ཆགས་བྲལ་དང་། འཚེ་བ་མེད་པ། སྙིང་རྗེ།

ཆགས་བྲལ་གྱི་དོན་གང་ཡིན་ནམ།

ནང་པའི་ཆགས་བྲལ་ཞེས་པའི་དོན་དང་རྒྱུན་དུ་དབྱིན་སྐད་དུ Detachement ཞེས་པའི་ཐ་སྙད་ཀྱི་དོན་གཉིས་ཅུང་མི་འདྲ་བ་ཡོད། ནང་ཆོས་ནང་གི་ཆགས་བྲལ་ཞེས་པ་ནི་ངེས་འབྱུང་དང་འབྲེལ་ནས་ཡོད་ཅིང་། ངེས་འབྱུང་ཞེས་པའི་ཚིག་འདིའང་དབྱིན་སྐད་དུ་ Renunciation ཞེས་བསྒྱུར་ཡོད་པས་གོ་ནོར་ཐེབས་ཉེན་ཞིག་ཡོད། གང་ཡིན་ཟེར་ན། དབྱིན་སྐད་དུ་ཚིག་དེས་ང་ཚོས་ཚང་མ་བློས་གཏོང་བྱས་ཏེ་བྲག་ཕུག་ཅིག་གི་ནང་སྡོད་དགོས་པ་སྟོན་གྱི་ཡོད། ཚང་མ་བློས་གཏོང་བྱས་ཏེ་བྲག་ཕུག་ཅིག་གི་ནང་བཞུགས་མཁན་དེ་སྔ་རྗེ་བཙུན་མི་རས་པ་ལྟ་བུའི་དཔེ་མཚོན་ཡོད་ནའང་། ཁོང་རྣམ་ཀྱིས་གང་མཛད་པ་ནི་ཐ་སྙད་ཀྱི་གོ་བ་གཞན་ཞིག་གི་ཐོག་ནས་ཡིན་པ་ལས་ཨིན་སྐད་དུ་ Renunciation དང་ Detachement ཞེས་བསྒྱུར་བ་ལྟར་མ་ཡིན། ངེས་འབྱུང་ལ་ཨིན་སྐད་དུ་རི་ནན་སི་ཨེ་ཤུན་ Renunciation ཞེས་བསྒྱུར་བའི་ཚིག་གི་དོན་ངོ་མ་ནི། ཐར་འདོད་ཀྱི་བློའམ་ཆོད་སེམས་ཤིག་ལ་གོ་བ་ཡིན། ང་ཚོར་ཆོད་སེམས་བརྟན་པོ་ཞིག་ཡོད་པ་ནི། “རང་སོ་སོའི་དཀའ་ངལ་དང་སྡུག་བསྔལ་ལས་ཐར་བར་བྱེད་དགོས་ཀྱི་འདུག །དམིགས་ཡུལ་དེའི་ཐད་སོ་སོའི་སེམས་གཡོ་བ་མེད་པ་དང་བརྟན་པོ་ཞིག་དགོས་ཀྱི་འདུག” །ཅེས་པ་དེ་ཡིན། ང་ཚོས་རང་གཅེས་འཛིན་གྱི་བློ་དེ་སྤོང་འདོད་བྱེད་ཀྱི་ཡོད། གང་ཡིན་ཟེར་ན། རང་གཅེས་འཛིན་ལ་བརྟེན་ནས་བྱུང་བའི་དཀའ་ངལ་ཡོངས་རྫོགས་ལས་ཐར་འདོད་ཀྱི་ཆོད་སེམས་བརྟན་པོ་ཡོད་པ་རེད། དེ་ཟེར་དུས་སོ་སོའི་སྡོད་སའི་ཁང་པ་སྐྱིད་པོ་དེ་དང་ལོངས་སུ་སྤྱོད་པའི་རྒྱུ་དངོས་ཐམས་ཅད་བློས་གཏོང་དགོས་ཟེར་བའི་དོན་མ་ཡིན། དེ་ལས་ལྡོག་སྟེ། དངོས་པོ་དེ་དག་དང་འབྲེལ་བའི་ང་ཚོར་ཡོད་པའི་དཀའ་ངལ་རྣམས་སྤོང་ཐབས་བྱེད་ཀྱི་ཡོད། དེ་ལྟར་ཐུབ་ན་ཆགས་བྲལ་ཞེས་པ་ཡོང་གི་ཡོད།

ཆགས་པ་དང་བྲལ་བ་ཞེས་པ་ནི་ང་ཚོས་དངོས་པོ་གང་ཡང་ལོངས་སྤྱོད་མི་ཐུབ་པའམ་གང་ཟག་སུ་གང་དང་ཡང་འགྲོགས་འདྲིས་མི་ཆོག་པའི་དོན་སྟོན་གྱི་མེད། དེ་ལས་སྡོག་སྟེ། དངོས་པོ་དང་གང་ཟག་གང་ཞིག་ལ་ཆགས་ཞེན་ཤུགས་དྲག་པོ་སྐྱེས་པ་དེས་ང་ཚོར་དཀའ་ངལ་བཟོ་གི་ཡོད། ང་ཚོས་དངོས་པ་དེ་དང་གང་ཟག་དེར་བརྟེན་ནས་སེམས་ནང་། “གལ་སྲིད་དངོས་པོ་དེའམ་གང་ཟག་དེ་མེད་པ་ཆགས་ན། ང་ཧ་ཅང་ཁ་ཐབས་སྐྱོ་པོ་ཆགས་ངེས་རེད།” ཅེས་བསམ་གྱི་ཡོད། ཆགས་བྲལ་ཞེས་པའི་དོན་ནི། “ཅི་སྟེ་ང་ལ་རང་གིས་འདོད་པའི་ཟས་ཤིག་ཐོབ་ན་ཧ་ཅང་ཡག་པོ་རེད། གལ་ཏེ་མ་ཐོབ་ནའང་། སྐྱོན་མེད། དེ་ནི་རེ་བ་ཆ་ཚང་ཟད་པ་མ་རེད། ད་དུང་གོ་སྐབས་ཡོད།” ཅེས་བསམས་ནས། ཆགས་པ་དང་ཞེན་པ་གང་ཡང་ཡོང་གི་མེད།

དེང་དུས་ཀྱི་སེམས་ཁམས་རིག་པའི་ནང་། ཆགས་ཞེན་ Attachement ཞེས་པའི་ཐ་སྙད་ལ་སྐབས་དོན་འགའ་ཞིག་ཏུ་བཟང་ཕྱོགས་ཀྱི་བསྟན་དོན་ཡོད་དེ། ཕ་མ་དང་བུ་ཕྲུག་དབར་ཡོད་པའི་འབྲེལ་བར་གོ་བ་ཡིན། སེམས་ཁམས་རིག་པ་སྨྲ་བ་ཚོས། གལ་ཏེ་ཕྲུ་གུ་ཞིག་ལ་རང་གི་ཕ་མར་དང་ཐོག་ནས་ཆགས་ཞེན་མེད་ན། ཕྲུ་གུའི་འཚར་ལོངས་ཀྱི་རྒྱུད་རིམ་ནང་དཀའ་ངལ་འཕྲད་རྒྱུ་ཡིན་སྐོར་བརྗོད་ཀྱི་ཡོད། བསྐྱར་དུ་ཆགས་ཞེན་ཞེས་པའི་ནང་པའི་བརྡ་ཆད་འདིར་དབྱིན་ཇིའི་སྐད་དོད་ཏག་ཏག་ཅིག་རྙེད་རྒྱུ་དཀའ་ངལ་ཞིག་ཆགས་ཡོད། ནང་པའི་ཆོས་ཀྱིས་ང་ཚོས་ཆགས་བྲལ་གོང་མཐོར་གཏོང་དགོས་ཞེས་གསུང་པའི་སྐབས། ཕ་མ་དང་བུ་ཕྲུག་དབར་གྱི་འབྲེལ་བ་དེ་གོང་མཐོར་གཏོང་མི་ཉན་ཞེས་བརྗོད་ཀྱི་མེད། ཆགས་བྲལ་ཞེས་པའི་དོན་ནི། ང་ཚོས་དངོས་པོ་ཞིག་གམ་གང་ཟག་ཅིག་ལ་ཡོངས་སུ་ཆགས་པ་དང་ཞེན་པ་སྐྱེས་ཏེ་དེའི་གཞན་དབང་དུ་འགྲོ་མི་ཉན་པ་ལ་གོ་དགོས།

ཆགས་པ་དང་བྲལ་བའི་ལས་དང་བཟང་སྤྱོད་ཀྱི་ཆ་ནས་དགེ་བའི་ལས་གཉིས་ཀྱི་དབར་ཁྱད་པར་ཞིག་ཡོད་དམ།

དེའི་སྐོར་མ་བཤད་གོང་། ཞོར་ལ་ངས་དགེ་བ་ལ་ཨིན་སྐད་དུ་ Virtuous ཞེས་པའི་ཚབ་ཏུ་ཕན་བྱེད་དམ་ཕན་ཐོགས་ཅན་ Constructive ཞེས་པའི་ཐ་སྙད་འདི་དགའ་འདེམས་བྱེད་ཀྱི་ཡོད། ཨིན་སྐད་ནང་གི་ Virtuous དང་ Non-virtuous ཞེས་པའི་ཐ་སྙད་ཀྱིས་ཀུན་སྤྱོད་ལེགས་ཉེས་ཀྱི་དཔྱད་ཁྲ་ཞིག་སྟོན་གྱི་ཡོད། དེ་ནི་ནང་ཆོས་ནས་བཤད་པའི་གོ་དོན་གང་ཡིན་པ་དེ་ཆགས་ཀྱི་མེད། དེར་ཀུན་སྤྱོད་ལེགས་ཉེས་ཀྱི་དཔྱད་ཁྲ་མེད་པ་མ་ཟད། ལེགས་སོའི་བྱ་དགའ་དང་ཉེས་ཆད་གང་ཡང་མེད། དེ་ལས་ལྡོག་སྟེ། ལས་འགའ་ཞིག་ཕན་ཐོགས་ཅན་དང་འགའ་ཞིག་གནོད་གཞི་ཅན་དེ་འདྲ་ཡིན་པར་འདོད། དཔེར་ན། གལ་ཏེ་མི་ཞིག་གིས་གཞན་ལ་མེ་གདའ་བརྒྱབ་ན། དེ་ནི་གནོད་བྱེད་མི་དགེ་བའི་ལས་རེད། གལ་ཏེ་མི་ཞིག་གིས་ནང་མི་གཞན་ཞིག་བརྡུངས་ན། དེའང་གནོད་བྱེད་མི་དགེ་བའི་ལས་རེད། མི་ཚང་མས་དེ་ཁས་ལེན་བྱེད་ཀྱི་ཡོད། དེའི་ནང་ཀུན་སྤྱོད་ལེགས་ཉེས་ཀྱི་དཔྱད་ཁྲ་གང་ཡང་གཏོགས་མེད། གལ་ཏེ་ང་ཚོས་གཞན་ལ་ཕན་ཐོགས་པོ་དང་སེམས་བཟང་བྱས་ན། དེ་ནི་ཕན་ཐོགས་ཧ་ཅང་ཆེན་པོའམ་ཕན་བྱེད་དགེ་བའི་ལས་ཤིག་ཡིན།

ང་ཚོས་གཞན་ལ་རོགས་རམ་བྱེད་སྐབས། ང་ཚོས་ཆགས་ཞེན་ཡོད་པའི་ཐོག་ནས་བྱེད་ཐུབ་ལ་ཆགས་པ་དང་བྲལ་བའི་སྒོ་ནས་ཀྱང་བྱེད་ཐུབ། ཆགས་ཞེན་དང་བཅས་ཏེ་གཞན་ལ་རོགས་རམ་བྱེད་པ་ནི། དཔེར་ན། “ངས་ཁྱོད་ལ་རོགས་པ་བྱེད་ཀྱི་ཡིན། རྒྱུ་མཚན་ནི་ཁྱོད་ཀྱིས་ང་ལ་དགའ་པོ་བྱེད་དགོས།” ཞེས་པ་ལྟ་བུར་འགྱུར་ངེས་ཡིན། ང་ཚོས་རོགས་རམ་བྱེད་པའི་ལས་དེ་བཟང་པོ་དང་དགེ་བའི་ལས་ཤིག་རེད། འོན་ཀྱང་ཀུན་སློང་ནི་ཡག་པོ་མ་རེད་ཅེས་བརྗོད་ངེས་རེད།

ལས་ཀྱི་སྐོར་གོ་སྡུར་བྱེད་པའི་ནང་། ང་ཚོས་ལས་དང་ཀུན་སློང་བར་ཁྱད་པར་འབྱེད་ཀྱི་ཡོད། ང་ཚོས་ཀུན་སློང་ཐེབས་ཆག་ཅིག་ཁྱེར་ནས་ལས་བཟང་པོ་དེ་འདྲ་བྱེད་ཐུབ། ལས་བཟང་པོས་བདེ་བ་སྦྱིན་པ་དང་ཀུན་སློང་ཐེབས་ཆག་དེས་སྡུག་བསྔལ་བཟོ་གི་ཡོད། དེའི་ལྡོག་ཕྱོགས་ཀྱང་གཅིག་མཚུངས་ཡིན། གལ་ཏེ་ལས་མི་དགེ་བ་ཡིན་ན། ང་ཚོས་སོ་སོའི་ཕྲུ་གུ་ལ་གཞུས་པ་ན། ཕྲུ་གུ་དེར་ཕན་ན་བསམ་པ་དང་སྲུང་སྐྱོབ་བྱ་རྒྱུའི་ཆེད་དུ་ཡིན་པས་ཀུན་སློང་དགེ་བ་ཡིན། དཔེར་ན། ང་ཚོའི་ཕྲུ་གུ་གཅིག་རྒྱ་ལམ་སྟེང་རྒྱུག་འགྲོ་གི་འདུག་ན། ང་ཚོས་འཇམ་པོའི་ཐོག་མ་འགྲོ་ཞེས་བརྗོད་སྐབས། ཕྲུ་གུ་དེས་ཉན་འཇོག་མ་བྱས་ན། དེ་དུས་ང་ཚོས་ཕྲུ་གུ་དེ་ཚུར་བཟུང་ནས་རྐུབ་ལ་སྨྱུག་ལྕག་ཅིག་གཞུས་ན། ཕྲུ་གུས་འཁོན་འཛིན་བྱས་ཏེ་ངུ་གི་ཡོད། དེར་བརྟེན་དེ་འདྲའི་ལས་ལ་མི་དགེ་བའི་འབྲས་བུ་ཕྲན་ཙམ་ལས་མེད། དེ་ལྟ་ནའང་ཀུན་སློང་བཟང་པོ་ཡིན་པས་མི་དགེ་བའི་འབྲས་བུ་ལས་དགེ་བའི་འབྲས་བུ་རྦད་དེ་སྟོབས་ཆེ་བ་ཡོད། གང་ཡིན་ཟེར་ན། ཕྲུ་གུ་དེ་བསྐྱབས་པ་རེད། གཞན་ཡང་ཕྲུ་གུས་རང་ཉིད་ལ་སེམས་འཁུར་དང་གཅེས་སྐྱོང་བྱེད་ཀྱི་འདུག་བསམས་ནས་ང་ཚོའི་བྱ་སྤྱོད་ལ་རྗེས་སུ་ཡི་རང་བྱེད་ཀྱི་ཡོད།

ཕན་ཐོགས་ཅན་གྱི་དགེ་བའི་ལས་ལའང་དེ་དང་གཅིག་མཚུངས་རེད། དེ་ནི་ཆགས་པ་དང་བྲལ་བས་ཀུན་ནས་བསླངས་པ་ཞིག་ཡིན་ཞིང་། རྒྱུན་དུ་ཕན་ཐོགས་ཆེ་བ་ཡོད། འོན་ཀྱང་དེ་ཆགས་ཞེན་གྱི་སྒོ་ནས་བྱ་སྤྱོད་སྤེལ་བའང་སྲིད་པ་ཡིན།

སྙིང་རྗེ་ཟེར་བ་དེ་རྟག་ཏུ་ཧུར་བརྩོན་དང་མི་ལྡན་པ་ཞིག་དང་ཅི་འདོད་ལྟར་བྱེད་དགོས་པ་སྟོན་གྱི་ཡོད་དམ། ཡང་ན་སྐབས་རེ་ཐབས་ལམ་དྲག་ཤུལ་ཅན་སྤེལ་ཆོག་པ་སྟོན་གྱི་ཡོད་དམ།

སྙིང་རྗེ་དེ་གླེན་པའི་སྙིང་རྗེ་ཞིག་མ་ཆགས་པ་བྱེད་དགོས། དེའང་གཞན་གྱི་གང་འདོད་ལྟར་རང་ལ་ཡོད་པ་ཚང་མ་སྤྲོད་པར་ཟེར་གྱི་མེད། ཅི་སྟེ་ར་བཟི་བ་ཞིག་གིས་ཨ་རག་དགོས་འདོད་བྱེད་པའམ་མི་གསོད་ལག་དམར་བ་ཞིག་གིས་མེ་མདའ་དགོས་འདོད་བྱེད་སྐབས་ང་ཚོས་དེ་དེ་བཞིན་འདོད་པ་བསྐངས་ན་སྙིང་རྗེ་མ་ཡིན། ང་ཚོའི་སྙིང་རྗེ་དང་སྦྱིན་པ་གཉིས་ངེས་པར་དུ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དང་ཟུང་དུ་འབྲེལ་དགོས།

སྐབས་རེ་ཕྲུ་གུར་ལམ་སྟོན་བྱེད་པའམ་གནས་ཚུལ་ཡ་ང་བ་ཞིག་འབྱུང་ལ་ཉེ་ན། དྲག་ཤུལ་ཅན་གྱི་ཐབས་ལམ་དེ་འདྲའང་དགོས་གལ་ཆགས་ཡོད། གོ་སྐབས་ག་དུས་བྱུང་ནའང་ཉེན་ཁ་ཅན་གྱི་གནས་སྟངས་ཐབས་རྡུགས་དེ་འདྲ་འགོག་ཐབས་དང་བཅོས་ཐབས་སུ་འཚེ་བ་མེད་པའི་སྤྱོད་ཚུལ་གྱི་སྒོ་ནས་བྱ་བ་རྩོམ་རྒྱུ་དེ་ཡག་ག་ཡོད། འོན་ཏེ་ཐབས་ཤེས་གང་ཡོད་ཀྱིས་འབད་བརྩོན་བྱས་ཀྱང་དཀའ་ངལ་སེལ་མ་ཐུབ་པར། ཉེན་ཁ་ལས་བཟློག་པའི་ཐབས་ཤེས་གཅིག་རང་ཡོད་པ་ནི་དྲག་ཤུལ་དང་བཅས་ཏེ་བྱ་བ་རྩོམ་དགོས་ཀྱི་ཡོད་ན། གལ་ཏེ་ང་ཚོས་དྲག་པོའི་ཐབས་ལམ་དེ་ལག་བསྟར་མ་བྱས་ན། རོགས་བྱེད་འདོད་ཀྱི་འདུན་པ་མེད་པར་བརྩི་བ་ཡིན་པས། དེ་ལྟར་ལག་བསྟར་བྱེད་དགོས། གང་ལྟར་ཡང་། གཞན་ལ་གནོད་པ་ཚབས་ཆེན་མི་ཡོང་བའི་ཐོག་ནས་ལས་རྩོམ་དགོས་པ་ཡིན།

༸གོང་ས་མཆོག་ལ་བཅར་འདྲི་ཞིག་གི་སྐབས་དྲི་བ་གཅིག་མཚུངས་ཤིག་ཞུས་པ་དང་ཁོང་གིས་དེ་ལ་དཔེ་ཞིག་གསུངས་པ་ནི། མི་ཞིག་གིས་ཉེན་ཁ་ཤིན་ཏུ་ཆེ་བ་དང་ཧ་ཅང་དཀའ་ངལ་ཁག་པའི་གཙང་ཆུ་ཞིག་རྐྱལ་རྒྱག་ནས་ཕ་རོལ་བརྒལ་བར་འགྲོ་གི་ཡོད། སྐབས་དེར་མི་གཉིས་ཉེ་འགྲམ་ནས་བལྟས་བསྡད་པ་དང་གལ་སྲིད་མི་དེ་ཆུའི་ནང་འཛུལ་ན་ཆུས་འཁྱེར་རྒྱུ་ཡིན་པ་ཤེས་ཀྱི་ཡོད། གཅིག་གིས་ངང་རྒྱུད་རིང་པོས་བལྟས་བསྡད་པ་ལས་གང་ཡང་མ་བྱས་པར། ཁོའི་བསམ་པར་འཚེ་བའི་ལས་ལས་གཡོལ་དགོས་པས་དེ་ལས་བྱུས་གཏོགས་མ་བྱས་ན་ལེགས་སྙམ། མི་གཞན་དེས་སྐད་ཆེན་པོ་བརྒྱབ་སྟེ་ཆུའི་ནང་འགྲོ་མཁན་དེར་ཆུ་ཤུགས་ཉེན་ཁ་ཆེ་བས་མ་འགྲོ་ཞེས་ཁ་ཏ་བྱས། འོན་ཀྱང་ཆུའི་ནང་གི་མི་དེས། “ག་རེ་བཤད་ན་ཤོད། གང་ལྟར་ང་ནི་རྐྱལ་རྒྱག་ནས་འགྲོ་ཡག་ཡིན།” ཞེས་བརྗོད་པ་རེད། ཁོ་གཉིས་ཁ་རྩོད་ཤོར་བ་དང་མཐར་ཆུའི་ནང་གི་མི་དེས་རང་སྲོག་རང་གིས་མི་གཅོད་པའི་སླད། ཆུ་ཁའི་མི་དེས་ཁོ་པར་གཅིག་གཞུས་པ་དང་དྲན་མེད་དུ་བརྒྱལ་བ་རེད། གནས་སྟངས་དེའི་སྐབས། ཆུ་ཁར་གང་ཡང་མ་བྱས་པར་བསྡད་མཁན་མི་དེས་དོན་དངོས་སུ་འཚེ་བའི་ལས་གསོག་པ་པོ་ཆགས་ཡོད། འཚེ་བ་དང་བྲལ་བའི་མི་དེ་ནི་དྲག་ཤུལ་ཅན་གྱི་ཐབས་ལམ་བེད་སྤྱད་དེ་ཆུའི་ནང་གི་མི་དེ་དངོས་སུ་སྲོག་སྐྱོབ་མཁན་དེ་ཡིན་ཞེས་གསུངས་སོ།།

བརྙན་པར། རོ་བྷི་ན་ ཁར་ཊཱིན། “ནང་ཆོས་ཧུར་བརྩོན་དང་མི་ལྡན་པ་རེད་དམ།” 
Top