་དམར་གསོད་བཏང་བའམ། ཡང་ན་བཙན་བྱོལ་དུ་བྲོས་དགོས་བྱུང་ཡོད་པ་མ་ཟད། ལྷ་ཁང་དང་དཔེ་མཛོད་ཁང་ཚང་མ་རྩ་མེད་དུ་བཏང་ཡོད།

རྒྱལ་སྲས་སཱི་ཧཱ་ཎུཀས་ (Prince Sihanouk) བསྐྱར་དུ་རྒྱལ་སྲིད་བཟུང་བའི་རྗེས། བཀག་འགོག་དང་དམ་བསྒྲཌ་རྣམས་ག་ལེར་ག་ལེར་མེད་པ་བཟོས་པས། ནང་ཆོས་ལ་དོ་སྣང་དང་དད་མོས་ཡོད་པ་དེ་སླར་གསོ་མཛད་ཡོད། ཁམ་བྷོ་ཌི་ཡའི་མི་རིགས་ཚོ་མོ་དང་རྩིས། དེ་བཞིན་རྣམ་ཤེས་ཀྱི་འཇིག་བརྟེན་སོགས་ལ་ཡིད་ཆེས་ཤུགས་ཆེན་བྱེད་མཁན་ཞིག་ཡིན་པ་དང་། དུས་རྒྱུན་དགེ་འདུན་པ་རྣམས་ནི་གསོ་བྱེད་ཀྱི་སྨན་པ་རེད། ནང་པའི་དགེ་འདུན་པ་ཚོས་ཕྲུ་གུར་མིང་འདོགས་ཀྱི་ཆོ་ག་དང་། ཆང་སའི་སྐབས་ཀྱི་ཆོ་ག་དང་། དེ་བཞིན་གཤིན་པོའི་ཆེད་དུ་ཆོ་ག་སོགས་རྒྱ་ཆེ་བའི་ཆོ་གའི་རིམ་པའི་ནང་མཉམ་ཞུགས་གནང་སྲོལ་ཡོད།  

ཝི་ཊི་ནམ། (Vietnam)

ཝི་ཊི་ནམ་རྒྱལ་ཁབ་ཏུ་ནང་ཆོས་དར་ནས་ལོ་ ༢༠༠༠ ཙམ་སོང་ཡོད། དེ་ཡང་ཐོག་མར་རྒྱ་གར་ནས་དར་བ་དང་། དེ་ནས་གཙོ་བོ་རྒྱ་ནག་ནས་དར་བ་ཞིག་ཡིན། འོན་ཀྱང་དུས་རབས་ ༡༥ ནང་དུ་དབང་སྒྱུར་གྲལ་རིམ་གྱི་ནང་ནང་ཆོས་ལ་རྒྱབ་སྐྱོར་བྱེད་མཁན་རིམ་པས་ཉམས་རྒུད་ཕྱིན་ཡོད། དུས་རབས་ ༢༠ པའི་འགོ་སྟོད་ཙམ་ལ་ནང་ཆོས་བསྐྱར་གསོ་བྱུང་ཡང་། སྤྱི་མཐུན་རྒྱལ་ཁབ་ཀྱི་དུས་སྐབས་སུ་ཡེ་ཤུ་རྣམ་དག་ཆོས་ལུགས་ཀྱི་སྲིད་ཇུས་ལ་རྒྱབ་སྐྱོར་བ་ཚོས་ནང་པར་འགལ་ཟླ་བྱས་ཡོད། དེང་སང་ཝི་ཡེཊ་ནམ་མི་འབོར་གྱི་བརྒྱ་ཆ་ ༡༦ ཙམ་གྱིས་ནང་ཆོས་ལ་ཁས་ལེན་དང་དད་པ་བྱེད་ཀྱང་། དེ་ཡང་ཡུལ་དེའི་ནང་གི་ཆོས་ལུགས་ཆེ་ཤོས་དེ་རེད།

དེང་སང་ཝི་ཊི་ནམ་གཞུང་གི་ངོས་ནས་ནང་ཆོས་ལ་སྲིད་ཇུས་གུ་ཡངས་སུ་གཏང་ཡོད་ཀྱང་། གཞུང་གི་ཐེ་ཇུས་གང་ཡང་མེད་པར་ལྷ་ཁང་ཁག་གིས་རང་དབང་གི་སྒོ་ནས་ནང་ཆོས་ཀྱི་བྱེད་སྒོའི་རིགས་སྤེལ་མི་ཆོག་པ་ཡིན།

ཨིན་ཌོ་ནི་ཤི་ཡ་དང་མཱ་ལེ་ཤི་ཡ། (Indonesia and Malaysia) 

ནང་ཆོས་སྤྱི་ལོའི་དུས་རབས་ ༢ ཡས་མས་སུ་ས་ཁུལ་དེར་རྒྱ་གར་ནས་ཚོང་ལམ་བརྒྱུད་དེ་དར་། དེའི་ལོ་རྒྱུས་ཕལ་ཆེ་བའི་ནང་དུ་ནང་པ་སངས་རྒྱས་པའི་ཆོས་དེ་ཧིན་དུའི་ཆོས་ལུགས་དང་མཉམ་དུ་དུས་རབས་ ༡༥ ཙམ་གྱི་བར་དུ་ལག་ལེན་བསྟར་ཡོད་པ་དང་། དེའི་དུས་ནི་མ་ཇ་པ་ཧི་ཏ་ (Majapahita) ཞེས་ཧིན་དུ་དང་ནང་པའི་རྒྱལ་རྒྱུད་མཐའ་མ་དེ་ཉམས་པའི་སྐབས་ཡིན། དུས་རབས་ ༡༧ འགོ་བཙུགས་པའི་སྐབས་ཧིན་དུ་དང་ནང་པའི་ཆོས་སྲོལ་དེ་དག་ཡལ་ནས་ཁ་ཆེའི་ཆོས་ལུགས་དར་སྲོལ་ཤུགས་ཆེན་བྱུང་ཡོད།

ཨིན་ཌོ་ནི་ཤི་ཡའི་གཞུང་གི་ཚུལ་ཁྲིམས་ལྔའི་སྲིད་ཇུས་ (panchshila) ལྟར་བྱེད་ན། གཞུང་འབྲེལ་ཆོས་ལུགས་ཁག་གིས་འཇིག་རྟེན་བྱེད་པོ་དཀོན་མཆོག་ལ་ཡིད་ཆེས་ངེས་པར་དུ་བྱེད་དགོས་པའི་དམ་བཅའ་འཇོག་གི་ཡོད། ནང་ཆོས་ཀྱིས་འཇིག་རྟེན་བྱེད་པོ་དཀོན་མཆོག་ཟེར་བའི་གང་ཟག་བྱེ་བྲག་པ་ཞིག་ཡོད་པ་ཁས་ལེན་མི་བྱེད་ཀྱང་། རྒྱ་གར་ནང་ལོ་སྟོང་ཕྲག་མང་པོ་སྔ་རོལ་ནས་དར་བའི་དུས་འཁོར་གྱི་རྒྱུད་ནང་གསལ་བ་བཞིན་དང་པོའི་སངས་རྒྱས་ (Adibuddha) ཁས་ལེན་པའི་རྒྱུ་མཚན་གྱིས་དེ་འདྲ་ཞིག་ངོས་འཛིན་བྱེད་ཀྱི་ཡོད། དང་པོའི་སངས་རྒྱས་ནི། དུས་དང་གཞན་ཚད་འཛིན་ཀུན་ལས་འདས་པའི་སྣང་བ་ཐམས་ཅད་ཀྱི་བྱེད་པོ་ཀུན་མཁྱེན་དེ་ཡིན་པ་དང་། དེའི་མཚོན་དོན་དུ་གཟུགས་ཤིག་གིས་མཚོན་པར་བྱས་ཀྱང་དོན་དངོས་སུ་ཁོང་ཉིད་འགྲོ་བ་མ་ཡིན། དང་པོའི་སངས་རྒྱས་དེ་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ནང་སེམས་ཀྱི་རང་བཞིན་འོད་གསལ་བ་ལྟ་བུ་ཡོད། དེ་གཞིར་བཞག་ཐོག་ཁ་ཆེ་ཆོས་ལུགས་དང་། ཧིན་དུའི་ཆོས་ལུགས། ཀོང་ཙེའི་ཆོས་ལུཌ། ཡེ་ཤུ་རྣམ་དག་ཆོས་ལུགས། ཡེ་ཤུའི་ཆོས་ལུགས་གསར་མ་བཅས་དང་མཉམ་དུ་ནང་པ་སངས་རྒྱས་པའི་ཆོས་ལུགས་དེ་ཡང་ཁས་ལེན་བྱས་ཡོད།

ཤྲཱི་ལངྐའི་དགེ་འདུན་པས་བཱ་ལཱི་ (Bali) དང་ཨིན་ཌོ་ནི་ཤི་ཡའི་ས་ཁུལ་ཁག་གཞན་དུ་ནང་ཆོས་སླར་གསོ་ཡོང་ཐབས་ལ་འབད་བརྩོན་བྱེད་བཞིན་ཡོད་ཀྱང་། རྒྱ་ཆུང་ཆུང་ཞིག་ལས་སླར་གསོ་བྱས་ཐུབ་མེད། བཱ་ལཱིའི་ས་ཁུལ་ནང་དོ་སྣང་དང་འདོད་པ་ཡོད་མཁན་ཕལ་ཆེ་བ་ནི་མཉམ་བསྲེས་བྱས་པའི་ཧིན་དུའི་ཆོས་ལུགས་དང་། ནང་ཆོས། ས་གནས་ཀྱི་གཤིན་འདྲེར་མཆོད་པ་བྱེད་མཁན་གྱི་སྲོལ་རྒྱུན་བཱ་ལཱིའི་ཆོས་ཀྱི་རྗེས་འབྲང་པ་རྣམས་རེད། ཨིན་ཌོ་ནི་ཤི་ཡའི་ས་གནས་གཞན་དུ་ཡོད་པའི་ནང་པ་མི་འབོར་གྱི་བརྒྱ་ཆ་ ༥ ཙམ་ཡོད་པ་དེ་དག་གི་འབྱུང་ཁུངས་ནི་རྒྱ་ནག་ནས་ཡིན་པའི་ཨིན་ཌོ་ནི་ཤི་ཡའི་མི་སེར་རེད། ད་དུང་ཨིན་ཌོ་ནི་ཤི་ཡའི་ཆོས་བརྒྱུད་ཆུང་གྲས་ཁ་ཤས་ཤིག་ཡོད་པ་རྣམས་ལ་གནས་བརྟན་སྡེ་པ་དང་། རྒྱ་ནག་དང་བོད་ཀྱི་ནང་ཆོས་ཀྱི་ཁྱད་ཆོས་རྣམས་འདྲེས་ནས་ཡོད།

མཱ་ལེ་ཤི་ཡའི་ནང་དུ་ནང་པ་ལ་དད་མོས་བྱེད་མཁན་མི་འབོར་གྱི་བརྒྱ་ཆ་ ༢༠ ཙམ་ཡིན་པ་དང་། དེ་དག་ནི་གཙོ་བོ་ཕྱི་སྡོད་རྒྱ་ནག་གི་མི་སྡེ་ཁག་ཡིན། ལོ་ལྔ་བཅུ་ཙམ་གྱི་སྔོན་ནང་ཆོས་ཐད་དོ་སྣང་ཉམས་རྒུད་བྱུང་བ་དང་། ཕྱི་ལོ་ ༡༩༦༡ ལོར་ནང་ཆོས་ཁྱབ་སྤེལ་ཚོགས་པ་གསར་འཛུགས་དང་སྦྲགས་ནང་ཆོས་ཁྱབ་སྤེལ་བྱ་རྒྱུའི་དམིཌ་ཡུལ་བཟུང་ཡོད། འདས་པའི་ལོ་བཅུའི་ནང་ལ་ནང་ཆོས་ཉམས་ལེན་བྱེད་མཁན་ཤུགས་ཆེ་རུ་ཕྱིན་པ་དང་། གཞོན་སྐྱེས་ཚོས་ནང་དུའང་ནང་ཆོས་ལ་དོ་སྣང་ཆེ་རུ་ཕྱིན་ཡོད་པ་མཐོང་རྒྱུ་ཡོད། ད་ལྟའི་དུས་སུ་ཡུལ་དེར་དཔལ་འབྱོར་དང་མཐུན་རྐྱེན་རྒྱབ་སྐྱོར་འཛོམས་པོ་ཡོད་པའི་གནས་བརྟན་སྡེ་པ་དང་། ཐེག་ཆེན། དེ་བཞིན་གསང་སྔགས་རྡོ་རྗེ་ཐེག་པའི་བསྟི་གནས་ཁང་མང་པོ་ཡོད།

ཤར་ཨེ་ཤི་ཡའི་ཐེག་པ་ཆེན་པོའི་ཆོས།

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ།

འདས་པའི་མི་ལོ་ ༢༠༠༠ ཙམ་གྱི་རིང་ནང་ཆོས་ནི་རྒྱ་ནག་གི་ལོ་རྒྱུས་ཁྲོད་ཧ་ཅང་གལ་གནད་ཅན་ཞིག་དང་། རྒྱ་ནག་རང་གི་ནང་ཆོས་དེས་ཤར་ཨེ་ཤི་ཡའི་ནང་ནང་ཆོས་དར་ཁྱབ་བྱུང་བ་ལ་ནུས་པ་ཐོན་པའི་བྱས་རྗེས་ཀྱང་བཞག་ཡོད། ཕྱི་ལོ་ ༦༡༨ ནས་ ༩༠༧ བར་བྱུང་བའི་རྒྱ་ནག་ཐང་རྒྱལ་རབས་ཀྱི་སྐབས་སྒྱུ་རྩལ་དང་རྩོམ་རིག་དར་རྒྱས་བྱུང་བ་དང་མཉམ་དུ་ནང་ཆོས་གསེར་གྱི་དུས་སྐབས་ཤིག་དངོས་སུ་བྱུང་ཡོད།

སྤྱི་ལོ་ ༡༩༦༠ དང་ ༧༠ དོན་གྲངས་ནང་བྱུང་བའི་རིག་གནས་གསར་བརྗེ་སྐབས་རྒྱ་ནག་ནང་པའི་དགོན་སྡེ་ཕལ་ཆེ་བ་རྩ་གཏོར་བཏང་བ་དང། ནང་ཆོས་ལ་བྱང་པ་ཡོད་པའི་དགེ་འདུན་པ་དང་། བཙུན་མ། དགེ་རྒན་ཕལ་མོ་ཆེ་ལ་ཁྲིམས་བཅད་དང་བཙོན་འཇུག་བྱས་ཡོད། དེའི་སྐབས་བོད་དང་ནང་སོག་གི་ནང་དུ་ནང་ཆོས་ལ་དྲག་གནོན་དེ་བས་ཀྱང་ཤུགས་ཆེ་བ་བྱས་ཡོད། རྒྱ་ནག་ལ་བཅོས་སྒྱུར་དང་གུ་ཡངས་བྱུང་རྗེས། སྲོལ་རྒྱུན་གྱི་ཆོས་ལུགས་ལ་སླར་ཡང་དོ་སྣང་སླེབས་ཏེ། དགོན་པ་གསར་དུ་བཞེངས་པ་དང་རྙིང་པ་རྣམས་ཉམས་གསོ་བྱས་ཡོད། དགོན་པར་འཛུལ་ཞུགས་གནང་མཁན་མང་ཆེ་བ་ནི་གྲོང་གསེབ་ཁུལ་ནས་ཡིན་པའི་ཁྱིམ་ཚང་སྐྱོ་པོ་དང་ཤེས་ཡོན་མེད་པའི་རིགས་ཡིན་པས། ཤེས་ཡོན་གྱི་གནས་ཚད་ཀྱང་དམའ་པོར་ལུས་ཡོད། དགོན་པ་མང་པོ་ཡུལ་སྐོར་སྤྲོ་འཆམ་པ་རྣམས་འགྲོ་ཡུལ་དང་། དགོན་པའི་ནང་སྡོད་མཁན་གྲྭ་པ་ཚོའི་ལས་ཀ་ནི་འཛིན་ཤོག་བསྡུ་ལེན་བྱ་རྒྱུ་དང་ལྷ་ཁང་ལ་བལྟ་རྟོག་བྱ་རྒྱུ་ཙམ་དུ་གྱུར་ཡོད།

དེང་སང་རྒྱའི་མི་རིགས་ཧ་ཅང་མང་པོ་ནང་ཆོས་ལ་དོ་སྣང་བྱེད་ཀྱི་ཡོད་པ་དང་། བོད་ཀྱི་ནང་ཆོས་ལ་མངོན་གསལ་དོད་པོའི་སྒོ་ནས་དོ་སྣང་དང་དད་པ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། ད་ལྟའི་ཆར་རོབ་རྩིས་བརྒྱབ་ན་རྒྱ་ནག་མི་འབོར་གྱི་བརྒྱ་ཆ་ ༢༠ ཙམ་ནང་པ་ཡིན་པ་དང། རྒྱ་ནག་ཁྱོན་ཡོངས་ལ་ལྷ་ཁང་སྒོ་ཕྱེ་བའི་དུས་ཚོད་ནང་རྟག་ཏུ་འཚང་ཀ་ཤིག་ཤིག་ཡོད། མི་རྣམས་ཕྱུག་ཏུ་ཕྱིན་པ་དང་བྲེལ་ཚུབ་ཆེ་རུ་ཕྱིན་པ་སོང་ཙང་། མི་མང་པོས་རྒྱ་ནག་དང་བོད་ཀྱི་ནང་ཆོས་ལ་བརྟེན་ནས་འཚོ་བའི་གནོན་ཤུགས་དང་སེམས་ངལ་ལས་ཐར་ཐབས་བྱེད་ཀྱི་ཡོད། ཧཱན་རྒྱ་རིགས་མང་པོས་བོད་ཀྱི་ནང་ཆོས་ལ་དམིགས་བསལ་གྱི་དོ་སྣང་བྱེད་པ་དང་། ལྷག་པར་དུ་དེང་སང་བོད་ཀྱི་བླ་མ་མང་པོས་རྒྱ་སྐད་བརྒྱུད་དེ་ཆོས་ཁྲིད་སློབ་སྟོན་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། 

ཐེ་ཝན་ (Taiwan) དང་། ཧོང་ཀོང་ (Hong Kong) ། ཕྱི་རྒྱལ་རྒྱ་ནག་ས་ཁུལ་ཁག 

ཐེ་ལྦན་དང་ཧོང་ཀོང་ནང་རྒྱ་ནག་ནས་བྱུང་བའི་ཤར་ཕྱོགས་ཨེ་ཤི་ཡའི་ཐེག་པ་ཆེན་པོའི་ཆོས་སྲོལ་དེ་ཤུགས་ཆེ་ཤོས་ཡོད། ཐེ་ལྦན་ལ་མཚོན་ན། གྲྭ་པ་དང་བཙུན་མའི་སྡེ་ཤུགས་ཆེ་ཡོད་ལ། ཁོང་ཚོར་ཁྱིམ་པ་མང་ཚོགས་ནས་གཏོང་ཕོད་ལྡན་པའི་རྒྱབ་སྐྱོར་གནང་གི་ཡོད། སྤྱི་ཚོགས་ཞབས་ཞུའི་ཆེད་ནང་པའི་གཙུག་ལག་སློབ་ཁང་དང་ནང་པའི་བྱེད་སྒོ་དང་ལས་རིམ་ཁག་མང་པོ་ཡོད་པ་རེད། ཧོང་ཀོང་ནང་དུའང་དགེ་འདུན་གྱི་སྡེ་དར་རྒྱས་སུ་འགྲོ་བཞིན་ཡོད།མཱ་ལེ་ཤི་ཡ་དང་། སིངྒ་པུར་ (Singapore) ། ཨིན་ཌོ་ནི་ཤི་ཡ། ཐེ་ལན་ཌི། དེ་བཞིན་ཧྥི་ལི་པིན་ (Philippines) སོགས་ཕྱི་རྒྱལ་རྒྱ་རིགས་ནང་པའི་སྤྱི་ཚོགས་ནང་ནང་པ་སངས་རྒྱས་པའི་ཆོས་དེ་ཁོ་ཚོའི་མེས་པོ་གོང་མ་རྣམས་ཀྱི་ཆེད་དུ་ཆོ་ག་དང་རིམ་གྲོ་བསྒྲུབ་རྒྱུ་དང་། འཚོ་གནས་ཆེད་ནོར་ལོངས་སྤྱོད་ཡོང་བ་ལ་དོ་ནན་ཆེན་པོ་བྱེད་ཀྱི་ཡོད། ནང་པའི་ལྷ་དང་སྲུང་མའི་སྐུ་རྟེན་ཕེབས་ནས་གསུང་བྱོན་པའི་བརྒྱུད་ལམ་མང་པོའི་སྒོ་ནས་སྐྱ་བོའི་སྤྱི་ཚོགས་ནས་འཕྲོད་བསྟེན་དང་སེམས་ཁམས་ཀྱི་དཀའ་ངལ་སྐོར་སློམ་སྟོན་ཞུ་གི་ཡོད། ཨེ་ཤི་ཡའི་སྟག་ (Asian tiger) ཟེར་བའི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱབ་ལ་ཤུགས་རྐྱེན་སྤྲོད་མཁན་གཙོ་བོ་ནི་རྒྱ་རིགས་ཚོང་པ་རྣམས་ཡིན་པ་དང་། ཁོ་ཚོས་རང་གི་དཔལ་འབྱོར་ལམ་ལྷོང་ཡོང་ཆེད་རྒྱུན་ཏུ་དགེ་འདུན་པ་ཚོར་ཆོ་ག་དང་རིམ་གྲོ་སྒྲུབ་པའི་དོན་དུ་གཏོང་ཕོད་ཆེན་པོའི་ངང་ཞལ་འདེབས་འབུལ་གྱི་ཡོད། ཐེ་ལྦན་དང་། ཧོང་ཀོང་། སིངྒ་པུར། དེ་བཞིན་མ་ལེ་ཤི་ཡ་བཅས་ཀྱི་ནང་དུའང་བོད་ཀྱི་ནང་ཆོས་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད།

ལྷོ་ཀོ་རི་ཡ། (South Korea)

ནང་པ་སངས་རྒྱས་པའི་ཆོས་ཀོ་རི་ཡའི་ཉེ་བའི་གླིང་ཕྲན་ནང་རྒྱ་ནག་ནས་དུས་རབས་ ༣ ནང་དར་བ་ཞིག་ཡིན། ལྷོ་ཀོ་རི་ཡའི་ནང་ཡེ་ཤུ་དད་པའི་རྗེས་འབྲང་གི་ཚོགས་པ་ཁག་ནས་འཐབ་རྒོལ་ཤུགས་ཆེ་རུ་གཏོང་གི་ཡོད་མེད་ལ་མ་ལྟོས་པར། ད་དུང་ནང་ཆོས་ལྟོས་ས་ལྟོས་ཕྱོགས་ཀྱི་ཐོག་ནས་ཤུགས་ཆེན་པོར་གནས་ཡོད། འདས་པའི་ལོ་བཅུའི་ནང་དུ་ནང་པའི་ལྷ་ཁང་མང་པོ་ཡེ་ཤུ་དད་པའི་རྗེས་འབྲང་པ་ཚོས་མེར་སྲེག་གཏོར་སྐྱོན་གཏོང་འགོ་བཙུགས་ཡོད། ད་ལྟའི་ཆར་མི་འབོར་གྱི་བརྒྱ་ཆ་ ༢༣ ཙམ་ནི་ནང་པ་རེད། 

ཉི་ཧོང་། (Japan)

ཉི་ཧོང་ལ་ནང་པ་སངས་རྒྱས་པའི་ཆོས་དུས་རབས་ ༥ ནང་ཀོ་རི་ཡ་བརྒྱུད་ནས་དར་བ་དང་། ཉི་ཧོང་གི་སྤྱི་ཚོགས་དང་རིག་གཞུང་ལ་གལ་འགངས་ཆེ་བའི་ཤུགས་རྐྱེན་སྤྲད་ཡོད། དུས་རབས་ ༡༣ ནས་བཟུང་ཉི་ཧོང་གི་ལུགས་སྲོལ་ལ་དགོན་པའི་མཆོད་དཔོན་རྣམས་ཆང་ས་བརྒྱབ་ཆོག་པ་དང་ཆང་རག་འཐུང་པ་ལའང་བཀའ་འགོག་མེད། མཆོད་དཔོན་དེའི་རིགས་རིམ་པས་ཚངས་སྤྱོད་དགེ་འདུན་གྱི་ལུགས་སྲོལ་ལ་བརྗེ་ཚབ་བྱས་པ་རེད། ལོ་རྒྱུས་ལྟར་བྱེད་ན། ནང་ཆོས་ཀྱི་ལུགས་སྲོལ་ཁ་ཤས་ཧ་ཅང་རྒྱལ་ཞེན་གྱི་ལྟ་བ་བཟུང་ནས་ཉི་ཧོང་ནང་པའི་དག་ཞིང་ཡིན་པར་ཡིད་ཆེས་བྱེད་མཁན་ཡོད། དེང་སང་གི་དུས་སུ་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་དང་འབྲེལ་བ་གཅིག་ཀྱང་མེད་ནའང་། ད་དུང་རྨོངས་ཞེན་ཅན་དུས་མཐའི་གསོལ་མཆོད་པ་ཁ་ཤས་ཀྱིས་རང་ཉིད་ནང་པ་ཡིན་ཞེས་བརྗོད་ཀྱི་ཡོད།
 
མི་འབོར་གྱི་བརྒྱ་ཆ་ ༤༠ ཙམ་ནང་པ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ཉི་ཧོང་པ་མང་ཆེ་བས་ནང་ཆོས་དང་ཉི་ཧོང་རང་གི་ཤཱིན་ཏོའི་ (Shinto) ཆོས་ལུགས་གཉིས་འདྲེས་ནས་དད་པ་བྱེད་ཀྱི་ཡོད། ཆང་ས་རྒྱག་པ་དང་ཕྲུ་གུ་སྐྱེ་བའི་སྐབས། ཁོ་ཚོས་ཤིན་ཏོའི་ལུགས་སྲོལ་གྱི་རྗེས་སུ་འབྲངས་ཏེ་སྲུང་བརྩི་བྱེད་པ་དང། མི་ཤི་བའམ་ཚེ་འདས་ཀྱི་ཆེད་ཆོ་ག་ཁག་ནང་པའི་མཆོད་དཔོན་རྣམས་ཀྱིས་བསྒྲུབ་ཀྱི་ཡོད།
 
ཉི་ཧོང་ནང་གི་ལྷ་ཁང་མང་པོ་ཞིག་ཚོང་དོན་ཆེད་དུ་བསྒྱུར་ཡོད་ཀྱང་། དེ་རྣམས་ཡུལ་སྐོར་བ་དང་སྐུ་མགྲོན་རྣམས་ཀྱི་ཆེད་མཛེས་ཤིང་ཡིད་དུ་འོང་བར་ཉར་ཚགས་བྱས་ཡོད། དགོན་སྡེ་ཁག་གི་ནང་བསླབ་པ་སློབ་གཉེར་དང་སྒོམ་ཉམས་ལེན་དངོས་ཀྱི་ཐད་ཉམས་རྒུད་ཚབས་ཆེན་ཕྱིན་ཡོད། སོ་ཀ་གྷ་ཁ་ཡི་ (Soka Gakkai) ཟེར་བ་འཛམ་གླིང་ནང་གི་ནང་པའི་ཆོས་ཚོགས་ཆེ་ཤོས་ཞིག་དེ་ཐོག་མར་ཉི་ཧོང་ནས་བྱུང་བ་ཞིག་ཡིན།

དབུས་ཨེ་ཤི་ཡའི་ཐེག་ཆེན་ནང་ཆོས། 

བོད།

ནང་པ་སངས་རྒྱས་པའི་ཆོས་བོད་དུ་སྤྱི་ལོ་སྔ་ཤོས་དུས་རབས་ ༧ ནང་བྱུང་། ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ལ་རྒྱལ་པོའི་རོགས་མགོན་དང་སྡེ་དཔོན་མི་དྲག་གི་རྒྱབ་སྐྱོར་ལ་བརྟེན་ནས་བོད་ཀྱི་འཚོ་བའི་ཕྱོགས་གང་སར་ནང་ཆོས་ཧ་ཅང་བརྟན་ཚུགས་པོ་ཆགས་ཡོད།
 
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ས་བཙན་འཛུལ་བྱས་པའི་རྗེས། བོད་ནང་ནང་ཆོས་ལ་དྲག་གནོན་ཤུགས་ཆེན་བྱས་ཡོད། གྲྭ་བཙུན་གྱི་དགོན་སྡེ་དང་ལྷ་ཁང་ ༦༥༠༠ ཡོད་པའི་ནང་ནས་ད་ལྟའི་ཆར་ ༡༥༠ ཙམ་མ་གཏོགས་གཞན་ཚང་མ་རྩ་གཏོར་དུ་བཏང་ཡོད་པ་དང་། ནང་ཆོས་ལ་མཁས་ཤིང་བྱང་ཆུབ་པ་མང་པོ་སྲོག་ཐོག་བཏང་བའམ། ཡང་ན་བཙོན་པའི་གསོག་སྒར་ནང་འདས་གྲོངས་སུ་གྱུར་ཡོད། རིག་གནས་གསར་བརྗེ་ཆེན་པོའི་རྗེས་ལ་དགོན་པ་ཉམས་གསོའི་བྱེད་སྒོ་ཁག་མང་ཆེ་བ་ནི། གཙོ་བོ་སྔོན་གྱི་གྲྭ་པ་དང་། ས་གནས་མི་མང་། དེ་བཞིན་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཀྱིས་འབད་བརྩོན་བྱས་པ་ལ་བརྟེན་ནས་བྱུང་ཞིང་། གཞུང་གི་ངོས་ནས་དགོན་པ་གཉིས་གསུམ་ཙམ་ལ་མ་གཏོགས་ཉམས་གསོའི་རོགས་རམ་བྱས་མེད།
 
རྒྱ་ནག་དམར་པོའི་སྲིད་གཞུང་ནི་ཆོས་ཁས་མི་ལེན་མཁན་ཞིག་ཡིན་ནའང་། ངོས་འཛིན་བྱས་པའི་ཆོས་ལུགས་ལྔ་ལ་བསྟེན་ཆོག་པའི་ནང་གི་གཅིག་ནི་ནང་ཆོས་རེད། གཞུང་གིས་ཆོས་ཀྱི་གནད་དོན་ཐད་ལ་ཐེ་ཇུས་མི་བྱེད་ཅེས་བརྗོད་རུང་། ྋགོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་བྱིས་པ་ཞིག་པཎ་ཆེན་རིན་པོ་ཆེ་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་བའི་རྗེས། ཕྲུ་གུ་དེ་དང་ཁོང་གི་ནང་མི་གློ་བུར་དུ་གར་སོང་ཆ་མེད་དུ་གྱུར་བ་རེད། དེ་ནས་དུས་ཚོད་མི་རིང་བ་ཞིག་གི་རྗེས་རྒྱ་ནག་གཞུང་རང་ངོས་ནས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་བཙལ་ནས་ཕྱེད་རྒྱ་མི་དང་ཕྱེད་བོད་པ་ཡིན་པའི་ཕྲུ་གུ་ཞིག་འདམ་པ་ནས་བཟུང་ྋགོང་ས་མཆོག་གིས་ངོས་འཛིན་གནང་བའི་ཕྲུ་གུ་དེ་དུས་ད་ལྟ་བར་མཐོང་རྒྱུ་མེད།

དེང་སང་གྲྭ་པ་དང་བཙུན་མའི་དགོན་པ། དེ་བཞིན་ལྷ་ཁང་རེ་རེར་གཞུང་འབྲེལ་གྱི་ལས་དོན་རུ་ཁག་སོ་སོར་ཡོད་པ་དང་། མི་དཀྱུས་མའི་ཆས་གྱོན་པའི་ཉེན་རྟོག་པ་ཕོ་མོ་དེ་དག་གིས་ལས་དོན་འདྲ་མིན་ཐད་རོགས་བྱེད་ཀྱི་ཡོད། དེའི་གཞི་རྩའི་དོན་དག་ནི། ཁོ་ཚོས་དགེ་འདུན་གྱི་སྡེ་ཁག་ལ་ལྟ་ཞིབ་བྱས་ནས་གཞུང་ལ་སྙན་སེང་ཞུ་རྒྱུ་དེ་རེད། སྐབས་རེ་ལས་དོན་རུ་ཁག་དེ་ཚོ་དགོན་པའི་མིའི་གྲངས་ཚད་དང་འདྲ་བ་མི་འབོར་ཆེན་པོ་དེ་འདྲ་ཡོད། གཞུང་གི་ཐེ་ཇུས་བྱེད་པ་ཕུད། བོད་ནང་ཡོད་པའི་ནང་པ་ཚོའི་དཀའ་ངལ་ཆེ་ཤོས་ཞིག་ནི་ཆོས་ཀྱི་དགེ་རྒན་ཚད་ལྡན་མེད་པ་དེ་རེད། གྲྭ་པ་དང་། བཙུན་མ། མི་སྐྱ་ཚང་མ་ཆོས་ཤེས་འདོད་དང་སྦྱང་འདོད་ཆེ་ཡང་། དགེ་རྒན་ཕལ་ཆེ་བར་ཆོས་ཀྱི་སྦྱོང་བརྡར་ཉུང་ཉུང་ལས་མེད། འདས་པའི་ལོ་བཅུ་དེའི་ནང་གཞུང་གིས་ལྷ་སའི་ཉེ་འགྲམ་དུ་ནང་པའི་གཙུག་ལག་སློབ་གཉེར་ཁང་ཞིག་འགོ་འཛུགས་བྱས་ཡོད། དེའི་དགོས་པ་དང་ལས་དོན་ནི། ལོ་ན་ཆུང་བའི་སྤྲུལ་སྐུ་ཚོར་བོད་ཀྱི་སྐད་ཡིག་དང་། ཡིག་ཚུགས་འབྲི་རྩལ། སྨན་དང་གསེར་ཁབ་བཅས་ལ་སློབ་སྦྱོང་བྱེད་པ་ཙམ་མ་ཟད། དེ་དག་གིས་ནང་པ་སངས་རྒྱས་པའི་ལྟ་གྲུབ་ཁ་ཤས་ཐད་ལའང་སློབ་སྦྱོང་བྱེད་ཀྱི་ཡོད། དེང་རྩིས་འཕྲུལ་གྱི་དུས་སྐབས་སླེབས་ཡོད་པ་སོང་ཙང་། བོད་ཀྱི་ན་གཞོན་མང་པོ་ཞིག་དེས་རྐྱེན་བྱས་ཏེ་ནང་ཆོས་དང་ཐག་ཉེ་རུ་ཕྱིན་ཡོད། དཔེར་ན། ཁོང་ཚོའི་ནང་ནས་མང་པོ་ཞིག་དེང་སང་གློག་ཀླད་དང་ཁ་པར་

ནང་ཡོད་པའི་སྐད་ཕྲིན་ནམ་ཝེ་ཤིང་ (Wechat) དང་ཝཻ་བྷོ་ (Weibo) བརྒྱུད་ལམ་ཐོག་ཡོད་པའི་ཚོགས་པ་ཁག་གི་ཚོགས་མིར་བཞུགས་ནས་ནང་ཆོས་དང། སྒྲུང་དང་། རྩོམ་རིག་སྙན་ངག་སོགས་གཞན་དང་མཉམ་སྤྱོད་བྱེད་ཀྱི་ཡོད། དེང་སང་ནང་ཆོས་སྐོར་ལ་སློབ་སྦྱོང་གང་མང་བ་སྦྱངས་པ་དེ་རང་ཉིད་བོད་པ་ངོ་མ་ཡིན་པའི་ངོ་བོ་དེ་ཤུགས་ཆེ་རུ་གཏོང་བའི་ཐབས་ལམ་ལྟ་བུར་བརྩི་གི་ཡོད། 

ཤར་ཏུར་ཀི་སི་ཐཱན། (East Turkistan) ཤིང་ཅང་། (Xinjiang)

ཤར་ཏུར་ཀི་སི་ཐཱན་(ཤིང་ཅང་)ནང་གནས་སྡོད་བྱེད་མཁན་སོག་པོ་ཁལ་མུག་ (Kalmyk) གི་དགོན་པ་མང་ཆེ་བ་རིག་གནས་གསར་བརྗེའི་སྐབས་གཏོར་བཤིག་བཏང་ཡོད། འགའ་ཤས་བསྐྱར་བཞེངས་བྱས་ཡོད་ཀྱང་། བོད་ནང་ལས་ལྷག་པའི་དགེ་རྒན་མི་འདང་བའི་དཀའ་ངལ་ཆེན་པོ་ཡོད། གྲྭ་པ་གསར་པ་གཞོན་པ་མང་པོ་སློབ་གཉེར་གྱི་མཐུན་རྐྱེན་ལྡེང་མིན་རྐྱེན་གྱིས་སེམས་ཤུགས་ཆགས་པ་དང་མང་པོ་ཞིག་དགོན་པ་ནས་ཕྱིར་ཐོན་པ་བྱུང་ཡོད།

ནང་སོག (Inner Mongolia)

གང་ལྟར་ཡང་། བོད་བརྒྱུད་ནང་པ་རྣམས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་སྒྱུར་འོག་གནས་སྟངས་སྡུག་ཤོས་བྱུང་ས་ནི་ནང་སོག་རེད། ནང་སོག་གི་ནུབ་ཕྱོགས་སུ་ཡོད་པའི་དགོན་པ་མང་ཆེ་བ་རིག་གནས་གསར་བརྗེ་ཆེན་པོའི་སྐབས་རྩ་མེད་དུ་བཏང་ཡོད་པ་དང་། སྔར་མན་ཇུའི་ (Manchuria) ཆ་ཤས་སུ་གཏོགས་པའི་ཤར་ཕྱོགས་སུ་ཡོད་པའི་དགོན་པ་མང་ཆེ་བ་ནི། འཛམ་གླིང་དམག་ཆེན་གཉིས་པའི་མཇུག་ཏུ་ཨུ་རུ་སུས་རྒྱ་ནག་བྱང་ཕྱོགས་ཉི་ཧོང་ལས་བཅིང་འགྲོལ་གཏོང་སྐབས་སི་ཏ་ལིན་ (Stalin) དམག་དཔུང་གིས་གཏོར་བཤིག་བཏང་ཟིན་པ་ཡིན། ནང་སོག་ནང་སྔར་ཡོད་པའི་དགོན་པ་གྲངས་ ༧༠༠ ནང་ནས་ ༢༧ ལས་ལྷག་མེད།
 

ཕྱི་ལོ་ ༡༩༨༠ ནས་བཟུང་ལྷ་ཁང་དང་དགོན་པ་བསྐྱར་བཞེངས་འབད་བརྩོན་བྱས་ཡོད་པའི་ནང་དེང་སང་སོག་པོ་ཙམ་མ་ཡིན་པར་ཧཱན་རྒྱ་རིགས་ཀྱང་མང་པོ་ཆོས་འཇལ་དུ་སླེབས་ཀྱི་ཡོད།

སོག་པོ། (Mongolia)

སོག་པོ་ཕྱི་སོག་ནང་སྔར་དགོན་པ་སྟོང་ཕྲག་མང་པོ་ཡོད་ཀྱང་། ཚང་མ་ ༡༩༣༧ ནང་སི་ཏ་ལིན་ (Stalin) བཀའ་རྒྱའི་འོག་ཆ་ཤས་ཙམ་མམ། ཡང་ན་ཡོངས་སུ་རྫོགས་པ་གཏོར་བཤིག་བཏང་ཡོད། ཕྱི་ལོ་ ༡༩༤༦ ལོར་ཨུ་ལཱན་བཱ་ཏར་ (Ulaan Baatar) རྒྱལ་སར་མཚོན་དོན་ཙམ་གྱི་ཆེད་དགོན་པ་གཅིག་བསྐྱར་དུ་སྒོ་ཕྱེས་ཡོད་པ་དང་། ཕྱི་ལོ་༡༩༧༠ ནང་གྲྭ་པ་ཚོར་ལོ་ལྔའི་རིང་མཐོ་སློབ་སྦྱོང་བརྡར་འགོ་འཛུགས་བྱས་ཀྱང་། གཏན་འབེབས་བྱས་པའི་སློབ་ཚན་ཤིན་ཏུ་བསྡུས་ཤིང་གཙོ་ཆེ་བ་མ་ཁེ་སིའི་རིང་ལུགས་ (Marxism) སློབ་སྦྱོང་བྱེད་པ་དང་མཉམ་དུ་གྲྭ་པ་ཚོས་མི་མང་ལ་ཆོས་ཀྱི་ཆོ་ག་ཉུང་ཤས་ཙམ་ལས་བྱེད་ཆོག་གི་མེད། ཕྱི་ལོ་ ༡༩༩༠ དམར་ཤོག་རིང་ལུགས་ལ་ཉམས་རྒུད་བྱུང་བ་དང་། རྒྱ་གར་ནང་བཙན་བྱོལ་དུ་ཡོད་པའི་བོད་མིའི་རོགས་རམ་ལ་བརྟེན་ནས་ནང་ཆོས་སླར་གསོ་ཤུགས་ཆེན་བྱུང་ཡོད། གསར་ཞུགས་གྲྭ་པ་མང་པོ་ཞིག་སློབ་གཉེར་སྦྱོང་བརྡར་གྱི་ཆེད་དུ་རྒྱ་གར་ལ་བཏང་བ་དང་། ནང་པའི་དགོན་པ་ ༢༠༠ ལྷག་ཙམ་བསྐྱར་བཞེངས་རྒྱ་མི་ཆུང་བ་བྱས་ཡོད།

སོག་ཡུལ་ནང་ཕྱི་ལོ་ ༡༩༩༠ རྗེས་སུ་ནང་ཆོས་ལ་འཕྲད་པའི་དཀའ་ངལ་ཆེ་ཤོས་ནི། བཙན་ཤུགས་ཅན་གྱི་ཨ་རིའི་མཱོར་མཱོན་ (Mormon) ཡེ་ཤུ་པ་དང་། ཡེ་ཤུ་སླར་འབྱོན་པར་སྨྲ་བ་ (Adventist) དང་། དེ་བཞིན་ཆོས་མིང་འདོགས་ཀྱི་ཡེ་ཤུའི་ (Baptist) ཆོས་ཁྱབ་སྤེལ་གཏོང་མཁན་དེ་ཚོ་རེད། ཁོ་ཚོས་སོག་པོའི་ནང་དབྱིན་ཇིའི་སྐད་ཡིག་སློབ་ཁུལ་གྱིས་དོན་དུ་སྟོན་པ་ཡི་ཤུ་ཡི་ཆོས་ཁྱབ་སྤེལ་བྱེད་ཀྱི་ཡོད། གལ་སྲིད་ཆོས་བརྗེ་སྒྱུར་བྱས་ན་དངུལ་སྤྲོད་པ་དང་། ཕྲུ་གུ་ཨ་རིར་སློབ་སྦྱོང་བྱེད་པའི་ཆེད་དུ་དཔལ་འབྱོར་གྱི་རོགས་རམ་བྱེད་པ། དེ་བཞིན་སོག་པོའི་ཕལ་སྐད་ནང་བྲིས་པའི་ཡི་ཤུ་མ་ཤི་ཀའི་ལོ་རྒྱུས་དེབ་ཆུང་སྤུས་ཀ་ལེགས་ལ་ཡིད་དུ་འོང་བ་དེ་འདྲ་པར་སྐྲུན་བྱས་ཏེ་རིན་མེད་ཀྱིས་འགྲེམས་སྤེལ་བྱེད་ཀྱི་ཡོད། དེ་ལྟར་ཡེ་ཤུའི་ཆོས་ལུགས་ཀྱིས་སོག་པོའི་ན་གཞོན་མང་པོ་ཞིག་བློ་འགུགས་པར་བྱས་པས། ནང་པའི་ཚོགས་པ་ཁག་ནས་ཀྱང་ཕལ་སྐད་ནང་བྲིས་པའི་ནང་ཆོས་ཀྱི་གནས་ཚུལ་རྣམས་པར་སྐྲུན་དང་། གློག་བརྙན། རླུང་འཕྲིན་ལེ་ཚན་ཁག་བརྒྱུད་དེ་འགྲེམས་སྤེལ་དང་ཁྱབ་བསྒྲཌ་བྱ་རྒྱུ་འགོ་བཙུགས་ཡོད།

ད་ལྟའི་ཆར་སོག་ཡུལ་ནང་བཙན་ཤུགས་བརྒྱུད་ནས་ཆོས་བརྗེ་སྒྱུར་བྱེད་མི་ཆོག་པའི་བཀག་འགོག་བྱས་ཡོད། ཕྱི་ལོ་ ༢༠༡༠ ལོར་སོག་པོའི་མི་འབོར་གྱི་བརྒྱ་ཆ་ ༥༣ ཙམ་ནང་པ་དང་། བརྒྱ་ཆ་ ༢.༡ ཙམ་ཡེ་ཤུ་ཡིན། 

བཙན་བྱོལ་ནང་གི་བོད་མི།

དབུས་ཨེ་ཤི་ཡའི་བོད་ཀྱི་སྲོལ་རྒྱུན་རིག་གཞུང་ཁག་ནང་ནས་ཤུགས་ཆེ་ཤོས་དེ་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གིས་བོད་ས་དྲག་པོའི་དམག་གིས་བཙན་བཟུང་བྱས་པར་བོད་མིས་རང་དབང་སྒེར་ལངས་བྱས་རྗེས། རྒྱ་གར་ནང་བཙན་བྱོལ་དུ་ཕེབས་པའི་ྋགོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཉེ་འཁོར་དུ་ཡོད་པའི་བོད་མིའི་སྤྱི་ཚོགས་ཁྲོད་དུ་ཡོད། ཁོ་ཚོས་དགོན་སྡེ་ཆེ་ཁག་མང་པོ་དང་བོད་ཀྱི་བཙུན་དགོན་ཁ་ཤས་སླར་གསོ་བྱས་ཡོད་པ་མ་ཟད། དགེ་འདུན་མཁས་པ་དང་། སྒོམ་སྒྲུབ་གནང་མཁན། དགེ་བའི་བཤེས་གཉེན་སོགས་ཀྱི་ཆེད་སྲོལ་རྒྱུན་གྱི་སྦྱོང་བརྡར་བྱེད་སྒོ་ཆ་ཚང་བ་ཡོད། བོད་ཀྱི་ཆོས་བརྒྱུད་རེ་རེའི་སྲོལ་རྒྱུན་མི་ཉམས་རྒྱུད་འཛིན་ཆེད་ཤེས་ཡོན་དང༌། ཉམས་ཞིབ། པར་སྐྲུན་གྱི་མཐུན་རྐྱེན་སོགས་ཡོད།

བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས། རྒྱ་གར་ཧི་མ་ལ་ཡའི་རི་རྒྱུད་ཁག་དང༌། བལ་ཡུལ། འབྲུག དེ་བཞིན་ལ་དྭགས་དང་འབྲས་ལྗོངས་བཅས་ཀྱི་ནང་དགེ་རྒན་མངགས་གཏོང་གིས། ནང་ཆོས་བསྐྱར་གསོ་དང་བརྒྱུད་པ་རྣམས་སླར་ཡང་རྒྱུན་འཛིན་ཐུབ་པར་རོགས་རམ་བྱས་ཡོད། ས་གནས་དེ་དག་ནས་ཡིན་པའི་ནང་པའི་དགེ་འདུན་པ་དང༌བཙུན་མ་མང་པོ་བཙན་བྱོལ་ནང་ཡོད་པའི་བོད་ཀྱི་དགོན་སྡེ་དང༌། བཙུན་དགོན་ཁག་གི་ནང་ཤེས་ཡོན་སློབ་སྦྱོང་ཐད་སྦྱོང་བརྡར་འཐོབ་མུས་རེད།།

བལ་ཡུལ། (Nepal)

བལ་ཡུལ་ནང་མི་འབོར་ཕལ་ཆེ་བ་ཧིན་དུ་ཡིན་ཀྱང་། ད་དུང་སངས་རྒྱས་ཤཱཀྱ་ཐུབ་པའི་འཁྲུངས་ཡུལ་དེའི་ནང་ནང་པའི་རིག་གཞུང་གྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་གསལ་པོ་རེད། བལ་ཡུལ་གྱི་མི་རིགས་ཡིན་པ་ནེ་ཝཱར་དང་། གུ་རུང། རྟ་མང་སོགས་ཀྱིས་སྲོལ་རྒྱུན་བལ་ཡུལ་གྱི་ནང་ཆོས་བྱེད་ཀྱི་ཡོད། བལ་ཡུལ་མི་འབོར་གྱི་བརྒྱ་ཆ་ ༩ ཙམ་ནང་པ་ཡིན།

ནང་ཆོས་དང༌ཧིན་དུའི་ཆོས་གཉིས་འདྲེས་པ་ཞིག་གི་རྗེས་སུ་འབྲངས་ནས་དགོན་པའི་ནང་རིགས་རུས་དབྱེ་འབྱེད་ཡོད་སའི་ནང་པའི་སྤྱི་ཚོགས་ཁོ་ཚོ་གཅིག་པོ་ཡིན། འདས་པའི་ལོ་ ༥༠༠ ནང་དགེ་འདུན་པ་རྣམས་གཉེན་སྒྲིག་བྱེད་མཁན་དང་རིགས་རྒྱུད་འཛིན་མཁན་བྱུང་ནས། དེ་དག་དགོན་པར་བལྟ་རྟོག་བྱེད་མཁན་དང༌མཆོད་དཔོན་ཆགས་ཡོད།

ཨུ་རུ་སུ། (Russia)

ཨུ་རུ་སུ་ནང་སྲོལ་རྒྱུན་བོད་ཀྱི་ནང་ཆོས་དར་བའི་ས་ཁུལ་གསུམ་ཡོད། དེ་དག་ནི་སྦུ་ཡ་ཊི་ (Buryatia) དང་། ཏུ་ཝ་ (Tuva) དང། ཁལ་མུག་ (Kalmykia) བཅས་གསུམ་ཡིན། སྦུ་ཡ་ཊི་ནང་དགོན་པ་གསུམ་ལ་སྐྱོན་ཆག་ཕོག་པ་མ་གཏོགས་དེ་མིན་ས་ཆར་ཡོད་པའི་དགོན་པ་ཚང་མ་ཕྱི་ལོ་ ༡༩༣༠ ལོ་མཇུག་ཙམ་ལ་སི་ཏ་ལིན་ (Stalin) གྱིས་རྩ་མེད་བཏང་ཡོད། ཕྱི་ལོ་ ༡༩༤༠ ཙམ་གྱི་ནང་སྦུ་རས་ཐུ་ནང་དགོན་པ་གཉིས་མཚོན་དོན་ཆེད་སྒོ་ཕྱེས་ཀྱང་། དེ་དག་ཀེ་ཇི་བྷི་གསང་བའི་ལས་ཁུངས་ (KGB surveillance) ཀྱིས་དམ་བསྒྲགས་ཆེན་པོ་བྱས་ཡོད། ཆོ་ག་རིམ་གྲོ་སྒྲུབ་ཆེད་སྐྱ་ཕབ་པའི་གྲྭ་པ་རྣམས་ཀྱིས་ཉིན་མོར་སྒྲིག་ཆས་ནང་བཞིན་བསྐྱར་དུ་གྲྭ་ཆས་གྱོན་གྱི་ཡོད། དམར་པོའི་རིང་ལུགས་ཉམས་རྒུད་སོང་རྗེས། གོང་གི་ས་ཁུལ་གསུམ་ཀའི་ནང་སངས་རྒྱས་ཀྱི་བསྟན་པ་སླར་གསོ་ཆེན་པོ་བྱུང་ཡོད། བཙན་བྱོལ་བོད་མི་ཚོས་དགེ་རྒན་བཏང་བ་དང་། ཁོ་ཚོའི་གྲྭ་པ་གསར་པ་མང་པོ་རྒྱ་གར་ནང་ཡོད་པའི་བོད་པའི་དགོན་སྡེ་ཁག་ཏུ་ཕྱིར་སློབ་གཉེར་སྦྱོང་བརྡར་ཆེད་དུ་བཏང་ཡོད། སྦུ་རས་ཐུ་དང་། ཏུ་ཝ། ཁལ་མུག་བཅས་ཀྱི་ནང་དགོན་པ་ཉི་ཤུ་་ལས་ལྷག་པ་བསྐྱར་དུ་འཛུགས་བསྐྲུན་བྱས་ཡོད།

ནང་པ་མ་ཡིན་པའི་རྒྱལ་ཁབ། 

ཡུ་རོབ་ལ་ཞིབ་ཕྲའི་ནང་ཆོས་ཐད་ཤེས་རྟོགས་དེ་དུས་རབས་ ༡༩ ནང་ཡུ་རོབ་ཀྱི་ནང་པའི་རྒྱལ་ཁབ་ཁག་ལ་མི་སེར་སྤེལ་ཡུལ་དུ་བཟོས་པ་དང་། ཡེ་ཤུ་འི་ཆོས་ལུགས་ཁྱབ་སྤེལ་བྱེད་མཁན་དང་མཁས་པ་མང་པོ་བརྒྱུད་ནས་བྱུང་ཡོད། དེ་དང་དུས་མཚུངས་སུ་བྱང་ཨ་མི་རིའི་ནང་རྒྱ་རིགས་དང་ཉི་ཧོང་མི་རིགས་ཡུལ་སྤོ་བ་ལས་མི་དག་གིས་ལྷ་ཁང་མང་པོ་གསར་འཛུགས་བྱས་ཡོད།

ནང་ཆོས་ཀྱི་རྣམ་པ་འདྲ་མིན་སྣ་ཚོགས་པ་ཞིག་སྲོལ་རྒྱུན་གྱི་ཆ་ནས་ནང་པ་མ་ཡིན་པའི་འཛམ་གླིང་ནང་གི་རྒྱལ་ཁབ་གང་སར་དེང་སང་མཐོང་རྒྱུ་ཡོད། དེ་དག་ཀྱང་གཙོ་བོ་སྡེ་ཚན་གཉིས་ཀྱི་ནང་དུ་ཚུད་ཡོད། གཅིག་ནི་ཨེ་ཤི་ཡ་ནས་ཡུལ་སྤོ་བ་རྣམས་དང་། གཞན་དེ་ནི་ཨེ་ཤི་ཡའི་མི་རིགས་མ་ཡིན་པའི་ཉམས་ལེན་པ་ཚོ་རེད། ཨེ་ཤི་ཡ་ནས་ཡུལ་སྤོ་བ་རྣམས་དང་། ལྷག་པར་རུ་ཨ་རི་དང་ཨོ་སི་ཊྲི་ལི་ཡ། དེ་བཞིན་ཡུ་རོབ་ནང་གང་ལ་གང་འཚམ་ཡོད་པ་ཚོར་རང་རང་གི་སྲོལ་རྒྱུན་དང་མཐུན་པའི་ལྷ་ཁང་མང་པོ་ཡོད། ལྷ་ཁང་དེ་དག་གིས་གཙོ་བོ་དད་པའི་ཉམས་ལེན་ཁྱབ་སྤེལ་དང་སྤྱི་ཚོགས་ལྟེ་གནས་ཁང་མཁོ་སྤྲོད། དེ་བཞིན་གནས་སྤོ་བ་རྣམས་སོ་སོའི་རིག་གཞུང་གི་ངོ་བོ་རྒྱུན་སྲིང་ཆེད་རོགས་རམ་གནང་རྒྱུ་བཅས་ལ་དོ་ནན་བྱེད་ཀྱི་ཡོད། ད་ལྟའི་ཆར་ཨ་རིའི་ནང་ནང་པ་ས་ཡ་བཞི་ལས་ལྷག་ཡོད་པ་དང་། ཡུ་རོབ་ནང་ས་ཡ་གཉིས་ལས་ལྷག་ཡོད།

དེང་སང་འཛམ་གླིང་གི་རྒྱལ་ཁབ་ ༡༠༠ ལྷག་ཙམ་དང་། གླིང་ཆེན་ཚང་མའི་ནང་དུ་ཆོས་སྲོལ་འདྲ་མིན་གྱི་ནང་པའི་ཆོས་ཀྱི་ལྟེ་གནས་ཆོས་ཚོགས་སྟོང་ཕྲག་མང་པོ་ཡོད། བོད་ཀྱི་ནང་ཆོས་དང་། ཛེན་བསམ་གཏན་པ། གནས་བརྟན་སྡེ་པའི་ལྟེ་གནས་ཁང་དེ་དག་གི་ནང་མང་ཆེ་བ་ཨེ་ཤི་ཡའི་མི་རིགས་མ་ཡིན་པར་ནུབ་ཕྱོགས་པ་ཡིན་ཞིང་། ཁོ་ཚོས་སྒོམ་དང་། སློབ་གཉེར། ཆོ་ག་ཕྱག་ལེན་ལ་དོ་ནན་གྱིས་ཡང་ནས་ཡང་དུ་ལྟེ་གནས་ཁག་ནང་བཅར་གྱི་ཡོད། ཁོ་ཚོའི་དགེ་རྒན་ནི་ནུབ་ཕྱོགས་པ་དང་ཨེ་ཤི་ཡ་ནས་ཡིན་པ་ནང་པའི་མི་རིགས་གཉིས་ཀ་ཡོད། ལྟེ་གནས་ཁང་མང་ཤོས་ཨ་རི་དང་། ཧྥི་རན་སི། ཇར་མ་ནི་བཅས་ཀྱི་ནང་ཡོད། ནང་ཆོས་སློབ་སྦྱོང་ལ་དོན་གཉེར་ཅན་གྱི་སློབ་མ་མང་པོ་གཏིང་ཟབ་པོའི་སྦྱོང་བརྡར་ཡོང་བའི་ཕྱིར་ཨེ་ཤི་ཡའི་ལུང་པ་ཁག་གི་ནང་འགྲོ་གི་ཡོད་པ་མ་ཟད། འཛམ་གླིང་གི་གཙུག་ལག་སློབ་གཉེར་ཁང་མང་པོའི་ནང་དེང་སང་ནང་ཆོས་ཀྱི་སློབ་ཚན་ཡོད་པ་དང་། དེ་བཞིན་ནང་ཆོས་ཀྱི་སྐོར་བགྲོ་གླེང་དང་། ནང་ཆོས་དང་ཆོས་ལུགས་གཞན། དེ་བཞིན་ཚན་རིག་དང་། སེམས་ཁམས་རིག་པ་དང་། གསོ་བ་རིག་པ་བཅས་ཀྱི་དབར་རིག་པ་བརྗེ་ལེན་གྱི་ལས་འཆར་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། དེའི་ཐོག་སྤྱི་ནོར་ྋགོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་གནད་དུ་སྨིན་ལ་གལ་འགངས་ཆེ་བའི་མཛད་རྗེས་བཞག་གནང་ཡོད།

བརྙན་པར། དགེ་བཤེས་བཀྲ་ཤིས་ཚེ་རིང་། “འབྱུང་འགྱུར་ལོ་བརྒྱའི་ནང་གི་ནང་ཆོས།” 
Top