རྗེ་བཙུན་མི་ལ་རས་པའི་ཞེན་ཆགས་མེད་པའི་མགུར།

རྗེ་བཙུན་མི་ལ་རས་པ་ལ་གཅུང་མོ་ཞིག་ཡོད་པ་དང་ཁོ་མོས་རྗེ་བཙུན་ལ་སྐུ་ཟླ་ཞིག་འཚོལ་དགོས་པ་དང་ཁྱིམ་བཟུང་ནས་བུ་ཕྲུག་སྐྱོང་དགོས་ཞེས་ཨུ་ཚུགས་བྱེད་ཀྱི་ཡོད། འོན་ཀྱང་། རྗེ་བཙུན་མི་ལ་རས་པ་ཁྱིམ་སྤངས་ནས་བླ་མ་མར་པའི་ཞབས་ལ་གཏུགས་པ་རེད། ཁོང་གི་གཅུང་མོས་བླ་མ་མར་པ་འཁྲུངས་ས་སྐྱོན་ཟིན་པ་དང་ནང་མི་ཁྱིམ་ཚང་ཡོད་པ་ཤེས་རྟོགས་བྱུང་བའི་སྐབས། ཁོ་མོས་གནས་སྟངས་དེ་ཁུངས་སུ་བྱས་ནས་མི་ལ་རས་པ་ལ་ “ཁྱེད་ཀྱིས་བླ་མས་གང་གནང་བ་ནང་བཞིན་ཅིའི་ཕྱིར་མི་བྱེད་དམ་” ཞེས་ཁོ་མོས་ཡང་ནས་ཡང་དུ་དགོས་འདུན་བསྟན་པ་རེད། དེ་ལ་ཁོང་གིས། “སེང་གེས་ང་རོ་སྒྲོག་སར་གལ་ཏེ་ཝ་མོས་ཟུག་ན། དེ་ནི་ནོར་འཁྲུལ་རེད་” ཅེས་གསུངས།

རྗེ་བཙུན་མི་ལ་རས་པ་དུས་ཕྱིས་སུ་བཟའ་མི་གཉིས་ནས་འབད་བརྩོན་གང་ཐུབ་བྱས་ཀྱང་ཕྲུ་གུ་རྩ་ནས་སྐྱེས་མ་ཐུབ་པའི་བཟའ་ཚང་ཞིག་གི་ནང་དུ་ཕེབས་སྐབས། བཟའ་མི་གཉིས་ཀྱིས་རྗེ་བཙུན་མི་ལ་རས་པ་བུ་ཚབ་ཉར་འདོད་ཡོད་ནའང་། རྗེས་བཙུན་གྱིས་དེ་ལ་ངོས་བཞེས་མ་གནང་བར། “ངོས་ནི་ཁྱེད་གཉིས་ཀྱི་བུ་ཚབ་ཏུ་སྡོད་མི་སྲིད་པ་རེད། འོན་ཀྱང་། ཁྱེད་གཉིས་ལ་དཀའ་ངལ་གང་འདུག་ང་ལ་བཤད་ན་འགྲིག་” ཅེས་གསུངས། བཟའ་མི་གཉིས་ཀྱིས་མི་ལ་རས་པར། ངེད་གཉིས་རྒས་འཁོགས་ཆགས་པའི་སྐབས་ལ་བལྟ་རྟོག་བྱེད་མཁན་སུ་གཅིག་མེད་ཅེས་ཞུས།

དེ་ལ་མི་ལ་རས་པས་དེ་ལ་དགོངས་པ་བཞེས་ཏེ་བཀའ་ལན་དུ།

“བུ་དང་བུ་མོ་གཉིས་ཐོག་མར་ཐུག་པའི་སྐབས། ཕན་ཚུན་ལྷ་ནང་བཞིན་མཛེས་ཤིང་ལྟ་ན་སྡུག་པ་མཐོང་ནས་གཅིག་གི་གདོང་པར་གཅིག་གིས་འདོད་བློ་ཚིམས་མི་ནུས་པ་ཅེར་ལྟ་བྱེད་ཀྱི་ཡོད། དུས་ཚོད་གང་འཚམས་ཤིག་གི་རིང་ཕན་ཚུན་ཤེས་རྟོགས་བྱུང་བའི་རྗེས་སུ་གཅིག་གིས་གཅིག་ལ་ལྟ་སྟངས་ངན་པ་ལྟ་འགོ་ཚུགས་པ་དང་། དེ་ནས་མི་རིང་བར་གལ་ཏེ་གཅིག་གིས་ཚིག་གཉིས་བཤད་ན། གཞན་དེས་ལན་དུ་ཚིག་གསུམ་ཤོད་ཀྱི་ཡོད། མཐར་ཕན་ཚུན་འཐབ་འཛིག་དང་འཁྲུག་རྩོད་རྒྱག་གི་ཡོད། གལ་ཏེ་གཅིག་གིས་གཞན་དེའི་སྐྲ་ལ་རེག་ན། གཞན་དེས་སྐེ་ནས་འཛིན་གྱི་རེད། དེ་ལྟར་གཅིག་དེས་གཞན་དེ་ལ་དབྱུག་པ་གཞུ་རྒྱུ་ཡིན་པའི་སྡིགས་ར་བསྐུལ་བ་དང་གཞན་དེས་ཤིང་གི་ཐུར་མ་ཞིག་བླངས་ནས་ཕར་རྡེག་གི་ཡོད་” ཅེས་དང་།

“ངའི་སློབ་མ་རས་ཆུང་པ་ལ་འདི་དང་གཅིག་པའི་ཉམས་མྱོང་ཞིག་ཡོད། རས་ཆུང་པས་བླ་མ་བཞག་པ་དང་སྡོམ་པ་དོར་ནས་བཟའ་ཟླ་ཧ་ཅང་དབང་སྒྱུར་ཚ་པོ་ཞིག་དང་མཉམ་དུ་འཁྲུངས་ས་སྐྱོན་པ་རེད། ཉིན་གཅིག་སྲང་ལམ་དཀྱིལ་དུ་ཁོང་ལ་སློང་མོ་བ་ཞིག་དང་ཕྲད་ནས། སློང་མོ་བ་དེས་ཁོང་གི་མགུལ་ལ་ཡོད་པའི་གཡུ་ཡི་མགུལ་རྒྱན་གནང་རོགས་ཞེས་ཞུ་འབོད་བྱས། རས་ཆུང་པས་གཡུ་ཡི་མགུལ་རྒྱན་དེ་སློང་མོ་བ་དེ་ལ་གནང་བ་རེད། ཡིན་ནའང་། ཁོང་ནང་དུ་འབྱོར་དུས་ཆུང་མས་གཡུ་དེ་གང་དུ་ཡོད་ཅེས་དྲིས་པས། རས་ཆུང་པས་གང་བྱུང་བ་དེ་ལྟར་ཞུས་པ་དང་ཁོ་མོ་ཧ་ཅང་ཁོང་ཁྲོ་དང་བཅས་ཐུག་པའི་སྣོད་ནས་གཟར་བུ་བླངས་ནས་རྡེག་པ་རེད། དེ་ལ་རས་ཆུང་པས། ང་ལ་མི་ཚེའི་ནང་དབང་མང་པོ་ཐོབ་མྱོང་། ཡིན་ནའང་། གཟར་བུ་རྡེག་པའི་དབང་ནམ་ཡང་ཐོབ་མྱོང་མེད། དེ་བཞིན་ངས་རྒྱན་ཆ་མང་པོ་བཏགས་མྱོང་ཡོད་ནའང་། ཐུག་པའི་རྒྱན་ནམ་ཡང་བཏགས་མྱོང་མེད་ཅེས་ལྐོག་ལབ་མཛད་པ་རེད།”

“དེའི་རྗེས་སུ་རས་ཆུང་པ་ཕེབས་ས་དེ་ལ་ངས་དབང་ཞིག་གནང་བ་ཡིན། ངས་གཡུ་ཡི་ཕྲེང་ཞགས་ཤིག་གཡབ་གཡུག་བྱས་ནས། གལ་ཏེ་ཁྱེད་རང་དབང་ཐོབ་འདོད་ཡོད་ན། ཁྱེད་ཀྱིས་འདི་སྤྲོད་དགོས་ཞེས་བརྗོད་པ་རེད། དེའི་སྐབས་རས་ཆུང་པས་གཡུ་ཡི་མགུལ་རྒྱན་དེ་བྱིན་ཚར་བ་མཁྱེན་བཞིན་དུ་དེ་ལྟར་གསུངས་པ་རེད། བཟའ་མི་གཉིས་ཕན་ཚུན་འཛིང་རེས་བྱེད་ཀྱི་ཡོད་པ་ཁྱེད་ཀྱིས་ཤེས་ཀྱི་ཡོད། དེ་གཉིས་རྒས་ནས་སོ་མེད་པ་ཆགས་དུས་གླང་དང་བ་ཕྱུགས་འདྲ་པོ་མཐོང་གི་རེད། མཐར་དེ་གཉིས་ནི་བདུད་དང་གདོན་འདྲེ་ལྟ་བུ་མཐོང་གི་ཡོད། བྱས་ཙང་། ཐུགས་རྗེ་གནང་། ཁྱེད་གཉིས་ཀྱིས་ང་བུ་ཚབ་ཉར་འདོད་བྱེད་པ་དེ་ལ་ངས་ངོས་ལེན་བྱེད་ཀྱི་མིན་” ཞེས་གསུངས་པ་རེད། 

དེ་ལྟར་ཁྱོ་ག་དེས་ཨུ་ཚུགས་དང་བཅས་མུ་མཐུད་ནས་ཁོང་དང་ཁོང་གི་ཆུང་མ་ལ་ལྟ་སྐྱོང་བྱེད་མཁན་དང་ཉེན་སྲུང་གི་རང་བཞིན་ཞིག་སྦྱིན་པའི་ཆེད་དུ་བུ་ཞིག་དགོས་སྐོར་ཞུས། “གལ་ཏེ་ཁྱེད་རང་ང་ཚོའི་བུ་ཆགས་པ་ཡིན་ན། ང་ཚོས་ཁྱེད་འཁྲུངས་ས་སྐྱོན་རྒྱུ་གྲ་སྒྲིག་བྱེད་ཀྱི་ཡིན། དེ་ལ་བརྟེན་ནས་ཁྱེད་ལའང་མ་འོངས་པར་ལྟ་སྐྱོང་བྱེད་མཁན་གྱི་བུ་ཕྲུག་ཡོང་གི་རེད་” ཅེས་ཞུས། འོན་ཀྱང་། དེ་ལ་མི་ལ་རས་པས་ངོས་བཞེས་གནང་མེད། 

“བུ་ཕྲུག་ཡོད་ན་དེ་ནི་ཧ་ཅང་ཡག་པོ་རེད། ཁྱེད་རང་ཐོག་མར་ཕྲུ་གུ་ཡོད་པའི་སྐབས། དེ་དག་ནི་ལྷའི་བུ་ལྟ་བུ་ཧ་ཅང་མཛེས་ཤིང་ལྟ་ན་སྡུག་པ་ཡོད་པ་དང་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡོང་གི་རེད། འོན་ཀྱང་། ག་ལེར་ག་ལེར་ཕྲུ་གུ་ཚོ་ནར་སོན་པའི་སྐབས། ཁོང་ཚོས་ཡོད་ཚད་ཁྱེད་ལ་དགོས་འདུན་སྟོན་ཀྱི་རེད། ཁོང་ཚོས་ཁྱེད་རྩར་ཅ་དངོས་ཤིག་བཅོལ་བ་ནང་བཞིན་རྒྱུན་ཆད་མེད་པར་བསུན་གཙེར་བྱེད་པ་དང་བུ་ལོན་དེ་འཇལ་དགོས་པའི་དྲན་གསོ་བྱེད་ཀྱི་ཡོད། མཐར་བུ་ཕྲུག་ཚོས་ཕྱི་མི་དང་། གྲོགས་པོ། དགའ་རོགས་སོགས་ཕ་མས་ལྟ་སྐྱོང་བྱེད་ཆེད་ནང་དུ་འཁྲིད་ཀྱི་རེད། དེ་ནས་ཁོང་ཚོས་ནང་དེ་དབང་སྒྱུར་བྱས་ཏེ། རིམ་པས་སོ་སོའི་ཕ་མ་ནང་ནས་ཕྱིར་འབུད་གཏོང་གི་རེད་” ཅེས་གསུངས།

“གལ་ཏེ་ཁྱེད་ཀྱིས་ཁོང་ཚོར་སྐད་ཆ་ཡག་པོ་ཞིག་དྲིས་ན། ཁོང་ཚོས་ཁྱེད་ལ་ཡ་ལན་ངན་པ་བསློག་གི་ཡོད། ཁྱེད་རང་རྒས་པའི་སྐབས། ཁོང་ཚོས་ཁྱེད་ལ་མཐོང་ཆུང་བྱེད་པ་དང་ཁྱེད་ལ་བརྟེན་ནས་ངོ་ཚ་བྱེད་ཀྱི་རེད། ཐ་ན་སོ་སོ་རང་ཉིད་ཀྱི་ཨ་མ་ལའང་ངོ་ཚ་བྱེད་ཀྱི་རེད། དེ་ནས་ཁོང་ཚོ་སྔོན་ལྟ་ན་སྡུག་པའི་ལྷའི་སྲས་ལྟ་བུ་གང་འདྲ་ཡོད་པ་ལས་རྦད་དེ་འགྱུར་བ་འགྲོ་གི་ཡོད། ཁོང་ཚོས་ཁྱེད་ལ་སེམས་ཀྱི་ཞི་བདེ་ཞིག་ནམ་ཡང་སྐྲུན་གྱི་མ་རེད་ལ། ཁྱེད་ཀྱི་དྲིན་ལན་ནམ་ཡང་འཇལ་གྱི་མ་རེད། ཁོང་ཚོས་རྟག་ཏུ་ཁྱེད་ཀྱི་འདོད་པ་ལས་ལྡོག་པའི་བྱ་སྤྱོད་སྤེལ་གྱི་རེད། དཔེར་ན། སྐྲ་ཛར་ཛོར་བཟོ་བ་དང་། གྱོན་ཆས་ཡ་མ་ཟུང་གྱོན་པ། ལྷམ་ཁྱད་མཚར་པོ་གྱོན་པ་སོགས་བྱེད་ཀྱི་རེད།” 

“གལ་ཏེ་རང་གི་བུས་དེ་ཙམ་གྱིས་དཀའ་ངལ་སྤྲོད་ཀྱི་ཡོད་ན། ང་ཚོར་བུ་མོ་ཞིག་ཡོད་ན་བསམ་གྱི་འདུག་” ཅེས་སེམས་ཤུགས་མ་ཆག་པར་ཆུང་མ་དེས་བཤད་པ་རེད། 

“ཐོག་མར་” རྗེ་བཙུན་མི་ལ་རས་པས་བཟོད་སྒོམ་ཆེན་པོའི་སྒོ་ནས་བཀའ་ལན་གནང་དོན། “བུ་མོ་ནི་བུ་ཆུང་ཆུང་ཞིག་དང་འདྲ་པོ་རེད། དེ་ནི་ཧ་ཅང་སྤྱོད་ཚུལ་བཟང་པོ་དང་ཁ་ལ་ཉན་པོ་ཡོད། ཡིན་ནའང་། དེ་དག་ཀྱང་མཐར་དབང་ཤུགས་ཅན་དང་གཅེས་འཛིན་ཅན་ཆགས་ཀྱི་ཡོད། དེ་དག་ལ་མཐའ་མེད་པའི་འདོད་པ་དང་དགོས་འདུན་ཡོད། ནང་དུ་རྒྱུ་ནོར་ལོངས་སྤྱོད་འཁྱེར་རྒྱུའི་ཚབ་ལ། ཁོང་ཚོས་ཁྱེད་ནས་དངུལ་གང་མང་མང་སློང་གི་རེད། ཁོང་ཚོས་སོ་སོའི་ཨ་ཕ་ལ་འཇམ་སླུ་བྱེད་པ་དང་ཨ་མ་ལ་སྐད་ཆ་མ་དྲིས་ནས་རྐུ་མ་རྐུ་གི་རེད། ཁོང་ཚོ་ལ་བཀའ་དྲིན་བསམ་ཤེས་རྩ་ནས་མེད་པ་རེད། ཁོང་ཚོར་གང་འདོད་པ་དེ་སྤྲོད་དགོས་པ་ནི་ཕ་མའི་ལས་འགན་ཡིན་ཤག་བྱེད་ཀྱི་ཡོད་” ཅེས་གསུངས།

“ཁོང་ཚོས་རང་གི་ཕ་མའི་སེམས་ལ་བསུན་སྣང་དང་སེམས་འཁྲལ་མཐའ་མེད་པ་བཟོ་བ་དང་། ཕྱི་ལོགས་སུ་ངན་པ་དང་མཉམ་དུ་འགྲོ་བ་དང་ནང་དུ་མཚན་ཕྱི་པོར་བསླེབ་པ། དེ་བཞིན་ཁོང་ཚོའི་ཕ་མའི་བཀའ་དྲིན་འཇལ་སྟངས་དེ་ཁོང་ཁྲོ་ཅན་གྱི་མི་དྲེད་ཅིག་དང་འདྲ་བ་ཕ་མ་ལ་གདོང་གི་རྣམ་འགྱུར་ངན་པ་སྟོན་རྒྱུ་དེ་རེད། དེ་ནས་ཁོང་ཚོ་ནང་གཞན་ཞིག་སྐྲུན་ཕྱིར་འགྲོ་བ་དང་ཕ་མའི་ནང་ནས་རྒྱུ་དངོས་གང་ཐུབ་འཁྱེར་གྱི་རེད། དེ་ལྟར་ཁོང་ཚོ་དཀའ་ངལ་དང་འཕྲད་པ་ཁོ་ནའི་དུས་སུ་ནང་དུ་ཕྱིར་ལོག་བྱེད་ཀྱི་རེད་” ཅེས་གསུངས། 

དེར་བརྟེན་མི་ལ་རས་པས། “ངས་དགོས་མེད་ཀྱི་སྡུག་བསྔལ་དེ་དག་ཐམས་ཅད་གཏན་དུ་སྤངས་ཟིན། ང་ལ་བུ་དང་བུ་མོ་གང་ཡང་མི་དགོས་” ཞེས་གསུངས།

བཟའ་མི་གཉིས་ཀྱིས་ད་དུང་ཡང་ཡིད་མ་ཆེས་པར། “འོ་ན། གྲོགས་པོ་ཡོད་ན་གང་འདྲ་ཡོད་དམ། ཁྱེད་རང་དང་བློ་ཐག་ཉེ་སའི་སྤུན་མཆེད་དང་གྲོགས་པོ་སོགས་མེད་པ་ནི་ཧ་ཅང་ཡིད་སྐྱོ་པོ་དང་ཡ་ང་པོ་རེད་” ཅེས་མུ་མཐུད་དེ་ཞུས། 

དེ་ལ་རྗེ་བཙུན་གྱིས། “ཁོང་ཚོའང་གཅིག་པ་རེད། ཁྱེད་ཀྱིས་ཁོང་ཚོའང་ཐོག་མར་ཐུག་སྐབས། འཛུམ་དམུལ་དམུལ་དང་དགའ་ཚོར་ཆེན་པོ་ཡོད་པ་དང་ཁྱེད་རང་ཧ་ཅང་སྐྱིད་པོ་ཚོར་དུ་འཇུག་གི་རེད། དེ་ནས་ཁོང་ཚོས་རང་གི་ངང་གིས་གཏམ་དང་། སྐད་ཆ། གསར་འགྱུར་བཤད་པ་དང་། ཁྱེད་རང་གང་སར་མགྲོན་འབོད་བྱས་ཏེ། སོ་སོ་རང་ཉིད་ལ་དུས་ཚོད་རྩ་ནས་མེད་པ་ཆགས་ཀྱི་རེད། ཁྱེད་རང་ནང་དུ་ལོག་ནས་ཁོང་ཚོའི་སྤུན་ཉེ་ཚང་མ་དང་ཐུག་དགོས་པ་དང་། ཁོང་ཚོས་གསར་འགྱུར་རྣམས་རང་གི་ངང་གིས་ཁྱེད་ལ་བཤད་ནས་ཁྱེད་ཀྱི་སེམས་ལ་ཞི་བདེ་རྩ་ནས་མེད་པ་བཟོ་གི་ཡོད། དེའི་རྗེས་སུ་ཁྱེད་ཀྱིས་རྔན་པ་དང་ཁ་ལག་བརྗེ་པོ་རྒྱག་པ་དང་ཕན་ཚུན་ཁ་ལག་བཟོ་རེས་བྱེད་ཀྱི་རེད། མཐར་ཁྱེད་ཀྱིས་ཕན་ཚུན་འགྲན་བསྡུར་བྱ་རྒྱུ་འགོ་བཙུག་གི་རེད། གཞན་དེས་གང་བྱས་དང་བྱེད་མུས་ཡིན་པའི་ཐད་ལ་ཕན་ཚུན་གཉིས་ཀས་ཤེས་དགོས་པ་དང་། ཕན་ཚུན་ཕྲག་དོག་སྐྱེས་ནས་འགྲན་རྩོད་འབྱུང་གི་ཡོད་” ཅེས་གསུངས།

“གལ་ཏེ་ཁྱེད་རང་གཞན་སུ་དང་མཉམ་དུ་བློ་ཐག་ཉེ་པོ་བྱས་མེད་ན། བློ་ཁ་མི་མཐུན་པའི་རིགས་བྱུང་ཡོད་ཀྱི་མ་རེད། འོན་ཀྱང་། ཁྱེད་ཀྱིས་གྲོགས་པོ་བཟོ་བའི་སྐབས། ཁྱེད་རང་ལ་བློ་ཁ་མི་མཐུན་པ་འབྱུང་རྒྱུ་ནི་ངེས་པ་རེད། མི་རྣམས་ཀྱིས་དོན་མེད་ངག་ཀྱལ་བྱེད་སྐབས། ཁོང་ཚོས་སོ་སོ་དང་ཐག་ཉེ་ཤོས་ཀྱི་སྐོར་ལ་ངག་ཀྱལ་བྱེད་ཀྱི་ཡོད། གལ་ཏེ་ཁྱེད་རང་མི་ཞིག་དང་ཐག་ཉེ་སར་སྡོད་ཀྱི་ཡོད་ན། ཁྱེད་ཀྱིས་རྟག་ཏུ་སྐྱོན་མཐོང་གི་རེད། གྲོགས་པོ་མིན་པ་རྣམས་ཀྱིས་ཁྱེད་རང་ཁེར་རྐྱང་དུ་བཞག་ནས་འགྲོ་གི་རེད། ཡིན་ནའང་། ཁྱེད་རང་ཐུག་འཕྲད་དུ་བསླེབ་མཁན་གྱི་གྲོགས་པོ་ཚོས་ཁོང་ཚོས་ཁྱེད་ལ་ཡོད་པའི་སྐྱོན་གྱི་ཆ་རྣམས་ཀྱི་སྐོར་ལ་དོན་མེད་ངག་ཀྱལ་བྱེད་ཀྱི་རེད། ང་ལ་དེ་ལྟ་བུའི་ངའི་བདེ་སྐྱིད་ཀྱི་དུས་སྐབས་ལས་ཁེ་བཟང་ལེན་འདོད་ཡོད་པ་དང་ངའི་སྡུག་བསྔལ་གྱི་དུས་སྐབས་མཉམ་སྤྱོད་བྱེད་འདོད་མེད་མཁན་གྱི་གྲོགས་པོ་དང་སྤུན་མཆེད་དེའི་རིགས་མི་དགོས་” ཞེས་གསུངས།

དེ་ལྟར་འཇིགས་ཞུམ་མེད་པའི་ཐོག་བཟའ་མི་གཉིས་ཀྱིས་སྐད་ཆ་མཐའ་མ་དེ་བཤད་པ་རེད། དེ་ཡང་། “ཁྱེད་ལ་གྲོགས་པོ་མི་དགོས་པ་དང་། བུ་ཕྲུག་མི་དགོས་པ། ཡང་ན་ནང་མི་མི་དགོས་པ་དེ་ང་ཚོས་ཤེས་ཀྱི་འདུག ཡིན་ནའང་། ང་ཚོ་ལ་རྒྱུ་ནོར་མང་པོ་ཡོད། གལ་ཏེ་ཁྱེད་རང་ང་ཚོ་དང་མཉམ་དུ་བསྡད་ན། ང་ཚོ་ཤི་བའི་སྐབས། རྒྱུ་ནོར་དེ་དག་ཐམས་ཅད་ཁྱེད་ལ་དག་གི་རེད་” ཅེས་ཞུས་པ་རེད།

དེ་ལ་རྗེ་བཙུན་མི་ལ་རས་པ་དབུ་གཡུག་ཙམ་གནང་སྟེ། “རྒྱུ་ནོར་དེ་དག་ཀྱང་བེད་མེད་རེད། ངས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་དམིགས་ཡུལ་དེ་ཁྱེད་གཉིས་ཀྱིས་འབུལ་བའི་རྒྱུ་ནོར་གྱི་ཆེད་དུ་བློས་གཏོང་བྱེད་ཀྱི་མིན་” ཞེས་གསུངས།

“རྒྱུ་ནོར་ནི་རྟག་པ་དང་ཡུན་དུ་གནས་པ་ཞིག་མིན། རྒྱུ་ནོར་ལ་འདོད་ཆགས་བྱེད་པ་ནི་ཚྭ་ཆུ་འཐུང་བ་དང་འདྲ་སྟེ། ཁྱེད་ལ་འདང་ངེས་ཤིག་དང་འདོད་བློ་ཁེངས་པ་ཞིག་ནམ་ཡང་མེད། ཇི་ཙམ་ཁྱེད་ལ་མང་བ་ཡོད་པ་དེའི་ཚོད་ཀྱིས་མང་བ་དགོས་འདོད་བྱེད་ཀྱི་རེད། རྒྱུ་ནོར་ཐོག་མར་ཁྱེད་ཀྱིས་གསོག་པའི་སྐབས། ཁྱེད་ལ་བདེ་སྐྱིད་སྦྱིན་པ་དང་གཞན་རྣམས་ཕྲག་དོག་སྐྱེ་འཇུག་གི་ཡོད། ཕྱིས་སུ་ཁྱེད་ལ་རྒྱུ་ནོར་མང་དུ་འགྲོ་བ་དང་བསྟུན་ཁྱེད་རང་སེར་སྣ་ཆེ་རུ་འགྲོ་བ་དང་དེ་གཞན་དང་མཉམ་སྤྱོད་བྱེད་འདོད་མེད་པ་ཆགས་ཀྱི་རེད། སོ་སོ་རང་ཉིད་ཀྱིས་བསགས་པའི་རྒྱུ་ནོར་ལ་དགྲ་བོས་ཡིད་དབང་འཕྲོག་གི་ཡོད། ནང་མི་དང་གྲོགས་པོ་ཚང་མ་འཚང་ཀ་ཤིག་ཤིག་ཁྱེད་རྩ་ནས་གཅིག་རག་ཐབས་བྱེད་པ་དང་དེ་དག་ཁྱེད་ཀྱི་དགྲ་བོ་ཆགས་ཀྱི་ཡོད། གང་ཡིན་ཞེ་ན། ཁོང་ཚོ་ནི་ཁྱེད་ལ་ཧ་ཅང་ཕྲག་དོག་བྱེད་ཀྱི་ཡོད་” ཅེས་གསུངས།

“མཐར་ཁྱེད་རང་རྒས་པའི་སྐབས། ཁྱེད་ཀྱིས་བསགས་པའི་རྒྱུ་ནོར་ལོངས་སྤྱོད་ཐམས་ཅད་གཞན་གྱིས་བེད་སྤྱོད་བྱས་ནས་རྫོགས་གཏོང་གི་ཡོད། མི་རྣམས་ཁོང་ཚོའི་རྒྱུ་ནོར་གྱི་ཆེད་དུ་རྐུ་མའི་ལག་ནས་རང་སྲོག་ཤོར་གྱི་ཡོད། ཁྱེད་ཀྱི་རྒྱུ་ནོར་གྱིས་ཁྱེད་རང་གསོད་སྲིད། རྒྱུ་ནོར་གསོག་པ་ནི་ངན་སོང་དུ་འགྲོ་བའི་ཐེམ་སྐས་ལྟ་བུ་རེད། བྱས་ཙང་། ཐུགས་རྗེ་ཆེ་ཞུ། ཁྱེད་གཉིས་ཀྱིས་གཏོང་ཕོད་དང་བཅས་རྒྱུ་ནོར་འབུལ་བ་དེ་ངས་ངོས་ལེན་བྱེད་ངེས་མ་རེད། དེ་ནི་བདུད་ཀྱི་རྩེད་མོ་ནང་བཞིན་སླུ་བྲིད་ཅིག་རེད། འོན་ཀྱང་། ང་ཚོ་ཕན་ཚུན་ཐུག་པ་དེ་ཕན་ཐོགས་ཅན་ཞིག་ཆགས་སོང་། དེ་ནས་མ་འོངས་པར་ངས་ཁྱེད་གཉིས་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་རོགས་བྱེད་ངེས་ཡིན། ཁྱེད་གཉིས་ང་ལ་འབུལ་བ་ཧ་ཅང་མང་པོ་ཕུལ་བ་སོང་ཙང་། ངས་སྨོན་ལམ་འདེབས་ཀྱི་ཡིན་” ཞེས་གསུངས། 

མཐར་བཟའ་མི་གཉིས་པོ་དེ་དག་ཐམས་ཅད་ཀྱི་ཉེས་སྐྱོན་ལ་ཡིད་ཆེས་རྙེད་པ་དང་རྗེ་བཙུན་མི་ལ་རས་པར་དད་མོས་ཅན་ཆགས་ནས་རང་གི་རྒྱུ་ནོར་གྱིས་མཆོད་པར་ཕུལ་བ་རེད། དེ་གཉིས་ལ་རྗེ་བཙུན་མི་ལ་རས་པའི་མདུན་ནས་ཆོས་མང་པོ་ཞུས་པ་དང་མཐར་ཐུག་བཟའ་མི་གཉིས་མ་ཤི་གོང་ལ་ཡིད་ཆེས་དང་ནང་གི་རྟོགས་པའི་གདེང་ཐོབ་པ་རེད། 

དེ་དག་ནི་རྗེ་བཙུན་མི་ལ་རས་པས་བུ་ཕྲུག་དང་། གྲོགས་པོ། སྤུན་མཆེད། རྒྱུ་ནོར་བཅས་ལ་ཆགས་ཞེན་མེད་པའི་སྐོར་གྱི་ཆོས་ཚུལ་གསུངས་པ་རྣམས་ཡིན་པ་དང་ཆོས་ལ་བརྟེན་ནས་བདེ་བའི་ངང་གནས་རྒྱུ་བཅས་རེད།།

Top