རྒྱ་ནག་ཧུའེ་ཁ་ཆེའི་ལོ་རྒྱུས།

རྒྱ་ནག་ནང་ཁ་ཆེའི་གྲངས་ཉུང་མི་རིགས།

ཕྱི་ལོ་ ༢༠༡༠ ལོའི་མི་འབོར་ཞིབ་གཤེར་ལ་གཞིགས་ན། རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁ་ཆེའི་མི་འབོར་ནི་ས་ཡ་ ༢༢ དང་གྲངས་ཆུང་ ༥ དང་། དེའི་ཁོངས་ནས་ཧུའེ་ཁ་ཆེ་ས་ཡ་ ༡༠ དང་གྲངས་ཆུང་ ༦། ཡུ་གུར་ཁ་ཆེ་ས་ཡ་ ༡༠ དང་གྲངས་ཆུང་ ༡། ཀཱ་ཛག་ Kazakh ཁ་ཆེ་ས་ཡ་ ༡ དང་གྲངས་ཆུང་ ༥། ཀར་གི་ཛེ་ Kyrgyz ཁ་ཆེ་ ༡༨༧༠༠༠། ཏཱ་ཇིག་ཁ་ཆེ་ ༥༡༠༠༠། ཨུ་ཛེ་བེག་ Uzbek ཁ་ཆེ་ ༡༠༦༠༠ བཅས་ཡོད། ཧུའེ་ཁ་ཆེས་གཙོ་བོ་རྒྱ་སྐད་དང་། ཏཱ་ཇིག་གིས་པར་ཤི་ཡཱ་དང་འབྲེལ་བའི་རྒྱ་གར་དང་ཡོ་རོབ་ཀྱི་སྐད། དེ་མིན་གཞན་ཚང་མས་ཏུར་ཀིའི་སྐད་ལུགས་བེད་སྤྱོད་བྱེད་ཀྱི་ཡོད། ཧུའེ་རྒྱ་རིགས་རྣམས་སྲིད་གཞུང་གིས་ངོས་འཛིན་བྱེད་པའི་རྒྱ་ནག་གི་མི་རིགས་ལྔ་བཅུ་ང་དྲུག་ནང་ནས་ཐུན་མོང་མ་ཡིན་པ་ཞིག་ཡིན་ཅིང་། དེའི་ཆོས་ལུགས་ (ཁ་ཆེའི་ཆོས་) ནི་ཁོང་ཚོའི་ཆིག་སྒྲིལ་གྱི་ངོ་བོ་གཅིག་པུ་དེ་ཡིན། ཁོང་ཚོར་གཅིག་འགྱུར་གྱི་མ་སྐད་མེད་ཅིང་ཧུའེ་རྒྱ་རིགས་དང་ཕན་ཚུན་གཉེན་སྒྲིག་བྱས་ཏེ་རྒྱ་ནག་ནང་གི་གྲོང་ཁྱེར་དང་གྲོལ་བརྡལ་ཁག་ཕལ་ཆེ་བའི་ནང་བཅའ་སྡོད་བྱེད་ཀྱི་ཡོད། ཁོང་ཚོར་རང་སྐྱོང་གི་ས་ཁུལ་ཞིག་ཡོད་པ་ནི། རང་སྐྱོང་ལྗོངས་གཉིས་དང་རང་སྐྱོང་ཁུལ་དགུ་སྟེ། ཀན་སུའུ་ལྷོ་ཕྱོགས་དང་ནང་སོག་དབར་གནས་པའི་ནན་ཤིའི་ Ningxia ས་ཁུལ་དེ་ཡིན། རྒྱ་ནག་གི་སྐད་དུ་ཧུའེ་ཞེས་པ་དེ་རྒྱ་ནག་ཕྱི་ནང་གཉིས་ཀར་གནས་པའི་ཁ་ཆེ་ཀུན་ལའང་གོ་བ་ཡིན།

ཧུའེ་ཁ་ཆེའི་འབྱུང་ཁུངས།

མ་གཞི་ཧུའེ་ཁ་ཆེ་ནི་རྒྱ་ནག་སྐམ་ས་ཆེན་པོའི་ནང་གྲངས་ཉུང་མི་རིགས་གཅིག་ཡིན་ནའང་། མི་རིགས་ཀྱི་ཆ་ནས་སྡེ་ཚན་གཅིག་གི་ཁོངས་སུ་གཏོགས་མེད། ཁོང་ཚོ་ནི་ཨ་རབ་ Arab དང་། པར་ཤི་ཡཱ། Persian དབུས་ཨེ་ཤི་ཡ། སོག་པོ་བཅས་ཀྱི་མི་རྒྱུད་ཡིན་ཅིང་། རྒྱ་ནག་ནང་རྒྱུད་རིམ་ཁ་ཤས་བརྒྱུད་ནས་སླེབས་ཡོད། ཕྱི་ལོ་ ༦༥༡ རྒྱ་ནག་གི་ཐང་རྒྱལ་རབས་སྐབས་ཡི་ཤུའི་དུས་རབས་ཀྱི་རིང་ཨ་རབ་ཀྱི་ཁ་ཆེའི་སྐུ་ཚབ་དང་པོ་རྒྱ་ནག་ནང་སླེབས་ཤིང་། དེ་ནི་སྟོན་པ་མོ་ཧཱ་མ་དྷ་ Muhammed མྱ་ངན་ལས་འདས་ནས་ལོ་བཅུ་དགུའི་རྗེས་དང་ཨ་རབ་ཀྱིས་པར་ཤི་ཡཱ་དབང་སྒྱུར་བྱས་པའི་ལོ་གཅིག་གི་རྗེས་ཡིན། དུས་དེ་ནས་བཟུང་མང་ཆེ་བ་ཨ་རབ་ཀྱི་ཚོང་པ་དང་དེ་བཞིན་པར་ཤི་ཡཱི་ཚོང་པ་མི་ཉུང་བ་ཞིག་རྒྱ་ནག་གི་ལྷོ་ཤར་རྒྱ་མཚོའི་འགྲམ་དུ་གཞིས་ཆགས། ཕྱི་ལོ་ ༧༥༨ ལོར་རྒྱ་ནག་ཐང་རྒྱལ་རབས་ཀྱི་གོང་མས་ཨན་ལུ་ཤན་ An Lushan གྱི་དམག་དཔུང་མཐར་སྤྲོད་གཏོང་ཆེད་བག་དྷ་དཱར་ Baghdad ཨ་བྷ་སི་དཱ་ཁ་ལིཧྥ་ Abbasid Caliph ལ་དམག་མི་ ༢༠༠༠༠ རོགས་རམ་དུ་གཏོང་རོགས་ཞེས་རེ་འབོད་ཞུས། ཨ་རབ་དང་པར་ཤི་ཡའི་དམག་མི་རྣམས་དེ་ནས་བཟུང་རྒྱ་ནག་ནང་ལྷག་ནས་ནན་ཤི་ Ningxia དང་ཀན་སུའུ་ Gansu གྱི་ནུབ་བྱང་གི་ས་ཁུལ་ཁག་ཏུ་གཞིས་ཆགས། གཞན་ཡང་བོད་པས་རྒྱ་ནག་ལྷོ་བྱང་གི་ནན་ཀྲའུ་ Nanzhao རྒྱལ་ཁམས་ཀྱི་ཁ་གཏད་དུ་དམག་འཐབ་ཆེད་ཕྱི་ལོ་ ༨༠༡ ལོར་ཨི་རན་ Sogdian དང་ཨ་རབ་ Arab ཀྱི་གླས་དམག་ ༢༠༠༠༠ བཀོལ་སྤྱོད་བཏང་། བོད་པ་རྣམས་ཕམ་ཉེས་ཀྱི་དཀའ་སྡུག་མྱོང་དགོས་བྱུང་ཀྱང་ཁ་ཆེའི་དམག་མི་བོད་ནང་མུ་མཐུད་གནས། རྒྱ་ནག་བྱང་ཤར་དང་སྟོབས་ཤུགས་ཇེ་ཆུང་དུ་གྱུར་བའི་རྒྱ་ནག་སོང་ Song གོང་མའི་རྒྱལ་ཁམས་དབར་བར་གནས་ས་ཁུལ་ཞིག་བསྐྲུན་རྒྱུ་དང་ཁི་ཏན་ Khitan གོང་མའི་རྒྱལ་ཁམས་རྒྱ་སྐྱེད་གཏོང་ཆེད། ཁོ་པས་གདན་དྲངས་པ་བཞིན་ཕྱི་ལོ་ ༡༠༧༠ ཐམ་པ་དང་ ༡༠༨༠ ཐམ་པའི་ནང་ཨ་རབ་ཀྱི་དམག་མི་སྟོང་ཚོ་བཅོ་ལྔ་བསླེབས།

གང་ལྟར་སོག་པོའི་རྒྱལ་པོ་ཀུབ་ལའི་ཁན་གྱིས་ཕྱི་ལོ་ ༡༢༧༠ དོན་གྲངས་ནང་དམག་དཔུང་ཟུར་འཇོག་ཆེད་རྒྱ་ནག་ནང་འབོར་འདྲེན་བྱས་པའི་ཧུའེ་ཁ་ཆེ་མང་ཆེ་བ་ནི་དབུས་ཨེ་ཤི་ཡའི་ནང་གི་ཁ་ཆེ་ས་ཡ་གཉིས་ནས་གསུམ་བར་ལས་རྒྱུད་པ་ཞིག་ཡིན། ཁོང་ཚོས་ཕྱི་ལོ་ ༡༢༧༩ ལོར་ཀུབ་ལའི་ཁན་ལ་ལྷོ་རྒྱ་ནག་དབང་སྒྱུར་བྱེད་རོགས་བྱས་པ་དང་། ཞི་བའི་ངང་ཚོང་པ་དང་། ཞིང་ལས་པ། ལག་ཤེས་པའི་རྣམ་པར་རྒྱ་ནག་ནང་གཞིས་ཆགས་ནས་བསྡད།

ཀུབ་ལའི་ཁན་གྱི་ཚ་བོ་ཨཱ་ནནྡ་ Ananda ནི་པར་ཤི་ཡའི་ཁ་ཆེའི་ཕ་ཚབ་མ་ཚབ་ཀྱིས་གསོ་སྐྱོང་བྱས། ཕྱི་ལོ་ ༡༢༨༥ ལོར་ཁོ་པ་ཀན་སུའུ་དང་། ནན་ཤི་ Ningxia  ཟི་ཁྲོན་ནང་གི་མི་ཉག་ Tangut རྒྱལ་ཁམས་དབང་སྒྱུར་བྱས་པའི་ས་ཁུལ་བར་ཁྱབ་པའི་ཨན་ཤིའི་ Anxi རྒྱལ་སྲས་ཆགས། ཊེན་གུཊ་ཡང་ན་མི་ཉག་གི་མི་རིགས་ཚོས་བོད་དང་རྒྱ་ནག་གི་ནང་ཆོས་ཟུང་འབྲེལ་གྱི་རྗེས་སུ་འབྲང་གི་ཡོད། པར་ཤི་ཡའི་ནང་གི་ཨིཀ་ཁ་ན་ཏེ་ Ilkhanate ས་ཁུལ་གྱི་གྷ་ཛན་ཁཱན་ Ghanzan Khan གྱིས་ཁོ་རང་དང་སྲས་ཨ་ནནྡ་གཉིས་མཉམ་དུ་ཕྱི་ལོ་ ༡༢༩༥ ལོར་ཁ་ཆེར་བསྒྱུར། དེའི་མཇུག་འབྲས་སུ་ཨན་ཤིའི་ནང་གི་སོག་པོའི་དམག་མི་ ༡༥༠༠༠༠ དང་མི་ཉག་གི་མི་རིགས་མང་ཆེ་བས་ཀྱང་ཁ་ཆེའི་ཆོས་ལུགས་རང་ལུགས་སུ་གཏད། དེས་ན་ཕྱི་ལོ་ ༡༣༦༨ ལོ་སོག་པོའི་ཡོན་རྒྱལ་རབས་ཀྱི་དུས་མཇུག་ཏུ་རྒྱ་ནག་ནང་གྲངས་ཉུང་མི་རིགས་མང་ཤོས་ནི་ཧུའེ་ཁ་ཆེ་ཆགས་ཡོད།

མིང་རྒྱལ་རབས་སྐབས་ཧུའེ་ཁ་ཆེ་ལ་སྲུང་སྐྱོབ།

མཁས་པ་མང་པོར་གཞིགས་ན། སོག་པོའི་རྗེས་རྒྱ་ནག་དབང་སྒྱུར་བྱེད་མཁན་གྱི་ས་གནས་ཧན་རྒྱ་རིགས་ཀྱི་རྒྱལ་རབས་ཏེ། མིང་རྒྱལ་རབས་ཀྱི་སྲོལ་གཏོད་བྱེད་པོ་ནི་དོན་དངོས་སུ་ཧུའེ་ཁ་ཆེའི་རྒྱུད་པ་ཡིན། འོན་ཀྱང་དོན་དངོས་ཀྱི་གནད་དོན་འདི་སྦ་གསང་བྱས་ནས་ཡོད། སོག་པོ་ཕམ་ཉེས་བཏང་བའི་རྗེས་ཁོ་པས་ཧུའེ་ཁ་ཆེ་ཚོར་ཆོས་ལུགས་དང་། ཆབ་སྲིད། དཔལ་འབྱོར་བཅས་ཀྱི་རང་དབང་སྤྲད། གང་ལྟར་ཡང་ཧན་རྒྱ་རིགས་ཀྱི་ཕྱོགས་རིས་འཐེན་འཁྱེར་ལས་སྲུང་སྐྱོབ་བྱེད་པའི་ཐབས་ལམ་ཞིག་ཏུ་ཧུའེ་ཁ་ཆེ་ཚོས་གཉེན་སྒྲིག་བྱེད་དགོས་པ་དང་། རྒྱ་སྐད་ཤོད་དགོས་པ། རྒྱ་ཆས་གྱོན་དགོས་ཞེས་བཀའ་རྒྱ་བཏང་། དུས་དེ་ནས་བཟུང་ཧུའེ་ཁ་ཆེའི་རིག་གཞུང་གི་རྩ་བ་སྣ་ཚོགས་ཤིག་བརླག་སྟོར་སུ་སོང་།

ཆིང་རྒྱལ་རབས་སྐབས་མན་ཇུའི་སྡུག་སྦྱོང་།

མིང་རྒྱལ་རབས་ཀྱིས་ཧུའེ་ཁ་ཆེ་སྲུང་སྐྱོབ་བྱེད་པའི་ཁ་གཏད་དུ་དེའི་རྗེས་ཀྱི་རྒྱ་ནག་དབང་སྒྱུར་བྱེད་མཁན་ནི་མན་ཇུ་ཆིང་རྒྱལ་རབས་ཡིན་ (༡༦༤༤ ནས་ ༡༩༡༢) ཅིང་རྒྱ་ནག་ནང་ཁ་ཆེའི་མི་རིགས་ལ་སྡུག་སྦྱོང་གཏོང་འགོ་བཙུགས། སྡུག་སྦྱོང་དེ་ནི་ཤར་ཏུར་ཀི་སི་ཐན་ནང་གི་ཡུ་གུར་ཁ་ཆེའི་བར་དུའང་ཁྱབ། ཕྱི་ལོ་ ༡༦༤༨ དང་ ༡༨༧༨ དབར་ཆིང་རྒྱལ་རབས་ཀྱི་གཉའ་གནོན་ལ་གྱེན་ལངས་ཐེངས་བཅུ་བྱུང་ཡང་ལམ་ལྷོང་མ་བྱུང་བར་དེའི་ཁྲོད་ཧུའེ་ཁ་ཆེ་དང་ཡུ་གུར་ཁ་ཆེ་ས་ཡ་བཅུ་གཉིས་ལྷག་རྐྱེན་ལམ་དུ་བཏང་། འོན་ཏེ་མན་ཇུ་དང་ཧན་རྒྱ་རིགས་ཀྱི་ཆིང་སྟོབས་ཤུགས་ཁྲོད་བོད་རིགས་ཚོར་ཡང་མནར་གཅོད་བཏང་ཡོད་ནའང་། བོད་རིགས་ཚོས་ཧུའེ་ཁ་ཆེ་དང་འབྲེལ་ལམ་ཡག་པོ་ཉར། དཔེར་ན། ༸ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་མཆོག་ཕྱི་ལོ་ ༡༦༥༢ ལོར་པེ་ཅིང་དུ་མན་ཇུ་གོང་མའི་ཕོ་བྲང་དུ་ཕེབས་པའི་ཕེབས་ལམ་དུ། དེང་དུས་ནན་ཤི་ Ningxia གྲོང་ཁྱེར་གྱི་རྒྱལ་ས་ཡིན་ཁྲོན་ Yinchuan ས་ཁུལ་དུ་ཧུའེ་ཁ་ཆེའི་དབུ་ཁྲིད་ཚོ་དང་མཇལ་འཕྲད་དུ་ཕེབས་ནས་ཁོང་ཚོ་དང་ལྷན་དུ་ལྟ་གྲུབ་དང་ཆོས་ཕྱོགས་ཀྱི་གནད་དོན་ཐད་བགྲོ་གླེང་གནང་།

ཁིར་གྷི་སི་ཏཱན་ Kyrgyzstan ཏེ། དྷུན་གན་ Dungans དུ་གནས་ཡུལ་སྤོ་བཤུད།

དུས་རབས་བཅུ་དགུ་པའི་དུས་མཇུག་ཏུ་ཨུ་རུ་སུའི་དབང་སྒྱུར་འོག་ཧུའེ་ཁ་ཆེ་རྣམས་ཐེངས་གཉིས་ཙམ་ནུབ་ཏུར་ཀི་སི་ཐན་ནང་སྤོ་བཤུད་བྱས། ཐེངས་དང་པོ་དེ་མན་ཇུའི་དབང་སྒྱུར་ལ་ངོ་རྒོལ་ལམ་ལྷོང་མ་བྱུང་བའི་རྗེས་ཀན་སུའུ་ Gansu དང་ཧྲན་ཤིའི་ Shanxi ནས་ཕྱི་ལོ་ ༡༨༧༨ ལོར་བསྐྱོད། ཐེངས་གཉིས་པ་ནི་ཕྱི་ལོ་ ༡༨༨༡ ལོར་ཤར་ནུབ་ཏུར་ཀི་སི་ཐན་གྱི་ལུང་གཤོངས་ཀྱི་ཨི་ལི་ Ili river གཙང་ཆུའི་འགྲམ་ནས་འོངས། ཕྱི་ལོ་ ༡༨༧༡ ལོར་ས་ཁུལ་དེ་ཨུ་རུ་སུས་བདག་བཟུང་བྱས། འོན་ཀྱང་ཕྱི་ལོ་ ༡༨༨༡ ལོར་སེེནྟ་པིཊར་སི་བྷརྒ་ St. Petersburg ཆིངས་ཡིག་བཞག་སྟེ་རྒྱ་ནག་གི་མངའ་ཁོངས་སུ་གྱུར་བའི་རྗེས། ས་གནས་མི་རིགས་ཚོར་ཨུ་རུ་སུ་དང་རྒྱ་ནག་གི་མི་སེར་གང་བྱེད་མིན་ཐད་གདམ་ཀ་བྱིན། ཧུའེ་ཁ་ཆེ་ཚོས་གནས་ཡུལ་སྤོ་བཤུད་ཐེངས་གཉིས་བྱས་པའི་རྗེས་མང་ཆེ་བ་བེ་ཤི་ཀིག་ Bishkek གི་ཉེ་འགྲམ་དུ་ཁིར་གྷི་སི་ཏཱན་ནང་གི་ཆུ་གཙང་ཆུའི་ Chu river ལུང་གཤོངས་ནང་གནས་གཞིས་ཆགས། ཁོང་ཚོས་དེ་ལ་དྷུན་གན་ Dungans ཞེས་འབོད་ཀྱི་ཡོད།

ཤར་ནུབ་ཧུའེ་ཁ་ཆེ།

ད་ལྟའི་ཆར་རྒྱ་ནག་ནང་ཧུའེ་ཁ་ཆེའི་མི་འབོར་རྣམས་སྡེ་ཚན་ཆེ་ཁག་གཉིས་སུ་གྱེས་ཡོད། ནུབ་ཧུའེ་ཁ་ཆེ་རྣམས་ནན་ཤིའི་ནང་འདུས་ཤིང་། ད་དུང་ཀན་སུའུ་ ༼ཨ་མདོའི་ཕྱི་ནང་གཉིས་ཀ་༽  དང་། ཆིང་ཧེའི་ Qinghai ནང་སོག་གི་ནུབ་ཕྱོགས་ས་ཁུལ་ཕྱེད་ཀ་དང་། བྱང་རྒྱ་ནག་གི་གྲོང་ཁྱེར་ཧྲན་ཤིའི་ Shaanxi དང་། ཧེའི་ནན། Henan ཧེའི་བི་ Hebei བཅས་ཀྱི་ནང་གནས་བཅའ་ནས་ཡོད། དེ་དག་ནི་བོད་དབུས་སུ་གྲངས་འབོར་ཧ་ཅང་ཆེན་པོ་གནས་སྤོས་བྱེད་མཁན་གྱི་ཁ་ཆེ་ཡིན་པ་དང་། ཁོང་ཚོར་ད་ཆ་ལྷ་སའི་ནང་གི་ཚོང་ཁང་གི་གསུམ་ཆ་གཅིག་བདག་ཡོད། ཁོང་ཚོའི་ཆོས་ཕྱོགས་དང་རིག་གཞུང་གི་བསྟི་གནས་ནི་ཀན་སུའུ་ནང་ལན་ཊའུ་གྲོང་ཁྱེར་དང་ཨ་མདོ་བླ་བྲང་དགོན་པའི་དབར་གྱི་ལིང་ཤིའི་ Lingxia ས་གནས་སུ་ཆགས་ཡོད། ཤར་ཕྱོགས་ཀྱི་ཧུའེ་ཁ་ཆེ་བ་རྣམས་གཙོ་བོ་ནང་སོག་གི་ཤར་ཕྱོགས་ས་ཁུལ་ཕྱེད་ཀའི་ནང་གནས་གཞིས་ཆགས་ཡོད།།

Top