དྲི་བ། ཁྱེད་ཀྱིས་ནད་གསོ་ཐབས་ཀྱི་ཆོ་ག་ཕྱག་ལེན་སྐོར་ཉུང་ངུ་ཞིག་གསུང་རོགས་གནང་།
འབུམ་རམས་པ་བྷར་ཛིན། གསོ་ཐབས་ཀྱི་ཆོ་ག་ཕྱག་ལེན་སྐོར་དེ་ང་ཚོས་ལས་ཀྱི་སྐོར་གང་བཤད་པ་དང་འདྲ་མཚུངས་རེད། གནོད་བྱེད་ཀྱི་གེགས་དང་བར་ཆད་ཀྱིས་རྒྱུ་བྱས་པའི་ཀུན་བཏགས་སམ་ཡིད་ཀྱིས་སྤྲུལ་བའི་ནད་རིགས་རྣམས་ནམ་རྒྱུན་ཆོ་ག་དང་སྨོན་ལམ་ལ་བརྟེན་ནས་བཅོས་ཀྱི་ཡོད། བོད་མི་ཚོར་ནམ་རྒྱུན་སྨན་བཅོས་ཀྱི་ཁ་སྣོན་ཚུལ་དུ་ཆོ་ག་དང་སྨོན་ལམ་སོགས་བྱ་རྒྱུ་ཡོད། སྨན་མ་བསྟེན་པར་ཆོ་ག་དང་རིམ་འགྲོ་ཁོ་ན་སྒྲུབ་ཀྱི་མེད། དེ་ལྟར་བྱས་ན། དེ་ནི་གཤམ་གྱི་དགོད་བྲོའི་གཏམ་དང་འདྲ་པོ་ཆགས་ངེས་རེད།
དེ་ཡང་མི་ཞིག་གིས་རོགས་བྱེད་རོགས་ཞེས་དཀོན་མཆོག་ལ་སྨོན་ལམ་འདེབས་བཞིན་ཡོད། མཐར་དཀོན་མཆོག་གིས། “ཁྱེད་རང་ལ་ག་རེ་དགོས་” ཞེས་གསུངས་པས། མི་དེས། “ང་རང་རྒྱན་ཤོག་འཐོབ་འདོད་འདུག་” ཅེས་ཞུས་པ་རེད། དཀོན་མཆོག་གིས། “འགྲིག་གི་རེད་” ཅེས་གསུངས། དེ་ལྟར་མི་དེས་སྒུགས་ནས་བསྡད་ཀྱང་གང་ཡང་བྱུང་མེད། དེ་ནས་མི་དེས་ཡང་བསྐྱར་སྨོན་ལམ་འདེབས་འགོ་ཚུགས་ཏེ། “དཀོན་མཆོག་མཁྱེན། ཁྱེད་ཀྱིས་ང་ཅིའི་ཕྱིར་སྣང་མེད་དུ་བསྐྱུར་བ་ཡིན་ནམ་” ཞེས་ཞུས། དེ་ལ་དཀོན་མཆོག་གིས། “གླེན་པ། དང་པོ་རྒྱན་ཤོག་ཅིག་ཉོས་” ཞེས་གསུངས་པ་རེད།
ཆོ་ག་རིམ་འགྲོ་རྣམས་ང་ཚོས་རྒྱན་ཤོག་མ་ཉོས་བར་དུ་དང་ང་ཚོས་སྨན་མ་བསྟེན་བར་དུ་ཕན་ནུས་ལྡན་པ་ཞིག་ཡོང་གི་མ་རེད། ཕན་ཐོགས་ཡོང་སྲིད་ཀྱང་དེ་དག་གིས་ང་ཚོར་རྫུ་འཕྲུལ་དེ་འདྲ་སྟོན་གྱི་མ་རེད། གལ་ཏེ་ཆོ་ག་དང་རིམ་འགྲོ་འདིའི་རིགས་ཀྱིས་ང་ཚོར་ཕན་པའི་ལས་ཀྱི་ནུས་པ་དེ་ཡོད་ན། གཞི་ནས་ཕན་གྱི་རེད། ཆོ་ག་དང་རིམ་འགྲོ་འདི་དག་ལ་དངོས་ཡོད་དང་མཐུན་པའི་སྒོ་ནས་འཇུག་དགོས། དེ་དག་གིས་ང་ཚོའི་འདེང་ཚོད་གོང་འཕེལ་གཏོང་བར་ཕན་འདོགས་ཐུབ་ནའང་། དེ་དག་ནི་དངོས་གནས་སྨན་བཅོས་ཀྱི་ཁ་སྐོང་གི་ཚུལ་དུ་བྱ་དགོས་ཀྱི་ཡོད། དེ་ནི་ཡ་མཚན་ཅན་གྱི་རྫུ་འཕྲུལ་ཅན་དེ་འདྲ་མ་རེད།
རིན་པོ་ཆེ་ལས་གྲུབ་པའི་སྨན་གྱི་སྐོར་ཉུང་ངུ་ཙམ་ཞིག་གསུང་རོགས་གནང་།
བོད་སྨན་ལ་རིན་ཆེན་རིལ་བུ་ཟེར་བ་དེའི་རིགས་ཡོད་པ་དང་། དེ་དག་ནི་ནམ་རྒྱུན་དུག་སེལ་ལམ་དུག་འདོན་ཟིན་པའི་དངུལ་ཆུ་དང་། རིན་པོ་ཆེའི་རིགས། དེ་བཞིན་རིན་ཆེན་ལྕགས་རིགས་ལས་གྲུབ་པ་ཞིག་རེད། དེ་དག་གི་ནང་རྡོ་རྗེ་ཕ་ལམ་གྱི་རྡུལ་དང་། གསེར། དངུལ་བཅས་བེད་སྤྱོད་བྱེད་ཀྱི་ཡོད་པ་ངས་ཤེས། དེ་ག་ནང་བཞིན་གཏེར་རྫས་ཀྱི་རིགས་འགའ་ཞིག་བེད་སྤྱོད་བྱེད་ཀྱི་ཡོད་ནའང་། ངས་གཅིག་ཏུ་ངེས་པར་གང་དང་གང་ཡིན་མི་ཤེས། རིན་ཆེན་རིལ་བུ་དེ་དག་དུག་སེལ་ལ་སོགས་པའི་ཆེད་དུ་བེད་སྤྱོད་བྱེད་ཀྱི་ཡོད། དེ་དག་ནམ་རྒྱུན་པྲ་ཚིལ་གྱིས་ཁ་སྦྱོར་བའི་ཚོན་ཁྲ་ཅན་གྱི་གོས་ཆེན་ནང་ཐུམ་རྒྱག་ནས་ཡོད། དེའི་རྒྱུ་མཚན་ནི་རིལ་བུ་དེ་དག་འོད་ལེན་སྐྱེན་པོ་ཡིན་པ་རེད། ང་ཚོས་དེ་དག་འོད་ལ་མི་སྟོན་རྒྱུ་ཐབས་ཤེས་བྱེད་དགོས། སྐབས་འགར་ང་ཚོས་དེ་དག་ཆུའི་ནང་སྦང་དགོས་ཀྱི་ཡོད་པས། དཀར་ཡོལ་ཞིག་གི་ནང་བླུགས་ནས་དེ་ཁེབས་གཅོད་རྒྱག་དགོས། ཡང་ན་ང་ཚོས་གོས་ཆེན་དེ་གཏུབས་ནས་ལམ་སེང་ཁའི་ནང་བཟའ་ནའང་འགྲིགས།
ཁྱེད་རང་རླུང་ནད་ནས་དྲག་སྐྱེད་ཟིན་པའི་སྐབས། སྨན་པས་ཁྱེད་རང་ཆུ་ཚ་པོའམ་གྲང་མོའི་ནང་གཟུགས་པོ་བཀྲུ་དགོས་ཞེས་གསུང་གི་འདུག་གམ།
གསུང་གི་མི་འདུག །སྨན་པས་གཟུགས་པོ་བཀྲུ་ཕྱོགས་ཐད་དམིགས་བསལ་གང་ཡང་གསུང་གི་མི་འདུག །རླུང་ནད་འགའ་ཞིག་ནི་ཚ་བ་དང་འགའ་ཞིག་ནི་གྲང་བའི་སྡེ་ཚན་དུ་དབྱེ་བ་ཕྱེས་ཡོད། དེ་དག་འགའ་ཤས་ནི་དྲོ་པོ་སྡོད་རྒྱུ་དེ་ཕན་ཐོགས་ཅན་ཞིག་ཡིན་པས། དེ་ལ་ཚུ་ཚན་དུ་གཟུགས་པོ་བཀྲུ་རྒྱུ་དེ་ཕན་པོ་ཡོད་སྲིད་ནའང་རླངས་ཁྲུས་བྱ་རྒྱུ་དེ་ཡག་པོ་མེད། དཔེར་ན། གལ་ཏེ་ང་ཚོ་རླངས་ཁྲུས་བྱས་ན། དེ་ནི་རླུང་ལ་དེ་ཙམ་ཡག་པོ་མེད་པ་དང་ཁྲག་ཤེད་ཆེ་རུ་གཏོང་གི་ཡོད་པ་ང་ཚོས་ཤེས་ཐུབ། དྲོད་ནི་མཁྲིས་པའི་ནད་ལ་གང་འཚམ་གྱི་གནོད་ཚབས་ཅན་ཞིག་རེད། བད་ཀན་གྱི་ནད་ལ་རྔུལ་ཆུ་འཐོན་རྒྱུ་དེ་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད། གང་ཡིན་ཞེ་ན། དེས་ཚད་བརྒལ་གྱི་བད་ཀན་འཕར་མ་མེད་པ་བཟོ་གི་ཡོད། དེར་བརྟེན་རླངས་ཁྲུས་བྱ་རྒྱུ་དེ་ཧ་ཅང་ཕན་ཐོགས་ཅན་ཞིག་ཡིན་ངེས་རེད།
ནད་རྟགས་མངོན་དུ་མ་གྱུར་བའི་ནད་ཀྱི་རིགས་རྣམས་ཤེས་རྟོགས་ཐུབ་བམ།
བོད་སྨན་ལ་བརྟེན་ནས་མངོན་དུ་མ་གྱུར་ཞིང་འབྱུང་སྲིད་པའི་རྣམ་པར་ཡོད་པའི་ནད་ཀྱི་རིགས་རྣམས་བཅོས་ཐུབ་ངེས་རེད། ངོས་ནས་ཀྱང་རྒྱུ་མཚན་དེ་ལ་བརྟེན་ནས་ངའི་མིག་ཞན་དུ་འགྲོ་བཞིན་པ་འདི་དྲག་སྐྱེད་ཆེད་ད་ལྟ་བོད་སྨན་བསྟེན་བཞིན་ཡོད། ངའི་མིག་ལ་དཀའ་ངལ་གང་ཡང་ཕྲད་མེད་པ་དེ་ངས་ཤེས་ཀྱིན་འདུག །འོན་ཀྱང་བཅོས་ཐབས་དེའི་རིགས་ནི་ནམ་རྒྱུན་དུས་ཡུན་རིང་པོ་འགོར་གྱི་ཡོད།
གལ་ཏེ་ང་ཚོར་བོད་ཀྱི་སྨན་པ་ཞིག་བསྟེན་རྒྱུའི་གོ་སྐབས་མེད་ན། ང་ཚོའི་རིག་གཞུང་ནང་དེ་དང་འདྲ་མཚུངས་ཆེ་ཤོས་ཡིན་པའི་ཐོབ་རུང་གི་ཐབས་དེ་གང་རེད་དམ། དམིགས་བསལ་ང་ཚོས་བོད་སྨན་བཟའ་བཞིན་ཡོད་པ་དང་དེ་རྫོགས་པ་ཡིན་ན། དེ་ལ་ཐབས་གང་ཡོད་དམ།
ནུབ་ཕྱོགས་སུ་བོད་སྨན་དང་འདྲ་མཚུངས་ཆེ་ཤོས་དེ་གང་ཡིན་ཤོད་དཀའ་མོ་རེད། ཡིན་ནའང་ནུབ་ཕྱོགས་ཀྱི་སྨན་བཅོས་ཀྱི་ཕྱི་ལོགས་སུ་རྒྱ་ནག་དང་ཚེའི་རིག་བྱེད་ཀྱི་སྨན་གང་རུང་ནི་བོད་སྨན་དང་ཕལ་ཆེར་འབྲེལ་ཐག་ཉེ་ཤོས་ཡིན་གྱི་རེད། སྐབས་འགར་བོད་ཀྱི་རིག་གཞུང་ནང་། ང་ཚོར་ཇའི་རིགས་ལྟ་བུ་བཟོས་པའི་སྨན་ཕྱེ་ཞིག་སྤྲོད་ཀྱི་ཡོད། འོན་ཀྱང་དེ་ནི་རྒྱ་ནག་ལུགས་ཀྱི་ཇ་དང་འདྲ་མཚུངས་མིན། རྒྱ་ནག་ལུགས་ལ་རྫས་ཆ་རྣམས་མཉམ་བསྲེ་གཏོང་གི་མེད་པར། རྫས་ཆ་རགས་པ་བཞིའམ་ལྔ་ཙམ་སྤྲོད་པ་དང་ཇ་དེ་སོ་སོའི་ངོས་ནས་བཟོ་དགོས་ཀྱི་ཡོད། དེང་སང་གི་དུས་སུ་རྒྱ་ནག་ནས་རིལ་བུ་བཟོས་ཡོད་ཀྱང་། སྲོལ་རྒྱུན་གྱི་ཆ་ནས་བཟོ་སྲོལ་མེད།
གལ་ཏེ་ང་ཚོས་བོད་སྨན་དེ་ཕན་ནུས་ཅན་དུ་མཐོང་ན། ང་ཚོར་དེ་ལས་མང་བ་རག་ཐུབ། གལ་ཏེ་ང་ཚོར་སྨན་ཡིག་ཡོད་ན། དེའི་ངོ་བཤུས་ཤིག་དང་དེ་དང་མཉམ་དུ་ཆུ་རྟགས་ཆེད་ཉིན་གྱི་གཅིན་པ་དང་པོའི་དཔེ་ཞིག་ཆག་སྐྱོན་ཤོར་ཉེན་མེད་པའི་འགྱིག་དམ་ཆུང་ངུ་ཞིག་གི་ནང་བླུགས་ནས་བསྐུར་ན་ཆོག །ཤོ་ཁྲལ་སྔོག་བཤེར་ལས་ཁུངས་ཆེད་དུ་ང་ཚོས་དེ་ལ་ “གཅིན་དཔེ་” ཞེས་བཀོད་ན་འགྲིགས།
སྨན་དེ་དག་གི་བཟོ་སྐྲུན་ནང་འཕྲོད་བསྟེན་གྱི་ཐབས་ལམ་གང་དག་བླངས་ཡོད་དམ།
སྨན་རྩྭ་རྣམས་བཀྲུས་ནས་ཉི་མར་སྐམ་ཀྱི་ཡོད། ཡིན་ནའང་ནུབ་ཕྱོགས་ཀྱི་འཕྲོད་བསྟེན་གནས་ཚད་ནང་བཞིན་ཚད་ལྡན་ཡོད་ངེས་རེད་བསམ་གྱི་མི་འདུག །འོན་ཀྱང་དེ་ལས་གྲོད་ཁོག་ན་བ་སོགས་དཀའ་ངལ་གྱི་རིགས་འབྱུང་བཞིན་ཡོད་པ་ངས་ཐོས་མ་སོང་། ངས་ནུབ་ཕྱོགས་སུ་རྒན་པོ་དྲག་སྐྱེད་ཀྱི་ངེས་པ་ཆེར་མེད་པའི་འབྲས་ནད་ཡོད་མཁན་ཞིག་གིས་སྨན་བརྟེན་ནས་བཤལ་ནད་ན་ཡོད་པའི་དཔེ་མཚོན་དེ་གཅིག་པུ་ངས་ཤེས།
འགྱིག་དམ་ཆུང་ཆུང་དེའི་ནང་གཅིན་པ་བཙོག་པ་ཆགས་ངེས་མིན་ནམ།
རེ་བ་དང་བཅས་ཐོག་མར་ང་ཚོས་སྐྲ་འཁྲུད་རྫས་བཀྲུ་ངེས་རེད། འགྱིག་ཤོག་གིས་གཅིན་པར་དེ་ཙམ་གྱིས་ཕན་གནོད་འགྲོ་གི་མེད།
བོད་སྨན་དང་ནུབ་ཕྱོགས་ཀྱི་སྨན་གཉིས་ཟུང་འབྲེལ་ཐོག་སྨན་བཅོས་བྱེད་ཐུབ་བམ།
དེ་ནི་སྐབས་རེར་བྱས་ཡོད། ང་ཚོས་སྨན་གཉིས་པོ་དུས་གཅིག་ལ་མཉམ་བཟའ་བྱ་མི་ཉན་པའི་ལམ་སྟོན་བྱས་ཡོད་ཀྱང་། སྨན་གཅིག་བཟས་རྗེས་བར་སྟོང་ལ་ཚུ་ཚོད་གཉིས་ཙམ་འཇོག་དགོས། སྐབས་འགར་ལུས་ཟུངས་བཅུད་སྨན་གྱིས་གཅིན་པར་ཚོན་མདངས་འགྱུར་གྱི་ཡོད། བྱས་ཙང་། ང་ཚོས་བོད་ཀྱི་སྨན་པ་ཞིག་བསྟེན་དགོས་ན། ཉིན་གཅིག་གི་སྔོན་ནས་ལུས་ཟུངས་བཅུད་སྨན་མ་བཟས་ན་ཡག་ཤོས་རེད། ལྷག་པར་དུ་ལུས་ཟུངས་བཅུད་རྫས་ཁ་པ་ (vitamin B) དེ་བཟའ་མི་ཉན།
གལ་ཏེ་ནད་པ་དེ་བཅོས་ཐབས་མེད་ན། བོད་ཀྱི་སྨན་པ་ཚོས་འཇམ་གསོད་གནང་གི་ཡོད་དམ།
མེད། འཇམ་གསོད་གནང་གི་མེད། ཁོང་ཚོས་ནད་པ་དེའི་ན་ཟུག་ཉུང་དུ་གཏོང་ཐབས་བྱེད་པ་དང་ནད་པ་ལ་གང་བདེ་བདེའི་རོགས་བྱེད་ཀྱི་ཡོད། ནང་པའི་བསམ་བློའི་ཁྱེར་སོ་ཞིག་ལ་དེ་ནི་ལས་ལ་རག་ལུས་ཡོད་པས། ལས་ཟད་ནས་རང་བཞིན་གྱིས་འཆི་རྒྱུ་ཡིན་པར་ཆ་འཇོག་བྱེད་ཀྱི་ཡོད། དེ་ག་ནང་བཞིན་བཅོས་མའི་སྒོ་ནས་ཚེ་རིང་དུ་གཏོང་བའི་འཕྲུལ་ཆས་རིགས་དེ་འདྲའང་མེད།
དཔེར་ན། ཁྱི་རྣམས་ནུབ་ཕྱོགས་ནམ་རྒྱུན་གཉིད་ཁུག་འཇུག་གི་ཡོད། ཁོང་ཚོས་དེ་འདྲ་གནང་ངེས་རེད་དམ།
ནང་པའི་ལྟ་ཚུལ་ལྟར་བྱས་ན། དེ་ནི་བྱ་འོས་པ་ཞིག་མིན། ཡིན་ནའང་གནས་སྟངས་ལ་རག་ལུས་པ་ནི་ཤོད་མི་དགོས་པ་རེད། ང་ཚོས་གནས་སྟངས་རེ་རེའི་ནང་དཔྱད་ཁྲ་གཏོང་དགོས། ༧གོང་ས་མཆོག་གིས་ཀྱང་དེ་དང་གཅིག་པ་གསུངས་ཡོད། གལ་ཏེ་ང་ཚོ་སྨན་གྱིས་འདང་ངེས་མིན་པའི་གནས་སྟངས་ནང་ཡོད་ཅིང་། འཆི་རྒྱུ་ངེས་པའི་མི་ཞིག་གི་ཚེ་བཅོས་མའི་སྒོ་ནས་རིང་དུ་གཏོང་བའི་ཆེད་ཐོན་ཁུངས་ཧ་ཅང་མང་པོ་བེད་སྤྱོད་གཏོང་རྒྱུའི་གདམ་ཀ་ཞིག་ཡོད་པ་དང་། ཡང་མི་གཞན་དག་ནད་ལས་དྲག་སྐྱེད་ཡོང་རེ་ཡོད་པ་དང་ཐོན་ཁུངས་དེ་དག་གིས་ཕན་ཐོགས་ཡོང་སྲིད་པ་རྣམས་ཡོད་པའི་དབང་དུ་བཏང་ན། དེ་ནས་གདམ་ཀ་ཧ་ཅང་དཀའ་མོ་ཞིག་འདེམས་སྒྲུག་བྱེད་དགོས་ཐུག་གི་རེད།
ནད་རིགས་མི་འདྲ་བར་བཅོས་ཐབས་དང་འབྲེལ་བའི་དུས་ཚོད་ལ་ཚད་བཀག་ཅིག་ཡོད་དམ།
དེ་ངས་མི་ཤེས། བོད་མི་ཚོས་ནམ་རྒྱུན་སྨན་བཅོས་སྔོན་དང་ཡང་ན་སྨན་བཅོས་དེ་ཕན་ནུས་ལྡན་པ་ཞིག་མ་བྱུང་བའི་སྐབས་གང་རུང་ལ་བླ་མའམ་མོ་པ་ཞིག་ལ་ཕྱག་མོ་ཞུ་ངེས་རེད། དེ་ནས་བླ་མས་སྨན་བཅོས་ཀྱི་ཁ་སྣོན་གྱི་ཚུལ་དུ་ཆོ་ག་དང་རིམ་འགྲོ་ངེས་ཅན་ཞིག་བསྒྲུབ་དགོས་པའི་ལམ་སྟོན་གནང་གི་ཡོད། རྒྱ་གར་ནང་ཆ་བཞག་ན། ཁོང་ཚོས་བླ་མར་རྒྱ་སྨན་དང་བོད་སྨན་གང་ཞིག་བསྟེན་ན་དྲག་ཅེས་ཡང་སེ་ཞུ་གི་རེད། བོད་ལུགས་ཨེམ་རྗེའམ་སྨན་པ་སུ་བསྟེན་ན་དྲག་ས་རེད་ཅེས་ཞུ་གི་རེད། མི་འགའ་ཤས་ལ་ནི་སྨན་པ་གཅིག་དེ་གཞན་དག་ལས་ལས་ཀྱི་འབྲེལ་བ་ཆེ་བ་ཡོད་སྲིད་ལ། ནད་རིགས་ངེས་ཅན་ཞིག་ལ་སྨན་པ་གཅིག་དེ་གཞན་དེ་ལས་མཁས་པ་དང་རྒྱུས་མངའ་ཆེ་བ་ཡོད་སྲིད་པ་རེད།
ནུབ་ཕྱོགས་སུ་སྔོན་བརྡའམ་ལུང་བསྟན་གྱི་རིགས་དེ་ཡོད་རྒྱུ་དཀའ་མོ་རེད། བོད་སྨན་གྱིས་ན་ཚ་མང་པོ་ཞིག་ལ་འཕྲལ་དུ་བཅོས་པའམ་ལམ་སེང་དྲག་སྐྱེད་ཐུབ་པ་ཡོང་གི་མེད། གལ་ཏེ་མི་ཞིག་ལ་དབུགས་མི་བདེ་བའི་ན་ཚ་ཡོད་ན། བོད་སྨན་གྱིས་ང་ཚོའི་གློ་བ་དེ་རང་ཤུགས་ཀྱིས་ཟེགས་མ་ནང་བཞིན་ལྷོད་པར་བྱེད་ཀྱི་མ་རེད། ཡིན་ནའང་ཐེངས་མ་ཞིག་རྒྱ་གར་ལ་ང་རང་མཆིན་པའི་གཉན་ཚད་ན་སོང་། བོད་སྨན་བསྟེན་ནས་ཉིན་གཅིག་དང་ཕྱེད་ཀ་ཙམ་ནས་ང་རང་ཉལ་ཁྲི་ནས་ཡར་ལངས་ཐུབ་པ་བྱུང་། དེ་ནི་ནུབ་ཕྱོགས་སུ་མི་སྲིད་པ་ལྟ་བུ་རེད།
བོད་སྨན་དང་བོན་གྱི་ལྷ་འདྲེ་གསོལ་མཆོད་རིང་ལུགས་གཉིས་འདྲེས་མ་ཞིག་ཡོད་དམ།
ཆོ་ག་དང་རིམ་འགྲོ་གང་ཞིག་འོས་ཤིང་འཚམ་པ་ཡོད་མེད་དང་དེའི་ནང་གདོན་ལ་སོགས་པ་གང་ཚུད་ཡོད་མེད་བལྟ་བའི་ལུང་བསྟན་གྱི་ལམ་ལུགས་ཡོངས་སུ་རྫོགས་པ་བོན་ནས་བྱུང་བའི་ཁྱད་རྣམ་ཡིན་པ་རེད། སྐར་རྩིས་རིག་པ་དེའང་བོན་གྱི་ལུགས་ཤིག་ཡིན།
བོད་སྨན་གྱིས་སོ་ལ་བཅོས་ཐབས་ཇི་ལྟར་བྱེད་དམ།
ངས་ཐོག་མའི་སྐབས་སུ་ཞུས་པ་ལྟར། ང་རང་སྨན་པ་ཞིག་མིན་ཙང་། ངས་ཐུན་མིན་གྱི་དྲི་བ་རྣམས་ལན་ཏག་ཏག་ངེས་པ་ཞིག་རྒྱག་མི་ཐུབ། དེ་ལ་དགོངས་དག་ཞུ། ཡིན་ནའང་ངས་སོའི་ན་ཚ་དེ་ནམ་རྒྱུན་སྐྱེ་ལྡན་ཕྲ་མོ་ལས་འབྱུང་གི་ཡོད་ཅེས་ལྟ་ཞིབ་བྱས་ཡོད་པ་དེ་ངས་ཤེས་ཀྱི་ཡོད། དེ་ནི་ང་ཚོས་སོ་སྲིན་གྱིས་བཟས་པའི་ཁོག་སྟོང་ལ་ཇི་ལྟར་ལྟ་བའི་ཚུལ་དེའང་རེད། བོད་སྨན་ནང་ཞིབ་ཅིང་ཕྲ་ལ་ཚད་མཐོའི་སོའི་སྨན་དཔྱད་དེ་འདྲ་མེད། བོད་ཀྱི་སྨན་པ་ཚོས་སོའི་ལས་ཀ་བྱེད་ཀྱི་ཡོད་པ་ནམ་ཡང་མཐོང་མྱོང་མེད། སོ་ནས་སྲིན་འབུ་ཕྱིར་འདོན་བྱེད་ཚུལ་ཞིག་ཡོད་པ་དང་དེ་ནི་དབང་རྩ་ཕྱིར་འཐེན་བྱེད་པ་ཞིག་རེད་སྙམ། སོ་རྙིང་པའམ་སོ་རུལ་པ་དེ་ཕྱིར་འཐེན་བྱེད་པ་མ་གཏོགས་གཞན་སོའི་སྨན་དཔྱད་རིག་པ་དེ་འདྲ་ནན་བརྗོད་བྱས་ཡོད་རེད་བསམ་གྱི་མི་འདུག །རིགས་རུས་ཀྱི་ཆ་ནས་བོད་མི་ཚོར་སོ་ཧ་ཅང་ཡག་པོ་ཡོད། དེ་ནི་འོ་ཞོ་མར་སོགས་ཀྱི་ཐོན་རྫས་རྣམས་མི་རབས་ནས་བརྒྱུད་དེ་ཁོང་ཚོའི་ཟས་ཀྱི་གཙོ་བོར་གྱུར་ཡོད་པ་དེ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་སྲིད་སྙམ།
ཨེམ་རྗེ་ཆོས་གྲགས་ལགས་ཀྱིས་ནད་རིགས་འགའ་ཞིག་ནི་གདོན་ལས་འབྱུང་གི་ཡོད་ཅེས་གསུངས་སོང་། ཁྱེད་ཀྱིས་དེའི་སྐོར་ཞིབ་ཙམ་གསུང་རོགས།
དེ་ནི་ངས་གོང་དུ་ཀུན་བཏགས་སམ་ཡིད་སྤྲུལ་གྱི་ནད་རིགས་སྡེ་ཚན་སྐོར་ཞུས་པ་དེ་རེད། ང་ཚོའི་གོ་རྟོགས་ཧ་ཅང་མང་པོ་ཞིག་ནི་གདོན་དང་སྲིན་པོའི་རིགས་ཇི་ལྟར་རྟོགས་པའི་ཚུལ་ལམ་ང་ཚོའི་གོ་བ་ལེན་སྟངས་ལ་རག་ལུས་ཡོད་རེད་བསམ་གྱི་འདུག །དཔེར་ན། དེའི་དོན་ནི་གདོན་འདྲེ་ཞིག་གིས་རས་དཀར་པོ་ཞིག་གྱོན་ནས་ཁ་ནས་སྐད་སྒྲ་ཞིག་རྒྱག་པའམ། ཡང་ན་ང་ཚོས་དེ་ཅུང་ཟད་སྙན་ངག་གི་ལམ་ནས་གོ་བ་བླངས་ཏེ། དམག་གི་ནང་གནོད་བྱེད་ཀྱི་གེགས་ལ་བརྟེན་ནས་མི་ཞིག་འཇིགས་སྣང་སྐུལ་བ་ལྟ་བུ་རེད། དབང་རྩ་འཁྲུགས་པའི་རྒྱུ་རྐྱེན་ནམ་ཡང་ན་ཁོར་ཡུག་གི་རྐྱེན་རྣམས་ནི་དེ་དག་ལ་གནོད་གཞི་ཅན་གྱི་གདོན་དུ་བལྟ་བ་དེ་ཡིན་སྲིད། བོད་མི་ཚོས་ཡང་སེ་ཀླུས་གནོད་པ་བྱུང་བའི་ན་ཚའི་སྐོར་ཤོད་ཀྱི་རེད། ཀླུ་རྣམས་ནི་སྲིན་པོའི་རིགས་ཤིག་ཡིན་པ་དང་དེ་དག་ནི་མཚོ་དང་། ཤིང་། ནགས་ཚལ་བཅས་དང་འབྲེལ་ནས་ཡོད། ང་ཚོས་དེ་དག་གི་ས་ཁུལ་ལ་མི་གཙང་བ་བཟོ་བའི་སྐབས། དེ་དག་གིས་ང་ཚོར་གནོད་ཀྱི་ཡོད། དེ་ནི་སྣོད་བཅུད་རྩ་གཏོར་གཏོང་བ་ལས་བྱུང་བའི་ནད་རིགས་ཡིན་པའི་ལྟ་ཚུལ་ཞིག་རེད།
མཐུ་དང་ངན་སྔགས་ལྟ་བུ་ལས་བྱུང་བའི་ནད་ཀྱི་རིགས་རྣམས་ཅི་ལྟར་ཡིན་ནམ།
དེ་དག་ལས་ཐར་བའི་ཆེད་ཆོ་ག་དང་རིམ་འགྲོ་དེ་འདྲ་བོད་མི་ཚོས་བྱེད་ཀྱི་ཡོད། བོད་མི་ཚོས་དེ་དག་ཐམས་ཅད་ཧ་ཅང་དོ་གལ་ཆེན་པོ་བརྩི་གི་རེད། དེ་དག་ནི་ཀུན་བཏགས་སམ་ཡིད་སྤྲུལ་གྱི་ནད་རིགས་ཁོངས་སུ་གཏོགས་ངེས་རེད། ཡིད་ཀྱིས་སྤྲུལ་བ་ལ་ཨིན་སྐད་ནང་ (imaginary) ཞེས་བསྒྱུར་བ་ནི་ཚིག་དེ་སྒྱུར་སྟངས་ཡག་ཤོས་དེ་མ་རེད། ཡིན་ནའང་ཚིག་དོན་ལྟར་ན་དོན་དག་དེ་ག་རང་རེད།
ན་ཚ་བྱེ་བྲག་ཁག་ལ་ང་ཚོས་སྒོམ་བྱེ་བྲག་རྒྱག་ཐུབ་པ་དེ་འདྲ་ཡོད་དམ།
ངས་ལྟོ་བར་ཟས་འཇུ་བའི་ནུས་པ་ཞན་པོ་ལ་སྒོམ་ཡོད་པའི་ཁ་གཏད་དུ་ཆམ་པའི་ན་ཚ་ལ་སྒོམ་ཡོད་པའི་སྐོར་ཤེས་ཀྱི་མེད། ཡིན་ནའང་ན་ཚའི་རིགས་ག་འདྲ་ཞིག་ཡིན་ནའང་དེ་ལ་བཀོལ་སྤྱོད་བྱ་ཆོག་པའི་བཅོས་ཐབས་ཀྱི་སྒོམ་ཡོད་ངེས་རེད། དེ་དག་ནི་ནམ་རྒྱུན་ཡི་དམ་གྱི་ལྷ་རྗེ་བཙུན་སྒྲོལ་མ་དང་། སངས་རྒྱས་སྨན་ལྷ། ཚེ་དཔག་མེད་སོགས་དམིགས་རྣམ་དུ་བྱས་ནས་བཅོས་ཐབས་བྱེད་ཀྱི་ཡོད། དེ་དག་ཀྱང་ནམ་རྒྱུན་ང་ཚོས་ཐོག་མའི་སྐབས་སུ་གྲོས་བསྡུར་བྱས་པ་ལྟར་འབྱུང་བ་ལྔ་ལ་བརྟེན་ནས་འབྱུང་བ་ལྔ་པོ་རེ་རེ་བཞིན་དྲག་སྐྱེད་བྱུང་བར་ཡིད་ལ་ཤར་ནས་བྱེད་སྟངས་ཤིག་རེད། ང་ཚོས་ད་དུང་ཡང་མི་ནད་པ་གཞན་ཞིག་སོ་སོའི་སེམས་ནང་ཡོད་པར་བསམས་ནས་དེ་དྲག་སྐྱེད་དང་གསོ་ཐབས་ཆེད་དམིགས་རྣམ་གཅིག་མཚུངས་བྱེད་ཆོག །དེ་ག་ནང་བཞིན་གཏོང་ལེན་གྱི་སྒོམ་ཞིག་ཀྱང་ཡོད་དེ། འདིའང་སླར་ཡང་ཡིད་ལ་ཤར་བ་དང་དམིགས་རྣམ་དུ་བྱེད་དགོས། བོད་སྨན་དང་སྒོམ་གྱི་ནང་ལག་པ་བཞག་ནས་ན་ཚ་བཅོས་ཐབས་དེ་འདྲ་གང་ཡང་མེད། གལ་ཏེ་དེས་ཕན་ནུས་མ་ཐོན་ན། ང་ཚོ་རྦད་དེ་ལྐུགས་པ་ཆགས་ཀྱི་ཡོད། གནས་སྟངས་མང་པོ་ནང་དེས་ཕན་ནུས་ཐོན་པ་ཡོང་གི་མ་རེད། དེར་བརྟེན་ང་ཚོས་དེ་འདྲ་ཞིག་བྱེད་ཐུབ་ཀྱི་ཡོད་མདོག་གི་ཟོག་རྫུ་བྱས་ན། དེ་ནི་ཉེན་ཁ་ཅན་ཞིག་རེད། གཞན་གྱི་སྡུག་བསྔལ་ལམ་ན་ཚ་རང་གིས་དང་དུ་ལེན་པ་དང་དེ་དག་ལ་འཕྲོད་བསྟེན་བཟང་པོ་སྦྱིན་པའི་དམིགས་རྣམ་བསྟེན་ཚུལ་ནི་ཐུན་མོང་དུ་གྲགས་པ་ཞིག་རེད།
བོད་ལུགས་མིན་པའི་ལུགས་གཞན་དག་ཀྱང་ཡོད་དེ། དཔེར་ན། རཻ་ཀིའི་བཅོས་ཐབས་ལ་སོགས་པ་ལྟ་བུ་ཡོད་པའི་ནང་ལག་པ་བཞག་ནས་ན་ཚ་བཅོས་ཐབས་བྱེད་ཀྱི་ཡོད། ནང་པའི་ལྟ་ཚུལ་ལྟར་ན། དེ་ལྟ་བུའི་བཅོས་ཐབས་ནི་ལུས་ཀྱི་སྒོ་ནས་གཡོ་ཐབས་ལ་བརྟེན་ནས་ཆ་ཚང་བསྒྲུབ་ཀྱི་མེད་པར། དེ་ནི་ནང་སེམས་ཀྱི་སྒོ་ནས་བཅོས་ཐབས་བྱ་དགོས་པར་བཞེད།
ང་ཚོས་ཐབས་ཚུལ་ལམ་ལུགས་གང་ལག་བསྟར་བྱེད་ནའང་འདྲ་སྟེ། དེས་ཕན་ནུས་མེད་པའི་གནས་སྟངས་ཡོང་གི་རེད། དེ་ནི་ང་ཚོས་ཇི་ལྟར་གསལ་སྟོན་བྱེད་པར་རག་ལུས་ཡོད། གལ་ཏེ་ང་ཚོས་ཕན་ནུས་ཡོད་པའི་ཐབས་ཚུལ་ལྟ་བུར་གསལ་སྟོན་བྱས་ནས་དེས་ཕན་ནུས་མ་བྱུང་བ་ཡིན་ན། ང་ཚོ་གླེན་པ་ཆགས་ཀྱི་ཡོད། སྨན་གྱི་ལམ་ལུགས་གང་འདྲ་ཞིག་ཡིན་ནའང་། ཕན་ནུས་ཡོད་སྲིད་པས། ང་ཚོས་འབད་བརྩོན་དང་ཐབས་ཤེས་བྱས་ནས་བལྟ་རྒྱུ་ཡིན་ཞེས་བརྗོད་རྒྱུ་དེ་ཡག་ཤོས་རེད།
ལྷ་འདྲེ་སྐྲོད་ཐབས་དེ་བོད་སྨན་གྱི་ཆ་ཤས་ཤིག་རེད་དམ།
དེ་ནི་བོད་སྨན་རང་གི་ཆ་ཤས་ཤིག་མ་རེད། ཡིན་ནའང་ཆོ་ག་དང་རིམ་འགྲོ་ཉམས་ལེན་སྐབས་སུ་དེ་ནི་སྨན་བཅོས་ཀྱི་ཁ་སྐོང་ཚུལ་དུ་བསྒྲུབ་ཆོག་པ་ཞིག་རེད།།