ནང་སོག་སྐྲུན་ཚུལ།
ནང་སོག་ནི་མན་ཇུ་ཚོས་སོག་ཡུལ་གཞན་ལས་ལོགས་སུ་ཡོད་པའི་ངོ་བོར་གསར་དུ་བསྐྲུན་པ་ཞིག་རེད། གང་ཡིན་ཞེ་ན། ས་ཁུལ་དེ་དག་གི་ནང་ཡོད་པའི་སོག་པོ་རྣམས་དུས་རབས་བཅུ་བདུན་པའི་དུས་དཀྱིལ་དུ་མན་ཇུ་ལ་མགོ་འབུལ་ཞུས་ཤིང་། དེ་ནི་ཁལ་ཁས་ (Khalkha) མན་ཇུ་ལ་མགོ་འབུལ་མ་ཞུས་གོང་གི་ལོ་ངོ་དྲུག་ཅུ་ཙམ་ཡིན་པ་དང་དེ་ལ་ཕྱིས་སུ་ཕྱི་སོག་ཅེས་སུ་གྲགས་པ་རེད།
ནང་སོག་གི་ས་མཚམས་ནི་ཐེངས་མང་འགྱུར་བ་ཕྱིན་ཡོད། དེ་ཡང་ས་ཁུལ་གཉིས་སུ་དབྱེ་བ་ཕྱེས་ཡོད་དེ། ནུབ་བྱང་དང་བྱང་ཤར་ཞེས་སུ་གྲགས་ཤིང་། དེ་ནི་ཕལ་ཆེར་ཞིང་ཆེན་དེ་ཡིག་འབྲུ་ཨེལ་ (L shape) གྱི་བཟོ་ལྟའི་ཕྱོགས་གཉིས་རེ་རེ་ནས་བསྐོར་ཡོད། ནང་སོག་གི་ནུབ་བྱང་ལ་རྒྱལ་ས་ཧོ་ཧོཏ་ (Hohhot) 呼和浩特 དང་གྲོང་ཁྱེར་ཆེ་ཁག་གཉིས་པ་བའོ་ཏོའུ་ (Baotou) 包头 ཆགས་ཡོད། བྱང་ཤར་ནི་ད་ཆ་སོག་པོ་བྷུརྱ་ཏི་རྣམས་གནས་ས་དང་ཉེ་བའི་ས་ཡེ་བྷེ་རི་ཡའི་ས་མཚམས་བར་དུ་རྒྱ་སྐྱེད་འགྲོ་བཞིན་ཡོད་པ་དང་། བྱང་ཤར་ནི་ཤར་སོག་པོའི་རུས་སྡེའི་ཕ་ཡུལ་ཡིན་པ་རེད། དེར་ཡོད་པའི་སོག་པོའི་མི་རིགས་ནི་ལྷོ་ཕྱོགས་སུ་ཆ་ཁར་ (Chakhar) དང་དབུས་དང་བྱང་གི་ཕྱོགས་སུ་ཁོར་ཆིན་ (Khorchin) ཞེས་བྱ་བ་ཡོད། སོག་པོ་བྱང་ཤར་ནི་སྲོལ་རྒྱུན་གྱི་ཆ་ནས་མན་ཇུའི་ཁོངས་སུ་གཏོགས་པ་དང་ཉི་ཧོང་གི་བཙན་འཛུལ་འོག་མན་ཇུ་ཀུའོ་ 满洲国 ཞེས་པའི་དམར་པོའི་དབང་འོག་གི་ཚོགས་སྡེའམ་སྒྲིག་འཛུགས་ཀྱི་ཆ་ཤས་ཡིན་པ་རེད། བྱང་ཤར་གྱི་སོག་པོ་རྣམས་ལ་ནུབ་ཕྱོགས་པའི་རྩོམ་རིག་ཁག་གི་ནང་མན་ཇུའི་སོག་པོ་ཞེས་ལུང་འདྲེན་བྱས་ཡོད།
སོག་ཡུལ་ནུབ་བྱང་དང་བྱང་ཤར་གྱི་ས་ཁུལ།
ད་ལྟའི་ཆར་ནུབ་བྱང་གི་ནང་སོག་རྣམས་ཀྱིས་བྱང་ཤར་གྱི་མི་རྣམས་སྤྱོད་པ་རྩུབ་པོ་དང་། མ་དུལ་བ། ནང་ཆོས་ལ་མི་དད་མཁན་ཡིན་པར་མཐོང་ཆུང་དང་བཅས་བལྟ་གི་ཡོད། ཁོང་ཚོས་དེ་དག་ནི་མཐའ་གཅིག་ཏུ་རྒྱ་མི་ཡིན་པར་ཆ་འཇོག་བྱེད་ཀྱི་ཡོད། བྱང་ཤར་གྱི་སོག་པོ་ཚོས་ཁོང་ཚོ་ནི་ནུབ་བྱང་གི་སོག་པོ་ཚོ་ལས་རྣམ་དཔྱོད་ཆེ་བ་དང་བརྩོན་འགྲུས་ཆེ་བ་ཡོདཔ་དང་ཁོང་ཚོར་ལ་ཕྲག་དོག་བྱེད་ཀྱི་ཡོད་ཅེས་ཟེར། བྱང་ཤར་གྱི་སོག་པོ་རྣམས་རུ་སུའི་དམར་ཤོག་གིས་ཉི་ཧོང་ལས་བཅིངས་འགྲོལ་བཏང་བ་དང་རྒྱག་ནག་དམར་ཤོག་པ་ཚོས་ཁོང་ཚོ་ཉི་ཧོང་དང་མཉམ་དུ་འཐབ་འཛིང་དེ་ཙམ་མ་བྱས་པའི་རྒྱལ་ཞེན་པ་ཚོ་ནས་བཅིངས་འགྲོལ་བཏང་བ་ནས་བཟུང་སྟེ། ཁོང་ཚོ་ནུབ་བྱང་གི་སོག་པོ་ལས་ལྷག་པའི་དམར་ཤོག་ལ་ཤ་ཚ་སྙིང་རྗེ་ཆེ་བ་ཡོད། ཕྱི་ལོ་ ༡༩༤༥ ནས་བྱང་ཤར་ཁུལ་དུ་དགོན་སྡེ་མང་པོ་ཞིག་སི་ཏ་ལིན་རུ་སུའི་ཡུལ་མི་ཚོས་གཏོར་བཤིག་བཏང་ཟིན་པ་དང་། ད་དུང་དེ་ལས་མང་བ་ཕྱི་ལོ་ ༡༩༥༨ ལོའི་གཞུང་ལ་རྒྱབ་འགལ་གྱི་ལས་འགུལ་སྐབས་སུ་ཕྱིར་འབུད་བཏང་ཡོད།
བྱང་ཤར་གྱི་བྱང་ངོས་རང་གི་ཨུ་རུ་སུའི་ས་མཚམས་དང་ཉེ་བའི་ཧཻ་ལར་ (Hailar) 海拉尔 གྱི་ས་ཁུལ་དུ་བྷུརྱ་ཏིའི་སོག་པོ་མང་པོ་གནས་ཀྱི་ཡོད་པ་དང་ཁོང་ཚོ་དེར་སྔོན་ཨུ་རུ་སུའི་གསར་རྗེའི་རྗེས་སུ་ས་ཡེ་བྷེ་རི་ཡ་ནས་བྲོས་བྱོལ་དུ་བསླེབས་པ་རེད། ཁོང་ཚོས་ད་དུང་ཡང་ཨུ་རུ་སུའི་བྷུརྱ་ཏིའི་མི་རིགས་དང་མཉམ་དུ་འབྲེལ་བ་རྒྱུན་མཐུད་ཀྱི་ཡོད། དེ་ག་ནང་བཞིན་ཧོ་ཧོ་ཏའི་ (Hohhot) ས་ཁུལ་དུ་བྷུརྱ་ཏིའི་མི་སྡེ་སྤྱི་ཚོགས་ཤིག་ཀྱང་ཡོད་པ་རེད།
ནང་སོག་རྒྱའི་ཤུགས་རྐྱེན་འོག་ཏུ་གཅིག་འདུས།
ནང་སོག་གི་ས་ཁུལ་གཉིས་ཀ་ཕལ་ཆེར་ཆ་ཚང་བ་རྒྱ་མིར་གྱུར་ཡོད། སོག་པོའི་མི་འབོར་ས་ཡ་གཉིས་ལས་བརྒལ་བ་རྒྱའི་མི་འབོར་ཡོད། དེ་ནི་ལྔ་དང་གཅིག་གི་ཁྱད་པར་ལྟ་བུ་ཡིན་ཞིང་། དུས་རབས་གཅིག་གི་རིང་དེར་གནས་པ་རེད། བོད་དང་མི་འདྲ་བར་རྒྱ་མི་དང་མཉམ་དུ་ནང་ཁུལ་དྭངས་བླང་གི་གཉེན་སྒྲིག་མང་བ་བྱེད་ཀྱི་ཡོད། བྱང་ཤར་གྱི་སོག་པོ་རྣམས་གསུམ་ཆ་གཅིག་ཙམ་ནི་ཕན་ཚུན་ནང་ཁུལ་གཉེན་སྒྲིག་བྱས་པའམ་ཡང་ན་གཉེན་སྒྲིག་དེ་འདྲ་བའི་བུ་ཕྲུག་ཡིན་པ་རེད། སོག་པོ་རྣམས་ལ་སྤྱི་ཚོགས་ནང་གོ་གནས་མཐོ་བ་དང་དཔལ་འབྱོར་གྱི་གོ་སྐབས་མང་བ་ཐོབ་པའི་སྐབས་སུ་རྒྱ་མི་ཚོ་ལ་ཡིད་འཕྲོག་པ་ནི་བུ་ཕྲུག་གཅིག་ལས་མང་བ་འབྱུང་རུང་བ་དེ་རེད། གལ་ཏེ་རྒྱ་མི་ཚོ་སོག་པོ་དང་མཉམ་དུ་གཉེན་སྒྲིག་བྱས་ན། བཟའ་མི་གཉིས་ཀྱིས་རྒྱ་མིའི་ལུགས་སྲོལ་གྱི་རྗེས་སུ་འབྲང་གི་ཡོད། དེ་འདྲ་བའི་སོག་པོ་དང་དེ་དག་གི་རིགས་རྒྱུད་རྣམས་ལ་རྒྱའི་སོག་པོའམ་རྒྱ་སོག་ཅེས་སུ་གྲགས་པ་རེད། དེ་ལས་ལྡོག་སྟེ། གལ་སྲིད་རྒྱ་མི་ཞིག་ཁ་ཆེ་བ་ཞིག་དང་མཉམ་དུ་གཉེན་སྒྲིག་བྱས་ན། ཁོང་ཚོས་ཁ་ཆེའི་ལམ་དང་ལུགས་སྲོལ་གྱི་རྗེས་སུ་འབྲང་གི་ཡོད། དམིགས་བསལ་ཟས་ཀྱི་དམ་བསྒྲགས་དང་ཟས་རིགས་གང་བཟའ་ཆོག་མིན་སོགས་ཁ་ཆེའི་ལམ་ལུགས་ལྟར་འགྲོ་དགོས་པས། དེར་ནང་ཁུལ་གཉེན་སྒྲིག་བྱེད་སྲོལ་དེ་རྦད་དེ་ཉུང་བ་ཡོད།
རྒྱ་སོག་རྣམས་དང་གྲོང་ཁྱེར་དུ་ཡོད་པའི་ནང་སོག་ངོ་མ་ཡིན་མཁན་ཕྱུག་པོ་དེ་དག་ལ་ནི་སོག་པོ་དང་ནང་པ་ཡིན་པའི་རིག་གཞུང་གི་ངོས་འཛིན་ཏོག་ཙམ་ལས་མེད། ཁོང་ཚོས་རྒྱའི་ལུགས་སྲོལ་དང་རིན་ཐང་གི་རྗེས་སུ་འབྲང་བ་དང་ནང་པའི་དགོན་སྡེ་ལྷ་ཁང་སོགས་བསྐྱར་བཞེངས་བྱ་རྒྱུར་དོ་དབྱིངས་མེད་པ་རེད། ཐ་ན་དེ་དག་ཉུང་ཤས་ཤིག་ད་ཡོད་ཀྱི་ལྷ་ཁང་ཁག་ལ་ཆོས་མཇལ་འགྲོ་གི་ཡོད། ཐག་རིང་བའི་ཕྱེད་བྱེ་ཐང་གི་ས་ཁུལ་དུ་ཡོད་པའི་འབྲོག་པ་གཅིག་པུ་ནི་ནང་ཆོས་ལ་དད་མོས་ཡོད་པའི་བཟོ་འདྲ་ཞིག་ཡོད། འོན་ཀྱང་། ཁོང་ཚོ་ནི་ཧ་ཅང་སྐྱོ་པོ་ཡོད་པས་དགོན་སྡེ་ལྷ་ཁང་སོགས་བསྐྱར་གསོ་བྱེད་པའམ་དགོན་སྡེ་ཁག་ལ་རོགས་སྐྱོར་བྱེད་ཐུབ་ཀྱི་མེད། འདི་ནི་ཨ་མདོའི་ས་ཁུལ་དང་མི་འདྲ་བའི་རྒྱབ་འགལ་ཡིན་པ་རེད། གང་ཡིན་ཞེ་ན། ཨ་མདོའི་ཁུལ་ལ་རྩྭ་དང་སྤང་ཐང་ཕྱུག་ལ་འབྲོག་པ་ཚོའང་ཕྱུག་པོ་ཡིན་ཞིང་། དེ་དག་ནི་དགོན་སྡེ་ཁག་གི་སྦྱིན་བདག་གཙོ་བོ་ཡིན་པ་རེད།
ནང་སོག་ལ་སོག་པོའི་སྐད་ཡིག་གི་གནས་བབས།
གྲོང་ཁྱེར་ནང་གི་ནང་སོག་མང་ཆེ་བས་སོ་སོ་རང་གི་སྐད་ཡིག་ཤེས་ཀྱི་མེད་ལ། ཐ་ན་སོ་སོའི་བུ་ཕྲུག་ཚོར་སྐད་ཡིག་སྦྱོང་དགོས་པའི་ལམ་སྟོན་དང་བསླབ་འདོད་ཀྱི་དོ་སྣང་ཙམ་ཡང་སྤྲོད་ཀྱི་མེད། བོད་ཀྱི་སྐད་ཡིག་ལ་ཆ་བཞག་ན། འདི་ནི་ཨ་མདོའི་ཁུལ་གྱི་གནས་སྟངས་དང་གཅིག་མཚུངས་ཡིན་པ་རེད། ཡིན་ནའང་། ནང་སོག་ལ་གནས་སྟངས་དེ་ལས་སྡུག་ག་ཡོད་པ་ལྟར་སྣང་། གྲོང་ཁྱེར་ཆེ་ཁག་གི་ནང་སོག་པོའི་སློབ་གྲྭ་ཁག་ཡོད་ནའང་། དེར་གནས་སྡོད་བྱེད་མཁན་གྱི་རྒྱ་སོག་དང་སོག་པོའི་མི་རིགས་ངོ་མ་རྣམས་ཀྱི་བུ་ཕྲུག་ཚོ་ནི་རྒྱའི་སློབ་གྲྭ་ཁག་ལ་གཏོང་གི་ཡོད། གྲོང་ཁྱེར་མང་ཆེ་བའི་ནང་སོག་པོ་ཚོས་རང་གི་ནང་དུ་རྒྱ་སྐད་རྒྱག་གི་ཡོད། ཁོང་ཚོའི་ཕ་མ་ཚོས་རང་གི་ཕྲུ་གུ་ཚོར་ནང་ཆོས་སྐོར་བཤད་ཐབས་བྱེད་ནའང་། ཕྲུ་གུ་མང་ཆེ་བ་ལོ་ན་ཉི་ཤུར་སོན་པ་དང་དེ་ལས་གཞོན་པ་རྣམས་ནི་ནང་ཆོས་ལ་དོ་དབྱིངས་དང་དད་པ་རྩ་ནས་སྐྱེད་ཀྱི་མེད། དེ་གང་ཡིན་ཞེ་ན། ཁོང་ཚོར་རྒྱའི་སློབ་གྲྭའི་ནང་ནང་ཆོས་ཀྱི་སྐོར་ལ་དཀྲོག་གཏམ་བཤད་ཀྱི་ཡོད་པས་རེད། ཆེང་གྷིས྄་ཁན་ནི་ཕལ་ཆེར་ནང་སོག་ཚང་མས་བསྟོད་བསྔགས་དང་ཡི་རང་བྱེད་ས་གཅིག་པུ་དེ་ཡིན་པ་རེད།
ནང་སོག་གང་སར་རྒྱའི་དབང་འཛིན་པ་ཚོས་སྐད་གཉིས་ཤན་སྦྱར་དང་སྲོལ་རྒྱུན་ཡི་གེའི་ནང་བྲིས་པའི་སོག་པོའི་སྐད་ཡིག་ལ་བརྟེན་ནས་མཚོན་རྟགས་ཁྱབ་སྤེལ་བྱས་ཡོད། བྷུརྱ་ཏིའི་ནང་ཨུ་རུ་སུས་སོག་པོའི་ཡི་གེ་དེ་དག་ཁྲིམས་མེད་ལུགས་མེད་བཟོས་པ་དང་ཕྱི་སོག་གི་ནང་དུའང་ཁྲིམས་མེད་བཟོས་ཏེ། དེ་སི་རི་ལིཀ་ཡི་གེ་ (Cyrillic) དང་བརྗེ་ཚབ་བྱེད་དགོས་ཞེས་སོག་པོའི་དབང་འཛིན་པ་ཚོས་ཤུགས་གནོན་སྤྲད་ཡོད། ཡིན་ནའང་། རྒྱའི་བཀོལ་སྤྱོད་ནི་ཁྱབ་བསྒྲགས་ཁོ་ནའི་དོན་དུ་ཡིན་པ་རེད། ཐ་ན་གྲོང་ཁྱེར་གྱི་སོག་པོ་ཚོས་སོག་སྐད་ཤེས་ནའང་། མཚོན་རྟགས་རྣམས་ནི་རྒྱ་ཡིག་ཧ་ཅང་ཆེན་པོ་དང་ཐག་རིང་པོ་ནས་ཀློག་ཐུབ་པ་བྲིས་ཡོད་པ་དང་སོག་པོའི་ཡི་གེ་ནི་བྱེད་བཟོ་དོད་པོ་བཟོས་ནས་ཡིག་གཟུགས་ཆུང་ཆུང་ནང་བྲིས་ཡོད། མི་ཞིག་ཧ་ཅང་ཐག་ཉེ་པོར་ལངས་ཡོད་ན་མ་གཏོགས་སོག་པོའི་ཡིག་གེ་རྣམས་ཕན་ཚུན་དབྱེ་བ་འབྱེད་ཐུབ་དཀའ་བ་ཡིན།
ནང་སོག་ནང་སྲོལ་རྒྱུན་གྱི་སྨན།
དར་ཁྱབ་འགྲོ་བཞིན་པ་དང་རྒྱ་མིས་སེམས་ཤུགས་སྤར་ཡོད་པའི་སོག་པོའི་རིག་གཞུང་གི་རྣམ་པ་གཅིག་རང་ནི་སྲོལ་རྒྱུན་གྱི་སྨན་ཡིན་པ་དང་། དེ་ནི་བོད་ཀྱི་སྲོལ་རྒྱུན་སྨན་ལ་གཞི་བྱས་ཡོད། སོག་པོ་ཚོས་བོད་ཁོ་ནར་སྐྱེ་བའི་སྨན་རྩྭའི་རིགས་རྣམས་ཡུལ་དེར་སྐྱེས་པའི་རྩི་ཤིང་གིས་ཚབ་བྱས་ཡོད་པ་དང་སོག་པོའི་བསྐུ་མཉེ་དེ་བོད་ལུགས་སྨན་གྱི་ནང་ཁ་སྐོང་བྱས་ཡོད། སྨན་གྱི་སློབ་གྲྭ་ཆེ་ཁག་འགའ་ཞིག་ཡོད་པ་དང་དེ་དག་ལས་གཙོ་བོ་ནི་ནུབ་བྱང་ལ་ཡོད་པ་དེའི་ནང་སློབ་ཕྲུག་དྲུག་བརྒྱ་ཙམ་གྱི་ནང་སོག་གི་སྨན་གྱི་མཐོ་སློབ་ (Medical College of Inner Mongolia) ཏུ་སོག་པོའི་སྨན་གྱི་སློབ་གཉེར་ཁང་ (Institute for Mongolian Medicine) དེ་ཡོད། བྱང་ཤར་གྱི་ཐོང་ལིའོ་ (Tongliao) གྲོང་ཁྱེར་དུ་གཙོ་བོ་སོག་པོའི་སྨན་གྱི་ཚན་རིག་དང་མཐུན་པའི་ཉམས་ཞིབ་བསྟི་གནས་ཁང་ཡོད། ཐོང་ལིའོ་ (Tongliao) 通辽 དང་བྱང་ཤར་གྱི་བྱང་ཐག་རིང་སར་ཡོད་པའི་ཧཻ་ལར་ (Hailar) གཉིས་ཀའི་ནང་སྨན་དཔྱད་ཁང་ཆེ་ཁག་རྣམས་ཡོད་པ་རེད།
ལིའོ་ཉིང་ (Liaoning) ཞིང་ཆེན་ནང་ཡོད་པའི་ནང་སོག
ནང་སོག་གནས་སའི་ས་ཁུལ་གཅིག་ཡོད་པ་དང་ས་ཁུལ་དེ་ནི་ནང་ཆོས་ལ་དོ་སྣང་དང་དད་པ་ཆུང་ངུ་ཡོད་པའི་ལམ་ལུགས་འདིའི་ཁོངས་སུ་མི་གཏོགས་པ་ཡིན། དེ་ནི་ཧྥུ་ཤིན་ (Fuxin) 阜新 དང་བེ་པིའོ། (Beipiao) 北票 ཆའོ་ཡང་ (Chaoyang) 朝阳 བཅས་གྲོང་ཁྱེར་གསུམ་གྱི་ཉེ་འཁོར་ས་ཆ་ཡིན་པ་རེད། དེ་ནི་ད་ལྟ་ལྷོ་ཕྱོགས་སུ་ཡོད་པའི་ལིའོ་ཉིང་ཞིང་ཆེན་ 辽宁省 ཡིན་པ་དང་། སྔོན་དེ་ནི་ལྷོ་མན་ཇུའི་ཇཻ་ཧོལ་ (Jehol) ཞིང་ཆེན་ 热河省ཡིན་པ་རེད། རྒྱ་སྐད་ནང་བོད་ལ་ཤིས་ཙང་ (Xizang) 西藏 སྟེ་ནུབ་ཀྱི་གཏེར་མཛོད་ཅེས་དང་ས་ཁུལ་འདི་ལ་མན་ཇུ་ཚོས་ཏུང་ཙང་ (Dongzang) 西藏 ངམ་ཤར་གྱི་གཏེར་མཛོད་ཅེས་ཟེར་གྱི་ཡོད། དེར་ཡོད་དགོན་པ་གཙོ་བོ་ནི་ཧྥུ་ཤིན་ནས་སྤྱི་ལེ་གསུམ་ཙམ་གྱི་ཅིའུ་མིའོ་ (Jiumiao) ས་ཆ་ལ་ཝུ་རིན་པོ་ཆེས་དབུ་འཛིན་གནང་བའི་སོག་པོ་དགེ་གན་སུམ་ (Mongolian Gegen Sum) ཞེས་པ་དེ་རེད། ཝུ་རིན་པོ་ཆེ་ནི་པེ་ཅིང་དུ་གཞུང་གི་ནང་པའི་མཐོ་སློབ་ཏུ་ཕྱག་ལས་གནང་གི་ཡོད། ནང་སོག་གི་ཡུལ་མི་ཚོས་དགོན་པ་དེ་བསྐྱར་གསོ་བྱེད་བཞིན་ཡོད་པ་དང་ད་ཆ་དགོན་དེར་ནང་སོག་གྲྭ་པ་སུམ་ཅུ་རྩ་གཉིས་ཀྱིས་བོད་སྐད་དང་སོག་སྐད་སྦྱོང་བ་དང་དེ་བཞིན་ཆོ་གའི་རིགས་བསྒྲུབ་བཞིན་ཡོད། དགོན་པའི་བཟོ་བཀོད་སྒྱུ་རྩལ་གྱི་ལྟ་ཚུལ་ཆ་ནས་ས་ཁུལ་དེའི་ནང་གི་དགོན་པ་ཡིད་དབང་འཕྲོག་ཤོས་དེ་ནི་བེ་པིའོ་ (Beipiao) 北票 ཉེ་འགྲམ་དུ་ཡོད་པའི་ཧུའི་ཉིང་ སི་ (Huining Si) 惠宁寺 ཡིན་པ་རེད། ཡིན་ནའང་། ད་ཆ་དེ་ནི་འགྲེམས་སྟོན་ཁང་ཞིག་ཏུ་གྱུར་ནས་དེར་གྲྭ་པ་གཅིག་ལས་མེད།
ནང་སོག་ཏུ་ད་ལྟའི་ནང་པའི་གནས་བབས།
ཕྱི་ལོ་ ༡༩༥༨ གོང་རོལ་ཏུ་ནང་སོག་ལ་དགོན་པ་ཕལ་ཆེར་བདུན་བརྒྱ་ཙམ་ཡོད་པ་རེད། དེ་དག་ལས་སུམ་ཅུ་སོ་དྲུག་གཏོར་བཤིག་བཏང་ནས་གཅིག་ཀྱང་བསྐྱར་གསོ་བྱས་མེད། ད་ཡོད་ཀྱི་དགོན་པ་སུམ་ཅུ་སོ་དྲུག་ནང་ནས་དགོན་པ་བཅུ་བདུན་ནི་ནུབ་བྱང་ཁུལ་དུ་ཡོད་པ་དང་བཅུ་དགུ་ནི་བྱང་ཤར་ཕྱོགས་སུ་ཡོད། ད་ལྟའི་ཆར་ནང་སོག་གི་དགེ་འདུན་པ་ཉིས་སྟོང་བརྒྱད་བརྒྱ་ (༢༨༠༠) ལས་ཉིས་སྟོང་དྲུག་བརྒྱ་ (༢༦༠༠) ནི་ནུབ་བྱང་ཁུལ་དུ་གནས་སྡོད་བྱེད་པ་དང་ཆིག་སྟོང་ཉིས་བརྒྱ་ (༡༢༠༠) ནི་བྱང་ཤར་ཁུལ་དུ་གནས་སྡོད་བྱེད་ཀྱི་ཡོད། དགོན་པ་དེ་དག་ནི་ཕལ་ཆེ་བ་འགྲེམས་སྟོན་ཁང་ལྟ་བུར་གཉེར་བ་དང་། དེ་དག་གི་ནང་གྲྭ་པ་གཞོན་གཞོན་ཡོད་ནའང་། བསླབ་པ་སློབ་གཉེར་གྱི་མཐུན་རྐྱེན་དང་ཤེས་ཚད་ནི་ཧ་ཅང་སྐྱོ་པོ་ཡོད། སྟབས་ལེགས་ཤོས་ཤིག་ལ། ཁོང་ཚོས་བོད་ཡིག་ཀློག་སྟངས་སྦྱོང་བ་དང་ཆོ་ག་སྨོན་ལམ་འདོན་གྱི་ཡོད། ནང་སོག་དང་ལིའོ་ཉིང་མན་ཇུའི་ས་ཁུལ་གང་དུའང་མཚན་ཉིད་ལ་སློབ་སྦྱོང་བྱེད་ཀྱི་མེད།
ནང་སོག་ཏུ་གྲྭ་པ་རྣམས་ཀྱི་ཆེད་སློབ་གྲྭ་ངོ་མ་གཅིག་ཡོད་པ་ནི་གཞུང་གི་ནང་པའི་མཐོ་སློབ་ (Government Buddhist College) ཟེར་བ་དེ་ཧོ་ཧོ་ (Hohhot) ལ་ཡོད། དེ་ནི་ཕྱི་ལོ་ ༡༩༨༩ ལོར་ས་གནས་སྲིད་གཞུང་གིས་འགོ་འཛུགས་བྱས་པ་ཞིག་ཡིན་པ་ལས། ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་གསར་འཛུགས་གནང་བ་ཞིག་མིན། དེའི་ནང་སློབ་ཕྲུག་བཞི་བཅུ་ (༤༠) དང་དགེ་རྒན་གསུམ་ (༣) ཡོད། དགེ་རྒན་དེ་དག་ནི་ནང་སོག་གི་གྲྭ་པ་རྒས་འཁོགས་རྣམས་ཡིན་པ་ལས། པེ་ཅིང་དུ་སྦྱོང་བརྡར་བྱས་མེད། ཁོང་ཚོས་བོད་སྐད་ནང་སྔ་རབས་སོག་པའི་སྐད་ཡིག་དང་དམར་ཤོག་ལེ་ཉིན་རིང་ལུགས་ (Leninism) ཀྱི་ཐད་ལ་ལོ་གསུམ་གྱི་སློབ་ཚན་ཞིག་མཁོ་སྤྲོད་བྱེད་ཀྱི་ཡོད། ཁོང་ཚོས་སྐད་ཡིག་གི་བསླབ་གཞི་དཔེ་དེབ་དེ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེའུ་བཅུ་པ་དེ་བེད་སྤྱོད་བྱེད་ནའང་། འགྲོ་ལུགས་ལྟར་གྱི་ཆོས་དང་མཚན་ཉིད་རྩོད་གླེང་ལ་སློབ་སྦྱོང་བྱ་རྒྱུ་མེད། ནང་སོག་ཚོས་མཚན་ཉིད་སྦྱོང་མི་ཆོག་ནའང་། ཆོས་ཀྱི་དོན་ལ་སློབ་གཉེར་བྱེད་ཆོག་པ་ཨ་མདོ་མིན་པའི་ས་ཆ་དོ་གལ་ཅན་གཅིག་རང་ཡོད་པ་ནི་པུ་ཉིང་ སི་ (Puning Si) 普宁寺 ཁྲེང་ཏེ་ (Chengde) 成德 (ཇཻ་ཧོལ་གོང་མ་) ལ་ཡོད་པའི་དཔལ་ཆེན་ནོར་བུ་གླིང་ཡིན་པ་རེད། ཁྲེང་ཏེ་ནི་དེང་སང་པེ་ཅིང་གི་བྱང་ཤར་ཧེ་བེ་ (Hebei) 河北省 ཞིང་ཆེན་དུ་ཡོད་པའི་སྔོན་མན་ཇུ་གོང་མ་ཚོའི་དབྱར་ཁའི་གནས་ཁང་ཡིན་ཞིང་། དེ་ནི་སྔོན་མན་ཇུའི་ཇེ་ཧོ་ཞིང་ཆེན་ཡིན་པ་རེད། དགོན་པ་འདི་ལ་སྲིད་གཞུང་ནས་ཀྱང་རོགས་སྐྱོར་ཐོབ་ཀྱི་ཡོད། ཡིན་ནའང་། དེ་ནི་སྲིད་གཞུང་གིས་སྦྱིན་བདག་བྱས་པའི་ནང་པའི་སློབ་གཉེར་ཁང་ཁག་གི་ཁྲོད་དུ་ཐུན་མོང་མ་ཡིན་པ་ཞིག་ཡིན་པ་དང་། དེའི་ནང་དམར་ཤོག་ལེ་ཉིན་རིང་ལུགས་དེ་གཏན་འབེབས་སློབ་ཚན་གྱི་ཆ་ཤས་སུ་གཏོགས་ཀྱི་མེད། ནང་སོག་ཚོས་པེ་ཅིང་དུ་ཡོད་པའི་ཡོངྷེ་ ཀོང་ ལྷ་ཁང་ (Yonghe Gong Temple) 雍和宫 ལ་རྒྱ་ཆུང་བའི་སློབ་སྦྱོང་བྱེད་ཆོག་གི་ཡོད།
ཕྱི་སོག་དང་བྷུརྱ་ཏིའི་ནང་གི་ “གྲྭ་པ་” ཞེས་བྱ་བ་དེ་དག་ལ་ཆུང་མ་ཡོད་མཁན་དང་ཨ་རག་འཐུང་མཁན་དང་མི་འདྲ་བར། ནང་སོག་གི་གྲྭ་པ་མང་ཆེ་བ་ནི་ཆང་ས་རྒྱག་མེད་ནའང་། འགའ་ཞིག་གིས་སྦི་རག་འཐུང་གི་ཡོད་བཟོ་འདུག ཐ་ན་ནང་སོག་གི་སྐྱ་བོ་མི་ནག་འགའ་ཞིག་གིས་གྲྭ་པ་ཚོ་ཁྱིམ་དུ་ཞལ་ལག་ལ་གདན་འདྲེན་ཞུ་སྐབས། སྦི་རག་ཀྱང་འདྲེན་གྱི་ཡོད།
བོད་བརྒྱུད་ནང་བསྟན་ལ་མན་ཇུའི་རོགས་སྐྱོར།
མན་ཇུ་གོང་མ་ཚོས་སོག་པོའི་ཁྲོད་དུ་བོད་བརྒྱུད་ནང་བསྟན་ལ་རོགས་སྐྱོར་བྱས་ཡོད་པ་དང་། པེ་ཅིང་དང་། ཁྲེང་ཏེ། (Chengde) ཝུ་ཐའི་ཤན་ (Wutaishan) 五台山 ནམ་རི་བོ་རྩེ་ལྔ་བཅས་ཀྱི་ནང་དེའི་རྗེས་སུ་འབྲང་གི་ཡོད་ཁུལ་བྱས་ཡོད། ཁོང་ཚོས་ད་དུང་ཡང་རྒྱ་ནག་གི་ནང་པའི་བཀའ་བསྟན་རྣམས་མན་ཇུའི་སྐད་དུ་སྒྱུར་རྒྱུའི་བཀོད་མངགས་བྱས་ཤིང་། དེ་ལ་མན་ཇུའི་བཀའ་འགྱུར་ཞེས་བརྗོད་པ་དང་དེ་ནི་བོད་སྐད་ནས་བསྒྱུར་ཡོད་ཁུལ་བྱས་པ་རེད། འོན་ཀྱང་། ཁོང་ཚོས་མན་ཇུའི་མི་རིགས་ལ་བོད་དང་རྒྱ་ནག་གི་ནང་ཆོས་གང་རུང་རང་ལུགས་སུ་བསྟེན་དུ་བཅུག་མེད། གོང་མ་ཚོས་མན་ཇུའི་མི་རིགས་རྣམས་ནི་གཙོ་བོ་དམག་མི་བྱེད་དགོས་པ་དང་ནང་ཆོས་ཀྱིས་གཟུགས་པོ་ཐང་པོ་དང་སྟོབས་ཆེ་བའི་མི་རྣམས་དམག་མི་ལས་རྒྱང་དུ་གཏོང་གི་རེད་ཅེས་ཚོར་ཡོད། ཁོང་ཚོས་མན་ཇུའི་མི་རིགས་ཚོས་སོ་སོའི་སྲོལ་རྒྱུན་གྱི་ལྷ་འདྲེ་གསོལ་མཆོད་ཤ་མན་རིང་ལུགས་ཀྱི་རྗེས་སུ་འབྲང་དགོས་པའི་སྐུལ་མ་བཏང་ཡོད།
གོང་མ་ཚོས་མན་ཇུའི་དགེ་འདུན་པ་ཚོའི་ཆེད་དུ་དགོན་པ་ངོ་མ་གཉིས་ལས་བཞེངས་མེད། རྒྱ་ནག་རི་བོ་རྩེ་ལྔར་ཆིའན་ལོང་ (Qianlong) 乾隆 གོང་མའི་ཨ་མའི་རྨི་ལམ་གྱི་ནང་འཇམ་དཔལ་དབྱངས་མན་ཇུའི་གོང་མའི་ཕོ་བྲང་དུ་ཕེབས་པར་རྨིས། དེའི་འབྲས་བུར་ཁོ་མོའི་སྲས་ཀྱིས་པེ་ཅིང་གི་བྱང་ཕྱོགས་ཀྱི་དྲི་ངད་ལྡན་པའི་རི་བོ་ (Fragrant Hill) 香山 དང་ཁྲེང་ཏེ་ (Chengde) ལ་མན་ཇུའི་གྲྭ་པ་ཚོའི་ཆེད་དུ་འཇམ་དཔལ་དབྱངས་ཀྱི་དགོན་པ་གསར་བཞེངས་བྱས། དེ་གཉིས་ཀ་ལ་ཧྲུ་ཙིའང་ སི་ (Shuziang Si) 殊像寺 འཇམ་དཔལ་དབྱངས་ཞེས་བརྗོད་པ་དང་དེ་གཉིས་ཀ་ད་ཆ་འགྲེམས་སྟོན་ཁང་ཡིན་པ་རེད། གོང་མའི་རྒྱལ་ཁབ་སྔོན་གྱི་མན་ཇུའི་རྒྱལ་ས་ཡིན་པ་ཧྲེན་ཡང་ (Shenyang) 沈阳 (མུག་དན་གོང་མ་) ལ་ཡོད་པའི་མགོན་པོ་ནག་པོའི་ལྷ་ཁང་ 实胜寺 ནི་དགོན་པ་ཞིག་ནམ་ཡང་མིན་པར། མཆོད་འབུལ་བྱེད་ཆེད་ཀྱི་ལྷ་ཁང་གཅིག་པུ་ཡིན་ཞིང་། དེ་ནི་ནང་སོག་གི་གྲྭ་པ་ཁོ་ནས་འཛིན་སྐྱོང་བྱས་ཡོད། པེ་ཅིང་དང་ཁྲེང་ཏེ་ལ་ཡོད་པའི་མན་ཇུའི་མི་རིགས་འགའ་ཞིག་གིས་ད་ལྟ་ཡོད་པ་ནང་བཞིན་བོད་བརྒྱུད་ནང་བསྟན་ལ་དད་པ་ཡོད་ནའང་། དེའི་ཚེ་ན་དཀོན་པོ་རེད། དེར་བརྟེན་ང་ཚོས་མན་ཇུའི་ནང་གི་ནང་ཆོས་ཀྱི་སྐོར་བཤད་སྐབས། བྱང་ཤར་ནང་སོག་གི་ནང་པའི་ཆོས་ལ་རྟག་ཏུ་ཁུངས་གཏུགས་བྱེད་ཀྱིན་ཡོད།
ང་རང་ནང་སོག་ལ་ཕྱིན་པའི་སྐབས། དགོན་པ་ཚང་མའི་ནང་པཎ་ཆེན་རིན་པོ་ཆེའི་སྐུ་པར་སྒྲོན་འདུག ཡིན་ནའང་། ༧གོང་ས་མཆོག་གི་སྐུ་པར་ཧ་ཅང་དཀོན་པོ་འདུག དེ་ནི་དད་པ་མེད་པའི་རྐྱེན་གྱིས་མིན་པར། སྐུ་པར་མི་རག་པའི་དཀའ་ངལ་ཞིག་ཡིན་པ་རེད།
ནང་སོག་ནང་ཡོད་པའི་དགོན་པ་གལ་ཆེན་ཁག
གཤམ་དུ་བཀོད་པ་རྣམས་ནི་བྱང་ཤར་ཧོ་ཧོའི་ས་ཁུལ་དུ་ཆགས་པའི་དགོན་པ་ཁག་རེད།
༡༽ ཤི་རེ་ཏུ་ ཇུ་ (Shiretu Juu) 延寿寺 ཞེས་པའི་དགོན་པའི་ནང་གྲྭ་ཉི་ཤུ་རྩ་གཅིག་ཡོད་པ་དང་དེ་དག་ལས་གསུམ་ནི་ཨ་མདོ་ནས་ཡིན་པ་དང་གཅིག་ནི་སོག་པོ་ཀོ་ཀོ་ནོར་ནས་རེད་འདུག དེ་ནི་ནུབ་བྱང་ཁུལ་དུ་ཡོད་པའི་དགོན་པ་དོ་གལ་ཆེ་ཤོས་དེ་ཡིན་པ་ལྟར་སྣང་། གྲྭ་བ་གཞོན་གཞོན་དེ་ཚོས་བོད་ཡིག་སྦྱོང་བ་དང་དཔེ་ཆ་བློ་འཛིན་བྱེད་པ། དེ་བཞིན་ཉིན་ལྟར་བླ་མ་མཆོད་པ་འདོན་པ་དང་སྐབས་འགར་གཤིན་རྗེ་གཤེད་ཀྱི་ཆོ་ག་འདོན་སྲོལ་འདུག མཁའ་སྔོན་རིན་པོ་ཆེ་ནི་ནང་སོག་གི་བླ་མ་དབུ་འཁྲིད་གཞོན་པ་ཡིན་པ་དང་ཁོང་གི་ལས་ཁུངས་ཁག་ནི་དགོན་པའི་ནང་ཡོད། ཨུ་ལན་རིན་པོ་ཆེ་ནི་ནང་སོག་གི་བླ་མ་དབུ་འཁྲིད་གཙོ་བོ་དེ་ཡིན་ཞིང་། ཁོང་གི་ལས་ཁུངས་ཁག་ནི་ས་ཆ་གཞན་དུ་ཡོད་ནའང་། གང་དུ་ཡོད་ངས་ཤེས་མ་སོང་།
༢༽ ཨིཁ་ ཁུ་རེའམ་ (Ikh Khure) བོད་སྐད་ནང་བྱང་ཆེན་ཆོས་འཁོར་གླིང་ (Dazhao Si) 大召寺 དགོན་པ་ནི་ཨལ་ཏན་ཁན་དང་༧གོང་ས་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོས་ཕྱག་བཏབ། དེའི་ནང་གྲྭ་པ་གཞོན་གཞོན་བཅུ་དྲུག་ཚུད་པའི་དགེ་འདུན་པ་ཉི་ཤུ་རྩ་ལྔ་ཡོད། དེ་དག་གིས་བོད་ཡིག་སློབ་སྦྱོང་དང་ཆོ་ག་དང་སྨོན་ལམ་གྱི་རིགས་བློ་འཛིན་བྱེད་བཞིན་ཡོད། འདི་ནི་ནང་སོག་ཏུ་དགེ་ལུགས་པའི་དགོན་པ་ཐོག་མ་དེ་ཡིན་པ་རེད། དེའི་ཉེ་འཁྲིས་སུ་གནས་ཆུང་དགོན་པ་ཞིག་ཀྱང་ཡོད།
༣༽ བསྟན་དགའ་གླིང་ (Wusitai Damiao) 乌斯太大庙 དགོན་པའི་ནང་གྲྭ་བ་བཅུ་ཡོད་པ་དང་དེ་ནི་ཕལ་ཆེར་འགྲེམས་སྟོན་ཁང་ལྟ་བུ་ཡིན་པ་རེད།
༤༽ སྲིད་གཞུང་གི་ནང་པའི་མཐོ་སློབ་ཅིག་ཡོད་པ་དེ་ལ་བོད་སྐད་དུ་ནང་བསྟན་སློབ་གྲྭ་ (Fajiao xuejia) 佛教学家 ཟེར། དེ་ནི་གོང་དུ་འགྲེལ་བརྗོད་བྱས་པའི་དགོན་པ་དེའི་ཉེ་འཁྲིས་སུ་ཡོད།
༥༽ དཔལ་ལྡན་བཀྲ་ཤིས་ཕན་བདེ་གླིང་ (Dalama Miao) 大喇嘛庙 དགོན་པ་ནི་ཧོ་ཧོའི་བྱང་ཤར་གྱི་སྤྱི་ལེ་ ༡༥༠ ཙམ་གྱི་བྱེ་མ་སྤང་ཐང་དང་སི་ཙི་ཝང་ཆི་ (Siziwangqi) 四子王旗 ནས་སྤྱི་ལེ་ ༧༠ ཙམ་ལ་ཆགས་ཡོད། སྔོན་དགོན་པ་དེའི་ནང་གྲྭ་བ་ཆིག་སྟོང་ (༡༠༠༠) ཡོད་པ་དང་གྲྭ་ཚང་སྡེ་ཚན་གཉིས་ཡོད་པ་ནི། མཚན་ཉིད་ནི་འཇམ་དབྱངས་བཞད་པའི་གཞུང་གི་རྗེས་སུ་འབྲང་པའི་མཚན་ཉིད་རྩོད་གླེང་དང་རྒྱུད་པ་ནི་དུས་འཁོར་ཚུད་པའི་གསང་སྔགས་རྒྱུད་ཀྱི་སློབ་སྦྱོང་ཡིན་པ་རེད། ད་ལྟའི་ཆར་དེར་གྲྭ་པ་རྒས་འཁོགས་ལོ་བདུན་ཅུ་ལས་མི་ཉུང་བ་རྣམས་ཡོད། དེ་དག་ལས་བཅུ་བདུན་ནི་དེར་གནས་སྡོད་བྱེད་པ་དང་ཁོང་ཚོས་ཟླ་བ་གཅིག་གི་ནང་ཆོ་གའི་རིགས་ཐེངས་དྲུག་བྱེད་པའི་སྐབས། གྲྭ་བ་རྒས་འཁོགས་བརྒྱ་ཙམ་ (༢༠༠) ཉེ་འཁོར་གྱི་ས་ཁུལ་ཁག་ནས་ཡོང་གི་ཡོད། དགོན་པའི་ཉེ་འཁོར་དུ་ཡོད་པའི་གྲོང་གསེབ་ཆུང་ཆུང་དེར་གནས་སྡོད་བྱེད་མཁན་གྱི་མི་རྣམས་ནང་ཆོས་ལ་དད་པ་མེད་ནའང་། འབྲོག་པའི་རྫི་བོ་རྣམས་ནང་ཆོས་ལ་དད་པ་ཡོད། གྲྭ་བ་གཞོན་གཞོན་མེད་དེ། ཁོང་ཚོ་སྡོད་སའི་ཁང་པ་དང་ཞལ་ལག་སྟེར་རྒྱུ་སོགས་ཕྱིའི་དངོས་པོའི་མཐུན་རྐྱེན་དང་རྒྱབ་རྟེན་མེད་པས་རེད། དེའི་ཉེ་འདབས་སུ་ཡོད་པའི་དགོན་པ་ཆེན་པོ་ཐུར་བྷིཏ་ (Turbit) ཟེར་བ་དེ་ནི་རྦད་དེ་གཏོར་བཤིག་བཏང་ཡོད།
༦༽ ཝང་ཡེ་ཧྥུ་ མིའོ་ (Wangyefu Miao) 王爷府庙 དགོན་པ་ནི་ད་ལ་མ་ མིའོར་ (Dalama Miao) འགྲོ་སའི་ལམ་དུ་ཡོད་པ་དང་དེའི་ནང་གྲྭ་བ་ལྔ་དང་གསང་སྔགས་ཀྱི་ཆོ་ག་འགའ་ཞིག་བསྒྲུབ་ཀྱི་ཡོད།
ཡང་ནུབ་བྱང་གི་བྷའོ་ཐོའུ་ (Baotou) ས་ཁུལ་ནང་།
༡༽ པད་དཀར་ (Wudang Zhao) 五当召 དགོན་པ་ནི་འགྲེམས་སྟོན་ཁང་ལྟར་ཆགས་ཡོད་པ་དང་དེའི་ནང་གྲྭ་བ་སུམ་ཅུ་ (༣༠) ཡོད་པ་དང་དེ་དག་ལས་མང་ཆེ་བར་ཆུང་མ་ཡོད་པ་དང་ཆང་རག་འཐུང་བ། དེ་བཞིན་དགོན་པའི་ནང་གྲྭ་ཤག་གཙང་མ་བཟོ་མཁན་གྱི་ལས་ཀ་ཙམ་བྱེད་ཀྱི་ཡོད། དེ་དག་མང་པོ་ཞིག་ནི་བྱང་ཤར་ཁུལ་ནས་ཡིན་པ་དང་སྤྱོད་པ་ཧ་ཅང་རྩུབ་པོ་ཡོད། རྒྱ་མི་ཡུལ་སྐོར་སྤྲོ་འཆམ་པ་ཞིག་གིས་ཁྲིམས་འགལ་ཐོག་ལྷ་ཁང་ཞིག་གི་ནང་པར་རྒྱག་པར་བརྟེན་གྲྭ་བ་གཅིག་གིས་དངོས་སུ་རྒྱ་མི་དེ་ལ་འཐབ་རྒོལ་དང་བཅས་རྨས་སྐྱོན་བཟོས་པ་ངས་མཐོང་སོང་། སྔོན་དེར་གྲྭ་བ་ཆིག་སྟོང་ (༡༠༠༠) ཡོད་པ་དང་གྲྭ་ཚང་ཁག་ལྔ་ཡོད་པ་རེད། དེ་དག་ལས་མཚན་ཉིད་ནི་རྩོད་གླེང་དང་། རྒྱུད་པ་ནི་གསང་སྔགས། དུས་འཁོར་དང་སྐར་རྩིས། སྨན་པ། འདུལ་བ་བཅས་ཡོད། དེ་ནི་ནང་སོག་ཁྱོན་ཡོངས་ཀྱི་ནང་སློབ་ཡོན་དང་ཚད་ལྡན་གྱི་སློབ་གཉེར་ཚད་མཐོ་ཤོས་ཡིན་པ་སོང་ཙང་། སྐད་གྲགས་ཡོད་པ་ཞིག་རེད། ད་ལྟའི་ཆར་བསླབ་པ་སློབ་གཉེར་དང་གསང་སྔགས་ཀྱི་ཆོ་ག་ཕྱག་ལེན་གང་ཡང་མེད། འདི་ནི་མི་ཉམས་པར་ད་ལྟ་དངོས་སུ་ལྷག་ཡོད་པའི་དགོན་པ་ཞིག་རེད།
༢༽ དགའ་ལྡན་ཤེས་རིག་གླིང་ (Shouhui Miao) 受惠庙 དགོན་པ་ནི་རྨ་ཆུའི་གུག་ལུང་ནང་གི་ཨོར་ཌོ་སིའི་ (Ordos) ས་ཁུལ་དུ་ཡོད་པ་དང་དེ་ནི་བྷའོ་ཏའོ་ (Baotao) ནས་སྤྱི་ལེ་ ༡༥༠ ཙམ་དང་ཆིང་གྷིས་ཁན་གྱི་གདུང་ཁང་ཡོད་ས་ནས་སྤྱི་ལེ་ ༧ ཙམ་གྱི་ཐོང་ཤེང་ (Dongsheng) 东胜 གི་ལྷོ་ངོས་སུ་ཡོད། འདི་ནི་ཆིང་གྷིས྄་ཁན་ཆོས་སྐྱོང་གི་ངོ་བོར་གསོལ་མཆོད་བྱེད་པར་དམིགས་སའི་དགོན་པ་ཞིག་ཡིན་པ་དང་གྲྭ་པ་རྒས་འཁོགས་སུམ་ཅུས་ (༣༠) གསང་སྔགས་ཀྱི་ཆོ་གའི་རིགས་བསྒྲུབ་ཀྱི་ཡོད། དགོན་དེའི་ནང་གྲྭ་པ་གཞོན་གཞོན་མེད་པ་རེད། དམར་ཤོག་དབང་འཛིན་པ་ཚོས་གྲྭ་པ་གཞོན་གཞོན་དགོན་པར་འཛུལ་བཞུགས་མི་ཆོག་པའི་བཀག་འགོག་བྱེད་པ་དང་དགོན་པ་སྒོ་རྒྱག་ཐབས་བྱས་ཡོད། དམར་ཤོག་དབང་འཛིན་པ་ཚོས་ཉེ་འཁྲིས་སུ་ཁྱབ་བསྒྲགས་དང་ཡུལ་སྐོར་སྤྲོ་འཆམ་པ་ཚོའི་དགོས་དོན་ལ་དམིགས་ནས་ཆིང་གྷིས྄་ཁན་ལ་ཞིང་ཁམས་ལྟ་བུའི་གདུང་ཁང་ཞིག་བཞེངས་ཡོད་ནའང་། དེས་སོག་པོའི་རྒྱལ་ཞེན་རིང་ལུགས་ཤུགས་ཆེ་རུ་གཏོང་གི་རེད་བསམས་ནས་ཆིང་གྷིས྄་ཁན་ལ་གསོལ་མཆོད་བྱེད་སྲོལ་དེ་ཧ་ཅང་ཆེན་པོ་ཆགས་འཇུག་འདོད་མེད། སྔོན་དགོན་པ་འདིའི་ནང་གྲྭ་པ་བརྒྱད་ཅུ་ (༨༠) དང་ད་གྲྭ་ཚང་གཅིག་ཡོད་པ་ནི། འཇམ་དབྱངས་བཞད་པའི་གཞུང་ལུགས་ལ་སློབ་གཉེར་དང་བཅས་རྩོད་གླེང་བྱེད་སྲོལ་གྱི་མཚན་ཉིད་གྲྭ་ཚང་ཡིན་པ་རེད། འདས་པའི་དུས་སུ་ས་ཁུལ་དེར་དགོན་པ་ལྔ་ཡོད་ནའང་། ད་ཆ་དགོན་པ་འདི་གཅིག་པུ་ལས་ལྷག་མེད། གཞན་ཚང་མ་ཕྱི་ལོ་ ༡༩༦༤ ལོར་གཏོར་བཤིག་བཏང་ཡོད། འདི་ལ་ཐོག་རྩེག་གཅིག་ལྡན་གྱི་ལྷ་ཁང་ཆུང་ཆུང་ཞིག་ཡོད། འདིའི་ནང་གི་གྲྭ་པ་གཙོ་བོ་ནི་སྨན་པའི་ཁྱིམ་རྒྱུད་ནས་ཡིན་པའི་སྲོལ་རྒྱུན་བོད་སོག་སྨན་པའི་གྲྭ་བ་ཞིག་ཡིན་པ་དང་ཁོང་ལ་སྨན་གྱི་སྐོར་དེ་ཏོང་ཧྲེང་ (Dongsheng) ལ་ཡོད་པའི་སོག་པོའི་སྨན་ཁང་ཆུང་ཆུང་ཞིག་ནས་ཐོབ་ཡོད་པ་རེད།
༣༽ མེར་གེན་དགོན་པ་ནི་བྷའོ་ཏའི་ (Baotao) ནུབ་ཕྱོགས་སུ་ཨུ་རད་ ཆིའན་ཆིའི་ (Urad Qianqi) 乌拉特前旗 ཉེ་འཁྲིས་སུ་ཡོད་པ་དང་། དེར་ཁང་པ་གཅིག་གི་ནང་ཁང་མིག་གཅིག་ཙམ་ཞིག་ཡོད་པའི་ནང་གྲྭ་པ་རྒས་འཁོགས་རྣམས་འཛོམས་ནས་གསང་སྔགས་ཀྱི་ཆོ་ག་འདོན་གྱི་ཡོད།
༤༽ མཻ་དར་ སམ་ (Maidar Sum) 美岱召 བྷ་ཏའི་ (Baotao) ཤར་ཕྱོགས་སུ་ཡོད་པ་དང་དེར་གྲྭ་བ་མེད་པར་ལས་མི་གཅིག་པོ་གནས་ཀྱི་ཡོད། དེ་ཡང་འགྲེམས་སྟོན་ཁང་ནང་བཞིན་གཉེར་ཡོད།
བྱང་ཤར་ཁུལ་དུ་ཆགས་པའི་དགོན་པ་ཁག་ནི།
༡༽ དོ་ལོ་ནོར་ (Duolun) 多伦 ལ་བྷ་རཱུན་ (ནུབ་ཀྱི་གཡས་སུ་) སུ་མེ་ (Baruun Sume) དགོན་པའི་ཤུལ་རྗེས་ཡོད་པ་དེ་ལ་ཤ་ལ་ (སེར་པོ་) སུ་མེ་ 善因寺 ཞེས་ཀྱང་གྲགས་པ་ཡིན། དེ་ནས་ཛུན་ (Dzunn Sume) (ཤར་གྱི་གཡོན་)སུ་མེའམ། ཡང་ན་ཀོ་ཀེ་ (སྔོན་པོ་) སུ་མེ་ (Huizong Si) 汇宗寺 བཅས་ཡོད། དེ་དག་ནི་ལྕང་ཀྱ་ཧུ་ཐུཁ་ཐུའི་ (Jangkya Hutukhtus) མ་དགོན་གྱི་ས་ཁུལ་གཉིས་ཡིན་པ་དང་དེ་ནི་ནང་སོག་གི་ཆབ་སྲིད་དང་འབྲེལ་བའི་དགོན་པ་གལ་ཆེ་ཤོས་ཀྱི་ཆ་ཤས་སུ་གྱུར་ཡོད། མན་ཇུའི་ཀང་ཤི་ (Kangxi) 康熙帝 གོང་མས་དགོན་པ་འདི་བཞིན་ཁལ་ཁ་དང་པོ་རྗེ་བཙུན་དམ་པས་རང་གི་རྒྱལ་ཁབ་ཕྱི་སོག་ཁོང་ལ་མགོ་འབུལ་བྱས་པའི་ས་ཆ་དེ་ལ་བཞེངས་ཡོད། མན་ཇུ་ཚོས་ལྕང་ཀྱ་ཧུ་ཐུཁ་ཐུས་འདིར་བཀོད་སྒྲིག་བྱས་པ་ནི་ཨུར་ག་ (Urga) ལ་ཡོད་པའི་རྗེ་བཙུན་དམ་པ་ཚོ་ནི་སོག་པོའི་ནང་པ་ཚོའི་དམིགས་ས་དང་དོ་སྣང་བྱེད་ས་ཆེ་ཁག་ལྟ་བུར་བརྗེ་ཚབ་ལ་འབད་རྩོལ་བྱེད་པ་རེད། མན་ཇུའི་དབང་སྒྱུར་སྐབས། ནང་སོག་དང་ཕྱི་སོག་གི་འཛིན་སྐྱོང་སྡེ་ཚན་རེ་རེས་དོ་ལོ་ནོར་ལ་གྲྭ་པ་གཏོང་དགོས་པ་དང་དཔལ་འབྱོར་གྱི་རྒྱབ་སྐྱོར་བྱེད་དགོས་ཀྱི་ཡོད། དེ་ལ་དཔེ་སྐྲུན་ཁང་ཧ་ཅང་གལ་ཆེན་པོ་ཞིག་ཡོད་པ་དང་དེ་ནི་སྒྱུ་རྩལ་ཀྱི་བྱེད་ལས་ཐད་ལ་སྐད་གྲགས་ཡོད་པ་རེད། དེ་དག་ནང་སོག་དང་ཕྱི་སོག་ལ་བཏང་བ་ཙམ་དུ་མ་ཟད། བྷུརྱ་ཏི་ལའང་བཏང་ཡོད།
ད་ལྟ་དོ་ལོ་ནོར་གྱི་ས་ཁུལ་གཉིས་མཐའ་གཅིག་ཏུ་རྩ་གཏོར་ཕྱིན་ཡོད་པ་དང་གྲྭ་པ་གཅིག་ཀྱང་མེད། དེ་དག་སྔོན་འཛམ་གླིང་དམག་ཆེན་གཉིས་པའི་མཇུག་ཏུ་ཁོང་ཚོ་ཉི་ཧོང་ལག་ནས་ས་ཆར་རང་དབང་ཐོབ་པའི་སྐབས། ཐོག་མར་ཨུ་རུ་སུའི་མི་རྣམས་ཀྱིས་གཏོར་བཤིག་བཏང་ཡོད་པ་དང་། དེ་ནས་ཕྱི་ལོ་ ༡༩༥༠ ལོའི་སྨད་ཙམ་ལ་དེ་དག་ག་ལེར་ག་ལེར་སྣང་མེད་དུ་བསྐྱུར་བ་རེད། དམིགས་བསལ་ཕྱི་ལོ་ ༡༩༥༨ ལོའི་གཞུང་ལ་རྒྱབ་འགལ་གྱི་ལས་འགུལ་ (Anti-Writers Campaign) དུས་སྐབས་སུ་སྣང་མེད་བསྐྱུར་ཡོད།
༢༽ ཧྲང་ཏུའི་ (Shangdu) 上都 རྗེས་ཤུལ་ (ནུབ་ཕྱོགས་སུ་དེ་ལ་ཤ་ན་ཏུ་ (Xanadu) ཞེས་སུ་གྲགས་) ཏེ། ཀུབ་ལེ་ཁན་གྱི་རྒྱལ་ས་ཡིན་པ་དང་དེ་ནི་ཏུའོ་ལུན་ (Duolun) གྱི་ནུབ་ངོས་སུ་སྤྱི་ལེ་ ༣༠ ཙམ་གྱི་སན་ཧྥེན་ཆུའི་ (Sanfenqu) ཉེ་འཁྲིས་ཀྱི་ཐང་ཆེན་དུ་ཡོད། རྩིག་པ་འགའ་ཞིག་ཤུལ་དུ་ལུས་པ་མ་གཏོགས་གཞན་གང་ཡང་ལྷག་མེད།
༣༽ ཀལ་གན་ (Zhangjiakou) 张家口 ནི་སོག་པོ་ཚོས་སྲོལ་རྒྱུན་ལྟར་ལྕགས་རི་ཆེན་པོར་འཛུལ་བའི་གྲོང་ཁྱེར་དེ་ཡིན་ཞིང་། དེར་བོད་སོག་གི་དགོན་པ་དང་ལྷ་ཁང་གཅིག་ཀྱང་ལྷག་མེད།
དེ་ནས་མུ་མཐུད་དེ་བྱང་ཤར་གྱི་བྱང་ངོས་སུ་ནང་པའི་དགོན་པ་ཡོད་པའི་ས་ཁུལ་གཙོ་བོ་ཁག་ནི།
༡༽ ཁྲི་ཧྥེང་ (Chifeng) 赤峰 (Mong: Ulanhad) གི་ཉེ་འཁོར་དུ་དགོན་པ་རྙིང་པ་དྲུག་ཡོད། ཁྲི་ཧྥེང་གི་བྱང་ཕྱོགས་སུ་སྤྱི་ལེ་ ༡༨༠ ཙམ་ལ་བྷཻ་རིན་ ཡུ་ཆི་ (Bairin Youqi) 巴林右旗 ཡོད་པ་དང་དེར་གྲྭ་པ་སུམ་ཅུ་ (༣༠) ནས་བཞི་བཅུའི་ (༤༠) བར་ཡོད་ཚོད་འདུག ཧྥང་ཙུང་ སི་ (Fangzong Si) 梵宗寺 ནི་ཁྲི་ཧྥེང་གི་བྱང་ཕྱོགས་སྤྱི་ལེ་ ༩༠ ཙམ་གྱི་བྷཻ་རིན་ ཡུ་ཆིའི་ལམ་དུ་ཡོད་པ་དང་དེ་ནི་ས་ཁུལ་དེའི་དགོན་པ་ཆེ་ཤོས་དེ་ཡིན་ནའང་། ད་ཆ་གྲྭ་པ་གཅིག་ཀྱང་མེད། ཧྥ་ལུའན་ སི་ (Faluan Si) ནི་ཁྲི་ཧྥང་གི་ལྷོ་ཤར་ངོས་སྤྱི་ལེ་ ༡༠༠ ཙམ་གྱི་མངའ་ཁུལ་གྱི་ས་མཚམས་ལིའོ་ཉིང་ (Liaoning) 辽宁 གི་ཕ་རོལ་ཉིང་ཁྲེང་ (Ningcheng) 宁城 གི་ཉེ་འཁྲིས་སུ་ཡོད་པ་དང་། དེར་ཕལ་ཆེར་གྲྭ་པ་བདུན་བརྒྱད་ཙམ་ཡོད་ཚོད་འདུག དེ་བཞིན་ཁྲི་ཧྥེང་ (Chifeng) གི་བྱང་ཤར་ཁུལ་གྱི་ཤིའན་མེན་ (Xianmen) མངའ་ཁུལ་དུ་བྷི་ཛུ་ མིའོ་ (Bizu Miao) ཟེར་དེའང་ཡོད། ཁྲི་ཧྥེང་ (Chifeng) རང་ནི་བརྒྱ་ཆ་དྲུག་ཅུ་ (༦༠) ཧན་རྒྱ་རིགས་ཡིན་པ་རེད། གྲོང་གསེབ་ཏུ་ཡོད་པའི་སོག་པོ་ཁོ་ན་དང་གྲོང་ཁྱེར་གྱི་སོག་པོ་འགའ་ཞིག་བཅས་སུམ་ཅུ་ལྷག་ཙམ་ནི་ནང་ཆོས་ལ་དད་པ་ཡོད་མཁན་རེད།
༢༽ ཧོར་ཆིན་ ཡོའུ་ཆི་ ཆིའན་ཆི་ (Horqin Youqi Qianqi) 科尔沁右翼前旗 (Mong: Ulanhot) ཉེར་འཁོར་བྷཻ་ཁྲེང་ (Baicheng) 白城 གི་ཉེ་འཁྲིས་སུ་ཡོད་པ་ནི་གེ་གན་ ཆེ་ སུ་མེ་ (Gegen-che Sume) 葛根庙 ཡིན་པ་དང་། དེར་གྲྭ་པ་སུམ་ཅུ་ (༣༠) ཙམ་ཡོད་ཚོད་འདུག དེ་བཞིན་ཆིའན་མེང་ མིའོ་ (Xianmeng Miao) 县孟庙 དང་ཝུ་ཡེ་ མུའོ་ (Wuye Miao) 五爷庙 གྲྭ་པའི་གྲངས་ཚད་དེ་དང་གཅིག་པ་ཡོད་ཚོད་འདུག བློ་བཟང་རྒྱལ་མཚན་རིན་པོ་ཆེ་ས་ཁུལ་དེར་བཞུགས་ཀྱི་ཡོད། ད་དུང་ཝང་ཡིན་ སུ་མེ་ (Wang-yin Sume) 王爷庙 ཞེས་པ་ཉི་ཧོང་བཙན་འཛུལ་བ་ཚོས་ཕྱི་ལོ་ ༡༩༤༤ ལོར་ཆིང་གྷིས྄་ཁན་དྲན་རྟེན་གྱི་ལྷ་ཁང་གསར་རྒྱག་བྱས་ཞིང་། དེ་ནི་མན་ཇུའི་ནང་སོག་ཚོའི་ལར་ཞེན་འཐོབ་ཆེད་འབད་རྩོལ་བྱེད་པ་ཞིག་རེད། ཉི་ཧོང་པ་ཚོས་ཁོང་ཚོའི་དབང་སྒྱུར་འོག་ཆིང་གྷིས྄་ཁན་ལ་ཡོད་པའི་དད་གུས་དམིགས་གཏད་དེ་ནུབ་བྱང་ནང་སོག་གི་ཨོར་ཌོས྄་ (Ordos) ས་ཁུལ་ནས་ས་ཁུལ་འདིའི་ནང་དུ་སྤོ་ཤུད་བྱ་རྒྱུའི་རེ་བ་བྱས་ཡོད།
༣༽ ཧཻ་ལར་གྱི་ཉེ་འཁོར་དུ་ཤིན་སུམ་ (Shin Sum) དང་ཨ་ཤན་ སུམ་ (Ashan Sum) 阿尔山庙 དགོན་པ་ཡོད།།