བོད་སྨན། གཞིའི་རྣམ་གཞག

ངོ་སྤྲོད་དང་ལོ་རྒྱུས།

ང་ཚོས་འགོ་མ་བཙུགས་གོང་ལ་ངས་ཞུ་དགོས་པ་ཞིག་ནི། ང་རང་ཨེམ་རྗེའམ་སྨན་པ་ཞིག་མིན་པ་སོང་ཙང་། ཁྱེད་ཀྱི་ནད་རིགས་འདྲ་མིན་གྱི་སྐོར་དེ་ང་ལ་མ་འདྲི་རོགས་གནང་ཞུ། ངས་བོད་སྨན་སྐོར་ཏོག་ཙམ་སྦྱངས་མྱོང་ཡོད་པ་དང་ལོ་མང་རིང་བོད་སྨན་བསྟེན་པ་ཡིན། དེར་བརྟེན་ངས་བོད་སྨན་གྱི་རྩ་བའི་རྣམ་གཞག་ཙམ་གྱི་སྐོར་ལ་འགྲེལ་བརྗོད་བྱེད་ཐུབ། 

བོད་སྨན་ལ་ལོ་རྒྱུས་རིང་པོ་ཞིག་ཡོད། བོད་རང་གི་ནང་སྔ་མོ་ནས་ས་སྐྱེས་རྡོ་སྐྱེས་སུ་ཡོད་པའི་སྲོལ་རྒྱུན་སྨན་ཞིག་ཡོད། དུས་རབས་བདུན་པའི་ནང་བོད་བཙན་པོའི་རྒྱལ་རྒྱུད་ཆགས་པ་ལ་བརྟེན་ནས་རྒྱལ་པོ་དེ་དག་གིས་རྒྱ་གར་དང་རྒྱ་ནག་ནས་སྨན་པ་གདན་དྲངས་པ་དང་། དེ་ག་ནང་བཞིན་དབུས་ཨེ་ཤི་ཡའི་པར་སིག་གམ་ཏ་ཟིག་དང་རོམ་གྱི་ས་ཁུལ་ཁག་ནས་ཀྱང་སྨན་པ་གདན་དྲངས་ཡོད། དུས་ཕྱིས་ཀྱི་དུས་རབས་བརྒྱད་པའི་མཇུག་ཏུ་ས་ཁུལ་དེ་དག་ནས་སྨན་པ་སྔར་ལས་མང་བ་གདན་འདྲེན་ཞུས་ཡོད། དེའི་ཚེ་ན་སངས་རྒྱས་ཀྱིས་སྨན་གྱི་སྐོར་གསུང་པའི་ཆོས་རྣམས་ཀྱང་རྒྱ་གར་ནས་བོད་དུ་དར་སྤེལ་བྱུང་། འདི་དང་སློན་དཔོན་ཆེན་པོ་པདྨ་འབྱུང་གནས་བོད་དུ་བྱོན་པ་དང་སྔ་འགྱུར་རྙིང་མའི་ཆོས་བོད་དུ་དར་བ་བཅས་དུས་མཉམ་དུ་བྱུང་བ་རེད།

དེའི་དུས་སུ་བོད་དུ་ནང་ཆོས་གང་འདྲ་ཞིག་དང་སྨན་གང་འདྲ་ཞིག་རང་ལུགས་སུ་བསྟེན་དགོས་པའི་ཐད་ལ་རྩོད་གླེང་ཆེན་པོ་ཞིག་བྱུང་ཡོད། རྒྱུ་མཚན་གཉིས་ཀར་བརྩི་བའི་སྒོ་ནས་རྒྱ་གར་གྱི་ནང་པའི་ལམ་ལུགས་དེ་རྒྱལ་ཁ་ཐོབ་པ་རེད། དེའི་སྐོར་ང་ཚོས་རྒྱས་བཤད་བྱེད་ཀྱི་མིན། དེའི་ཚེ་ན་བོད་ཀྱི་སྨན་པ་ཆེན་པོ་ཞིག་ཡོད་པ་དེས་དབུས་ཨེ་ཤི་ཡའི་ནང་ཡོད་མུས་ཀྱི་རྒྱ་ནག་དང་གྷི་རིག་སྨན་གྱི་རྣམ་པ་འགའ་ཞིག་གཞི་རྩའི་རྒྱ་གར་ནང་ཆོས་ཀྱི་སྨན་གྱི་ནང་དུ་མཉམ་སྡེབ་བྱས་པ་རེད། དཀའ་ངལ་གྱི་རྐྱེན་པས་དེའི་སྐབས་སུ་ནང་པའི་དཔེ་ཆ་མང་པོ་སྦས་པ་ནང་བཞིན་སྨན་གྱི་དཔེ་ཆ་དེ་དག་ཀྱང་སྦས་པ་རེད། དེ་དག་དུས་རབས་བཅུ་གཉིས་པའི་ནང་སླར་ཡང་གཏེར་ལས་བཏོན་པ་དང་དེ་དག་ཅུང་ཟད་བསྐྱར་བཅོས་བྱས་པ་དང་དེང་རབས་ཅན་དུ་བསྒྱུར་བ་རེད། བསྐྱར་ཞིབ་དེ་དག་ལས་ད་ལྟའི་བོད་སྨན་ནམ་གསོ་བ་རིག་པའི་ལམ་ལུགས་འདི་བྱུང་བ་རེད། 

བོད་སྨན་འདི་བཞིན་བོད་ནས་སོག་པོ་དང་། རྒྱ་ནག་བྱང་རྒྱུད། ས་ཡེ་བྷེ་རི་ཡ། དབུས་ཨེ་ཤི་ཡའི་ས་ཁུལ་མང་པོའི་ནང་དར་ཁྱབ་བྱུང་ཞིང་། མཐར་ཁེས྄་པི་ཡེན་མཚོ་གླིང་ཆེན་མོའི་ (Caspian Sea) བར་དུ་དར་ཁྱབ་བྱུང་ཡོད། བོད་ཀྱི་སྨན་དང་དེ་ག་ནང་བཞིན་བོད་ཀྱི་རིག་གཞུང་ཀྱི་རྣམ་པ་མང་པོ་ཞིག་ནི་དུས་རབས་བར་མའི་ཡུ་རོབ་ཀྱི་ལེ་ཊིན་རིག་གཞུང་དང་རིགས་འདྲ་ངེས་སུ་ཆགས་པ་རེད། དེའི་ཤུགས་རྐྱེན་ནི་ཁེས྄་པི་ཡེན་མཚོ་གླིང་ཆེན་མོ་ནས་ཞི་བའི་རྒྱ་མཚོའི་ (Pacific Ocean) བར་དུ་དང་། ས་ཡེ་བྷེ་རི་ཡ་ (Siberia) ནས་ཧི་མ་ལ་ཡའི་བར་དུ་དར་ཁྱབ་བྱུང་། དེ་ནི་སྲིད་པའི་དཔལ་ཡོན་ཆེ་གྲས་ཤིག་ཏུ་གྱུར། ད་ང་ཚོས་བོད་ཀྱི་སྨན་དཔྱད་དམ་གསོ་བ་རིག་པའི་ལུགས་རང་གི་སྐོར་ལ་ཤོད་ཀྱི་ཡིན།

Top