ཤར་ཕྱོགས་དང་ནུབ་ཕྱོགས་ཐུག་པའི་མཚམས།

ཤར་གྱི་ཤེས་བྱ་དང་ནུབ་ཀྱི་ཚན་རིག

ཤར་ནུབ་ཐུག་པའི་མཚམས་གང་དག་ཡིན་ནམ་ཞེས་པར། ངའི་བསམ་པར། ལོ་ངོ་སུམ་ཅུའམ་བཞི་བཅུ་སྔོན་སྐབས་ཤིག་ལ་ངས་ཤར་གྱི་ཤེས་བྱ་ལས་གཙོ་བོ་སེམས་ཚོར་དང་སེམས་ཀྱི་ཐད་རྒྱ་གར་གྱི་རིག་གཞུང་ནི་ཧ་ཅང་གཏིང་ཟབ་པོ་རེད་ཅེས་བརྗོད་མྱོང་། གང་ཡིན་ཞེ་ན། དེའི་ཁྲོད་ཏིང་ངེ་འཛིན་སྒོམ་པའི་ཞི་གནས་དང་ལྷག་མཐོང་གྱི་ཉམས་ལེན་ཡོད། དེ་དག་ནི་དད་པའམ་མོས་གུས་ཐོག་གཞི་བཅོལ་མེད་པར། དེ་དག་ནི་ང་ཚོའི་སེམས་ལ་སྦྱོང་བརྡར་ཆེད་དུ་ཡིན། ཞི་གནས་དང་ལྷག་མཐོང་གི་ཉམས་ལེན་ལྡན་པའི་ཆོས་གང་ཞིག་ཡིན་རུང་ནང་སེམས་དང་སེམས་ཚོར་གྱི་བྱ་བ་བྱེད་སྟངས་སོགས་སེམས་ཀྱི་སྐོར་ལ་རང་བཞིན་གྱིས་འགྲེལ་བཤད་ཡོང་གི་ཡོད།

གཞན་ཡང་ནང་ཆོས་ནང་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དང་ད་དུང་ལྟ་བ་གཙོ་བོ་ནི་བདག་མེད་ཀྱི་རྣམ་གཞག་དེ་རེད། དེར་བརྟེན་བདག་མེད་ཀྱི་རྣམ་གཞག་ལ་རིག་པས་བརྡར་ཤ་གཅོད་པར་རང་བཞིན་གྱིས་མ་རིག་པ་དང་ལོག་ལྟར་གོ་རྟོགས་ཞིབ་ཅིང་ཕྲ་བ་དགོས་པ་ཡིན། ལོག་ལྟ་ལ་ཁ་གཏད་གཅོག་པའི་ནུས་པ་གཅིག་པུ་དེ་ནི་ཡང་དག་པའི་ལྟ་བ་ཡིན་པ་ལས་སྨོན་ལམ་འདེབས་པ་དང་སྒོམ་རྒྱག་རྒྱུ་ཙམ་མ་ཡིན། དེ་བཞིན་སྔགས་ཀྱི་གཞུང་ནང་སེམས་ཀྱི་གནས་བབས་རིམ་པ་འདྲ་མིན་ཞིག་གསུང་གི་ཡོད་དེ། སད་དུས་ཀྱི་གནས་སྐབས་དང་། རྨི་ལམ་གྱི་གནས་སྐབས། གཉིད་འཐུག་པོ་ཁུག་པའི་གནས་སྐབས། བརྒྱལ་བའི་གནས་སྐབས་ལྟ་བུ། (དེ་དག་ཚང་མ་སེམས་ཀྱི་སྐོར་ཤར་ཕྱོགས་ཀྱི་ཤེས་བྱའི་དཔེ་མཚོན་རྣམས་ཡིན།)

ཚན་རིག་ནི་ནུབ་ཕྱོགས་ནས་བྱུང་བ་བརྗོད་མི་དགོས། ཚན་རིག་པ་མང་ཆེ་བ་འཇིའུ་དང་ཡེ་ཤུ་ཆོས་ལུགས་ཀྱི་རྒྱབ་ལྗོངས་ཡོད་པ་ནས་ཡོང་སྟབས། རང་བཞིན་གྱིས་ཁོང་ཚོས་སེམས་དང་སེམས་ཚོར་སོགས་ཀྱི་ཐད་དོ་སྣང་དེ་ཙམ་བྱེད་ཀྱི་མེད། འཇིའུ་དང་ཡེ་ཤུའི་སྲོལ་རྒྱུན་ནང་ལ་ (ཤར་ཕྱོགས་ཀྱི་ཆོས་ལུགས་ལྟར།) སྙིང་རྗེ་དང་། བཟོད་གསོལ། བཟོད་པ། ཆོག་ཤེས། རང་སྒྲིག་རང་སྲུང་བཅས་ཀྱི་ཉམས་ལེན་གྱི་རིམ་པ་གཅིག་པ་ཡིན། དེ་ནི་ཆོས་ལུགས་ཆེ་ཁག་ཚང་མའི་ནང་གཅིག་གྱུར་ཡིན། འོན་ཏེ་འགྲོ་བ་མིའི་གཞི་རྩའི་རིན་ཐང་གོང་མཐོར་གཏོང་ཕྱོགས་ཐད་ཆོས་ལུགས་དེ་དག་དབར་ཁྱད་པར་ཡོད།

ཧིཎྡུ་ཆོས་ལུགས་ཐེ་བའི་འཇིག་རྟེན་བཀོད་པ་པོར་ཡིད་ཆེས་ཡོད་པ་གཞི་རྟེན་བྱེད་མཁན་གྱི་ཆོས་ལུགས་དེ་འདྲ་ཡོད་པ་དང་། དེ་ལྟར་ན། མཐར་ཐུག་ཐམས་ཅད་འཇིག་རྟེན་བཀོད་པ་པོར་རག་ལས་པས། དད་པ་ཙམ་གྱི་འགྲིགས་ཀྱི་ཡོད། རང་རྒྱུད་ཀྱི་རང་གཅེས་འཛིན་གྱི་བསམ་ཕྱོགས་དེ་ཤུགས་ཆུང་དུ་གཏོང་བར། ཁྱེད་རང་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་ལ་དད་པ་ཤུགས་དྲག་དགོས་ཀྱི་ཡོད། ཁྱེད་རང་དཀོན་མཆོག་ལ་མཐའ་གཅིག་ཏུ་མགོ་འབུལ་ཞུས་ན། དེས་རང་གཅེས་འཛིན་ཤུགས་ཆུང་དུ་གཏོང་ཐུབ། དེ་དང་ཆབས་ཅིག་ནང་ཆོས་ནང་འཇིག་རྟེན་བཀོད་པ་པོ་ཞེས་པའི་བསམ་ཚུལ་དེ་འདོད་ཀྱི་མེད། དེ་ག་ནང་བཞིན་གཅེར་བུ་པ་དང་གྲངས་ཅན་པའི་ཡ་གྱལ་ཁ་ཅིག་གིས་འཇིག་རྟེན་བཀོད་པ་པོ་མི་འདོད། དེར་བརྟེན་རང་གིས་རང་སེམས་འགྱུར་བ་གཏོང་བར་འབད་བརྩོན་བྱེད་དགོས་པ་ལས། སྨོན་ལམ་འདེབས་པ་ཙམ་གྱིས་སེམས་ལ་འགྱུར་བ་གཏོང་ཐུབ་པ་མི་སྲིད།

མི་རྣམས་ཀྱིས་རིམ་པས་ཉུང་མཐར་ཡང་འདས་པའི་ལོ་ངོ་སྟོང་ཕྲག་གསུམ་མམ་བཞི་ལྷག་གི་རིང་ནས་བཟུང་སྟེ་ཆོས་ལ་དད་པ་བྱས་ཡོད། ཁོང་ཚོར་དཀའ་ངལ་ག་དུས་འཕྲད་ཀྱང་འཇིག་རྟེན་བཀོད་པ་པོའམ་དཀོན་མཆོག་ཡང་ན་སངས་རྒྱས་བཅས་ལ་རེ་བ་བཅོལ་ནས་སྨོན་ལམ་འདེབས་ཀྱི་ཡོད། ང་ཚོ་བོད་པ་ཚོས་སངས་རྒྱས་ལ་དད་པ་བྱེད་ཀྱི་ཡོད་ནའང་། ང་ཚོས་འགྲོ་མིའི་བྱ་སྤྱོད་རིམ་པའི་ཐོག་ལ་ལྷོད་གཡེངས་ཤོར་གྱི་ཡོད། དེར་བརྟེན་ང་ཚོ་སོ་སོའི་ལུང་པ་ཤོར་བ་རེད། མ་རེད་དམ།

བྱས་ཙང་། འདས་པའི་ལོ་ངོ་སྟོང་ཕྲག་བཞིའམ་ལྔའི་རིང་ངའི་བསམ་པར་མི་རྣམས་ཀྱིས་སོ་སོའི་མཐའ་ཐུག་གི་རེ་བ་དང་དད་པ་དཀོན་མཆོག་ལ་བཅོལ་ཡོད། འོན་ཀྱང་ད་ཆ་འདས་པའི་དུས་རབས་གཉིས་ལྷག་རིང་ཚན་རིག་དང་བཟོ་ལས་རིག་པར་ཡར་རྒྱས་སོང་ནས་ང་ཚོའི་རེ་བ་མང་པོ་ཞིག་སྐོང་འགོ་ཚུགས་ཡོད། འདས་པའི་ལོ་ངོ་སྟོང་ཕྲག་རིང་ང་ཚོས་མཐའ་གཅིག་ཏུ་དད་པ་རང་ལ་བརྟེན་ཡོད། འོན་ཀྱང་ད་ལྟ་དད་པ་མེད་པར་ཚན་རིག་དང་བཟོ་ལས་རིག་པས་མངོན་གསལ་དོད་པའི་གྲུབ་འབྲས་མང་དག་ཅིག་བསྐྲུན་དང་སྐྲུན་བཞིན་ཡོད། ཤར་ཕྱོགས་ཀྱི་མི་ཐེ་བའི་ཚང་མས་ཚན་རིག་དང་བཟོ་ལས་རིག་པར་བརྟེན་བཞིན་པ་དང་མི་མང་པོ་དེ་དག་ལ་ཡིད་འཕྲོག་པ་ནི་འགྲིགས་ཀྱི་ཡོད།

ཡིན་ནའང་དུས་རབས་ཉི་ཤུ་པའི་དུས་མཇུག་ནས་བཟུང་མི་རྣམས་ཉིན་རེ་ལས་མ་བསྡད་པར་ཕྱི་དངོས་པོའི་ཚད་ཡོད་ཀྱི་རིན་ཐང་མྱོང་བཞིན་མཆིས། ཕྱི་དངོས་པོས་ང་ཚོར་ཕྱིའི་བདེ་བ་སྦྱིན་ཞིང་དབང་ཤེས་ཀྱི་རིམ་པའི་ཐོག་ནས་འདོད་བློ་ཁེངས་འཇུག་པ་ལས་ནང་སེམས་ཀྱི་བདེ་བ་ངོ་མ་སྟེར་གྱི་མེད། གལ་ཏེ་ཡིད་ཀྱི་མྱོང་བ་དང་དབང་ཤེས་ཀྱི་རིམ་པའི་མྱོང་བ་གཉིས་བསྡུར་བ་ན། ཡིད་ཀྱི་མྱོང་བའི་རིམ་པ་དེ་རྦད་དེ་དོ་གལ་ཆེ་བ་ཡོད། ནང་སེམས་ཀྱི་གནས་བབས་དེ་སྐྱིད་པོ་དང་ཞི་འཇམ་ཞིག་བྱུང་ན། ཕྱི་ལུས་ཀྱི་སྡུག་བསྔལ་ཤུགས་ཆུང་དུ་འགྲོ་བ་ང་ཚོ་ཚང་མས་མྱངས་ཡོད། འོན་ཀྱང་ང་ཚོར་ནང་སེམས་ལ་མི་བདེ་བ་དང་སེམས་འཁྲལ་ཤུགས་ཆེན་པོ་བྱུང་བའི་སྐབས། ཕྱིའི་བདེ་བས་ནང་གི་སྡུག་བསྔལ་ཉུང་དུ་གཏོང་མི་ཐུབ། དེར་བརྟེན་ནང་སེམས་ཀྱི་གནས་བབས་དེ་དོ་གལ་ཆེ་བ་ཡིན་པ་གསལ་པོ་རེད།

སྨན་པ་དང་ཚན་རིག་པ་མང་པོས་ད་ཆ་ང་ཚོའི་སེམས་ཀྱི་གནས་བབས་ནི་སོ་སོའི་འཕྲོད་བསྟེན་ལ་གལ་འགངས་ཧ་ཅང་ཆེན་པོ་ཡིན་པ་ཤེས་རྟོགས་ཡོང་གི་ཡོད། སེམས་ཀྱི་བདེ་ཐང་ནི་ལུས་ཀྱི་བདེ་ཐང་ལ་འབྲེལ་བ་ཤུགས་ཆེན་པོ་ཡོད། འོན་ཀྱང་སེམས་ཀྱི་བདེ་ཐང་ནི་སྨན་དང་། ཆང་རག །ཡང་ན་སྨན་རྫས་སོགས་ཀྱི་སྐྲུན་མི་ཐུབ། དེ་བཞིན་སེམས་ཀྱི་བདེ་ཐང་དེ་སྨན་ཁབ་བརྒྱབ་ནས་སྐྲུན་མི་ཐུབ་ལ་ཁྲོམ་ར་ནས་ཀྱང་ཉོ་མི་ཐུབ། སེམས་ཀྱི་བདེ་ཐང་ནི་སེམས་རང་གི་ནང་སྐྱེད་དགོས་ཀྱི་ཡོད། དེ་ཡང་གང་ཞིག་ལ་ཡིད་ཆེས་ཀྱི་ཐོག་ནས་ཡར་རྒྱས་གཏོང་དགོས་པ་དེ་འདྲ་མ་རེད། བཅོས་མིན་གྱི་ཡིད་ཆེས་ནི་ཞིབ་འཇུག་དང་བརྟག་དཔྱད་བྱས་པ་འབའ་ཞིག་ལས་ཡོང་ཐུབ་ཀྱི་ཡོད།

དེས་ན་ཤར་ཕྱོགས་དང་ནུབ་ཕྱོགས་ཐུག་སའི་མཚམས་དེ་ནི་ཆོས་ལུགས་ཀྱི་རྒྱུ་མཚན་ཐོག་ནས་མ་ཡིན་པར། སེམས་ཀྱི་ཚན་རིག་གི་ཐོག་ནས་ཡིན།

Top