བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་རྣམས་དབྱེ་བ་འབྱེད་ཚུལ་མི་འདྲ་བ་མང་པོ་ཡོད། དེ་དག་ལས་གྲགས་ཆེ་བ་ཞིག་ནི་ཆོས་ཀྱི་འཁོར་ལོ་གསུམ་ཞེས་བྱ་བ་དེ་རེད། སངས་རྒྱས་ཞལ་བཞུགས་པའི་སྐབས། ཆོས་ཀྱི་འཁོར་ལོ་རེ་རེ་ནི་ས་ཆ་མི་འདྲ་བ་དང་དུས་མི་འདྲ་བའི་ནང་གསུངས་ཡོད་ནའང་། དུས་ཕྱིས་སུ་རྗེ་ཙོང་ཁ་པ་ལྟ་བུ་མཁས་པ་འགའ་ཞིག་གིས་ཆོས་ཀྱི་འཁོར་ལོ་གསུམ་པོ་བསྟན་རྩིས་ཀྱི་གོ་རིམ་ཙམ་དང་བསྟུན་ནས་མིན་པར། དེ་དག་གི་སྐབས་དོན་བརྗོད་བྱ་དང་བསྟུན་ནས་ཀྱང་ཁྱད་པར་འབྱེད་གནང་ཡོད།
ཆོས་འཁོར་དང་པོ།
ཆོས་འཁོར་དང་པོ་སཱར་ནཱཐའི་དྲང་སྲོང་ལྷུང་བའི་རི་དྭགས་ཀྱི་ནགས་སུ་བསྐོར་མཛད་ཡོད། བདག་ཅག་གི་སྟོན་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་མ་ཐག་རང་གི་སློབ་མར་གྱུར་བ་འཁོར་ལྔ་སྡེ་བཟང་པོ་དང་ལྷན་དུ་དེར་ཕེབས་ནས་ཁོང་ཚོར་ཆོས་ཀྱི་ཐོག་མ་དེ་གསུངས་ཡོད། ཆོས་ཚུལ་དེའི་ནང་ཁོང་གི་རྟོགས་པའི་རིམ་པ་རྣམས་ཀྱི་གཞི་རྩའི་སྒྲོམ་ལྟ་བུ་གཏན་ལ་ཕབ་ནས་གསུངས་པ་སྟེ། དེ་ལ་འཕགས་པའི་བདེན་པ་བཞི་ཞེས་སུ་གྲགས་པ་རེད། བདེན་པ་བཞི་པོ་དེ་དག་ནི། སྡུག་བསྔལ་གྱི་བདེན་པ་དང་། སྡུག་བསྔལ་དེ་དག་གི་རྒྱུ་དངོས་ཀུན་འབྱུང་གི་བདེན་པ། སྡུག་བསྔལ་དངོས་སུ་འགོག་པའི་འགོག་བདེན། སེམས་ཀྱི་ལམ་མམ་ལམ་གྱི་བདེན་པ་སྟེ། དེ་ལ་བརྟེན་ནས་འགོག་པའི་བདེན་པ་འཐོབ་ཀྱི་ཡོད་པ་དང་འགོག་བདེན་དེ་ཡང་དེའི་འབྲས་བུ་ཡིན་པ་བཅས་སོ།།
འཕགས་པ་ཞེས་པ་ནི་ལེགས་སྦྱར་སྐད་དུ་ཨཱརྱ་ཟེར་བའི་སྐད་དོད་ཡིན་པ་དང་། དེ་ལས་ཨཱརྱན་ (Aryan) དང་ཨི་རཱན་ (Iran) ཡང་བྱུང་བ་ཡིན། ཨཱརྱན་ནི་དབུས་ཨེ་ཤི་ཡ་ནས་ཡིན་པའི་རྒྱ་གར་དང་ཡུ་རོབ་མི་རིགས་ཡིན་པ་དང་དེས་སྤྱི་ལོའི་སྔོན་གྱི་ལོ་ཉིས་སྟོང་ཙམ་ནས་རྒྱ་གར་ལ་དབང་སྒྱུར་བྱས་ཤིང་། དེ་དག་ཡུལ་མིའི་རང་གི་མི་རིགས་དང་རིག་གཞུང་ལས་མཆོག་ཏུ་གྱུར་བའམ་ཁྱད་དུ་འཕགས་པ་ཡིན་པར་ཁྱབ་བསྒྲགས་བྱས་ཡོད།
ནང་པའི་ཆོས་ཀྱི་ནང་ཨཱརྱའམ་འཕགས་པ་ནི་རྟོགས་པ་མཐོན་པོར་བརྙེས་པའི་གང་ཟག་ཅིག་ཡིན་པ་དང་བདེན་པ་བཞི་ལ་རྟོག་མེད་ཀྱི་ཤེས་པ་དང་ལྡན་པ་ཞིག་ཡིན། འཕགས་པའི་བདེན་པ་བཞི་ནི་དེའི་ཚེ་ན་སོ་སྐྱེ་ཕལ་པ་རྣམས་དང་རྒྱ་གར་གྱི་གྲུབ་མཐའ་སྨྲ་བའི་ལུགས་གཞན་གྱི་རྗེས་འབྲང་པ་ཚོས་བདེན་པ་ཡིན་པ་རྩ་ནས་མཐོང་གི་མེད་ནའང་། འཕགས་པ་རྣམས་ཀྱིས་རྟོག་མེད་ཀྱི་སྒོ་ནས་བདེན་པར་མཐོང་བའི་བདེན་དོན་བཞི་ཡིན་པ་རེད།
སངས་རྒྱས་ཀྱིས་ཨཱརྱ་ཞེས་པའི་ཚིག་དེ་མཐོ་རིམ་མི་དྲག་ཡིན་པར་ཤུགས་སུ་སྟོན་པར་བཀོལ་སྤྱོད་གནང་བ་དང་། ཡང་ཁོང་གིས་རྩ་འཛུགས་གནང་བའི་དགེ་འདུན་གྱི་སྡེའི་ནང་གི་གདན་རབས་ཀྱི་སྒྲོམ་གཞི་དང་རིགས་རུས་ཀྱི་ལམ་ལུགས་དེ་རྩ་མེད་བཏང་མཛད་པ་ནི་དོ་སྣང་བྱ་འོས་པ་ཞིག་རེད། འོན་ཀྱང་། ནང་པ་ཞིག་ཡིན་པའི་ཆ་ནས་སྐྱེ་བ་དང་། རིགས་དང་རུས་རྒྱུད། མི་ཞིག་ལ་ཆབ་སྲིད་ཀྱི་དབང་ཆ་སྤྲོད་པའམ་ཡང་ན་དཔལ་འབྱོར་གྱི་གོ་གནས་འབུལ་བ་ལ་གཞི་བྱས་མེད་པར། དེ་ལས་ལྡོག་སྟེ། དེ་ནི་ཆོས་ཕྱོགས་ཀྱི་རྟོགས་པ་ཐོབ་པར་གཞི་བྱས་ཡོད། དེར་བརྟེན་ང་ཚོ་གནས་སའི་སྤྱི་ཚོགས་ཀྱི་བློའི་ཁྱེར་སོ་དེ་སེམས་ལ་བཅངས་པའི་སྒོ་ནས་སངས་རྒྱས་ཀྱིས་བདེན་དོན་དེ་དག་བདེན་པར་རྟོགས་མཁན་རྣམས་འདུས་ཚོགས་ལས་ཁྱད་པར་དུ་འཕགས་པ་ཡིན་པར་སྟོན་པའི་ཆེད་དུ་ཚིག་འདི་བེད་སྤྱོད་བཏང་མཛད་པ་སྟེ། དེ་ནི་འཕགས་པ་རྣམས་ཀྱིས་སྡུག་བསྔལ་གྱི་རིམ་པ་གང་འཚམས་ཤིག་ནི་གཏན་དུ་སྤངས་པའི་དོན་ཡིན། གཞན་ཡང་། རི་དྭགས་ནི་ཞི་བ་དང་འཇམ་པའི་དུད་འགྲོའི་རྟགས་སུ་བཀོད་ཡོད། རི་དྭགས་ཀྱི་ནགས་སུ་ཆོས་གསུངས་པའི་མཚོན་དོན་ལྟར་བྱས་ན། སངས་རྒྱས་ཀྱི་ཆོས་ཀྱི་གོ་དོན་རྟོགས་པ་ན་རང་ཉིད་ཀྱི་སེམས་ཀྱི་གནས་བབས་ཞི་ཞིང་སྡུག་བསྔལ་དང་བྲལ་བར་མཚོན་པ་ཡིན།
ཆོས་འཁོར་གཉིས་པ།
སངས་རྒྱས་ཀྱིས་ཆོས་ཀྱི་འཁོར་ལོ་རིམ་པ་གཉིས་པ་དེ་རྒྱལ་པོའི་ཁབ་ཀྱི་ཕྱི་ལོགས་སུ་ཆགས་པའི་མ་ག་དྷའི་རྒྱལ་གཞིས་སུ་ཡོད་པའི་བྱ་རྒོད་ཕུང་པོའི་རི་རྩེར་གསུངས། ཆོས་ཀྱི་འཁོར་ལོ་འདི་ནི་སངས་རྒྱས་ཀྱི་སྐུ་ཚེའི་ནང་གནད་དོན་དམིགས་བསལ་དཀའ་ངལ་ཅན་གྱི་སྐབས་སུ་བྱུང་ཡོད། དེའི་ཚེ་ན་ཁོང་གི་ཕ་ཡུལ་ཤཱཀྱ་དང་མ་ག་དྷ་རུ་དམག་འཁྲུག་འབྱུང་བཞིན་ཡོད་པ་དང་རྒྱལ་པོའི་སྲས་ཀྱིས་རང་གི་ཕ་བཙོན་དུ་བཅུག་ནས་རྒྱལ་སྲིད་བཙན་འཕྲོག་དང་བཅས་རང་གི་ཕ་བཙོན་དུ་འདས་གྲོངས་སུ་གྱུར་བཅུག་པ་རེད། དེའི་ཚེ་དེའི་དུས་ན་སངས་རྒྱས་ཀྱི་ཚ་བོ་ལྷས་སྦྱིན་གྱིས་ཁོང་གསོད་ཐབས་བྱེད་བཞིན་ཡོད་པ་དང་དགེ་འདུན་སྡེའི་ནང་ཁུལ་དབྱེན་འབྱེད་ཐབས་བྱེད་བཞིན་པའི་སྐབས་རེད། གཞན་ཡང་། སངས་རྒྱས་མ་ག་དྷར་ཕེབས་པའི་ལམ་དུ་ཝཇཇི་ཞེས་པའི་ས་ཆར་ཁོང་ལ་སྐྱོན་བརྗོད་དང་མཚན་ཤས་བཟོས་པ་སོང་ཙང་། ཁོང་བྱ་རྒོད་ཕུང་པོའི་རིའི་བྲག་ཕུག་ཏུ་བཞུགས་སུ་ཕེབས།
ཆོས་འཁོར་གཉིས་པའི་ནང་གཙོ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དང་འབྲེལ་བའི་ཆོས་གསུངས་ཡོད། དེ་ཡང་སྟོང་པ་ཉིད་དང་སྟོང་ཉིད་རྟོགས་པའི་ཤེས་རབ་ཐོབ་ཚུལ་གྱི་ལམ་གྱི་རིམ་པ་རྣམས་གསལ་ཡོད། སྟོང་པ་ཉིད་ནི་མཐའ་གཅིག་ཏུ་ཡིན་པ་མི་སྲིད་པའི་ཚུལ་དུ་གྲུབ་པས་སྟོང་པ་དེ་ཡིན་པ་སྟེ། དཔེར་ན། རྡོག་རྡོག་ཚུགས་ཐུབ་དང་གཞན་ལ་ལྟོས་མེད་རང་དབང་དུ་གྲུབ་པས་སྟོང་པ་ལྟ་བུ་རེད། ཆོས་ཐམས་ཅད་རྒྱུ་དང་རྐྱེན་ལ་ལྟོས་མི་དགོས་པར་རང་ངོས་ནས་གྲུབ་པ་ལྟ་བུར་སྣང་སྲིད་ནའང་། རྟོག་འཆར་གྱིས་སྐྲུན་པའི་བསམ་ཕྱོགས་འདི་ནི་དངོས་པོའི་གནས་ལུགས་གང་དང་ཡང་མཐུན་གྱི་མེད། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར། ང་ཚོས་རྟོག་པའི་འཆར་སྒོ་དང་དངོས་པོའི་གནས་ལུགས་སམ་ཡང་སྣང་ཚུལ་དང་གནས་ཚུལ་དབར་ལ་ཡང་དག་པའི་རྣམ་པར་འབྱེད་དགོས། ང་ཚོར་རྟོག་མེད་ཀྱི་སྒོ་ནས་རྟོགས་པའི་སྟོང་ཉིད་ཀྱི་ཤེས་པ་དགོས།
བརྗོད་གཞི་འདི་ལྟ་བུ་དང་ལྡན་པའི་ཆོས་ཚུལ་སྟོན་པ་ནི་སངས་རྒྱས་ཞལ་བཞུགས་པའི་དུས་སྐབས་དེའི་ཚེ་ན་གནད་འགགས་ཧ་ཅང་ཆེན་པོ་ཆགས་ཡོད། གང་ཡིན་ཞེ་ན། སངས་རྒྱས་ཀྱི་འཁོར་དུ་འཇིགས་སུ་རུང་བའི་སྒེར་གྱི་གནས་ཚུལ་མང་པོ་འབྱུང་བཞིན་ཡོད་པ་དང་དགེ་འདུན་གྱི་སྡེས་ཀྱང་ཧོན་འཐོར་བ་དང་འཇིགས་ཉེན་ཅན་གྱི་གནས་ཚུལ་དེ་དག་རྟོགས་པ་དང་གདོང་ལེན་བྱེད་པའི་ཐབས་ལམ་ཞིག་དགོས་ཀྱི་ཡོད། སྟོང་པ་ཉིད་ཀྱི་གོ་དོན་རྟོགས་པ་ལ་བརྟེན་ནས་ཁོང་ཚོས་དཀའ་ངལ་ཅན་གྱི་གནས་སྟངས་ལ་ཞིབ་དཔྱོད་དང་བཅས་དམག་འཁྲུག་ལ་སོགས་པའི་བྱུས་ཉེས་དེ་དག་ནི་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་གདུག་རྩུབ་ཅན་གྱི་བདུད་ལྟ་བུ་མེད་པར། དེ་དག་ནི་རྒྱུ་དང་རྐྱེན་དུ་མ་བརྟེན་ནས་འབྱུང་གི་ཡོད་པ་རྟོགས་ཡོད། སྐབས་དོན་འདིའི་ཐོག་ནས་ང་ཚོས་ཆོས་འཁོར་གཉིས་པར་བལྟས་ན། སངས་རྒྱས་ཀྱིས་སྟོང་པ་ཉིད་ཀྱི་སྐོར་དེ་ཁོང་གི་སྐུ་ཚེའི་གནས་སྐབས་དེའི་ཚེ་ན་གསུངས་པ་ནི་གོ་དོན་དང་གནད་འགགས་ཧ་ཅང་ཆེན་པོ་ཞིག་ཡོད།
ཆོས་འཁོར་གསུམ་པ།
ཆོས་འཁོར་གསུམ་པ་ནི་ཝཇཇིའི་རྒྱལ་ས་ཡངས་པ་ཅན་དུ་གསུངས། སངས་རྒྱས་ཀོ་ས་ལ་དང་མ་ག་དྷའི་དབར་ལ་ཕར་ཚུར་ཕེབས་པའི་སྐབས་སུ་ཝཇཇི་བརྒྱུད་ནས་ལན་མང་ཕེབས་མཛད་ཡོད་པ་དང་ས་ཆ་དེ་གའི་ནང་ཁོང་གིས་མཐར་བཙུན་མའི་སྡེ་འགོ་འཛུགས་གནང་རྒྱུའི་ཞལ་བཞེས་མཛད་ཡོད། ཝཇཇི་ནི་མི་སེར་རྒྱལ་ཁབ་སྐྱོ་པོ་ཞིག་ཡིན་པ་སོང་ཙང་། བཙུན་མའི་སྡེ་དེ་འགྲོ་བ་མིའི་ཁེ་དབང་འདྲ་མཉམ་བརྩི་སྲུང་བྱེད་སའི་ཁོར་ཡུག་ཅིག་ཏུ་རྩ་འཛུགས་གནད་འགགས་ཅན་ཞིག་ཆགས་ཡོད་པ་རེད། ས་ཁུལ་དེར་དྲག་རིམ་དང་མཐོ་རིམ་ལ་རྒྱབ་སྐྱོར་བྱེད་མཁན་དང་རྙིང་ཞེན་ཅན་གྱི་བྲམ་ཟེའི་ལམ་ལུགས་དེ་ཙམ་ཤུགས་ཆེན་པོ་མེད་པ་རེད།
ཆོས་འཁོར་གསུམ་པའི་བརྗོད་བྱ་གཏན་ལ་འབེབས་ཚུལ་གཉིས་ཡོད། དེ་དག་ལས་གཅིག་ལྟར་བྱས་ན། ཆོས་འཁོར་གསུམ་པ་ནི་ཐེག་པ་ཆེན་པོའི་སེམས་ཙམ་པའི་གྲུབ་མཐའི་ཆོས་ཚུལ་རྣམས་ལ་གོ་བ་ཡིན། སེམས་ཙམ་པའི་གྲུབ་མཐའི་བཞེད་ཚུལ་གཙོ་བོ་ནི་ང་ཚོའི་ཤེས་པ་དང་སེམས་བྱུང་རྣམས་ཀྱི་བརྗོད་དོན་ལ་བརྟེན་ནས་ང་ཚོས་དེ་རྟོགས་པ་ནི་འབྱུང་ཁུངས་མི་འདྲ་བ་ཞིག་ནས་ཡོང་གི་མེད་པར། དེ་དག་ཐམས་ཅད་ནི་སྐྱེས་དུས་ཀྱི་འབྱུང་ཁུངས་གཅིག་པ་ནས་ཡོང་གི་ཡོད་པ་སྟེ། དེ་ནི་ང་ཚོའི་ཀུན་གཞི་རྣམ་པར་ཤེས་པའི་སྟེང་གི་ལས་ཀྱི་ས་བོན་ནམ་བག་ཆགས་ལ་བརྟེན་ནས་འབྱུང་གི་ཡོད་པར་བཞེད་དོ། །རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོས་ཆོས་གང་འདྲ་ཞིག་ཡོད་པར་གྲུབ་པ་ནི་སེམས་ཁོ་ན་ལ་བརྟེན་ནས་འཇོག་ཐུབ་ཀྱི་ཡོད། དེ་ཡང་སེམས་ཀྱིས་ཆོས་དེ་ལ་བསམ་པ་དང་། མཐོང་བ། ཡང་ན་དེ་ལ་འགྲེལ་བརྗོད་བྱེད་པ་སོགས་ཀྱི་སྒོ་ནས་འཇོག་དགོས། དེར་བརྟེན་གང་ཟག་གཉིས་ཀྱིས། དཔེར་ན། གསར་དུ་བཙུགས་པའི་བཙུན་མའི་སྡེའི་བཙུན་མ་ཞིག་ལ་ལྟ་བའི་སྐབས། གང་ཟག་གཉིས་ཀས་ལྟ་བཞིན་པའི་ཡུལ་དེ་ལ་ཐུན་མོང་གི་མཚོན་བྱེད་མེད། བཙུན་མ་དེ་གང་ཟག་སོ་སོར་སྣང་ཚུལ་དེ་ནི་ལྟ་མཁན་གྱི་སེམས་ནང་གི་ལས་ཀྱི་བག་ཆགས་ལ་བརྟེན་ནས་སྣང་གི་ཡོད། དེ་འདྲ་སོང་ཙང་། གལ་ཏེ་མི་ཞིག་གིས་བཙུན་མ་ཆགས་པ་དེ་ནི་བུད་མེད་ལ་མི་འོས་པ་འདྲ་པོ་ཞིག་ཏུ་མཐོང་ན། དེ་ནི་ཡུལ་གྱི་ངོས་ནས་དངོས་ཡོད་གནས་ཚུལ་མིན་པར། དེ་ནི་གང་ཟག་དེའི་ཡུལ་ཅན་གྱི་ལྟ་ཚུལ་ཙམ་ཞིག་རེད།
ཆོས་ཀྱི་འཁོར་ལོའི་བརྗོད་དོན་འགྲེལ་ཚུལ་གཉིས་པ་ལྟར་བྱས་ན། སངས་རྒྱས་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོའམ་སངས་རྒྱས་ཀྱི་རིགས་གསུངས་ཡོད་པ་དང་དེ་ནི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ལྷན་སྐྱེས་སུ་ཡོད་པའི་ཆ་རྐྱེན་ཞིག་ཡིན་པ་དང་། དེ་ལ་བརྟེན་སངས་རྒྱས་ཀྱི་གོ་འཕང་འཐོབ་ཐུབ་ཀྱི་ཡོད། རྒྱུ་བདེ་བར་གཤེགས་པའི་སྙིང་པོའམ་སངས་རྒྱས་ཀྱི་རིགས་ཡོད་པའི་རྒྱུ་མཚན་གྱིས་སེམས་ཅན་ཐམས་ཅད་འདྲ་མཉམ་ཡིན་པ་རེད། འདིའི་ནང་སྐྱེས་པ་དང་བུད་མེད་གཉིས་ཀ་ཚུད་ཡོད། སངས་རྒྱས་ཀྱིས་རྒྱུ་བདེ་གཤེགས་སྙིང་པོ་གསུངས་པ་དེས་ཁོང་གི་དགེ་འདུན་གྱི་སྡེའི་ནང་གི་སྐྱེས་པ་ཚོས་བཙུན་མའི་སྡེ་གསར་དུ་རྩ་འཛུགས་ལ་ཁས་ལེན་བྱེད་པ་དང་བཙུན་མ་རྣམས་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་ཕྱིར་འབད་བརྩོན་བྱ་དགོས་པའི་སེམས་ཤུགས་སྤར་བ་ལའང་ཕན་ཐོགས་ཆེན་པོ་ཆགས་ངེས་རེད། མང་ཚོགས་ལ་གོ་རྟོགས་ཡག་ག་རག་པའི་གོ་སྐབས་ཤིག་ཀྱང་ཡོད་པས། སངས་རྒྱས་ཀྱིས་འདྲ་མཉམ་ཅན་གྱི་ཝཇཇི་མི་སེར་རྒྱལ་ཁབ་ཏུ་བརྗོད་གཞི་འདིའི་སྐོར་གསུངས་པ་ནི་གལ་གནད་ཅན་ཞིག་ཆགས་ཡོད། དེར་མ་ཟད། རྩོད་རྙོག་དང་དམག་འཁྲུག་དེ་འདྲ་ཞིག་འབྱུང་བཞིན་ཡོད་མེད་ལ་མ་ལྟོས་པར། ང་ཚོའི་དགྲ་བོ་ཚུད་པའི་གཞན་ཐམས་ཅད་ཀྱི་གཞི་རྩའི་སེམས་ཀྱི་རང་བཞིན་ནི་གཙང་མའམ་དག་པ་ཞིག་ཡིན་པར་རྟོགས་རྒྱུ་ནི་ཕན་ཐོགས་ཅན་ཞིག་ཡིན་ངེ་རེད།
ཕྱོགས་བསྡོམས།
སངས་རྒྱས་ཞལ་བཞུགས་པའི་སྐབས་ཁོང་གིས་ཐབས་མཁས་ལ་ཐུགས་ཆེན་པོའི་སྒོ་ནས་དུས་སྐབས་མི་འདྲ་བའི་ནང་ཆོས་ཚུལ་མི་འདྲ་བ་སྣ་ཚོགས་པ་གསུངས་ཡོད། ཁོང་གིས་ས་ཆ་དང་དུས་སྐབས་ལ་རན་ཞིང་འཚམས་ལ་གདུལ་བྱའི་ཁམས་བསམ་ལ་དགོས་མཁོ་གང་ཡོད་པ་དང་བསྟུན་ནས་བརྗོད་གཞི་རྣམས་བདམས་མཛད་པ་དང་ཆོས་ཀྱི་རྩལ་བཏོན་མཛད་པས། སངས་རྒྱས་ནི་དོན་ངོ་མར་ཐབས་ལ་ཤིན་ཏུ་མཁས་པ་ཞིག་ཡིན།།