ལམ་གྱི་རིམ་པའི་སྲོལ་རྒྱུན་གྱི་བཤད་པ།

བྱང་ཆུབ་ལམ་གྱི་རིམ་པར་བརྒྱུད་པའི་ཡར་རྒྱས་དེ་ཤིན་ཏུ་ནས་སྙེད་པར་དཀའ་བའི་མི་ལུས་རིན་ཆེན་གྱི་གོ་སྐབས་འདི་ང་ཚོར་ཐོབ་ཡོད་པ་རྟོགས་པ་ནས་འགོ་བཙུག་གི་ཡོད། གལ་སྲིད་ང་ཚོས་འདིའི་གོ་སྐབས་ཆ་ཚང་བ་ལེན་པ་ཡིན་ན། སྐྱེ་བ་ཕྱི་མར་མི་ལུས་འཐོབ་པ་ཙམ་དུ་མ་ཟད། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཡང་འཐོབ་ཀྱི་རེད། དེ་དག་ཐམས་ཅད་ང་ཚོའི་ཀུན་སློང་དང་དམིགས་ཡུལ་གྱི་ཚད་དང་། དེ་བཞིན་སངས་རྒྱས་ཀྱིས་གསུངས་པའི་ཆོས་ལ་སློབ་གཉེར་དང་ཉམས་ལེན་བྱེད་པ་ལ་རག་ལུས་ཡོད་པ་ཡིན།

མི་ལུས་རིན་ཆེན་གྱི་སྐྱེ་བ།

མི་ལུས་རིན་ཆེན་གྱི་སྐྱེ་བ་ནི་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་རྒྱུ་མཚན་གང་ཡིན་ནམ།

ང་ཚོར་ཐོབ་པའི་མི་ལུས་རིན་ཆེན་འདི་ནི་ཡིད་བཞིན་གྱི་ནོར་བུ་ལས་ཀྱང་རྩ་ཆེ་བ་ཡིན། འདི་ནི་དལ་བའི་གཞི་རྟེན་ཡིན་ཀྱང་། ང་ཚོའི་ལུས་རྟེན་འདིར་ཚང་བའི་དལ་བ་དང་འབྱོར་བ་ནི་སྨན་རྫས་ལ་ལོངས་སུ་སྤྱོད་པ་སོགས་མ་ཡིན་པར། དམ་པའི་ཆོས་ཉམས་སུ་བླངས་བའི་ཆེད་དུ་ཡིན། མི་ལུས་རིན་ཆེན་འདི་ཡིད་བཞིན་གྱི་ནོར་བུ་ལས་རྩ་ཆེ་བའི་རྒྱུ་མཚན་གང་ཡིན་ནམ་ཞེ་ན། ཡིད་བཞིན་གྱི་ནོར་བུ་ལ་བརྟེན་ནས་ང་ཚོར་ཚེ་འདིའི་བཟའ་བཏུང་ཐོབ་ནའང་། ཚེ་ཕྱི་མ་ལ་ཕན་ཐོགས་ཐུབ་ཀྱི་མེད། དེར་བརྟེན་ང་ཚོར་ཐོབ་པའི་མིའི་ལུས་རྟེན་འདི་ལ་བརྟེན་ནས་ཆོས་ཉམས་སུ་ལེན་པའི་གོ་སྐབས་འབྱུང་གི་ཡོད་པ་སོང་ཙང་། ཡིད་བཞིན་གྱི་ནོར་བུ་ལས་ཀྱང་རྩ་ཆེ་བ་ཡིན།

ང་ཚོ་ཚང་མར་ག་དུས་ཡིན་ཀྱང་ཇི་སྲིད་འཚོ་བའི་བར་བདེ་སྐྱིད་འདོད་ཀྱི་ཡོད། འོན་ཀྱང་ཚེ་འདིའི་ནང་བདེ་སྐྱིད་གང་བསྒྲུབས་པ་ནི་ཚེ་ཐུང་ཐུང་འདི་རང་ལ་རྫོགས་འགྲོ་གི་ཡོད་པས། ཁྱུག་ཙམ་གྱི་རིང་ལས་གནས་ཀྱི་མེད། དེར་བརྟེན་གལ་སྲིད་ང་ཚོར་བདེ་སྐྱིད་རྒྱུན་མི་ཆད་པའི་རིང་པོ་ཞིག་འདོད་ན། ང་ཚོས་སོ་སོའི་མ་འོངས་པའི་མི་ཚེར་བསམ་བློ་གཏོང་དགོས། ཡིད་བཞིན་གྱི་ནོར་བུས་ང་ཚོ་ངན་སོང་གི་གནས་གསུམ་ལས་ཐར་བ་བྱེད་མི་ཐུབ་ལ་ང་ཚོར་འཆི་བ་མེད་པའི་རང་བཞིན་ཞིག་སྟེར་མི་ཐུབ། འོན་ཀྱང་མི་ལུས་རིན་ཆེན་འདི་བྱ་བའི་རྟེན་གཞི་ལྟ་བུར་སྤྱད་དེ། རང་ཉིད་ངན་སོང་དུ་སྐྱེ་བ་ལས་སྐྱོབ་ཐུབ། དཔེར་ན། རྗེ་བཙུན་མི་ལ་རས་པ་ལྟ་བུ་ང་ཚོས་ལུས་རྟེན་འདི་ཆོས་སྒྲུབ་པའི་གཞི་རྟེན་དུ་སྤྱད་ནས་ཚེ་འདི་རང་ལ་སངས་རྒྱས་ཀྱི་གོ་འཕང་འཐོབ་ཐུབ་པ་ཡིན། བྱས་ཙང་། ཡིད་བཞིན་གྱི་ནོར་བུས་དེ་ལྟར་སྦྱིན་མི་ཐུབ་པ་དེ་མི་ལུས་རིན་ཆེན་འདིས་ཐུབ་ཅིང་། ང་ཚོའི་ལུས་རྟེན་འདི་ཡིད་བཞིན་གྱི་ནོར་བུ་ལས་རྩ་ཆེ་བ་ཡིན།

དེར་བརྟེན་ང་ཚོས་མི་ལུས་རིན་ཆེན་འདི་བརྒྱུད་ནས་ཆོས་ཉམས་ལེན་བྱེད་དགོས། འོན་ཀྱང་མི་ལུས་འདི་ཡིད་བཞིན་ནོར་བུ་ལས་ལྷག་པ་ཡོད་ནའང། ང་ཚོས་ལུས་རྟེན་འདི་རྒྱུ་ནོར་ལོངས་སྤྱོད་གང་མང་སྒྲུབ་པའི་ཆེད་དུ་བེད་སྤྱོད་བྱེད་པ་དང་། འདི་ལྟ་བུའི་འཕྲལ་གྱི་དམིགས་ཡུལ་ཆུང་ཆུང་གི་ཆེད་དུ་སོ་སོའི་སྲོག་ཀྱང་བློས་གཏོང་ཡག་གི་གྲ་སྒྲིག་ཡོད་པ་སོགས་ཆོས་ཉམས་ལེན་ལས་ལྡོག་པའི་ལྟ་ཚུལ་འཛིན་གྱི་ཡོད། འཛམ་གླིང་ནང་ང་ཚོ་ལས་ཕྱུག་པ་དང་ཤེས་རབ་རྣོ་བའི་མི་ཧ་ཅང་མང་པོ་ཡོད། འོན་ཀྱང་ཆོས་ཉམས་ལེན་གྱི་ཆེད་དུ་མི་ལུས་རིན་ཆེན་བེད་སྤྱོད་བྱས་ན། ང་ཚོས་ཁོང་ཚོ་ལས་ལྷག་པའི་དགེ་བའི་ནུས་པ་ ༼བསོད་ནམས་༽ མང་པོ་གསོག་ཐུབ། དེར་བརྟེན་མི་ལུས་རིན་ཆེན་དུ་སྐྱེ་བ་ལེན་པ་འདི་འཕྲོག་བརླག་ཏུ་མི་འགྲོ་བ་བྱ་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད། མི་ལུས་འདི་བེད་སྤྱོད་ལ་བརྟེན་ནས་ང་ཚོས་མ་འོངས་པར་སྐྱེ་བ་བཟང་པོ་ཞིག་དང་། ཐར་པ་དང་། ཐམས་ཅད་མཁྱེན་པ་བཅས་དགོས་འདུན་གསུམ་འཐོབ་པ་ལ་ཕན་ཐོགས་ཆེན་པོ་ཡོད།

ང་ཚོའི་རྒྱུ་དངོས་པོ་ག་ཚོད་མང་པོ་ཡོད་ཀྱང་། དེ་དག་གིས་ང་ཚོ་འདོད་བློ་ཁེངས་མི་ཐུབ། དེར་མ་ཟད། འཛམ་གླིང་ནང་གི་རྒྱུ་ནོར་ལོངས་སྤྱོད་ཚང་མ་དབང་བའི་མི་ཞིག་ཡིན་ནའང་། འདོད་པ་ཚིམས་ངེས་མ་ཡིན། དེར་བརྟེན་ཡིད་བཞིན་ནོར་བུ་ཐམས་ཅད་ཀྱིས་ཀྱང་ང་ཚོར་འདོད་པ་ཚིམས་པ་ཞིག་ནམ་ཡང་མི་འོང་བ་གསལ་པོ་རེད། མི་ཞིག་ལ་རྒྱུ་ནོར་ཇེ་མང་ནས་ཇེ་མང་དུ་ཐོབ་པ་ཡིན་ན། དེས་སྡུག་བསྔལ་ཇེ་མང་ནས་ཇེ་མང་འཁྱེར་ཡོང་གི་ཡོད། དེ་ཡིན་པ་ང་ཚོས་ཅ་ལག་དོ་བོ་མང་པོ་ཞིག་ཁྱེར་ནས་མེ་འཁོར་རམ་སྤྱི་སྤྱོད་རླངས་འཁོར་ནང་འགྲུལ་བཞུད་བྱེད་སྐབས་དཔེ་དཀའ་ལས་ཁག་པོ་ཡོད་པ་དངོས་སུ་མྱོང་ཐུབ། འོན་ཀྱང་། གལ་སྲིད་ང་ཚོ་ལ་ཅདངོས་དེ་ཙམ་མང་པོ་མེད་ན། འགྲུལ་བཞུད་སྟབས་བདེ་བ་དང་ལས་སླ་བ་ཡོད།

དེ་འདྲ་སོང་ཙང་། ང་ཚོས་ཆོས་ཉམས་ལེན་དེ་ལྟར་ཐབས་ཤེས་བྱེད་དགོས། དཔེར་ན། རྗེ་བཙུན་མི་ལ་རས་པ་ཁོང་ཉིད་ཀྱི་བྲག་ཕུག་ནང་བཞུགས་པའི་སྐབས་རྒྱུ་ནོར་གང་ཡང་མེད། རྗེ་བཙུན་མི་ལ་རས་པ་དང་སངས་རྒྱས་ཤཀྱཱ་ཐུབ་པས་དེ་འདྲ་བའི་རྒྱུ་ནོར་རྣམས་ལ་སྙིང་པོ་ཅི་ཡང་མེད་པ་དང་གལ་གནད་གང་ཡང་མེད་པར་གཟིགས་ནས་ཆོས་ཉམས་ལེན་ཆེད་ཐམས་ཅད་བློས་གཏོང་མཛད་ཡོད། དེ་ག་ནང་བཞིན་འཛམ་གླིང་གི་འབྱོར་ལྡན་ལུང་པའི་ནང་སྡོད་མཁན་ཁྱེད་རང་ཚོས་ཀྱང་རྒྱུ་དངོས་པོ་རྣམས་ཧ་ཅང་གལ་ཆེན་པོ་མ་བརྩིས་པར་རྒྱབ་ཏུ་སྐྱུར་ནས་འདིར་ཆོས་ཉམས་སུ་ལེན་པར་ཡོང་བ་རེད།

མི་ལུས་རིན་ཆེན་གྱི་རྒྱུ་དང་དེ་རྙེད་དཀའ་བ།

ང་ཚོས་མི་ལུས་རིན་ཆེན་འདི་ཤིན་ཏུ་རྙེད་པར་དཀའ་བའི་རྒྱུ་མཚན་ལ་བསམ་བློ་གཏོང་དགོས་ཀྱི་ཡོད། དེའི་རྒྱུ་རྣམས་ཧ་ཅང་གསོག་དཀའ་བ་ཡིན་པ་སོང་ཙང་། དེ་རྙེད་དཀའ་བ་ཡིན། རྒྱུ་ནི་གཙོ་གསུམ་ཡོད་དེ།

  • བཟང་སྤྱོད་ཀྱི་རང་ཁྲིམས་དམ་པོར་སྲུང་བ།
  • རྒྱ་ཆེ་ལ་ཕུགས་རྒྱང་རིང་པོའི་བསམ་ཕྱོགས་དྲུག་ ༼ཕར་ཕྱིན་དྲུག་༽ ཉམས་སུ་ལེན་པ།
  • སྨོན་ལམ་ཡང་དག་པ་འདེབས་པ་བཅས་ཡིན།

བཟང་སྤྱོད་ཀྱི་རང་ཁྲིམས་དམ་པོར་སྲུང་བ།

བཟང་སྤྱོད་ཀྱི་རང་ཁྲིམས་དམ་པོ་ཞིག་སྲུང་རྒྱུ་ནི་ཧ་ཅང་དཀའ་ལས་ཁག་པོ་ཡོད་པ་དང་། ང་ཚོས་གཞན་གྱི་རྒྱུད་ལ་ཚུལ་ཁྲིམས་དེ་ངོས་འཛིན་དང་ཚོད་དཔག་བྱེད་རྒྱུ་ཤིན་ཏུ་ནས་ཁག་པོ་ཡོད། བཟང་སྤྱོད་ཀྱི་རང་ཁྲིམས་སྲུང་དགོས་པའི་ཆ་ནས་བཤད་ན། མི་དགེ་བའི་ལས་ལམ་བཅུ་ཡོད་ཅིང་། འཛམ་གླིང་ནང་གི་མི་མང་ཆེ་བས་ཐ་ན་དེ་དག་གང་ཡིན་ཀྱང་ཤེས་ཀྱི་མེད་པའི་ཚུལ་དེར་ང་ཚོས་བསམ་ཞིབ་བྱེད་དགོས། ཤེས་ཀྱང་མང་ཆེ་བས་དེ་དག་སྤོང་བའི་ཆེད་ཉམས་ལེན་བྱེད་ཀྱི་མེད།

ལུས་ཀྱི་མི་དགེ་བ་ལ་གསུམ་ཡོད་པ་ནི།

  • སྲོག་གཅོད་པ། དཔེར་ན། སྲོག་གཅོད་མི་རུང་བ་ཤེས་ཀྱི་ཡོད་ནའང། འབུ་ཞིག་གིས་སོ་བརྒྱབ་པའི་སྐབས་རང་གི་ངང་གིས་དེར་ཐལ་ལྕག་གཞུ་ནས་གསོད་ཀྱི་ཡོད་པ་ལྟ་བུ་རེད།
  • མ་བྱིན་པར་ལེན་པ། རྐུ་མ་ཚབས་ཆེན་པོ་རྐུ་བར་རང་ཉིད་དངོས་སུ་མ་ཕྱིན་པ་ཡིན་ནའང་། ཐབས་མཁས་པོའི་སྒོ་ནས་གཞན་གྱི་དངོས་པོ་འཐོབ་ཐབས་བྱེད་པ་ལྟ་བུ་ནི་རྐུ་མ་རྐུ་བ་དང་ཧ་ལམ་གཅིག་པ་རེད།།
  • ལོག་གཡེམ། ང་ཚོར་གཞན་གྱིས་བདག་ཏུ་བཟུང་བའི་བཟའ་ཟླ་དང་མཉམ་དུ་འཁྲིག་པ་སྤྱོད་ཡག་གི་འདོད་པ་མང་པོ་ཡོད་པ་ལྟ་བུ་རེད།

ལུས་ཀྱི་མི་དགེ་བའི་ལས་དེ་དག་ནི་ཆར་པ་བབ་པའི་སྐབས་ཀྱི་ཆར་ཐིགས་རྒྱག་པ་དང་འདྲ་བར་ང་ཚོས་ཉིན་ལྟར་གསོག་གི་ཡོད།

ངག་གི་མི་དགེ་བ་ལ་བཞི་ཡོད་པ་ནི།

  • རྫུན་བཤད་པ། ང་ཚོས་རྟག་ཏུ་རྫུན་བཤད་པའི་མི་དགེ་བའི་ལས་གསོག་གི་ཡོད། དཔེར་ན། དོན་དངོས་སུ་རང་ཉིད་རིའི་འདབས་སུ་འགྲོ་འཆར་ཡོད་ཀྱང་། མི་ཞིག་གིས་ང་ཚོ་ག་པར་འགྲོ་གི་ཡིན་ནམ་ཞེས་སྐད་ཆ་དྲིས་སྐབས། དེའི་ལན་དུ་ང་ཚོ་རིའི་སྟེང་ལ་ཡར་འགྲོ་གི་ཡིན་ཟེར་བ་ལྟ་བུ་རེད།
  • ཕྲ་མ། གྲོགས་པོའི་དབར་འཆམ་པོ་མེད་པར་བཟོ་བ་དང་། སྔ་ས་ནས་འཆམ་པོ་མེད་མཁན་རྣམས་ཇེ་སྡུག་ཏུ་ཕན་ཚུན་འཁོན་འཛིན་བྱེད་དུ་འཇུག་པ། ང་ཚོས་གཞན་གྱི་སྐོར་ལ་སྐད་ཆ་ངན་པ་འདྲ་མིན་བཤད་ནས་རྟག་པར་དེ་ལྟར་བྱེད་ཀྱི་ཡོད།
  • ཚིག་རྩུབ། དེའི་ཡུལ་ངེས་པར་དུ་མི་ཡིན་མི་དགོས། དཔེར་ན། གལ་ཏེ་ཁྱི་ཞིག་ང་ཚོའི་ཉལ་ཁང་དུ་སླེབས་པ་ན། ང་ཚོས་ “མར་རྒྱུགས། འདི་ནས་མར་རྒྱུགས་” ཞེས་ཚིག་རྩུབ་ཤོད་ཀྱི་ཡོད། ཚིག་རྩུབ་སྨྲ་བ་ནི་ནོར་འཁྲུལ་ཆེན་པོ་ཡིན། གང་ཡིན་ཞེ་ན། གལ་སྲིད་མི་ཞིག་གིས་རང་ཉིད་ལ་ཚིག་རྩུབ་སྨྲས་ན། ང་ཚོ་དཔེ་མི་སྲིད་པའི་གནོད་ཀྱི་ཡོད། དེ་ག་ནང་བཞིན་དུད་འགྲོ་ཐེ་བའི་སེམས་ཅན་གཞན་ཚང་མ་གཅིག་པ་གནོད་ཀྱི་ཡོད།
  • ངག་འཁྱལ། དོན་དངོས་ཐོག་ང་ཚོའི་ཁ་ནས་ཐོན་པའི་སྐད་ཆ་ཚང་མ་ངག་འཁྱལ་ཆགས་ཀྱི་ཡོད། “ངས་ལུང་པ་དེ་ལ་ཕྱིན་པ་ཡིན།” “ངས་ལས་ཀ་འདི་དང་དེ་བྱས་པ་ཡིན།” ལ་སོགས་པ་གལ་ཏེ་སྐད་ཆ་མང་པོ་བཤད་བསྡད་པ་ཡིན་ན། ངག་གི་མི་དགེ་བའི་ལས་གསོག་པའི་གོ་སྐབས་འཕེལ་འགྲོ་གི་ཡོད། ངས་ཨིན་ཇི་ཤེས་ཀྱི་མེད་པ་སོང་ཙང། ང་ལ་ཨིན་སྐད་ཐོག་ནས་ངག་འཁྱལ་ཤོད་རྒྱུའི་གོ་སྐབས་མེད། བྱས་ཙང་། ངས་བོད་སྐད་གཅིག་པུའི་ནང་ངག་འཁྱལ་གྱི་མི་དགེ་བའི་ལས་གསོག་ཐུབ་པ་ལྟ་བུ་ཡིན།

ཡིད་ཀྱི་མི་དགེ་བ་ལ་གསུམ་ཡོད་པ་ནི།

  • བརྣབ་སེམས། མི་ཞིག་ལ་ཁང་པ་ཧ་ཅང་ཡག་པོ་ཞིག་ཡོད་པ་སོགས་དེ་འདྲ་ལ་སོ་སོས། དེ་ང་ལ་རག་ན་བསམ་པའི་འདོད་པ་སྐྱེ་གི་ཡོད། དེའི་སྐོར་ལ་རྟག་ཏུ་བསམ་བློ་བཏང་ནས་དེ་རག་ཐབས་ལ་ཇུས་ངན་སྟོན་པ་ལྟ་བུ་རེད། དེ་ནི་ཡག་པོ་རྩ་ནས་མ་རེད། འོན་ཀྱང་ང་ཚོར་དེ་ཤུགས་ཆེན་པོ་ཡོད་པ་ཞིག་ཡིན།
  • གནོད་སེམས། མི་གཞན་ཞིག་སྐྱིད་པོ་མེད་པར་འདོད་པའམ་དེའི་དོན་དུ་འབད་བརྩོན་ལྷོད་མེད་བྱེད་པ་དེ་ཡིན། དེ་ནི་ང་ཚོའི་དགྲ་གཅིག་པུའི་ཕྱོགས་ལ་གནོད་སེམས་སྐྱེ་བ་མ་ཡིན་པར། རང་གི་གྲོགས་པོ་ཞིག་གིས་བསུན་གཙེར་བྱས་ནའང་གནོད་སེམས་སྐྱེ་གི་ཡོད།
  • ལོག་ལྟ། རྒྱབ་འགལ་གྱི་བསམ་བློ། དཔེར་ན། སྐྱེ་བ་ཕྱི་མ་མེད་པར་ལྟ་བའམ་སྐྱབས་གནས་དཀོན་མཆོག་གསུམ་གྱིས་སུ་གང་ལའང་རོགས་བྱེད་མི་ཐུབ་པར་ལྟ་བ། ཡང་ན་མཆོད་འབུལ་བྱས་ན་དུས་ཚོད་འཕྲོག་བརླག་དང་། མཆོད་མེ་འབུལ་ན་མར་འཕྲོ་བརླག་དང་། གཏོར་མ་བཞེངས་ན་རྩམ་པ་འཕྲོ་བརླག་བཏང་ནས་གཡུག་གི་ཡོད་པར་ལྟ་བ་ལྟ་བུ་རེད།

མི་དགེ་བའི་ལས་དེ་དག་མི་གསོག་པའི་སྔོན་འགོག་བྱ་རྒྱུ་ཁག་པོ་ཡོད། གལ་ཏེ་དེ་དག་ལ་སྔོན་འགོག་མ་བྱས་ན། མི་ལུས་རིན་ཆེན་ཐོབ་མི་ཐུབ་པ་ཡིན། ད་ཞིབ་ཕྲ་ཤོད་ལོང་མི་འདུག ཡིན་ནའང་ཁྱེད་རང་ཚོ་ངོས་ནས་དེའི་སྐོར་ཞིབ་ཕྲ་ཤེས་འདོད་ཡོད་ན། ལམ་རིམ་སློབ་སྦྱོང་བྱེད་དགོས།

རྒྱ་ཆེ་ལ་ཕུགས་རྒྱང་རིང་པོའི་བསམ་ཕྱོགས་ ༼ཕར་ཕྱིན་དྲུག་༽ ཉམས་སུ་ལེན་པ།

མི་ལུས་རིན་ཆེན་འཐོབ་པའི་རྒྱུ་གཉིས་པ་ནི། རྒྱ་ཆེ་ལ་ཕུགས་རྒྱང་རིང་པའི་བསམ་ཕྱོགས་ ༼ཕར་ཕྱིན་དྲུག་༽ ཉམས་སུ་ལེན་རྒྱུ་དེ་ཡིན། ཕར་ཕྱིན་དྲུག་ནི།

  • སྦྱིན་པ་དང་།
  • ཚུལ་ཁྲིམས།
  • བཟོད་པ།
  • བརྩོན་འགྲུས།
  • སེམས་བརྟན་པའི་རང་བཞིན། ༼བསམ་གཏན།༽
  • ཆོས་རྣམ་འབྱེད་ཀྱི་ཤེས་རབ། ༼ཤེས་རབ་༽ བཅས་ཡིན།

ང་ཚོས་སྦྱིན་པ་ཉམས་སུ་ལེན་རྒྱུའི་ཚབ་ཏུ་སེར་སྣ་བྱེད་ཅིང་། གཞན་སེར་སྣའི་བསམ་ཕྱོགས་དེ་རྒྱ་སྐྱེད་གཏོང་གི་ཡོད། ང་ཚོ་ལ་བཟོད་པའི་ཚབ་ཏུ་ཁོང་ཁྲོ་ཡོད། བརྩོན་འགྲུས་ཀྱི་སྒོ་ནས་ང་ཚོས་དཔའ་བོའི་སྙིང་སྟོབས་ལ་འབད་པ་དང་ཆོས་ཉམས་སུ་ལེན་པར་སྤྲོ་བ་སྐྱེ་ཡག་གི་ཚབ་ཏུ་རྟག་ཏུ་སྐྱིད་ཉལ་རྒྱག་འདོད་ཀྱི་ལེ་ལོ་ཡོད། སེམས་བརྟན་པའི་རང་བཞིན་བསམ་གཏན་གྱི་ཚབ་ཏུ་སེམས་འཕྲོ་བའམ་གཡེང་པ་སྟེ། དཔེར་ན། ང་ཚོས་ཁ་ནས་གཟུངས་སྔགས་འདྲ་འདོན་པའི་སྐབས་སེམས་གང་སར་འཁྱམས་འགྲོ་གི་ཡོད། དེར་མ་ཟད། ད་དུང་ང་ཚོས་དེ་ལྟར་ཡོང་བའི་གོ་སྐབས་མང་དུ་འགྲོ་གི་ཡོད།

སྔོན་མ་དགེ་རྒན་ཞིག་སྒོམ་རྒྱག་བཞིན་པའི་སྐབས། ཧོབ་དེ་ཁ་ལ་རང་གི་དགེ་ཕྲུག་ལ་སྐུལ་རྒྱུའི་ལས་ཀ་ཞིག་དྲན། ཡིན་ནའང་དགེ་ཕྲུག་ལ་ཤོད་་རྒྱུ་བརྗེད་པ་རེད། ཁོང་ནས་དྲན་པ་གསོས་པ་དང་ལམ་སེང་སྒོམ་རྒྱག་མཚམས་བཞག་སྟེ། ཡར་ལངས་ནས་དགེ་ཕྲུག་དེ་ལ་ལས་ཀ་དེ་བྱེད་དུ་བཅུག་པ་རེད། དེ་ནི་ཁོང་གི་སེམས་འཁྱམས་འགྲོ་བ་དེ་ཡིན། ང་ཚོས་ག་དུས་ཁ་འདོན་གྱི་ཉམས་ལེན་རིགས་བྱེད་ཀྱང་སེམས་གང་སར་འཁྱམས་འགྲོ་གི་ཡོད།

རྒྱ་ཆེ་བ་ལ་ཕུགས་རྒྱང་རིང་པོར་སྙོབ་པའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ལ་མཚོན་ན། ང་ཚོས་སྟོང་ཉིད་རྟོགས་པའི་ཤེས་རབ་སྐྱེད་ཐུབ་པར་བྱེད་དགོས། འོན་ཀྱང་དེ་ལས་ལྡོག་སྟེ། ང་ཚོས་རི་མོ་ལྟ་བུའི་ཚེ་འདི་སྣང་གི་ཆོས་ལ་སློབ་སྦྱོང་བྱེད་ཀྱི་ཡོད། བྱས་ཙང་། ཤེས་བྱ་ཡང་དག་པ་ཞིག་རང་རྒྱུད་ལ་སྐྱེད་ཐུབ་ཀྱི་མེད།

མདོར་ན། མི་ལུས་རིན་ཆེན་འཐོབ་པའི་རྒྱུ་གསོག་རྒྱུ་ནི་ཧ་ཅང་དཀའ་ལས་ཁག་པོ་ཡིན། མིའི་ལུས་རྟེན་འདི་རྙེད་དཀའ་བ་བསམས་ནས། ང་ཚོས་ངེས་པར་དུ་ད་གཟོད་འདི་ལན་གཅིག་ཙམ་རྙེད་པ་དང་དེ་ཡང་ལས་སླ་པོའི་ཐོག་རྫོགས་རྒྱུ་ཡིན་པ་ངེས་པར་དུ་བསམ་བློ་གཏོང་དགོས། ད་ལྟ་ཐོབ་པའི་མི་ལུས་རིན་ཆེན་འདིའི་ཁེ་ཕན་མ་ལེན་པ་ཡིན་ན། སླར་ཡང་མ་འོངས་པར་མི་ལུས་འཐོབ་རྒྱུ་ནི་ཧ་ཅང་ཁག་པོ་རེད།

སྨོན་ལམ་ཡང་དག་པ་འདེབས་པ།

ང་ཚོས་མི་ལུས་རིན་ཆེན་དུ་སྐྱེ་བར་བཅོས་མིན་ཡང་དག་གི་སྨོན་ལམ་བརྒྱབས་ནས་བཟང་སྤྱོད་ཀྱི་རང་ཁྲིམས་སྲུང་རྒྱུ་དང་ཕ་རོལ་ཏུ་ཕྱིན་པ་དྲུག་ཉམས་སུ་ལེན་རྒྱུ་ལ་ཁ་སྣོན་བྱེད་དགོས། སྨོན་ལམ་ཟེར་དུས་ “སངས་རྒྱས་མཁྱེན། ཁྱེད་ཀྱིས་གལ་སྲིད་ང་བུ་ཡག་པོ་ཞིག་དང་བུ་མོ་ཡག་པོ་ཞིག་ཡིན་ན། མི་ལུས་འདི་ང་ལ་གནང་རོགས། ངས་ཁྱེད་ལ་རྟག་ཏུ་བསྟོད་པ་འབུལ་གྱི་ཡིན།” ཞེས་པའི་དོན་མ་ཡིན་པར། སྨོན་ལམ་ཟེར་དུས་ང་ཚོའི་ཀུན་སློང་དང་དགེ་བའི་ནུས་པའི་ཁ་ཕྱོགས་བརྟན་པོར་སྒྱུར་བའི་སྒོ་ནས་མི་ལུས་རིན་ཆེན་དུ་སྐྱེ་བའི་བསྔོ་བ་སྨོན་ལམ་དམིགས་བསལ་བྱེ་བྲག་པ་ཞིག་ཡིན།

བསྔོ་བ་སྨོན་ལམ་དེ་བྱེ་བྲག་པ་ཞིག་ཡིན་དགོས་རྒྱུ་གལ་ཆེན་པོ་རེད། དགའ་ལྡན་དགོན་པ་ལ་བཞུགས་ཁྲི་གཅིག་ཡོད། དེ་ནི་ཧ་ཅང་མཐོ་བའི་ཁྲི་དགེ་ལུགས་པའི་དབུ་འཛིན་ནམ་དགའ་ལྡན་ཁྲི་འཛིན་གྱི་བཞུགས་ཁྲི་ཡིན་པ་རེད། སྔོན་བོད་ནང་གི་དགོན་པར་ག་དུས་ཡིན་ནའང་དུད་འགྲོ་སེམས་ཅན་ཡོད་པ་རེད། ཉིན་གཅིག་བ་ཕྱུགས་གཅིག་ལྷ་ཁང་ནང་དུ་འཛུལ་ནས་ཁྲིའི་སྟེང་དུ་མར་ཉལ་ནས་བསྡད་པ་རེད། གྲྭ་པ་ཚོས་དེ་མཐོང་བ་དང་ཧང་སངས་ཏེ་དེར་ཡོད་པའི་བླ་མ་རྩ་ཆེན་ཞིག་ལ་ཁོ་ཚོས། “འདི་འདྲ་བའི་རྒྱུ་གང་ཡིན་ནམ་” ཞེས་བཀའ་འདྲི་ཞུས་པ་དང་། བླ་མས། “སྐྱེ་བ་སྔོན་མ་བ་ཕྱུགས་འདིས་དགའ་ལྡན་ཁྲིའི་སྒང་ལ་སྡོད་ཐུབ་པར་ཤོག་ཅེས་སྨོན་ལམ་བཏབ་པ་རེད། འོན་ཀྱང་སྨོན་ལམ་དེ་དམིགས་བསལ་བྱེ་བྲག་ཅིག་ཆགས་མེད་།” ཅེས་གསུངས་པ་རེད།

མི་ཁོམ་པའི་གནས་བརྒྱད་ལས་གནས་སྐབས་ཀྱི་ཐར་བ།

མི་ལུས་རིན་ཆེན་འདིའི་རང་བཞིན་ནི་གནས་སྐབས་ཀྱི་ཐར་བའི་གནས་བརྒྱད་ལ་བདེ་བ་མྱོང་བ་སྟེ། དེའི་དོན་ནི། སྐབས་འདིར་གནས་སྐབས་ཀྱི་མི་ཁོམ་པའི་གནས་བརྒྱད་ལས་ཐར་བ་དེ་ཡིན། མི་ཁོམ་པའི་གནས་ཞེས་པ་ནི་དམ་པའི་ཆོས་སྒྲུབ་པའི་གོ་སྐབས་མེད་པ་དེ་ཡིན།

མི་མ་ཡིན་གྱི་མི་ཁོམ་པའི་གནས་བཞི་ཡོད་པ་ནི།

  • བདེ་བ་མེད་པའི་ཁམས་ཀྱི་ནང་ཚུད་པའི་སེམས་ཅན། ༼དམྱལ་བ་པ།༽ དེ་ཡང་། གལ་སྲིད་ང་ཚོ་ལ་བདེ་བ་སྤུ་ཙམ་མེད་པའི་དམྱལ་ཁམས་ནང་སྐྱེ་བ་ལེན་པ་ཡིན་ན། ཆོས་སྒྲུབ་པའི་གོ་སྐབས་རྩ་བ་ནས་མེད། གང་ཡིན་ཞེ་ན། རང་གི་ལུས་རྟག་ཏུ་མེས་བསྲེགས་ནས་ཡོད།
  • ཟས་སྐོམ་ཡིད་ལ་དམ་པོར་འཛིན་པའི་ཡི་དྭགས། གལ་སྲིད་ང་ཚོ་ཡི་དྭགས་ལ་སྐྱེ་བ་ལེན་པ་ཡིན་ན། རྟག་ཏུ་བཀྲེས་ཤིང་སྐོམ་པའི་སྡུག་བསྔལ་གྱིས་མནར་གྱི་ཡོད།

ང་ཚོ་ཞོགས་པ་ཡར་ལངས་ནས་ཞོགས་ཟས་མ་རག་པ་ཡིན་ན། ཆོས་ཉམས་སུ་ལེན་རྒྱུའི་འདོད་པ་ཡོང་གི་མེད། གལ་ཏེ་ཡར་ལངས་དུས་མགོ་ན་ནས་ཡོད་ན། ཆོས་ཉམས་ལེན་བྱ་རྒྱུའི་འདོད་པ་སླེབས་ཀྱི་མེད། དེར་བརྟེན་ང་ཚོའི་ཉམས་མྱོང་ལ་ཚོད་དཔག་བྱས་ནས། གལ་ཏེ་ང་ཚོ་ཡི་དྭགས་སུ་སྐྱེས་ནས་ལོ་དྲུག་བཅུ་ཟས་མེད་པར་ཕྱིན་ན། ཆོས་ཉམས་ལེན་ལ་དབྱིངས་ཡོང་གི་མེད། དེར་བརྟེན་ང་ཚོས་བདེ་བ་མེད་པའི་དམྱལ་བ་དང་རྟག་ཏུ་ཟས་སྐོམ་ཡིད་ལ་འཛིན་པའི་ཡི་དྭགས་ཀྱི་སྐྱེ་བ་མ་བླངས་པ་དེ་ག་འདྲའི་སྐལ་བ་བཟང་པོ་རེད་ཅེས་དགའ་བ་སྒོམ་དགོས།

  • མགོ་བོ་དུད་ནས་དལ་བུར་ས་ལ་འགྲོ་བའི་སེམས་ཅན། ༼དུད་འགྲོ་༽ ལ་སྐྱེ་བ་སྟེ། ཐ་ན་༸གོང་ས་མཆོག་གི་ཁྱིའི་སྐྱེ་བ་བླངས་པ་ཡིན་ནའང་། ང་ཚོས་སྐྱབས་འགྲོའི་ཚིག་རྣམས་འདོན་མི་ཐུབ་པ་ཡིན། བྱས་ཙང་། དེ་འདྲ་ལ་མ་སྐྱེས་པ་ནི་ཧ་ཅང་གི་སྐལ་བ་བཟང་པོ་རེད།
  • ལྷ་རུ་སྐྱེས་པའི་སེམས་ཅན། ༼ལྷ་ཚེ་རིང་པོ་༽ ལ་སྐྱེ་བ་སྟེ། ལྷ་ཡུལ་དུ་སྐྱེས་པའི་ལྷ་རྣམས་ལ་འཇིག་རྟེན་པའི་བདེ་བ་དཔག་ཏུ་མེད་པ་ཡོད། དེར་བརྟེན་ཆོས་ཉམས་སུ་ལེན་པར་དབྱིངས་ཡོང་གི་མེད།

ཤཱ་རིའི་བུ་ལ་དགེ་ཕྲུག་གཅིག་ཡོད། དགེ་ཕྲུག་དེས་རང་གི་དགེ་བའི་བཤེས་གཉེན་ཤཱ་རིའི་བུ་ལ་དད་པ་དང་མོས་གུས་ཧ་ཅང་ཤུགས་ཆེན་ཡོད། དགེ་ཕྲུག་དེ་ཤི་བའི་རྗེས། ལྷ་ཡུལ་དུ་སྐྱེས། དེ་ནས་ཤཱ་རིའི་བུས་རང་གི་མངོན་ཤེས་ཀྱི་སྒོ་ནས་དད་སེམས་ཅན་གྱི་རང་གི་དགེ་ཕྲུག་དེ་ལྷ་ཡུལ་དུ་སྐྱེས་པ་གཟིགས་པས། ཁོང་གིས་དགེ་ཕྲུག་དེ་ཐུག་གར་འགྲོ་དགོས་དགོངས་ནས་ལྷ་ཡུལ་དུ་ཕེབས། ལྷ་ཡུལ་དུ་འབྱོར་བ་དང་། རང་གི་དགེ་ཕྲུག་དེས་ཤཱ་རིའི་བུ་ལ་ལག་པ་གཡུགས་པ་ཙམ་ལས་རང་གི་དགེ་རྒན་མཇལ་བའི་སྤྲོ་བ་དང་ཆོས་ཉམས་ལེན་བྱ་རྒྱུའི་དབྱིངས་གང་ཡང་མེད། དེ་གང་ཡིན་ཟེར་ན། ཁོང་ལྷ་ཡུལ་དུ་ཧ་ཅང་སྐྱིད་པོ་ཡོད་པས་ཡིན།

ང་རང་ཚོ་སོ་སོའི་ཉམས་མྱོང་གི་ཐོག་ནས་འདི་ཤེས་ཐུབ། དཔེར་ན། མི་གཅིག་དཔེ་སྐྱོ་པོ་ཡོད་ན། ཁོ་རང་ཆོས་བྱེད་ཡག་གི་གྲ་སྒྲིག་ཆ་ཚང་ཡོད། ཡིན་ནའང་ནམ་ཞིག་ཁོ་ཕྱུག་པོ་དང་དཔེ་སྐྱིད་པོ་ཆགས་ན། ཁོ་རང་ཆོས་བྱེད་ཡག་ལ་སྤྲོ་བ་ཡོང་གི་མེད་པ་ནང་བཞིན་རེད། བྱས་ཙང་། ང་ཚོ་ཡང་ལྷ་ཚེ་རིང་པོ་མ་སྐྱེས་པ་དེ་དངོས་གནས་སྐལ་བ་བཟང་པོ་རེད།

མི་ཡི་མི་ཁོམ་པའི་གནས་ལ་བཞི་ཡོད་པ་ནི།

  • སངས་རྒྱས་ཀྱི་ཆོས་ཚིག་ཙམ་ཡང་གོ་རྒྱུ་མེད་པའི་གནས་ ༼ཡུལ་མཐའ་འཁོབ་༽ ཏུ་སྐྱེ་བ་སྟེ། དཔེར་ན། ཆོས་ཀྱི་ཚིག་ཙམ་ཡང་གོ་བའི་སྐལ་བ་མེད་པའི་ཡུལ་ལུང་དུ་སྐྱེ་བ་དེ་འདྲ་མང་པོ་ཡོད་པ་ལྟ་བུ་རེད། འོན་ཀྱང་ང་ཚོའི་དེ་ལྟ་བུའི་གནས་སྟངས་སུ་མེད།
  • ཀླ་ཀློའི་སྤྱི་ཚོགས་སམ་ ༼ཀླ་ཀློར་༽ སྐྱེ་བ་སྟེ། མི་ཚང་མ་རང་གི་ཟས་དང་གོས་གཅིག་པུར་འཐོབ་པ་འདོད་པ་ལ་དབྱིངས་ཞུགས་པའི་གནས་སུ་སྐྱེ་བ།

བོད་ནང་ཙ་རི་ཞེས་པའི་རི་བོ་ཞིག་ཡོད། བོད་པ་ཚོས་ལོ་བཅུ་གཉིས་ནང་དེར་ཐེངས་མ་རེ་རེ་གནས་སྐོར་དུ་འགྲོ་སྲོལ་ཡོད། དེར་གནས་སྡོད་གློ་པའི་མི་རིགས་རྣམས་ཀླ་ཀློ་ཅན་ཡིན་པ་དང་། ས་ཆ་དེ་བརྒྱུད་ནས་འགྲོ་མི་རྣམས་ས་ཁྲལ་འཇལ་དགོས་ཀྱི་ཡོད། ས་ཁྲལ་ནི་གཡག་སྤྲོད་དགོས་པ་དང་། གཡག་སྤྲད་པ་མ་ཐག་གློ་པ་རྣམས་ཀྱིས་ལམ་སེང་བསད་ནས་ཤ་བཟའ་བ་དང་ཁྲག་འཐུང་གི་ཡོད། དེར་བརྟེན་ང་ཚོ་གནས་དེ་འདྲར་མིའི་ལུས་རྟེན་དུའང་མ་སྐྱེས་པ་དེ་བསོད་ནམས་ཆེན་པོ་རེད།

  • དབང་པོ་མ་ཚང་བར་སྐྱེ་བ། གལ་སྲིད་ང་ཚོ་ལོང་བར་སྐྱེ་བ་དང་། འོན་པར་སྐྱེ་བ། ལྐུགས་པར་སྐྱེ་བ། ལུས་དང་སེམས་ཀྱི་སྒོ་ནས་དབང་པོ་སྐྱོན་ཆགས་པའམ། ཡང་ན་སྤྱི་ཚོགས་ནང་མི་དང་མིའི་དབར་གྱི་འབྲེལ་བ་ལ་ཞན་ཆ་ཡོད་སར་སྐྱེ་བ་ཡིན་ན། ཆོས་ལ་སློབ་སྦྱོང་དང་ཉམས་ལེན་བྱེད་པར་བར་ཆད་ཚབས་ཆེན་ཡོང་གི་རེད།
  • ལོག་པར་ལྟ་བའི་བསམ་ཕྱོགས་ཀྱི་གནས་ ༼ལྟ་བ་ལོག་པ་༽ སྐྱེ་བ་སྟེ། དཔེར་ན། ས་ཆ་གང་ཞིག་ཆོས་ཀྱི་ཉམས་ལེན་ག་འདྲ་ཞིག་ཡིན་ནའང་འདྲ། དམིགས་བསལ་ནང་པའི་ཆོས་ནི་དུས་ཚོད་འཕྲོག་བརླག་དང་གླེག་རྟགས་ཀྱི་ལས་ཀ་ཞིག་ཡིན་པ་དང་། བཙིགས་སུ་འཛིན་འོས་པ་གང་ཡིན་པ་དེ་ནི་དཔལ་འབྱོར་གསོག་རྒྱུ་ཁོ་ན་ཡིན་པ་ལྟ་བུ་བསམ་མཁན་གྱི་མི་ལྟ་བུ་ཡིན།

གལ་སྲིད་ང་ཚོ་ལ་མི་ཁོམ་པའི་གནས་བརྒྱད་པོ་ཚང་མ་ལས་ཐར་པའི་མིའི་ལུས་རྟེན་ཞིག་ཐོབ་པ་དང་། དེའི་སྒང་ལ་དེ་འཐོབ་པའི་རྒྱུ་རྣམས་ཤེས་པ་ཡིན་ན། ང་ཚོ་ལྡབ་འགྱུར་གྱི་སྐལ་བཟང་ལྡན་པར་གྱུར་བ་ཡིན། མི་ལུས་རིན་ཆེན་ཐོབ་པའི་མི་མང་པོ་ཞིག་གིས། འདི་ལྟ་བུ་ལུས་རྟེན་མུ་མཐུད་ནས་འཐོབ་པའི་རྒྱུ་གང་ཡིན་པ་ཤེས་ཀྱི་མེད།

དཔེ་མཚོན་ཁག

མི་ལུས་རིན་ཆེན་འཐོབ་པར་དཀའ་ཚུལ་དེ་ཤེས་ཐབས་ཀྱི་དཔེ་མཚོན་མང་པོ་བཞག་ཆོག དཔེར་ན།  མེ་ལོང་ཞིག་གི་སྟེང་བྱེ་མ་གཤོས་ན་བྱེ་འབྲུ་སྦྱར་བ་དཀོན་པོ་ཡོད་པ་ལྟ་བུ་རེད།

ང་ཚོས་དེ་འདྲའི་ཐོག་བསམ་བློ་བཏང་ན། མི་ལུས་རིན་ཆེན་འདི་ཐོབ་པ་ཤིན་ཏུ་སྐལ་པ་བཟང་ཚུལ་རྟོགས་ཐུབ་པ་དང་། དེའང་ལན་གཅིག་ཙམ་འཐོབ་ཀྱི་ཡོད་པར་བསམ་བློ་གཏོང་དགོས། རྒྱ་གར་ནང་མི་ས་ཡ་མང་པོ་ཡོད་པའི་ནང་ནས་ཆོས་ཉམས་ལེན་བྱེད་མཁན་ཧ་ཅང་ཉུང་ཉུང་ཡིན་པ་ལ་བསམ་བློ་གཏོང་དགོས། དེར་བརྟེན་དེ་རྩ་ཆེན་པོ་ག་ཚོད་ཡིན་མིན་ང་ཚོས་མཐོང་ཐུབ།

སྔོན་མ་བླ་མ་ཞིག་གིས་དལ་འབྱོར་གྱི་མི་ལུས་རིན་ཆེན་རྙེད་དཀའི་ཐོག་ལ་གསུང་ཆོས་ཤིག་གནང་བའི་སྐབས། གསུང་ཆོས་ཞུ་མཁན་གྱི་ཁྲོད་ནས་སོག་པོ་གཅིག་གིས། “གལ་སྲིད་ཁྱེད་རང་གིས་དལ་འབྱོར་གྱི་མི་ལུས་ཤིན་ཏུ་རྙེད་དཀའ་བར་བསམ་གྱི་ཡོད་ན། ཁྱེད་རང་རྒྱ་ནག་ཏུ་ཕེབས་ནས་དེར་མི་མང་པོ་ག་ཚོད་ཙམ་ཡོད་མེད་གཟིགས་དགོས་ཀྱི་རེད་” ཅེས་ཞུས། དེ་ནི་ང་ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁབ་ཏུ་འགྲོ་དགོས་ཀྱི་རེད་ཟེར་བ་དང་འདྲ་པོ་འདུག

དེ་དག་ནི་སྒོམ་རྒྱག་པའི་སྐབས་བསམ་བློ་གཏོང་ཡུལ་གྱི་བརྗོད་གཞི་དཔེ་ཡག་པོ་རེད།

མི་ལུས་རིན་ཆེན་ཐོབ་པའི་ཁེ་ཕན་བླངས་ནས་མི་ཚེ་དོན་དང་ལྡན་པ་སྐྱེལ་བ།

མི་ལུས་རིན་ཆེན་འདི་འཐོབ་པའི་ཆེད་དུ་སྐྱེ་བ་སྔོན་མ་ང་ཚོས་དཀའ་ལས་ག་ཚོད་བརྒྱབ་ཡོད་པར་བསམ་བློ་བཏང་ན། སྐྱེ་བ་འདི་དོན་དང་ལྡན་པ་ཞིག་ཏུ་སྐྱེལ་རྒྱུར་འདོད་པ་ཤུགས་དྲག་ཅིག་ཡོང་གི་རེད། དཔེར་ན། གལ་སྲིད་ཁྱེད་ཀྱིས་དོ་པོ་གཅིག་རི་ཞིག་གི་ལམ་ཕྱེད་ཙམ་དུ་ཡར་ཁྱེར་ནས་གཡུགས་བཞག་ན། དེ་རང་འཇགས་མར་ཟག་ངེས་ཡིན། མི་ལུས་རིན་ཆེན་འཐོབ་པའི་ཆེད་དུ་ཚེ་འདིར་ང་ཚོས་དཀའ་ལས་བརྒྱབ་པ་རྣམས་ནི་དོ་པོ་དེ་རིའི་ཕྱེད་ཀ་ཙམ་ཁྱེར་བ་དང་འདྲ་བ་ཡིན། གལ་སྲིད་ང་ཚོས་དེར་གཡུགས་བཞག་ན། དཀའ་ལས་བརྒྱབ་པ་ཚང་མ་འཕྲོག་བརླག་འགྲོ་ངེས་པ་རེད།

དེར་བརྟེན་ད་ལྟ་ང་ཚོར་མི་ལུས་རིན་ཆེན་ཐོབ་ཡོད། ང་ཚོས་མ་འོངས་པར་བསྐྱར་དུ་མི་ལུས་ལེན་པའི་ཆེད་དུ་ཡིད་སྨོན་བྱེད་པ་ཙམ་གྱིས་མི་འགྲིག་པར། ད་ལྟ་མི་ལུས་ཐོབ་པ་འདི་སངས་རྒྱས་ཀྱི་གོ་འཕང་འཐོབ་ཆེད་བེད་སྤྱོད་ཚུལ་བཞིན་དུ་གཏོང་དགོས། གལ་ཏེ་བེད་སྤྱོད་ཡག་པོ་མ་བཏང་ན། རང་ལ་འབྲས་སྒྱེ་མོ་གང་ཡོད་ཀྱང་མ་ཟས་པར་ཡོད་ཟེར་ནས་བསྡད་དེ། ད་དུང་སྐྱེ་བ་ཕྱི་མ་སྒྱེ་མོ་གང་འཐོབ་པར་སྨོན་ལམ་འདེབས་པ་དང་འདྲ་བ་ཡིན། བྱས་ཙང་། ང་ཚོས་མིའི་ལུས་རྟེན་ཐོབ་པ་འདི་ལས་ཁེ་ཕན་ཆ་ཚང་ལེན་ཐུབ་པ་བྱེད་དགོས།

འཆི་བ་དྲན་པ།

འཆི་བ་ནི་ངེས་པ་རེད།

གལ་སྲིད་ང་ཚོས་མི་ལུས་རིན་ཆེན་གང་འདྲ་ཞིག་ང་ཚོར་ཐོབ་པར་བསམ་བློ་བཏང་ན། དེ་ནི་རྡོ་དང་ལྕགས་རིགས་ལས་བཟོས་པ་ཞིག་མིན། གལ་སྲིད་རྡོ་དང་ལྕགས་ལས་བཟོས་པ་ཞིག་ཡིན་ན། རྒྱུན་རིང་པོ་གནས་ཐུབ་ཀྱི་རེད། དངོས་ནས་བྱས་ན། གལ་སྲིད་ང་ཚོས་ལུས་པོ་འདི་གཏུབ་ནས་དེའི་ནང་ག་རེ་འདུག་བལྟ་བ་ཡིན་ན། དེའི་ནང་ཁྲག་དང་རྒྱུ་མས་ཁེངས་ནས་ཡོད། དཔེར་ན། མི་ཚོས་ཁྲོམ་ནས་ཤ་ཉོས་པའི་རྗེས་སུ་དུད་འགྲོ་སེམས་ཅན་བསད་པའི་ནང་ཁྲོལ་སོ་སོའི་ནང་དུ་དཔྱངས་ནས་བཞག་པ་དང་འདྲ་པོ་ཡོད། ང་ཚོའི་ལུས་པོ་ནང་གི་ནང་ཁྲོལ་དེ་དག་ནི་ཆུ་ཚོད་ནང་གི་ཆ་ཤས་དང་འདྲ་བར་གས་ཆག་སླ་པོ་ཡོད།

གལ་སྲིད་ང་ཚོས་འཆི་བ་མི་རྟག་པ་དང་མི་ག་ཚོད་མང་པོ་ཤི་ཟིན་པར་བསམ་བློ་བཏང་ན། ཕྲེང་བ་མང་པོའི་ཕྲེང་རྡོག་རེ་རེ་བྱས་ནས་བརྩི་ཐུབ་ཀྱི་རེད། གལ་ཏེ་ངས་བོད་མི་ཚོ་དྷ་རམ་ས་ལར་སླེབས་ནས་བཟུང་སྟེ་ག་ཚོད་ཙམ་ཤི་ཟིན་པར་བསམས་ན། ང་རང་གི་ཕྲེང་བ་ཆ་ཚང་ཐོག་ནས་མགྱོགས་པོ་བརྩི་ཐུབ།

མི་ལུས་ཐོབ་ནས་འཆི་མི་དགོས་པར་གནས་པའི་མི་གཅིག་ཀྱང་མེད། རྩི་ཤིང་དང་ཤིང་སྡོང་རྣམས་འཇིག་སྟངས་ལ་བལྟས་ན། འཆི་བ་ནི་དུས་ཀྱི་སྔ་ཕྱི་ཙམ་ཡིན་པ་མཐོང་ཐུབ། སྐྱེ་བའི་མཐའ་མ་འཇིག་པའམ་འཆི་བ་ཡིན་པ་ནི་རང་བཞིན་རེད། དེ་ལས་གཡོལ་ཐབས་སོགས་གང་ཡང་བྱེད་མི་ཐུབ། དེ་བཞིན་ང་ཚོ་འདིར་མཉམ་འཛོམས་བྱུང་བའི་མཐའ་མ་ཁ་གྱེས་དགོས་པ་དང་། ཡར་སོང་ན་མཐའ་མ་མར་ཡོང་རྒྱུ་ཡིན། ང་ཚོ་འཆི་རྒྱུ་ཡིན་པ་ལས་གཞན་གང་ཡང་བྱ་རྒྱུ་མེད་པ་དེ་ཤེས་པའི་ཐོག་འཆི་བ་ཐོག་ཏུ་མ་བབས་པའི་སྔོན་ཆོས་ཉམས་སུ་ལེན་པའི་ཐབས་ལ་འབད་དགོས་པ་ཡིན།

རྒྱུ་མཚན་དེའི་ཕྱིར་ང་ཚོས་སོ་སོ་ག་འདྲ་སེ་འཆི་རྒྱུ་ཡིན་པའི་ཐད་བསམ་བློ་གཏོང་དགོས། དཔེར་ན། རང་ཉིད་ནད་ཀྱིས་མནར་བའི་དབང་དུ་བཏང་ནས་ལུས་ཀྱི་ཤ་མདོག་ཞེད་སྣང་ཚ་པོ་དང་མདོག་ཉེས་པོ་གྱུར་བ་དང་། ཧ་ཅང་སྐྱོ་པོ་ཆགས་པ། རང་གི་སྤུན་ཉེ་ཚང་མས་ངུ་བཞིན་དུ་དེ་འདྲའི་མདོག་ཉེས་པ་ལ་ཨང་ཞེས་བརྗོད་པ།  སྨན་པ་ཡོང་ནས་རང་ལ་སྨན་བྱིན་ཀྱང་། རེ་བ་དེ་ཙམ་མི་འདུག དཔེ་སྡུག་ཅག་ཆགས་སོང་ཞེས་བརྗོད་པར་བསམ་བློ་གཏོང་དགོས།

དུས་ངེས་མེད་དུ་འཆི་བ།

དེ་བཞིན་རང་ཉིད་ག་དུས་འཆི་མིན་ལ་ངེས་པ་མེད། ལོ་ན་ཤིན་ཏུ་མཐོ་ཞིང་སྐྲ་ལོ་དུང་ལྟར་དཀར་བའི་ཕ་མ་རྒན་རྒོན་གྱིས་རང་གི་ཕྲུ་གུའི་ཕུང་པོ་ས་འོག་ཏུ་སྦས་པ་མཐོང་རྒྱུ་ཡོད། དེར་མ་ཟད། མི་མང་པོ་ཞིག་ནི་ནམ་རྒྱུན་གཏན་གྱི་ཁ་ལག་ཟས་ཏེ་བརྣངས་ནས་འཆི་འགྲོ་མཁན་ཡོད།

ཁྱེད་རང་ཚོས་བོད་ཀྱི་དཔེ་འདིར་བསམ་བློ་གཏོང་ན་འགྲིགས། དེ་ཡང་མི་གཅིག་གིས་ཤ་དུམ་བུ་ཆེན་པོ་མང་པོ་་ཟུར་དུ་བཞག་ནས། ཁོས་དེ་དག་སང་ཉིན་ཞོགས་པ་བཟའ་གི་ཡིན་ཞེས་བརྗོད་པ་རེད། འོན་ཀྱང་ཤ་རྡོག་པོ་དེ་ཟ་རྒྱུ་མ་བྱུང་སྔོན་ཁོ་རང་ཤི་བ་རེད། ཡང་དཔེ་གཞན་ཞིག་ནི། སིམ་ལཱ་ནས་ཡིན་པའི་ཞོག་ཁོག་འདེབས་མཁན་གྱི་ཞིང་པ་ཞིག་ངས་ངོ་ཤེས་ཀྱི་ཡོད། ཁོ་རང་གིས་ཉིན་དགུང་ཟས་བག་ལེབ་བརྔོས་མ་ཞིག་བཟོ་འཆར་ཡོད། འོན་ཀྱང་བག་ལེབ་བཟོ་བཞིན་པའི་སྐབས་ཁོང་ཤི་བ་ལྟ་བུ་རེད།

མི་རྟག་པ་དང་འཆི་བ་ལ་ཡི་རངས་བྱེད་པའི་ཐབས་ལེགས་ཤོས་ནི་དེའི་སྐོར་དེབ་ཀློག་པ་ཙམ་མ་ཡིན་པར། ང་ཚོས་ཧ་གོ་བའི་མི་ཤི་ཟིན་པ་རྣམས་ལ་བསམ་བློ་གཏོང་རྒྱུ་དེ་ཡིན།

འཆི་བའི་དུས་སུ་ཆོས་གཅིག་པུས་ཕན་ཐོགས་བྱེད་ཐུབ།

འཆི་བ་སྒོམ་དགོས་པའི་གནད་འགག་གང་ཡིན་ནམ། དགེ་མཚན་ཆེ་ཤོས་ནི་ཆོས་ཉམས་ལེན་བྱེད་རྒྱུ་དེ་ཡིན་པ་སྟོན་གྱི་ཡོད།

ང་ཚོས་ཕྱི་དངོས་པོའི་ཐོག་ནས་བསམ་བློ་བཏང་ན། འཆི་བའི་དུས་སུ་ང་ཚོས་གང་ཡང་མཉམ་དུ་ཁྱེར་མི་ཐུབ་པ་ཤེས་ཀྱི་རེད། དཔེར་ན། ཁྱེད་རང་དངུལ་ཧ་ཅང་མང་པོ་ཡོད་པའི་ཚོང་པ་ཕྱུག་པོ་ཞིག་ཡིན་ན། རང་ལ་དབང་བ་ནི་རང་གི་ཕུང་པོ་མེར་སྲེག་གཏོང་བའི་སྐབས་ཕུང་པོ་སྒྲིལ་བྱེད་ཀྱི་གོས་གོང་ཆེན་པོ་ཞིག་ཡོད་པ་དེ་ཡིན། འོན་ཀྱང་ཚོང་པ་དེས་རྒྱལ་ཁབ་གཅིག་ནས་གཅིག་བརྒྱུད་དེ་ཕྱིན་ནས་རང་གི་རྒྱུ་ནོར་གསོག་པའི་ཆེད་དུ་མི་དགེ་བའི་ལས་བསགས་པ་ནི་ཧ་ཅང་མང་པོ་ཡིན་སྲིད་པ་རེད།

གལ་སྲིད་ཁྱེད་རང་ལ་གཡོག་པོའམ་ལས་མི། ཡང་ན་བཀོད་འདོམས་བྱེད་མཁན་གྱི་དམག་དཔོན་འབུམ་གཅིག་ཡོད་ཀྱང་། ཁྱེད་རང་འཆི་བའི་སྐབས་དེ་དག་སུ་གཅིག་ཀྱང་རང་དང་མཉམ་དུ་ཡོང་མི་ཐུབ། དེ་བཞིན་སྤུན་མཆེད་ཀྱི་ལུང་པ་ཁེངས་ནས་ཡོད་ཀྱང་རོགས་བྱེད་མི་ཐུབ། ཁོང་ཚོས་གང་བྱེད་ཐུབ་པ་ནི། རང་ཉིད་འཆི་བའི་སྐབས་ད་ག་སེ་ཡར་ལངས་ནས་སྡོད་རྒྱུ་དང་། རང་ཉིད་ཞི་བདེའི་ངང་འཆི་རྒྱུ་བར་ཆད་དང་། ཕྱི་མའི་སྐྱེ་བ་ལ་འགོག་རྐྱེན་ཁོ་ན་བྱེད་ཀྱི་ཡོད།

འཆི་བའི་དུས་སུ་རོགས་བྱེད་ཐུབ་མཁན་གཅིག་ཁོ་ན་ཡོད་པ་ནི་ཆོས་ཉམས་ལེན་བྱས་པ་དེ་ཡིན། གསོན་པའི་སྐབས་བཟང་པོའི་ལས་ལ་བརྟེན་ནས་དགེ་བའི་ལས་ཀྱི་ནུས་པ་སྟོབས་ཆེན་བསགས་ཡོད་པ་སོང་ཙང་། དེས་སྐྱེ་བ་ཕྱི་མར་ཕན་རླབས་ཤིན་ཏུ་ཆེན་པོ་ཡོང་ཐུབ། འོན་ཀྱང་མི་དགེ་བའི་ལས་ཀྱི་ནུས་པས་དེ་དག་སྡུག་ཏུ་གཏོང་གི་ཡོད། དེ་ནི་འཆི་བར་བསམ་བློ་མ་བཏང་བར་རང་ངོས་ནས་ཤེས་རྟོགས་ཐུབ་པའི་གནད་དོན་ཞིག་ཡིན། བོད་ནང་བོད་མི་མང་པོ་ཞིག་ཧ་ཅང་ཕྱུག་པོ་ཡོད་ཀྱང་། འཆི་བའི་དུས་སུ་རང་ལ་ཡོད་པའི་ཤེས་བྱ་དང་ནང་གི་ཡོན་ཏན་གཅིག་པུ་མ་གཏོགས་ཁྱེར་ཐུབ་ཀྱི་མེད། བྱས་ཙང་། ང་ཚོས་ཚེ་འདིའི་ནང་བསམ་པ་རྣམ་དག་གི་སྒོ་ནས་ཆོས་ཉམས་ལེན་བྱེད་དགོས་པ་ལས་འཇིག་རྟེན་གྱི་བྱ་གཞག་ལ་མགོ་འཁོར་ནས་དུས་ཚོད་འཕྲོག་བརླག་གཏོང་རྒྱུ་མེད།

ང་ཚོས་འཇིག་རྟེན་གྱི་བྱ་གཞག་ཚང་མར་གྲོ་ཡི་སྦུན་པའམ་ཕུབ་མ་དང་འདྲ་བ་གལ་གནད་གང་ཡང་མེད་པ་ཞིག་ཡིན་པར་བསམ་བློ་གཏོང་དགོས། འཇིག་རྟེན་གྱི་བྱ་བར་སྙིང་པོ་གང་ཡང་མེད། འཇིག་རྟེན་གྱི་བྱ་གཞག་ཚང་མ་ཕྲུ་གུས་བྱེ་མའི་ཁང་པ་བཟོ་བ་དང་གཅིག་པར་བལྟ་དགོས། ཕྲུ་གུས་དེ་ལྟར་རྩེད་མོ་རྩེད་ནས་ཁང་པ་བཟོས་ཚར་རྗེས་དེ་ག་རང་ལ་གཡུགས་ནས་ནང་ལ་ལོག་འགྲོ་གི་ཡོད། དེ་ནི་ང་ཚོས་འཇིག་རྟེན་གྱི་བྱ་གཞག་ལ་བསམ་བློ་གཏོང་སྟངས་དེ་ཡིན།

གལ་སྲིད་ཁྱེད་ཀྱིས་དེའི་རིགས་ལ་བསམ་བློ་གཏོང་ཐུབ་ན། དེས་ཁྱེད་ཀྱི་ཆོས་ཉམས་ལེན་ལ་རོཌ་ཕན་རླབས་ཆེན་བྱེད་ཀྱི་རེད།།

བསམ་པ་རྒྱ་ཆུང་བ་གཉིས།

སྐྱེས་བུ་ཆུང་ངུའི་བསམ་པ།

གལ་སྲིད་ང་ཚོས་འཇིག་རྟེན་གྱི་བྱ་གཞག་ཚང་མ་དགོས་པ་དང་གལ་ཆེན་མིན་པར་བསམས་ན། ཆོས་ཉམས་ལེན་བྱེད་རྒྱུ་གཅིག་པུ་དེ་གལ་ཆེན་པོ་ཡིན་པར་ཧ་གོ་གི་རེད།  ཆོས་ཉམས་ལེན་བྱེད་པ་ནི་སྐྱེ་བ་ཕྱི་མར་ཕན་ཐོགས་ཡོང་ཆེད་དུ་ཡིན། དཔེར་ན། “ད་ལྟ་ང་ལ་མི་ལུས་རིན་ཆེན་ཞིག་ཐོབ་ཡོད། སྐྱེ་བ་ཕྱི་མ་ངན་འགྲོའི་གནས་སུ་མི་ལྷུང་བའི་ཆེད་དུ་ངས་མི་ལུས་འདི་བེད་སྤྱོད་གཏོང་གི་ཡིན་” ཞེས་བསམ་བློ་འཁྱེར་བ་ནི། ང་ཚོས་མི་ལུས་རིན་ཆེན་འདི་ལས་ཁེ་ཕན་ཆུང་ཤོས་ལེན་པའི་རིམ་པ་དེ་ཡིན།

ངན་འགྲོའི་གནས་གསུམ་པོ་གང་རུང་དུ་མི་ལྷུང་བ་ལ་གང་གིས་སྔོན་འགོག་བྱེད་དམ་ཞེ་ན། བཟང་སྤྱོད་ཀྱི་རང་ཁྲིམས་དམ་པོར་སྲུང་རྒྱུ་དེས་བྱེད་པ་ཡིན། འོན་ཀྱང་ང་ཚོས་ཚུལ་ཁྲིམས་གཙང་མ་སྲུང་འདོད་ཀྱི་ཀུན་སློང་བརྟན་པོ་ཞིག་སྐྲུན་ནའང་། དེ་ག་ལེར་ཉམས་འགྲོ་གི་ཡོད། དེར་བརྟེན་ངན་འགྲོའི་གནས་སུ་མི་སྐྱེ་བའི་སྔོན་འགོག་བྱེད་པའི་ཆེད་དུ་སོ་སོ་རང་རྒྱུད་ཀྱི་ཉོན་མོངས་མེད་པ་བཟོ་དགོས། དེ་ནི་ཧ་ཅང་བཙོག་པ་ཆགས་པའི་གོས་ཤིག་འཁྲུ་བ་ནང་བཞིན་དང་པོ་ཤུགས་ཆུང་ཆུང་བྱེད་པ་དང་དེ་ནས་རིམ་བཞིན་ཤུགས་ཆེ་རུ་གཏོང་དགོས། དེ་ག་ནང་བཞིན་རང་རྒྱུད་ཀྱི་ཉོན་མོངས་མེད་པ་བཟོ་བ་ལ། ག་ལེར་ག་ལེར་ཞི་འཇམ་པོའི་ཐོག་ནས་འགོ་བཙུགས་ཏེ། རིམ་པས་རང་གི་བརྩོན་འགྲུས་ཀྱི་ནུས་ཤུགས་ཡོད་ཚད་དེའི་ཐོག་སྤྲོད་དགོས། བྱས་ཙང་། བཟང་སྤྱོད་ཀྱི་རང་ཁྲིམས་སྲུང་བར། དེ་ག་ལེར་ལག་བསྟར་བྱེད་དགོས་ཤིང་། དེ་ནས་རིམ་པས་ཉམས་ལེན་ལ་བརྟེན་ནས་ཉོན་མོངས་རྣམས་མེད་པ་བཟོ་ཐུབ། དེ་མིན་རང་གི་བརྩོན་འགྲུས་དེ་ལས་སླ་པོའི་སྒོ་ནས་ཉམས་འགྲོ་བ་ཡིན།

གལ་ཏེ་ངན་འགྲོའི་གནས་གསུམ་དུ་མི་སྐྱེ་བའི་ཆེད་དུ་བཟང་སྤྱོད་ཀྱི་རང་ཁྲིམས་སྲུང་བ་ཡིན་ན། དེ་ནི་ཆོས་ཉམས་ལེན་བྱེད་པའི་རིམ་པ་དམའ་ཤོས་དེ་ཡིན།

སྐྱེས་བུ་འབྲིང་གི་བསམ་པ།

གལ་ཏེ་ངན་སོང་གསུམ་དུ་སྐྱེ་བ་ལས་ཐར་ནས་ནས་སྐྱེ་བ་ཕྱི་མ་ལྷའམ་མིའི་གནས་སུ་སྐྱེས་ནའང་། ང་ཚོས་འཁོར་བའི་གནས་གང་དུ་སྐྱེ་བ་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་ཡིན་པར་ཤེས་ཐབས་བྱེད་དགོས། དེའི་སྐོར་ལམ་རིམ་ནང་ཤིན་ཏུ་རྒྱས་པར་གོ་བསྡུར་གནང་ཡོད། འོན་ཀྱང་དཔེ་འདིའི་ཐོག་ནས་ཀྱང་འགྲེལ་བཤད་རྒྱག་ཐུབ། དཔེར་ན། རང་ཉིད་ཉི་མའི་ཚ་དྲོད་འོག་ལངས་བསྡད་ནས་ཚ་བ་འཚིག་ན། ལམ་སེང་ཉི་འོད་མེད་སའི་ནང་ཞིག་ཏུ་འགྲོ་གི་རེད། བྱས་ཙང་། ཁྱེད་རང་ཚ་བའི་སྡུག་བསྔལ་ལས་ཐར་བ་རེད། ཡིན་ནའང་ཁང་པ་དེའི་ནང་ནས་གྲང་བའི་སྡུག་བསྔལ་ཡོང་རྒྱུ་དེ་ལྷག་ཡོད། དེར་བརྟེན་ང་ཚོ་ལ་སྡུག་བསྔལ་མེད་པའི་འཁོར་བའི་གནས་ཤིག་རྩ་བ་ནས་མེད།

ཉོན་མོངས་ཀྱིས་ང་ཚོ་དབང་མེད་ཡང་ནས་ཡང་དུ་སྐྱེ་བའི་འཁོར་བའི་ནང་འཁོར་དུ་འཇུག་གི་ཡོད། ཤིང་སྡོང་གི་རྩ་བ་ལྟ་བུ་འཁོར་བའི་རྩ་བ་ནི། ཆོས་རྣམས་རང་དབང་ཚུགས་ཐུབ་ཏུ་གྲུབ་པར་འཛིན་པ་དེ་ཡིན། འཁོར་བའི་ནང་འཁོར་བ་ནི་ཕྲུ་གུ་རྩེད་མོ་རྩེ་སའི་འཕྲུལ་ཆས་འཁོར་ལོ་དང་འདྲ་ཞིང་མཚམས་གང་དུའང་སླེབས་ཀྱི་མེད། དེ་ལས་མར་བབ་པའི་ཐབས་གཅིག་པུ་ནི་སོ་སོ་མཐོ་རུ་གཏོང་དགོས་པ་སྟེ། དེའི་སྒང་ལ་སླེབས་ཐུབ་པ་དང། དེ་ལས་ཐར་བ་བྱ་རྒྱུ་དེ་ཡིན། དེ་ལྟར་བྱེད་པ་ལ། ང་ཚོ་རྟོགས་པ་དང་ལྡན་ཞིང་། རྟོག་པ་དང་བྲལ་བའི་ངོ་བོ་ཉིད་མེད་པ་སྟེ། མི་སྲིད་པའི་བདག་མེད་པར་རྟོགས་པའི་ཆོས་རྣམ་འབྱེད་ཀྱི་ཤེས་རབ་དང་ལྡན་པའི་འཕགས་པའི་གང་ཟག་ཆགས་དགོས་ཀྱི་ཡོད།

ང་ཚོའི་སེམས་རྒྱུད་དུ་དེ་ལྟ་བུའི་སྟོང་ཉིད་རྟོགས་པའི་ཤེས་རབ་ཅིག་སྐྱེད་པར། སེམས་ཀྱི་གནས་བབས་ཞི་ཞིང་བརྟན་ཚུགས་པའི་ཞི་གནས་འཐོབ་རྒྱུ་གལ་ཆེན་པོ་ཡིན། དེ་སྒྲུབ་པར་བཟང་སྤྱོད་ཀྱི་རང་ཁྲིམས་སྲུང་དགོས། བྱས་ཙང་། ལྷག་པའི་བསླབ་པ་གསུམ་སྟེ། ཚུལ་ཁྲིམས་དང་། བསམ་གཏན། ཤེས་རབ་བཅས་ཀྱིས་དབང་མེད་ཡང་ནས་ཡང་དུ་སྐྱེ་བའི་འཁོར་བ་ལས་ཐར་བར་བྱེད་ཀྱི་ཡོད། གལ་ཏེ་ང་ཚོས་དེ་དག་ཉམས་ལེན་བྱེད་པ་ཡིན་ན། འཁོར་བའི་སྐྱེ་རྒྱུན་གཅོད་ཐུབ།

སོ་སོའི་ཤེས་ཚད་གོང་འཐོར་གཏོང་བ་ལ་བརྟེན་ནས་འཕགས་པའི་གང་ཟག་ཆགས་པ་ལ་རིགས་གསུམ་ཡོད་པ་ནི།

  • མཐོང་ལམ་ཐོབ་པའི་འཕགས་པའི་གང་ཟག
  • སྒོམ་ལམ་ཐོབ་པའི་འཕགས་པའི་གང་ཟག
  • མི་སློབ་པའི་ལམ་ཐོབ་པའི་འཕགས་པའི་གང་ཟག་བཅས་གསུམ་ཡིན།

མཐོང་ལམ་ཐོབ་པའི་འཕགས་པའི་གང་ཟག་རྣམས་ལ་རྟོག་མེད་མངོན་སུམ་གྱིས་སྟོང་ཉིད་གསར་དུ་རྟོགས་པ་ཡོད། སྒོམ་ལམ་ཐོབ་པའི་འཕགས་པའི་གང་ཟག་རྣམས་ཀྱིས་མུ་མཐུད་སྒོམ་པའམ། ཡང་ན་དེ་ལྟ་བུའི་སྟོང་ཉིད་རྟོགས་པའི་རྟོག་མེད་མངོན་སུམ་གྱི་ཤེས་པ་རང་རྒྱུད་ལ་གོམས་པར་བྱེད་ཀྱི་ཡོད། གལ་སྲིད་རང་ངོས་ནས་སྒོམ་གང་མང་ཞིག་བརྒྱབ་པ་དང་། རང་གི་སེམས་དེ་སྟོང་ཉིད་རྟོཌ་པའི་ཤེས་པ་ལ་ཡོངས་སུ་གོམས་ཤིང་། རང་རྒྱུད་ལ་ཡོད་པའི་ཐར་བའི་གེགས་སུ་གྱུར་བའི་སྒྲིབ་པ་ཐམས་ཅད་ནམ་ཡང་མི་འབྱུང་བའི་ཚུལ་དུ་དག་པ་ཡིན་ན། ཁྱེད་རང་དགྲ་བཅོམ་པའི་གོ་འཕང་ཐོབ་པ་ཡིན།

སྐྱེས་བུ་ཆེན་པོའི་བསམ་པ།

བྱམས་པ་དང་སྙིང་རྗེ།

འོན་ཀྱང་རང་ཉིད་གཅིག་པུ་དགྲ་བཅོམ་པའི་གོ་འཕང་ཐོབ་པ་ཙམ་གྱིས་འགྲིག་གི་མེད། གང་ཡིན་ཞེ་ན། སེམས་ཅན་ཐམས་ཅད་དཀའ་སྡུག་གི་གནས་སྟངས་འདིའི་ནང་གཅིག་པར་གནས་ཡོད་ཅིང་། དེ་དག་ཐམས་ཅད་སྡུག་བསྔལ་མྱོང་བཞིན་པ་དང་། ཚང་མས་དེ་ལས་ཐར་འདོད་ཡོད་པ་རེད། གལ་ཏེ་ང་ཚོས་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་ཐར་བ་ཤོག་ཅེས་པའི་བསམ་པ་ཞིག་བསྐྱེད་ན་དེ་ལ་ “སྙིང་རྗེ་” ཞེས་ཟེར་གྱི་ཡོད། འོན་ཀྱང་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་ཐར་བ་ཤོག་ཅེས་པའི་བསམ་པ་ཞིག་སྐྱེད་པ་ལ། དང་པོ་སོ་སོའི་སྡུག་བསྔལ་ཐོག་རྒྱུན་རིང་པོ་རྩེ་གཅིག་ཏུ་སྒོམ་རྒྱག་དགོས་པ་དང་། དེ་ནས་གནས་ཚུལ་འཇིགས་སུ་རུང་བ་དེ་ཤེས་རྟོགས་བྱུང་བ་དང་། ཁྱེད་ཀྱིས་སྡུག་བསྔལ་ལས་ཐར་བའི་ཆོད་སེམས་ངེས་འབྱུང་གི་བསམ་པ་གོང་མཐོར་གཏོང་ཐུབ་པ་ཡིན། ནམ་ཞིག་སྡུག་བསྔལ་དེ་འཇིགས་སུ་རུང་བ་ཞིག་ཡིན་པར་ཤེས་པ་དང་དེ་ལས་ཐར་འདོད་ཀྱི་བསམ་པ་ཡོང་བའི་སྐབས་སུ། གཞི་ནས་སེམས་ཅན་ཐམས་ཅད་ལ་བསམ་པ་དེ་བེད་སྤྱོད་བྱེད་ཆོག དེ་ནི་སྙིང་རྗེ་རེད།

དེ་འདྲ་སོང་ཙང་། ངེས་འབྱུང་ནི་རང་ཉིད་སྡུག་བསྔལ་ལས་ཐར་འདོད་ཀྱི་བསམ་པ་ཞིག་ཡིན་ཞིང་། སྙིང་རྗེ་ནི་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་ཐར་འདོད་དེ་ཡིན། སྙིང་རྗེ་དང་བྱམས་པའི་ཁྱད་པར་ནི། སྙིང་རྗེ་དང་བཅས་ཏེ་ང་ཚོས། “སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བཅས་པ་ལས་ཐར་ན་ཅི་མ་རུང་” ཞེས་བསམ་གྱི་ཡོད། བྱམས་པའི་སྐབས་སུ་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་ན་ཅི་མ་རུང་སྙམ་པ་དེ་ཡིན།

བཏང་སྙོམས་དང་བྱང་ཆུབ་ཀྱི་སེམས་གོང་འཕེལ་གཏོང་ཚུལ།

ང་ཚོར་བྱམས་པ་དང་སྙིང་རྗེ་མེད་པའི་རྒྱུ་མཚན་གང་ཡིན་ནམ། ང་ཚོས་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བ་དང་བདེ་བ་དང་ལྡན་པར་ཤོག་ཅེས་ཡིད་སྨོན་མི་བྱེད་པའི་རྒྱུ་མཚན་གང་ཡིན་ནམ།གང་ཡིན་ཟེར་ན། ང་ཚོའི་སེམས་ནི་འཇམ་པོ་མེད་ཅིང་རྩུབ་པོ་ཡོད་པ་དང་། ལེགས་ཉེས་སྣ་ཚོགས་ཡོད། ང་ཚོའི་སེམས་འདི་འཁོད་མི་སྙོམ་པ་དེ་གང་ཡིན་ནམ་ཞེ་ན། ང་ཚོའི་གཉེན་དང་གྲོགས་པོའི་ཕྱོགས་ལ་འདོད་ཆགས་ཧ་ཅང་ཆེན་པོ་ཡོད་པ་དང་། སོ་སོའི་མི་དགའ་སའམ་དགྲ་བོ་མཐོང་བའི་སྐབས་སུ་ང་ཚོ་ལ་ཞེ་སྡང་ཧ་ཅང་ཆེན་པོ་ཡོད་པས་ཡིན།

བྱས་ཙང་། འཁོད་སྙོམ་པོ་མེད་པའི་ལམ་ཞིག་ང་ཚོས་འཁོད་སྙོམ་པ་ག་འདྲ་སེ་བཟོ་དགོས་སམ།  དེ་ཡང་དཔེར་ན། ཁ་སང་མི་ཞིག་གིས་ཁྱེད་རང་ལ་སྒོར་མོ་བརྒྱ་སྤྲད་པ་དང་། ཡང་མི་གཞན་ཞིག་གིས་དེ་རིང་ཁྱེད་རང་ལ་སྒོར་མོ་བརྒྱ་སྤྲད་པ་རེད། ཁ་སང་དངུལ་སྤྲོད་མཁན་དེས་དེ་རིང་ཞོགས་པ་ཁྱེད་རང་གི་གདོང་ལ་ཁུ་ཚུར་གཅིག་གཞུས་པ་དང་། དེ་རིང་དངུལ་སྤྲོད་མཁན་དེས་ཁྱེད་རང་གི་གདོང་ལ་ཁ་སང་ཁུ་ཚུར་གཞུས་པ་རེད། ད་འོ་ན་ཁྱེད་རང་མི་དེ་གཉིས་ལས་སུ་ལ་དགའ་པོ་བྱེད་དགོས་པ་དང་། སུ་ལ་མི་དགའ་བ་བྱེད་དགོས་སམ། ཞེས་པའི་དཔེ་འདིའི་ཐོག་ནས་ང་ཚོས་ཤེས་ཐུབ་པ་ཡིན།

བྱས་ཙང་། དེ་ནང་བཞིན་སྔོན་ཆད་སོ་སོའི་དགྲ་བོས་རང་ཉིད་ལ་ཕན་ཆེན་པོ་ག་འདྲ་བཏགས་ཡོད་པ་དང་། མ་འོངས་པར་ཡང་ཕན་ཆེན་པོ་འདོགས་སྲིད་པ་ཡིན། དེ་བཞིན་ང་ཚོའི་གྲོགས་པོས་སྔོན་མ་རང་ཉིད་ལ་གནོད་ཆེན་པོ་སྐྱེལ་ཡོད་པ་དང་། མ་འོངས་པ་ལའང་གནོད་སྐྱེལ་རྒྱུ་ཡིན་པ་རེད། དེ་ནི་དུས་ཀྱི་ཁྱད་པར་ཙམ་ཡིན།

ཡང་དཔེ་གཞན་ཞིག་ནི། ཤ་ཟ་མཁན་དང་། མི་མ་སྤྱང་ཡིན་པ། མི་གསོན་པོའི་ཁྲག་འཇིབ་མཁན་སོགས་མིའི་རིགས་སྣ་ཚོགས་པ་ཞིག་ཡོད། ང་ཚོས་དེ་དག་ཡིད་དུ་འོང་བ་མཐོང་ནས་གཅིག་དང་མཉམ་དུ་ཆང་ས་རྒྱག་རྒྱུའི་འདོད་པ་ཡོང་སྲིད། འོན་ཀྱང་མཚན་མོ་གཅིག་ལ་དེའི་མཆེ་བ་རྣམས་ཕྱིར་དོན་ནས་ང་ཚོ་བཟའ་གི་རེད།

རང་གིས་ཁྱི་ཞིག་ལ་གཞུས་པ་ན། དེས་སྐད་བརྒྱབ་སྟེ་རང་ལ་སོ་རྒྱག་གི་རེད། དེར་བརྟེན་ང་ཚོས་དགྲ་ལ་ཁོང་ཁྲོ་ལངས་ན། ཁྱི་དེ་དང་འདྲ་བར་ཡ་ལན་སློག་གི་ཡོད། ང་ཚོས་འཁོད་སྙོམ་པོ་མེད་པའི་སེམས་འདི་དང་། ང་ཚོ་ལ་ཡོད་པའི་འདོད་ཆགས་དང་ཞེ་སྡང་འདི་མེད་པ་བཟོས་ནས་བཏང་སྙོམས་ཀྱི་སེམས་ཤིག་འཐོབ་དགོས་ཀྱི་ཡོད། བཏང་སྙོམས་དེའི་སྟེང་ང་ཚོས་བྱམས་པ་དང་སྙིང་རྗེ་སྐྱེད་ཐུབ། དཔེར་ན། འཁོད་མི་སྙོམ་པའི་ལམ་དེ་བཅོས་ནས་སྣུམ་འཁོར་འགྲོ་ཐུབ་པའི་ལམ་འཁོད་སྙོམ་པོ་ཞིག་བཟོ་དགོས་པ་ལྟ་བུ་རེད།

ང་ཚོ་ལ་རྫས་མེ་ལྟ་བུ་གཏོར་ནས་ལམ་འཁོད་སྙོམ་པོ་བཟོ་བ་ནང་བཞིན་གྱི་བསམ་བློ་ནུས་སྟོབས་ལྡན་པ་ཞིག་དགོས་ཀྱི་ཡོད། བསམ་བློ་ག་འདྲ་ཞིག་དགོས་སམ་ཞེ་ན། གཞན་སེམས་ཅན་རྣམས་ཀྱི་དཀའ་དྲིན་ལ་བསམ་དགོས། དཔེར་ན། ང་ཚོས་འོ་མ་འཐུང་གི་ཡོད། འོ་མ་ནི་བ་ཕྱུགས་དང་མ་ཧེ་ལས་ཡོང་གི་ཡོད། དེ་དག་ཕྱི་ལོགས་ཐོན་ནས་རྩྭ་ཟ་བ་དང་ཆུ་འཐུང་གི་ཡོད། ང་ཚོས་ག་རེ་བྱེད་ཀྱི་ཡོད་ཟེར་ན། དེ་དག་ལས་འོ་མ་འཇོ་གི་ཡོད། རི་བོང་དང་ཙི་ཙི་སོགས་སྨན་སྦྱོར་ཚོད་ལྟའི་ཆེད་བེད་སྤྱོད་བྱེད་ཀྱི་ཡོད། བྱས་ཙང་། ཙི་ཙི་དང་རི་བོང་སོགས་ཀྱི་ཚེ་སྲོག་བཏང་ནས་ང་ཚོས་སྨན་ལོངས་སུ་སྤྱོད་ཀྱི་ཡོད།

ང་ཚོས་སོ་སོའི་དགྲ་རུ་འཛིན་པ་དང་སོ་སོ་ལ་གནོད་པ་སྐྱེལ་བའི་མིའི་གྲངས་ཚད་ནི་ངེས་ཅན་ཞིག་ལས་མེད། གལ་ཏེ་ཁོང་ཚོས་ང་ཚོར་གནོད་པ་བྱས་པ་དང་ཁོང་ཚོའི་དཀའ་དྲིན་གཉིས་བསྡུར་ན། ཕྱི་མ་བཀའ་དྲིན་དེ་སྔ་མ་གནོད་པ་བྱས་པ་ལས་རྦད་དེ་མང་བ་དང་ཆེ་བ་ཡོད། དེ་བཞིན་ཁོང་ཚོས་རང་ཉིད་ལ་བྱས་པའི་གནོད་པ་རྣམས་དངོས་གནས་བྱས་ན་ཕན་ཐོགས་ཆེན་པོ་ཡོང་སྲིད། སངས་རྒྱས་ཀྱི་གོ་འཕང་འཐོབ་པར། ང་ཚོས་བཟོད་པ་ཡར་རྒྱས་གཏོང་དགོས་པ་དང་། བཟོད་པ་སྒོམ་ཡག་ལ། ང་ཚོར་མི་སྣང་བར་མི་འགྲོ་བའམ་རྩུབ་སྤྱོད་ཅན་དེ་འདྲ་དགོས་ཀྱི་ཡོད། གལ་ཏེ་མི་ཚང་མ་བཟང་པོ་ཤ་སྟག་ཡིན་ན། ང་ཚོས་བཟོད་པ་གོང་འཕེལ་གཏོང་མི་ཐུབ། ང་ཚོར་ཁོང་ཁྲོ་བྱེད་མཁན་གྱི་སེམས་ཅན་ཡིན་པ་ལས་སངས་རྒྱས་མ་ཡིན། བྱས་ཙང་། ཁོ་ཚོས་ང་ཚོ་ལ་བཟོད་པ་བསླབ་ཀྱི་ཡོད། དཔེར་ན། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་ཕེབས་སྐབས། རྒྱ་གར་བ་སྐད་ཅོར་ཚ་པོ་ཞིག་མཉམ་དུ་ཁྲིད་གནང་ཡོད། མི་དེས་ཇོ་བོ་རྗེའི་བཟོད་པ་ལ་རྟག་ཏུ་ལྟ་ཚོད་བྱེད་ཀྱི་ཡོད། མི་དེ་མཉམ་དུ་ཁྲིད་གནང་དགོས་དོན་གང་ཡིན་ནམ་ཞེས་ཞུས་སྐབས། བཟོད་པ་ཉམས་ལེན་བྱེད་པའི་ཆེད་དུ་ཡིན་ཞེས་བཀའ་གནང་ཡོད། དེར་བརྟེན་ང་ཚོ་ལ་སེམས་ཅན་དང་སངས་རྒྱས་ཀྱི་དཀའ་དྲིན་མཚུངས་པ་ཡིན། དེ་ནི་རྒྱལ་སྲས་ཆེན་པོ་ཞི་ལ་ལྷས་མཛད་པའི་སྤྱོད་འཇུག་ལས་ཞིབ་པར་གསལ་ཡོད།

སངས་རྒྱས་ལ་སྐུ་རླུང་བཞེང་རྒྱུ་མེད་པར་རྒྱུ་མཚན་ཞིག་ཡོད། དེ་ནི་ཉོན་མོངས་ཐམས་ཅད་ལས་ཐར་བའི་རྩེ་གཅིག་པའི་ཏིང་ངེ་འཛིན་ཡོད་པའི་དབང་གིས་ཡིན། སངས་རྒྱས་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་དེ་ཡོད་པས། ཁོང་སྐུ་རླུང་བཞེང་གི་མེད། བྱས་ཙང་། ང་ཚོས་དེ་གོང་མཐོར་གཏོང་དགོས། ཞོགས་པ་ང་ཚོས་བསམ་པ་གཉིས་སྐྱེད་པའི་སྒོ་ནས་ཡར་ལངས་དགོས།

  • དེ་རིང་ངས་གཞན་ལ་ཁོང་ཁྲོ་སློང་གི་མིན་ཞེས་པ་དང་།
  • གཞན་གྱིས་ང་ལ་ཁོང་ཁྲོ་སློང་འཇུག་གི་མིན།

གལ་ཏེ་ང་ཚོ་བསམ་པ་དེ་ལ་གོམས་ན། ང་ཚོའི་རྒྱུད་ཀྱི་ཉོན་མོངས་རྣམས་ཉུང་དུ་ཉུང་དུ་བཏང་ནས་མཐར་ཉོན་མོངས་ལས་རྦད་དེ་ཐར་བའི་གནས་བབས་ཤིག་ཐོབ་ཀྱི་ཡོད། དེ་འདྲའི་ཐོག་ནས་སངས་རྒྱས་ཀྱི་གོ་འཕང་འཐོབ་ཐུབ་པ་ཡོང་གི་ཡོད།

གལ་སྲིད་ང་ཚོས་སངས་རྒྱས་ཀྱི་ཐུགས་མཉེས་པའི་ཐབས་ག་རེ་བྱེད་ཐུབ་བམ་ཟེར་ན། དེ་ནི་གཞན་སེམས་ཅན་ལ་སེམས་པ་བཟང་པོ་དང་རོགས་རམ་བྱེད་རྒྱུ་དེ་ཡིན། དེ་ལྟར་བྱས་ན་དངོས་གནས་སངས་རྒྱས་ཐུགས་མཉེས་པོ་ཡོང་རྒྱུ་རེད། དཔེར་ན། གལ་ཏེ་ཕ་མ་ཕྲུ་གུ་མང་པོ་ཡོད་མཁན་ཞིག་ཡིན་ན། ང་ཚོས་ཕ་མ་གཅིག་པུ་ལ་དགའ་པོ་མ་བྱས་པར། ཁོང་ཚོའི་ཕྲུ་གུ་ལ་བྱམས་པོ་བྱེད་པས་ཕ་མ་དེ་ལས་མང་བ་སྐྱིད་པོ་ཡོང་ཐུབ། དེ་ག་ནང་བཞིན་ང་ཚོས་གྲངས་མེད་པའི་སེམས་ཅན་དང་སངས་རྒྱས་ལའང་བྱམས་བརྩེ་བྱས་ན་སངས་རྒྱས་རྣམས་ཐུགས་མཉེས་པ་ཡོང་གི་རེད། དེ་འདྲ་སོང་ཙང་། དེ་དག་ཐམས་ཅད་གཞིར་བཞག་སྟེ། ང་ཚོས། “སེམས་ཅན་ཐམས་ཅད་ཀྱི་དོན་ངས་སངས་རྒྱས་ཀྱི་གོ་འཕར་འཐོབ་པར་བྱ་རྒྱུ་ཡིན་” ཞེས་དམིགས་ཡུལ་བྱང་ཆུབ་ཀྱི་སེམས་སྐྱེད་ཐབས་ལ་འབད་དགོས།

ཚེ་འདི་ལ་སངས་རྒྱས་ཀྱི་གོ་འཕང་འཐོབ་པ།

དེ་ལས་ལྷག་པ་ཞིག་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཚེ་འདི་རང་ལ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ་རྒྱུའི་ཀུན་སློང་ཧ་ཅང་ཤུགས་ཆེན་པོ་ཞིག་ང་ཚོར་ད་ལྟ་ཉིད་ནས་དགོས་པ་ཡིན། སངས་རྒྱས་ཀྱིས་ཚེ་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཐབས་གཅིག་ཡོད་གསུངས་ཡོད། ཐབས་དེ་གང་ཡིན་ནམ་ཞེ་ན། དེ་ནི་སྔགས་ཀྱི་ལམ་དེ་ཡིན། གལ་ཏེ་ཁྱེད་རང་གིས་སྔགས་ཀྱི་ལམ་དེ་ཉམས་ལེན་བྱས་ན། ཚེ་གཅིག་གི་ནང་སངས་རྒྱས་ཀྱི་གོ་འཕང་འཐོབ་སྲིད་པ་ཡིན།

ང་ཚོར་ཚེ་གཅིག་རང་ལ་འཚང་རྒྱ་བའི་ཀུན་སློང་ཤུགས་དྲག་པོ་ཞིག་ཡོད་ནའང་། དེ་ལས་སླ་པོ་ཞིག་རེད་བསམ་རྒྱུ་མེད། དེ་གང་ཡིན་ཞེ་ན། སྐྱེ་བ་ཐོག་མ་མེད་པ་ནས་བཟུང་ང་ཚོས་མི་དགེ་བའི་ལས་གྲངས་ལས་འདས་པ་བསགས་ཚར་བ་རེད། སྔགས་ལམ་ཧ་ཅང་མྱུར་པོ་ཡོད་ཀྱང་། དེ་ལམ་དཀའ་ལས་ཁག་པོ་ཤིག་ཡིན། ང་ཚོས་སྔགས་ལམ་ཉམས་སུ་ལེན་པ་དེ་གནམ་གྲུ་ཞིག་གི་ནང་འགྲོ་བ་ལྟར་ཧ་ཅང་མྱུར་པོ་རེད་བསམ་རྒྱུ་མེད། དེ་འདྲའི་ལས་སླ་པོ་མེད། དཔེར་ན། རྗེ་བཙུན་མི་ལ་རས་པས་རང་གི་བླ་མ་མར་པའི་དྲུང་དུ་དཀའ་ཐུབ་མང་པོ་ཞེ་དྲགས་མྱོང་དགོས་བྱུང་ཡོད་པ་དཔེར་ན། སྲས་མཁར་དགུ་ཐོག་བརྩིགས་པ་དང་། ཉེས་རྡུང་བཏང་བ་སོགས་སྡུག་བསྔལ་མང་པོ་མྱངས་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ཁོང་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཡོད། འོན་ཀྱང་ང་ཚོ་ནི་རྗེ་བཙུན་མི་ལས་དཀའ་སྤྱད་མྱངས་པའི་ཆ་ཙམ་ཡང་མྱོང་འདོད་མེད་པ་རེད།

གལ་སྲིད་ང་ཚོར་ཚེ་འདི་རང་ལ་འཚང་རྒྱ་རྒྱུའི་འདུན་པ་ཤུགས་ཆེན་ཞིག་དང་དཀའ་སྤྱད་མང་པོ་མྱོང་རྒྱུའི་གྲ་སྒྲིག་ཨང་གསར་ཡོད་ན། དེ་ནས་རྒྱུན་བརྟན་པའི་ཉམས་ལེན་ལ་བརྩོན་པའི་སྒོ་ནས་མཐར་དངོས་གནས་སངས་རྒྱས་ཀྱི་གོ་འཕང་འཐོབ་ཐུབ་པའི་གོ་སྐབས་ཤིག་ཡོད་པ་ཡིན།

ཕྱོགས་བསྡོམས།

མི་ལུས་རིན་ཆེན་ཐོབ་པ་འདི་ང་ཚོས་ཆོས་ཉམས་ལེན་དང་། མ་འོངས་པར་སྐྱེ་བ་བཟང་པོ་ཞིག་དང་། ཐར་པ་འཐོབ་པ་དང་། ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པ་བཅས་ལ་བེད་སྤྱོད་བྱེད་ཆོག་པ་ཡིན། དེ་ལྟར་འཐོབ་པ་ལ། ང་ཚོས་ལམ་རིམ་ལ་སློབ་སྦྱོང་བྱེད་དགོས། འདིའི་ནང་དུ་མི་དགེ་བའི་ལས་ལམ་བཅུ་སྤོང་རྒྱུ་དང་། སོ་སོའི་ཉོན་མོངས་མེད་པ་བཟོ་རྒྱུ། འཁོར་བ་ལས་ཐར་འདོད་ཀྱི་ཆོད་སེམས་ཏེ་ངེས་འབྱུང་དང་། དམིགས་ཡུལ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེད་པར་བྱ་རྒྱུ། རྩེ་གཅིག་པའི་ཏིང་ངེ་འཛིན་འཐོབ་རྒྱུ། དེ་བཞིན་རྟོག་མེད་ཀྱི་སྒོ་ནས་སྟོང་ཉིད་རྟོགས་པ་བཅས་གསལ་ཡོད།།

Top