དུས་རབས་བཅུ་གསུམ་པའི་བཙན་འཛུལ་སྔོན་གྱི་རྒྱ་གར་ནང་གི་ནང་ཆོས།

ངོ་སྤྲོད།

ཐེག་པ་དམན་པ་ (Hinayana) དང་ཐེག་པ་ཆེན་པོ་ (Mahayana) ཞེས་པའི་ཐ་སྙད་དེ་གཉིས་ཀྱི་གོ་དོན་ནི། ཚུལ་ལྡན་ནམ་ “ཐེག་པ་ཆུང་ངུ་” ཞེས་དང་། རྒྱ་ཆེ་བའམ། ཡང་ན་ “ཐེག་པ་ཆེ་བ་” ཞེས་པའི་དོན་ཡིན། ཐ་སྙད་དེ་གཉིས་པོ་ཐོག་མར་ཤེར་ཕྱིན་གྱི་མདོ་ཡི་ནང་དུ་གསལ་ཡོད། དེ་ཡང་ཐེག་པ་ཆེན་པོ་དེ་ཐེག་པ་ཆུང་ངུ་ལས་ཁྱད་དུ་འཕགས་པ་ཡོད་ཚུལ་བཤད་པ་ཞིག་ཡིན། ལོ་རྒྱུས་ཐོག་ནས་བཤད་ན། ཐེག་ཆེན་གྱི་གོང་རོལ་ན་ནང་པའི་ཆོས་ལུགས་ཀྱི་གྲུབ་མཐའ་བཅོ་བརྒྱད་ ༼སྡེ་པ་བཅོ་བརྒྱད་༽ བྱུང་ཡོད་པ་དང་། དེ་དག་རེ་རེའི་དགོན་པའི་འདུལ་ཁྲིམས་ ༼འདུལ་བ་༽ ཁག་ལ་ཁྱད་པར་ཕྲན་བུ་རེ་ཡོད་པ་རེད། འགའ་ཤས་ཀྱིས་གྲུབ་མཐའ་བཅོ་བརྒྱད་དེ་དག་ལ་ཐུན་མོང་གི་གདམ་ཀ་ཡོད་པའི་མིང་བེད་སྤྱོད་གཏོང་དགོས་པའི་བཞེད་ཚུལ་གསུངས་ཡོད་ཀྱང་། སྐབས་དོན་འདིར་ང་ཚོས་ཡོངས་གྲགས་ཀྱི་ཐ་སྙད་ཐེག་དམན་ནམ་ཧཱི་ན་ཡཱན་ཞེས་པ་དེའི་ཐུན་མིན་གྱི་གོ་དོན་མ་ཉམས་པའི་ཐོག་ནས་བེད་སྤྱོད་བྱེད་རྒྱུ་ཡིན། 

གནས་བརྟན་སྨྲ་བ་ (Theravada) ནི་ཐེག་དམན་གྱི་གྲུབ་མཐའ་བཅོ་བརྒྱད་དམ་ཉན་ཐོས་སྡེ་པ་བཅོ་བརྒྱད་བྱུང་ཡོད་པའི་ནང་ནས་ད་ལྟའང་གནས་བཞིན་ཡོད་པ་གཅིག་པུ་དེ་རེད། དེ་ཤྲཱི་ལངྐ་དང་ལྷོ་ཤར་ཨེ་ཤ་ཡའི་ནང་ཁྱབ་སྤེལ་འགྲོ་གི་ཡོད། འཕགས་བོད་ཀྱི་གཞུང་ལུགས་ཁག་གི་ནང་དུ་ཐེག་དམན་གྱི་གྲུབ་མཐའ་བྱེ་བྲག་སྨྲ་བ་ (Vaibhashika) དང་མདོ་སྡེ་པ་ (Sautrantika) གཉིས་ཀྱི་སྐོར་གསུངས་པའི་སྐབས། དེ་གཉིས་པོ་སྡེ་པ་བཅོ་བརྒྱད་ཀྱི་ནང་ཚན་ཐམས་ཅད་ཡོད་པར་སྨྲ་བའི་ (Sarvastivada) གྲུབ་མཐའི་སྡེ་ཚན་ཡིན་པ་རེད། བོད་ཀྱི་དགོན་སྡེ་ཁག་གི་འདུལ་ཁྲིམས་ཁག་གཞི་ཐམས་ཅད་ཡོད་པར་སྨྲ་བ་ (Mulasarvastivada) ནས་བྱུང་ཡོད། དེ་ནི་ཐམས་ཅད་ཡོད་སྨྲའི་དབྱེ་བ་གཞན་ཞིག་ཡིན་པ་རེད། དེ་འདྲ་ཡིན་པ་སོང་ཙང་། བོད་ཀྱི་ཐེག་དམན་གྱི་འགྲེལ་ཚུལ་དང་གནས་བརྟན་སྨྲ་བ་གཉིས་མགོ་འཁྲུལ་རྒྱུ་མེད།  

ཤར་ཨེ་ཤ་ཡའི་ནང་པའི་སྲོལ་རྒྱུན་གྱིས་དགོན་པའི་འདུལ་ཁྲིམས་ཁག་ཆོས་སྲུང་སྡེ་ (Dharmagupta) ཡི་གྲུབ་མཐའི་རྗེས་སུ་འབྲང་གི་ཡོད། དེ་ཡང་གོང་དུ་བཤད་པའི་སྡེ་པ་བཅོ་བརྒྱད་ཀྱི་ནང་ནས་གཅིག་རེད། 

སྟོན་པ་ཤཱཀྱ་ཐུབ་པ།

དེ་ཡང་ཐོག་མའི་མཚན་ལ་རྒྱལ་སྲས་གཞོན་ནུ་དོན་གྲུབ་དང་ཕྱིས་སུ་སངས་རྒྱས་ཤཱཀྱ་ཐུབ་པར་གྱུར་བ་ཁོང་ནི། སྤྱི་ལོའི་སྔོན་གྱི་ལོ་ ༥༦༦ ནས་ ༤༨༦ བར་རྒྱ་གར་བྱང་ཕྱོགས་ཀྱི་ཡུལ་དབུས་སུ་བཞུགས་ཞིང། དགུང་གྲངས་ ༣༥ ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྗེས། བསོད་སྙོམས་ལ་བརྟེན་པའི་དགེ་འདུན་པ་ཞིག་གི་རྣམ་པའི་ཐོག་ས་ཕྱོགས་གང་སར་ཕེབས་ནས་གཞན་ལ་ཆོས་གསུངས་གནང། རིང་པོར་མ་སོང་བར། ཆོས་ལ་དོན་གཉེར་ཅན་གྱི་ཚངས་པར་སྤྱོད་པའི་སྡེ་འདུས་ནས་སྟོན་པའི་རྗེས་སུ་འབྲངས་ཏེ། བསོད་སྙོམས་ལ་མཉམ་དུ་འགྲོགས་པ་རེད། རིམ་པས་དགོས་མཁོ་དང་བསྟུན་ནས་སངས་རྒྱས་ཀྱིས་ཁོང་གི་དགེ་འདུན་གྱི་སྡེ་ལ་འདུལ་ཁྲིམས་ཁག་གཏན་འབེབས་མཛད། “དགེ་འདུན་པ་” ཚོས་ཟླ་རེར་ཐེངས་བཞི་མཉམ་འཛོམས་གནང་ནས་འདུལ་ཁྲིམས་ཁག་ངག་འདོན་གནང་བ་དང་ཆབས་ཅིག་ཁྲིམས་འགལ་བྱུང་བ་གང་ཡོད་པ་རྣམས་དག་སྦྱོང་གནང་གི་ཡོད། 

དེ་ནས་སྟོན་པ་ཤཱཀྱ་ཐུབ་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་ནས་ལོ་ཉི་ཤུ་སོང་བའི་རྗེས་ལ་ཁོང་གིས་དབྱར་གནས་ཀྱི་སྲོལ་གཏོད་གནང་། དེ་ནི་ལོ་རེར་ཆར་དུས་ཀྱི་ཟླ་བ་གསུམ་རིང་ལ་དགེ་འདུན་པ་ཚོས་གནས་གཅིག་ལ་བཞུགས་ཏེ་འགྲུལ་བཞུད་གནང་གི་མེད། ལམ་ལུགས་དེ་ལ་བརྟེན་ནས་ནང་པའི་དགོན་པ་བཞེངས་པའི་ལུགས་སྲོལ་རིམ་པས་བྱུང་། སངས་རྒྱས་སྐུ་མྱ་ངན་ལས་མ་འདས་གོང་གི་ལོ་ཤས་སྔོན། ཁོང་གིས་དགེ་སློང་མའམ་བཙུན་པའི་སྡེ་འགོ་འཛུགས་ཀྱང་གནང་ཡོད།

ནང་པའི་བཀའ་བསྡུ་དང་པོ།

སངས་རྒྱས་ཀྱིས་ཡུལ་མ་ག་དྷའི་ཐ་མལ་པའི་ཡུལ་མི་རང་བཞིན་གྱི་སྐད་ (Prakrit) ཀྱི་ནང་དུ་ཆོས་གསུངས་གནང་ཡོད་ཀྱང་། ཁོང་གི་སྐུ་དུས་སུ་ཆོས་གང་གསུངས་པ་རྣམས་ཡིག་ཐོག་ཏུ་བཀོད་མེད། ཡེ་ཤུ་སྟོན་པ་མ་འཁྲུངས་སྔོན་ཀྱི་དུས་རབས་དང་པོའི་ནང་དུ་གཞི་ནས་སངས་རྒྱས་ཀྱིས་གསུངས་པའི་ཆོས་རྣམས་ཡིག་ཐོག་ཏུ་དངོས་སུ་བཀོད་པ་དང་། དེ་དག་ནི་གནས་བརྟན་སྨྲ་བའི་གྲུབ་མཐའ་ནས་བྱུང་ཡོད། བཀའ་བསྡུ་བྱས་པ་དེ་ཚོ་ཤྲཱི་ལངྐའི་ཡུལ་དུ་པཱ་ལིའི་སྐད་ཀྱི་ནང་དུ་བྲིས་ཡོད་པ་རེད། དེའི་སྔོན་གྱི་དུས་རབས་ཁག་གི་ནང་། སངས་རྒྱས་ཀྱི་གསུངས་པའི་ཆོས་རྣམས་དགེ་འདུན་པ་ཚོས་བློ་འཛིན་བྱས་པ་དང་། དེ་དག་དུས་ཚོད་ངེས་ཅན་ལ་ངག་འདོན་གནང་ནས་མི་ཉམས་རྒྱུན་འཛིན་གནང་ཡོད། 

སངས་རྒྱས་ཀྱིས་གསུངས་པའི་ཆོས་རྣམས་དྲན་ཤེས་ཀྱི་ཐོག་ནས་ངག་འདོན་བྱེད་པའི་ལམ་ལུགས་དེ་སྟོན་པ་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདས་ནས་ཟླ་བ་འགའ་ཤས་སོང་བའི་རྗེས་ལ་བྱུང་བའི་ལམ་ལུགས་ཤིག་རེད། དེ་ཡང་ཡུལ་རྒྱལ་པོའི་ཁབ་ (དེང་དུས་རྒྱ་གར་གྱི་ས་གནས་རཱཇ་གིར་ Rajgir) ཏུ་སློབ་མ་ལྔ་བརྒྱ་འཛོམས་ནས་ནང་པའི་བཀའ་བསྡུ་དང་པོ་མཛད་པའི་སྐབས་སུ་བྱུང་ཡོད། སྲོལ་རྒྱུན་གྱི་ཆོས་འབྱུང་ལོ་རྒྱུས་ཁག་གི་ནང། དེའི་སྐབས་སུ་མཉམ་བཞུགས་གནང་མཁན་ཚང་མ་དགྲ་བཅོམ་པའམ་ཐར་པ་ཐོབ་པའི་གང་ཟག་ཤ་སྟག་ཡིན་ཞེས་འཁོད་ཡོད།

བྱེ་བྲག་སྨྲ་བའི་འགྲེལ་ཚུལ་ལྟར་བྱས་ན། དགྲ་བཅོམ་པ་གསུམ་གྱིས་སངས་རྒྱས་ཀྱི་བཀའ་རྣམས་དྲན་ཤེས་ལ་བསྟེན་ནས་ངག་འདོན་གནང་ཡོད་པར་གསུངས། གལ་སྲིད་བཀའ་སྡུའི་རིམ་པ་དང་པོ་ནང་ཚོགས་ཞུགས་གནང་མཁན་གཞན་ཚང་མས་དགྲ་བཅོམ་པ་དེ་གསུམ་པོས་གང་ངག་འདོན་བྱས་པ་དེ་དག་སངས་རྒྱས་ཀྱིས་གང་གསུངས་པ་དང་ཏག་ཏག་མཐུན་གྱི་ཡོད་པ་མོས་མཐུན་བྱུང་ན། ཆོས་དེ་ཡང་དག་པ་དང་ནོར་འཁྲུལ་མེད་པ་ཡིན་པའི་ཐག་གཅོད་གཏན་འབེབས་གནང་གི་ཡོད་པ་རེད།

  • ཀུན་དགའ་བོས་ (Ananda) མདོ་སྡེའི་སྡེ་སྣོད་བསྡུས། - དེའི་ནང་དོན་གཙོ་བོ་ཉམས་ལེན་འདྲ་མིན་གྱི་བརྗོད་བྱའི་སྐོར་རེད།
  • ཉེ་བར་འཁོར (Upali) ་གྱིས་འདུལ་བའི་སྡེ་སྣོདབསྡུས། - དེ་ནི་གཙོ་བོ་དགོན་པའི་འདུལ་བའི་བསླབ་ཁྲིམས་ཀྱི་སྐོར་རེད།
  • འོད་བསྲུང་ཆེན་པོས (Mahakashyapa) ་མངོན་པའི་སྡེ་སྣོད་བསྡུས། - དེའི་ནང་དོན་གཙོ་བོ་ཤེས་བྱ་དང་འབྲེལ་བའི་བརྗོད་གཞི་དམིགས་གསལ་ཅན་ཁག་གི་སྐོར་རེད།

སངས་རྒྱས་ཀྱི་ཆོས་སྡེ་ཚན་གསུམ་དུ་དབྱེ་བ་དེ་དག་སྡེ་སྣོད་གསུམ་དུ་གྱུར་ཡོད་པ་ནི།

  • འདུལ་བའི་སྡེ་སྣོད། དེའི་ནང་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའི་སྐོར་གཙོ་བོར་བསྟན་ཡོད།
  • མདོ་སྡེའི་སྡེ་སྣོད། དེའི་ནང་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པའི་སྐོར་གཙོ་བོར་བསྟན་ཡོད།
  • མངོན་པའི་སྡེ་སྣོད། དེའི་ནང་ལྷག་པ་ཤེས་རབ་ཀྱི་བསླབ་པའི་སྐོར་གཙོ་བོར་བསྟན་ཡོད།

བྱེ་བྲག་སྨྲ་བའི་འགྲེལ་ཚུལ་ལྟར་ན། སངས་རྒྱས་ཀྱིས་གསུངས་པའི་མངོན་པའི་ཆོས་ཚང་མ་བཀའ་བསྡུ་རིམ་པ་དང་པོའི་སྐབས་ལ་ངག་འདོན་བྱས་མེད་པ་དང་། ཆོས་འགའ་ཤས་ངག་ཐོག་ནས་ཁྱབ་སྤེལ་བྱས་ཤིང་། དེ་དག་བཀའ་བསྡུ་ལྷན་ཚོགས་དབང་ཚད་ཀྱི་ཁྱབ་ཁོངས་ནང་དུ་མེད་ཀྱང་ཕྱིས་སུ་ཁ་སྣོན་བྱས་ཡོད་པར་འདོད།

འོན་ཀྱང་མདོ་སྡེ་པའི་འགྲེལ་ཚུལ་ལྟར་ན། བཀའ་བསྡུ་དང་པོའི་སྐབས་ངག་འདོན་བྱས་པའི་མངོན་པའི་ཆོས་ཐམས་ཅད་སངས་རྒྱས་ཀྱི་བཀའ་རྩ་བ་ནས་མིན་པར་འདོད་པ་དང་། མངོན་པའི་སྡེ་སྣོད་ནང་དུ་ཡོད་པའི་མདོ་བདུན་པོ་དེ་དག་ནི་དོན་དངོས་ཐོག་དགྲ་བཅོམ་པ་བདུན་གྱིས་བརྩམས་གནང་བར་གསུངས་ཡོད། 

ནང་པའི་བཀའ་བསྡུ་གཉིས་པ་དང་། དགེ་འདུན་ཕལ་ཆེན་སྡེ་པའི་གྲུབ་མཐའ་སྲོལ་གཏོད་པ།

ནང་པའི་བཀའ་བསྡུ་གཉིས་པ་དེ་དགྲ་བཅོམ་པ་བདུན་བརྒྱ་འདུ་ཚོགས་ཀྱིས་ཡུལ་ཡངས་པ་ཅན་ (Vaishali) དུ་སྤྱི་ལོའི་སྔོན་གྱི་ལོ་ ༣༨༦ ཡང་ན་ ༣༧༦ ལོར་བསྡུས་ཡོད། བཀའ་བསྡུ་དེའི་དགོས་པ་གཙོ་བ་ནི། དགོན་པའི་བསླབ་ཁྲིམས་དང་འབྲེལ་བའི་རུང་བ་མ་ཡིན་པའི་གཞི་བཅུ་སྤྱོད་པ་དེ་དག་ལྷིང་འཇགས་བཟོ་རྒྱུ་དང་། དེའི་སྐབས་ཐུན་མོང་གི་ཐག་གཅོད་བྱས་པ་གཙོ་བོ་ནི་དགེ་འདུན་པ་ཚོས་གསེར་ལེན་མི་ཆོག་པ་བཟོས་པ་དེ་རེད། དེའི་དོན་དེང་སང་གི་ཐ་སྙད་སྤྱོད་སྟངས་ལྟར་ན། དགེ་འདུན་པ་ཚོས་དངུལ་དང་རྒྱུ་ནོར་སྤྲོད་ལེན་བྱེད་མི་ཆོག་པ་དེ་རེད། དེ་རྗེས་བཀའ་བསྡུ་ལྷན་ཚོགས་ཀྱི་ངོས་ནས་འདུལ་བའི་སྡེ་སྣོད་དེ་སྐྱོན་དང་བྲལ་བའི་རང་བཞིན་ཞིག་ཡིན་པར་སླར་ཡང་ངེས་བརྟན་བཟོས་པ་རེད།

གནས་བརྟན་སྨྲ་བའི་འགྲེལ་ཚུལ་ལྟར་ན། བཀའ་བསྡུ་དེའི་སྐབས་སུ་དགེ་འདུན་གྱི་སྡེ་ཐོག་མར་ཁ་གྱེས་ཡོད་པར་འདོད། དེའི་སྐབས་སུ་འཁང་ར་བྱེད་མཁན་གྱི་དགེ་འདུན་པ་ཚོས་ལྷན་ཚོགས་ནས་ཁ་བྲལ་ཏེ་མ་ཧཱ་སངྒྷི་ཀའམ་ (Mahasanghika) དགེ་འདུན་ཕལ་ཆེན་པའི་གྲུབ་མཐའ་བྱུང་བ་དང་། རང་སོར་གནས་མཁན་གྱི་དགེ་འདུན་པ་རྒན་པ་ཚོ་གནས་བརྟན་སྨྲ་བའི་གྲུབ་མཐར་གྱུར། “ཐེ་ར་ཝཱད་” ཞེས་པ་དེ་ནི་པཱ་ལིའི་ཐ་སྙད་ཡིན་པ་དང་། དེའི་དོན་ནི་ “རྒན་རབས་ཚོའི་བཀའི་རྗེས་འབྲང་པ་” ཞེས་པའི་དོན་ཡིན། དེ་བཞིན་ “མ་ཧཱ་སངྒྷི་ཀ་” ཞེས་པའི་དོན་ནི། “དགེ་འདུན་གྱི་ཚོགས་ཕལ་ཆེ་བར་” གོ་བ་ཡིན།

འགྲེལ་ཚུལ་གཞན་དག་ལ་གཞིགས་ན། སྡེ་པ་ཁ་ཐོར་དངོས་དེ་དུས་ཕྱིས་ཀྱི་སྤྱི་ལོ་སྔོན་གྱི་ལོ་ ༣༤༩ ནང་དུ་བྱུང་ཡོད་པ་འདོད་ཀྱི་ཡོད།  ཁ་བྲལ་དུ་སོང་དགོས་པའི་རྩོད་གཞི་ནི་འདུལ་བའི་བསླབ་ཁྲིམས་སྐོར་མ་ཡིན་པར། ལྟ་གྲུབ་ཀྱི་ལངས་ཕྱོགས་མི་མཐུན་པ་ལ་བརྟེན་ནས་བྱུང་ཡོད། དཔེར་ན། ཐར་པ་ཐོབ་པའི་གང་ཟག་དགྲ་བཅོམ་པ་སེམས་ཅན་ཡིན་མིན་གྱི་སྐོར་དང་འབྲེལ་ནས་འགལ་བ་བྱུང་བ་རེད།

  • གནས་བརྟན་སྨྲ་བའི་རྒན་རབས་ཚོས་དགྲ་བཅོམ་པ་ཚོའི་མཁྱེན་སྟོབས་ལ་ཚད་ཡོད་པར་ཁས་ལེན་བྱས་ཡོད། དཔེར་ན། དགྲ་བཅོམ་པ་ཚོས་འགྲུལ་བཞུད་བྱེད་དུས་ཁ་ཕྱོགས་མི་ཤེས་པ་ཡོང་སྲིད་པས། དེ་འདྲའི་སྐབས་སུ་གཞན་ལ་དྲིས་ནས་ཁ་ཕྱོགས་ཤེས་རྟོགས་ཐུབ་པ་བྱེད་དགོས་པའི་གནས་སྟངས་ཡོང་སྲིད་པ་ཡིན། ཡིན་ནའང། ཁོང་ཚོས་ཆོས་ཀྱི་གནད་དོན་སྐོར་ལ་ཆ་ཚང་མཁྱེན་རྟོགས་ཡོད་པ་རེད། དགྲ་བཅོམ་པ་ཚོ་འཁོར་བར་བསྐྱར་ལོག་བྱེད་མི་དགོས་ཀྱང་། རང་ཉིད་ཀྱི་རྟོགས་པར་ད་དུང་ཡང་ཐེ་ཚོམ་ཡོད་ཆོག་པ་ཡིན། འོན་ཀྱང་གནས་བརྟན་སྨྲ་བ་ཚོས་དགྲ་བཅོམ་པ་རྣམས་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་ལས་ཡོངས་སུ་བྲལ་ཡོད་ཅེས་ནན་གྱིས་གསུངས་ཡོད།
  • དགེ་འདུན་ཕལ་ཆེན་པའམ་ཡང་ན་ “ཚོ་ཁག་ཆེ་བ་” ཚོས། ཉོན་མོངས་ཀྱི་གནད་དོན་ཐད་ལ་མོས་མཐུན་གནང་གི་མེད། ཁོང་ཚོས་དགྲ་བཅོམ་པ་རྣམས་ནི་རྨི་ལམ་གྱི་ནང་དུ་ཆགས་པའི་གཞན་དབང་དུ་ཤོར་ནས་ཐིག་ལེ་ཕྱིར་འདོན་སྲིད་པར་འདོད། གང་ཡིན་ཟེར་ན། དགྲ་བཅོམ་པ་རྣམས་ལ་ད་དུང་ཡང་ཆགས་སྲེད་ཀྱི་རྗེས་ཤུལ་ཕྲན་བུ་རང་གི་རྒྱུད་ལ་ལྷག་ཡོད། དེ་འདྲ་སོང་ཙང་། དགེ་འདུན་ཕལ་ཆེན་སྡེ་པས་དགྲ་བཅོམ་པ་ཞིག་དང་སངས་རྒྱས་གཉིས་ཀྱི་དབར་ཁྱད་པར་གསལ་པོ་ཞིག་ཕྱེས་ཡོད་པ་རེད།

གནས་བརྟན་སྨྲ་བའི་གྲུབ་མཐའི་རྗེས་འཇུག་པ་ཚོ་རྒྱ་གར་བྱང་ཕྱོགས་ཀྱི་ནུབ་ངོས་སུ་ཕེབས་པ་དང། དགེ་འདུན་ཕལ་ཆེན་པའི་རྗེས་འཇུག་པ་ཚོ་རྒྱ་གར་ནུབ་ཕྱོགས་ཀྱི་ཤར་ངོས་སུ་ཕེབས་ཏེ། དེ་ནས་གར་ལྷོ་ཕྱོགས་ཀྱི་ཤར་ངོས་སུ་ཡོད་པའི་ཨནྡྲ་པྲ་དེ་ཤའི་ (Andhra Pradesh) ས་ཁུལ་ཁག་ལ་དར་ཁྱབ་བྱུང་ཞིང་། དུས་ཕྱིས་སུ་ས་གནས་དེ་ལས་ཐེག་པ་ཆེན་པོའི་ཆོས་སྲོལ་བྱུང་ཡོད། ནུབ་ཕྱོགས་ཀྱི་མཁས་དབང་ཚོས་དགེ་འདུན་ཕལ་ཆེན་པའི་གྲུབ་མཐའ་ནི་ཐེག་པ་ཆེན་པོ་ལས་སྔ་བ་བྱུང་བའི་ཆོས་སྲོལ་དེ་ཡིན་པར་འདོད་ཀྱི་ཡོད། 

ནང་པའི་བཀའ་བསྡུ་གསུམ་པ་དང་། ཐམས་ཅད་ཡོད་པར་སྨྲ་བ་དང་ཆོས་སྲུང་སྡེ་པའི་གྲུབ་མཐའ་སྲོལ་གཏོད་པ། 

སྤྱི་ལོའི་སྔོན་གྱི་ལོ་ ༣༢༢ ནང་། ཅནྡྲ་གུཔྟ་མཽར་ཡས་ (Chandragupta Maurya) རྒྱ་གར་གྱི་བྱང་ཕྱོགས་ཡུལ་དབུས་ཀྱི་ས་གནས་མ་ག་དྷ་ཞེས་སུ་གྲགས་པ་དེར་མཽར་ཡའི་ (Maurya) རྒྱལ་ཁམས་གསར་དུ་བཙུགས། གནས་དེ་ནི་ནང་ཆོས་ཀྱི་ཕ་ཡུལ་ལྟ་བུ་རེད། རྒྱལ་ཁམས་དེའི་མངའ་ཐང་མྱུར་དུ་རྒྱས་པ་དང་། རྒྱལ་པོ་མྱ་ངན་མེད་ (Ashoka) ཀྱི་དུས་ལ་སླེབས་སྐབས་རྒྱལ་ཁམས་དེའི་སྟོབས་འབྱོར་མངའ་ཐང་ཡང་རྩེར་སོན། རྒྱལ་པོ་མྱ་ངན་མེད་ནི་སྤྱི་ལོའི་སྔོན་གྱི་ལོ་ ༢༦༨ ནས་ ༢༣༢ བར་ལ་བྱུང་ཞིང་། ཁོང་གི་སྐབས་སུ་མཽར་ཡའི་རྒྱལ་ཁམས་དེ་དེང་དུས་ཀྱི་ཡུལ་ཨ་ཧྥ་གྷ་ནི་སི་ཐཱན་ (Afghanistan) དང་། བ་ལུ་ཆི་སི་ཐཱན་ (Baluchistan) གྱི་ཤར་ཕྱོགས་ནས་ཨསྶམ་ (Assam) བར་ཁྱབ་སྤེལ་བྱུང་བ་དང། རྒྱ་གར་ལྷོ་ཕྱོགས་ཀྱི་ས་ཆ་ཕལ་ཆེ་བ་མངའ་འོག་ཏུ་བསྡུས་པ་རེད། 

སྤྱི་ལོའི་སྔོན་གྱི་ལོ་ ༢༣༧ ནང་རྒྱལ་པོ་མྱ་ངན་མེད་ཀྱིས་རྒྱལ་སྲིད་སྐྱོང་བའི་སྐབས་ལ། ཐམས་ཅད་ཡོད་པར་སྨྲ་བའི་གྲུབ་མཐའ་ཡང་ལྟ་གྲུབ་ཀྱི་གནད་དོན་འགའ་ཤས་ལ་བརྟེན་ནས་གནས་བརྟན་སྨྲ་བ་ནས་ཁ་བྲལ་དུ་སོང་། གནས་བརྟན་སྨྲ་བའི་གྲུབ་མཐའ་ཡིས་དུས་ལ་བབས་པ་དང་བསྟུན་ནས་རྒྱལ་པོའི་སྦྱིན་བདག་ལ་བརྟེན་ནས་མཽར་ཡའི་རྒྱལ་ཁམས་ཀྱི་རྒྱལ་ས་པཏླི་པུཏྲའམ་ (Pataliputra) དེང་སང་གི་པཊ་ན་ (Patna) ལ་བཀའ་བསྡུ་གསུམ་པ་མཛད་པ་རེད། ཡིན་ནའང་། ཁོང་ཚོས་བཀའ་བསྡུ་འདི་སྤྱི་ལོའི་སྔོན་གྱི་ལོ་ ༢༥༧ ལ་བྱུང་ཡོད་པ་འཁོད་ཡོད། དེ་ནི་ཐམས་ཅད་ཡོད་པར་སྨྲ་བའི་གྲུབ་མཐའ་ཚོས་ཁ་གྱེས་པའི་ལོ་ཚིགས་འཁོད་པ་དེ་ལས་ལོ་ཉི་ཤུ་སྔ་བ་ཆགས་ཀྱི་ཡོད། འདིའི་རྒྱུ་མཚན་ནི། གནས་བརྟན་སྨྲ་བའི་གྲུབ་མཐའི་འགྲེལ་ཚུལ་གཞིར་བཟུང་བྱས་ན། བཀའ་བསྡུ་འདིའི་རྗེས་ལ་གནས་བརྟན་སྨྲ་བའི་ལྟ་གྲུབ་ལ་ལྷད་མེད་ཡིན་པ་སླར་ཡང་ངེས་བརྟན་བཟོས་པའི་རྗེས་སུ་གཞི་ནས་ལོ་དེའི་རྗེས་མར་རྒྱལ་པོ་མྱ་ངན་མེད་ཀྱིས་ནང་བསྟན་ཁྱབ་སྤེལ་གཏོང་མཁན་མངགས་པ་དང་། དེའི་ལོ་རྗེས་མར་ཁོང་གི་རྒྱལ་ཁམས་ཀྱི་ཕྱི་ནང་གཉིས་ཀར་ཡོད་པའི་སྔར་ནང་ཆོས་མེད་པའི་ས་གནས་གསར་པའི་ནང་དུ་ནང་ཆོས་ངོ་སྤྲོད་གནང་། ནང་ཆོས་ཁྱབ་སྤེལ་གཏོང་མཁན་དེ་དག་བརྒྱུད་ནས། གནས་བརྟན་སྨྲ་བའི་ནང་བསྟན་དེང་དུས་ཀྱི་པ་ཀི་སི་ཐཱན་ (Pakistan) (གན་དྷ་ར་དང་སིནྡྷ་ Gandhara and Sindh) དང་། དེང་སང་གི་ཨ་ཧྥ་གྷ་ནི་སི་ཐཱན་གྱི་ལྷོ་ཤར་ (བེག་ཊི་རི་ཡཱ་ Bactria) དང་། རྒྱ་གར་གྱི་མངའ་སྡེ་གུ་ཇ་རཱཏ་ (Gujarat) དང། རྒྱ་གར་ལྷོ་ཕྱོགས་ཀྱི་ནུབ་ཕྱོགས་ས་ཁུལ་དང་། ཤྲཱི་ལངྐ་དང་ (Sri Lanka) འབར་མ་ (Burma) བཅས་ཀྱི་ནང་དུ་ངོ་སྤྲོད་དར་སྤེལ་བྱུང། རྒྱལ་པོ་མྱ་ངན་མེད་སྐུ་གཤེགས་པའི་རྗེས་སུ། ཁོང་གི་སྲས་ཇ་ལོ་ཀས་ (Jaloka) ཐམས་ཅད་ཡོད་སྨྲའི་ཆོས་སྲོལ་དེ་ཀཥྨིར་ (Kashmir) ནང་དུ་ངོ་སྤྲོད་གནང་། ཡུལ་དེ་ནས་རིམ་པས་དེང་སང་གི་ཨ་ཧྥ་གྷ་ནི་སི་ཐཱན་ནང་དར་ཁྱབ་བྱུང་ཡོད། 

བཀའ་བསྡུ་དེ་ག་དུས་གནང་ཡོད་མེད་ལ་མ་ལྟོས་པར། བསྒྲུབ་དགོས་པའི་གནད་དོན་གཙོ་བོ་ནི་སངས་རྒྱས་ཀྱི་གསུངས་པའི་ཆོས་ཁག་ལ་དཔྱད་པ་བྱས་ནས། རྙིང་ཞེན་ཅན་གྱི་གནས་བརྟན་སྨྲ་བའི་རྒན་རབས་ཚོས་ཡང་དག་མིན་པའི་ལྟ་བར་ངོས་འཛིན་བྱས་པ་དེ་དག་ལ་དགག་པ་རྒྱག་རྒྱུ་བཅས་ཡིན། བཀའ་བསྡུ་དེའི་འགོ་འཛིན་དགེ་འདུན་པ་མོག་གྷ་ལི་པུཏྟ་ཏི་ས་ཡིས་ (Moggaliputta Tissa) གཏམ་གྱི་གཞིའམ་པཱ་ལིའི་སྐད་དུ་ཀཐཱཝཏྟུ་ (Kathavatthu) ཞེས་དཔྱད་ཞིབ་ལམ་ནས་དགག་པ་རྒྱག་པ་རྣམས་ཕྱོགས་བསྒྲིགས་ཞུས་པ་དང། གཞུང་དེ་གནས་བརྟན་སྨྲ་བའི་མངོན་པའི་སྡེ་སྣོད་ཀྱི་གཞུང་བདུན་ནང་གི་ལྔ་པ་དེ་གྱུར་བ་རེད།

ཐེག་དམན་གྱི་སྲོལ་རྒྱུན་གཞན་ཁག་གིས་གནས་བརྟན་སྨྲ་བའི་བཀའ་བསྡུའི་འགྲེལ་ཚུལ་ནང་བཞིན་ཡིག་ཆར་བཀོད་མེད། གང་ལྟར་ཡང་། ཁ་གྱེས་དགོས་པའི་ལྟ་གྲུབ་ཀྱི་གནད་དོན་ནམ་འགལ་གཞི་གཙོ་བོ་ནི་འདས་དང་། མ་འོངས། ད་ལྟ་བཅས་དུས་གསུམ་གྱི་གྲུབ་ཚུལ་གྱི་ཆ་ནས་བྱུང་བ་རེད།

  • ཐམས་ཅད་ཡོད་པར་སྨྲ་བས། བྱུང་ཟིན་འདས་པ་དང་། འབྱུང་བཞིན་ད་ལྟ་བ། འབྱུང་འགྱུར་མ་འོངས་པའི་ཆོས་ཐམས་ཅད་གྲུབ་པར་འདོད། འདིའི་རྒྱུ་མཚན་གང་རེད་ཟེར་ན། ཆོས་རྣམས་གྲུབ་པར་བྱེད་པའི་རྡུལ་ཕྲན་རྣམས་ནི་རྟག་པ་ཡིན་པ་དང་། དེ་དག་གི་རྣམ་པའམ་གཟུགས་དབྱིབས་དེ་གཅིག་པུ་འགྱུར་བ་འགྲོ་གི་ཡོད་པར་འདོད་ཀྱི་ཡོད། དེ་འདྲ་སོང་ཙང་། རྡུལ་ཕྲན་དེ་དག་གིས་བཟོ་ལྟ་དང་རྣམ་པ་གང་ལེན་པ་དེ་འབྱུང་འགྱུར་མ་འོངས་པའི་ཆོས་རྣམས་ནས་ད་ལྟ་འབྱུང་བཞིན་པའི་ཆོས་རྣམས་དང་། དེ་ནས་བྱུང་ཟིན་འདས་པའི་གནས་ཚུལ་ལ་འགྱུར་ལྡོག་འགྲོ་ཡང་། དངོས་པོ་དེ་དག་རེ་རེ་གྲུབ་པར་བྱེད་པའི་རྡུལ་ཕྲན་དེ་དག་རྟག་པའི་རྡུལ་ཕྲན་གཅིག་པ་དེ་རང་ཡིན་པར་འདོད་ཀྱི་ཡོད།
  • གནས་བརྟན་སྨྲ་བ་ཙམ་མ་ཟད། དགེ་འདུན་ཕལ་ཆེན་པས་ཀྱང་ད་ལྟ་འབྱུང་བཞིན་པའི་ཆོས་རྣམས་ཁོ་ན་དང་། འདས་ཟིན་པའི་ཆོས་རྣམས་ཀྱི་འབྲས་བུ་སྨིན་པར་བྱས་མེད་པ་དེ་དག་ཀྱང་གྲུབ་པར་འདོད་ཀྱི་ཡོད། ཕྱི་མ་འབྲས་བུ་མ་སྨིན་པའི་ཆོས་རྣམས་གྲུབ་པའི་རྒྱུ་མཚན་ནི། དེ་དག་གིས་ད་དུང་དོན་བྱེད་ནུས་པའི་ཆ་ནས་རེད།
  • གང་ལྟར་ཐམས་ཅད་ཡོད་པར་སྨྲ་བ་ཚོས་དགེ་འདུན་ཕལ་ཆེན་པ་དང་མཉམ་དུ་མོས་མཐུན་གནང་ཡང་།  ཁོང་ཚོས་དགྲ་བཅོམ་པ་ཚོ་ལ་ད་དུང་ཡང་ཉོན་མོངས་ལྷག་མ་ཕྲན་བུ་ཡོད་པའི་རྐྱེན་གྱིས་ཚད་ངེས་ཅན་ཡིན་པར་འདོད་ཀྱི་ཡོད།

སྤྱི་ལོའི་སྔོན་གྱི་ལོ་ ༡༩༠ ནང་། ཆོས་སྲུང་སྡེ་པའི་ (Dharmaguptaka) གྲུབ་མཐའ་ཡང་གནས་བརྟན་སྨྲ་བ་ནས་ཁ་གྱེས་པ་རེད།

  • ཆོས་སྲུང་སྡེ་པས་གནས་བརྟན་སྨྲ་བའི་འདོད་ཚུལ་དང་འདྲ་བར་དགྲ་བཅོམ་པ་རྣམས་ལ་ཉོན་མོངས་མེད་པར་འདོད་ཀྱི་ཡོད།
  • དགེ་འདུན་ཕལ་ཆེན་པ་དང་འདྲ་བར། གང་ལྟར་ཡང་། ཆོས་སྲུང་སྡེ་པའི་ངོས་ནས་ཀྱང་སངས་རྒྱས་ལ་ཆེ་བརྗོད་གོང་བསྟོད་ཀྱི་འབད་བརྩོན་བྱས་ཡོད། དེས་དགེ་འདུན་གྱི་སྡེ་ལས་ཀྱང་སངས་རྒྱས་རྣམས་ལ་མཆོད་འབུལ་བྱེད་རྒྱུ་དེ་གལ་གནད་ཆེ་བ་ཡིན་པ་ནན་བཤད་གནང་བ་དང་། དེ་ཡང་ལྷག་པར་དུ་སངས་རྒྱས་ཀྱི་རིང་བསྲེལ་བཞུགས་པའི་མཆོད་རྟེན་རྣམས་ལ་མཆོད་འབུལ་བྱ་དགོས་ཞེས་ནན་བཤད་གནང་ཡོད།
  • ཆོས་སྲུང་སྡེ་པས་སྡེ་སྣོད་བཞི་པ་ལྟ་བུ་ཞིག་ཁ་སྣོན་བྱས་ཡོད། དེ་ནི་གཟུངས་ཀྱི་སྡེ་སྣོད་ཅེས་པ་དེ་རེད། ལེགས་སྦྱར་སྐད་དུ་ “དྷཱ་ར་ནཱིའི་པི་ཊཀ་” ཞེས་ཟེར། དེའི་དོན་ནི་ “དྲན་སྟོབས་ཀྱི་ཚིག་” ལ་གོ་བ་དང་། བོད་སྐད་ཀྱི་ཡིག་སྒྱུར་ནང་དུ་ “གཟུངས་” ཞེས་བསྒྱུར་ཡོད། དེ་དག་ནི་ལེགས་སྦྱར་གྱི་མོས་གུས་མཚོན་པའི་མན་ངག་ཡིན་པ་དང་། དེ་དག་གྱེར་འདོན་བྱས་ན་ཉམས་ལེན་བྱེད་མཁན་ཞིག་གིས་ཆོས་ཀྱི་ཚིག་དང་དོན་ཡིད་ལ་དྲན་པ་བྱས་ནས། ཕན་བྱེད་དགེ་བའི་ཆོས་རྣམས་རྒྱུན་འཛིན་ཐུབ་པ་དང་གནོད་བྱེད་མི་དགེ་བའི་ཆོས་རྣམས་མེད་པ་བཟོ་ཐུབ། དེ་ལྟ་བུའི་གཟུངས་ཀྱི་འཕེལ་རྒྱས་སྐབས་དེ་དད་པའི་སྙིང་སྟོབས་ཀྱི་དུས་དང་མཐུན་པ་ཆགས་ཀྱི་ཡོད། དེ་འདྲའི་འཕེལ་རིམ་དེ་ཧིན་དུའི་སྔ་རབས་ཀྱི་བསྟན་བཅོས་བྷ་ག་ཝད་གཱི་ཏ་ (Bhagavad Gita) བྱུང་བ་ལྟ་བུ་ནས་མཚོན་ཐུབ།

ཆོས་སྲུང་སྡེ་པའམ་དྷརྨ་གུཔྟ་ཀའི་གྲུབ་མཐའ་ནི་ཐོག་མར་གནའ་བོའི་གན་དྷཱ་རའི་རྒྱལ་ཁམས་ནས་བྱུང་ཡོད་པ་དང་། གན་དྷཱ་ར་ནི་དེང་སང་གི་དུས་ཀྱི་ལྷོ་བྱང་པཱ་ཀིསྠཱན་དང་བྱང་ཤར་ཨཧྥ་གྷ་ནིསྠཱན་གྱི་ས་ཁུལ་བར་ཁྱབ་ཡོད། ཡེ་ཤུའི་སྔོན་གྱི་ལོའི་དུས་རབས་དང་པོ་ནས་བཟུང་སྟེ། ཡིག་ཐོག་ཏུ་འཁོད་པའི་ནང་པའི་བསྟན་བཅོས་ཁག་ནི། གན་དྷཱ་ར་ཕལ་པ་(གན་དྷཱ་ར་པྲ་ཀྲིཏ་)གྱི་སྐད་དུ་བྲིས་ཡོད། དེ་དག་ལས་མང་ཆེ་བ་ནི་ཆོས་སྲུང་སྡེ་པའི་གྲུབ་མཐའ་ནས་བྱུང་ཡོད། གན་དྷཱ་རི་ཡུལ་མིའི་རང་བཞིན་གྱི་སྐད་ནི་ཁ་རོཥྛཱིའི་ཡི་གེས་བྲིས་ཡོད་པ་དང་། དེའི་ཀ་མད་རྣམས་དེའི་ནང་ཡོད་པའི་“ཨ་ར་པ་ཙ་ན་”ཞེས་པའི་ཡི་གེ་དང་པོ་དག་ལ་བརྟེན་ནས་འབོད་ཀྱི་ཡོད། དེ་ཡང་ནང་པའི་ཤེས་རབ་བདག་ཉིད་ཅན་གྱི་ལྷ་འཇམ་དཔལ་དབྱངས་ཀྱི་གཟུངས་སྔགས་ཡོངས་གྲགས་ཆེ་ཤོས་ཨོཾ་ཨ་ར་པ་ཅ་ན་དྷཱིཿཞེས་པ་དེ་ཡིན་པ་ནི་དོ་སྣང་བྱ་འོས་ཤིག་རེད། ཆོས་སྲུང་སྡེ་པའི་གྲུབ་མཐའ་ནི་གན་དྷཱ་ར་ནས་ཨཱི་རཱན་རྒྱལ་ཁབ་དང་། དབུས་ཨེ་ཤི་ཡ། དེ་ནས་རྒྱ་ནག་བཅས་སུ་དར་ཁྱབ་བྱུང། རྒྱ་ནག་མི་རིགས་ཀྱིས་ཆོས་སྲུང་སྡེ་པའི་དགེ་སློང་དང་དགེ་སློང་མའི་སྡོམ་པའི་ལུགས་དེ་རང་ལུགས་སུ་བསྟེན། དུས་རབས་འགའ་ཞིག་གི་རྗེས་ལ་དགོན་པའི་བསླབ་ཁྲིམས་དེ་དག་ཀོ་རི་ཡ་དང་། ཉི་ཧོང་། ཝེ་ཊི་ནམ་ (Vietnam) ་དུ་ཁྱབ་སྤེལ་ཕྱིན་ཡོད་པ་རེད། 

ནང་པའི་བཀའ་བསྡུ་བཞི་པ།

གནས་བརྟན་སྨྲ་བ་དང་ཐམས་ཅད་ཡོད་པར་སྨྲ་བའི་གྲུབ་མཐའ་སོ་སོས་བཀའ་བསྡུ་རིམ་པ་བཞི་པ་མཛད་ཡོད།

གནས་བརྟན་སྨྲ་བའི་གྲུབ་མཐས་ཤྲཱི་ལངྐའི་ནང་སྤྱི་ལོའི་སྔོན་གྱི་ལོ་ ༢༩ ལ་བཀའ་བསྡུ་བཞི་པ་མཛད། སངས་རྒྱས་ཀྱི་བཀའ་ལ་འགྲེལ་བརྗོད་མི་འདྲ་ཡོད་པའི་རྐྱེན་གྱིས་གནས་བརྟན་སྨྲ་བ་ནས་སྡེ་པ་འདྲ་མིན་ཁ་བྲལ་དུ་སོང་བར་བརྟེན། མ་ཧཱ་ར་ཁི་ཊ་ (Maharakkhita) དང་གནས་བརྟན་སྨྲ་བའི་རྒན་རབས་ལྔ་བརྒྱ་མཉམ་དུ་འཛོམས་ནས་སངས་རྒྱས་ཀྱི་བཀའ་ཡང་དག་པ་དང་ཁུངས་ལྡན་ཡིན་པ་དེ་མི་ཉམས་རྒྱུན་འཛིན་ཆེད་ངག་འདོན་གནང་སྟེ་ཡིག་ཐོག་ཏུ་བཀོད་པ་རེད། གནད་དོན་འདི་ལ་གཞིགས་ན། དེ་དག་པཱ་ལིའི་སྐད་དུ་བསྒྱུར་ཡོད། དེ་ལས་བྱུང་བའི་སྡེ་སྣོད་གསུམ་ལ་པཱ་ལིའི་སྐད་དུ་ཏི་པི་ཊ་ཀ་ (Tipitaka) ཞེས་པཱ་ལིའི་གཞུངཞེས་ཡོངས་གྲགས་སུ་ངོས་འཛིན་བྱེད་ཀྱི་ཡོད། ཐེག་དམན་གྱི་གྲུབ་མཐའ་གཞན་ཚོས་ཆོས་ཀྱི་གདམས་ངག་རྣམས་མུ་མཐུད་ངག་ཐོག་བརྒྱུད་ནས་ཁྱབ་སྤེལ་གནང་ཡོད། 

ཐམས་ཅད་ཡོད་པར་སྨྲ་བའི་གྲུབ་མཐའ་ནང་ལོགས་སུའང་ཆོས་ཀྱི་འགྲེལ་ཚུལ་མི་འདྲ་བ་མང་པོ་ཞིག་རིམ་པས་ཐོན་པ་དང། དེ་ཡང་ཐོག་མར་ཐོན་པ་དེ་བྱེ་བྲག་སྨྲ་བའི་གྲུབ་མཐའི་མི་རབས་གོང་མ་རྣམས་ཡིན། དེ་ནས་ཡེ་ཤུ་སྟོན་པ་འཁྲུངས་ནས་ལོ་ ༥༠ ཙམ་ལ་མདོ་སྡེ་པའི་གྲུབ་མཐའ་བྱུང། དེ་དག་རེ་རེས་མངོན་པའི་སྡེ་སྣོད་ཀྱི་གནད་དོན་མང་པོའི་ཐོག་རང་རང་སོ་སོའི་བཞེད་ཚུལ་རྣམས་གསུངས་ཡོད།

དེ་དང་དུས་མཉམ་ལ། རྒྱ་གར་བྱང་ཕྱོགས་དང་། ཀཥྨིར། ཨ་ཧྥ་གྷ་ནི་སི་ཐཱན་ལ་དབུས་ཨེ་ཤ་ཡ་ནས་ཡོང་བའི་ཡུ་ཨེ་ཇིས་ (Yuezhi) བཙན་འཛུལ་བྱས་པ་ནས་དེའི་སྐབས་ལ་ཆབ་སྲིད་ཀྱི་འཕོ་འགྱུར་ཆེན་པོ་ཞིག་འགྲོ་བཞིན་ཡོད། ཡུ་ཨེ་ཆཱི་ནི་ཐོག་མར་ཤར་ཏུར་ཀི་སི་ཐཱན་ (East Turkistan) གནས་སྡོད་བྱེད་མཁན་གྱི་རྒྱ་གར་དང་འབྲེལ་བའི་ཡུ་རོབ་ཀྱི་མི་རྒྱུད་རེད། སྤྱི་ལོའི་སྔོན་གྱི་དུས་རབས་ ༢ ལོ་འཇུག་ཏུ་ཁོང་ཚོས་རང་གི་ནུབ་ཕྱོགས་དང་ལྷོ་ཕྱོགས་སུ་ཡོད་པའི་ས་ཆ་རྒྱ་ཆེ་བ་མང་པོ་ཞིག་དབང་དུ་བསྡུས་ནས། མཐར་ཀུ་ཥན་རྒྱལ་རྒྱུད་ (Kushan Dynasty) གསར་འཛུགས་བྱས་ཤིང་། དེ་སྤྱི་ལོ་ ༢༢༦ བར་དུ་གནས། ཀུ་ཥན་རྒྱལ་ཁམས་ཀྱི་མངའ་ཐང་རྒྱས་པའི་མཚམས་སུ་དེའི་མངའ་འོག་ཏུ་དེང་དུས་ཀྱི་ཏཱ་ཇི་ཀི་སི་ཐཱན་ (Tajikistan) དང་། ཨུ་ཛི་བེ་ཀི་སི་ཐཱན་ (Uzbekistan) །  ཨ་ཧྥ་གྷ་ནི་སི་ཐཱན། པ་ཀི་སི་ཐཱན། དེ་བཞིན་ཀཥྨིར་ནས་བརྒྱུད་དེ་རྒྱ་གར་གྱི་ནུབ་བྱང་ས་ཁུལ་ནས་བྱང་ཕྱོགས་དང་ཡུལ་དབུས་བཅས་སུ་དར་ཁྱབ་བྱུང། དར་སྐུད་ཚོང་ལམ་བརྒྱུད་དེ་མཚོ་ངོགས་གྲུ་ཁའི་ཆུ་བོ་སེང་གེ་ཁ་འབབ་ (Indus River) ནས་བརྒྱུད་པ་དང། རྒྱལ་རྒྱུད་དེས་ནང་ཆོས་ཕྱིའི་ཤུགས་རྐྱེན་འདྲ་མིན་དང་འབྲེལ་མཐུད་བཟོས་ཡོད། དེ་དང་ཕྱོགས་མཚུངས་འབྲེལ་ལམ་དེ་བརྒྱུད་ནས་ནང་ཆོས་རྒྱ་ནག་ཏུ་དར་ཁྱབ་བྱུང་ཡོད། 

ཀུ་ཥན་རྒྱལ་ཁམས་ཀྱི་དབང་སྒྱུར་མཁན་ནང་ནས་སྙན་གྲགས་ཆེ་ཤོས་ནི་རྒྱལ་པོ་ཀ་ནིཥྐ་ (Kanishka) རེད། ལོ་རྒྱུས་ཡིག་ཆ་འགའ་ཤས་ལྟར་བྱས་ན། ཁོང་གིས་སྤྱི་ལོ་ ༧༨ ནས་ ༡༠༢ བར་དུ་དབང་སྒྱུར་བྱས་པར་འདོད་པ་དང་། ཡང་ཡིག་ཆ་འགའ་ཤས་ཀྱི་ནང་ཁོང་གིས་སྤྱི་ལོ་ ༡༢༧ ནས་ ༡༤༧ བར་དུ་དབང་སྒྱུར་བྱས་ཡོད་པ་སོགས་ལོ་ཚིགས་མི་འདྲ་བ་གཙོ་བོ་གཉིས་ཤོད་ཀྱི་ཡོད། དེ་གཉིས་གང་ཡིན་རུང་ཐམས་ཅད་ཡོད་པར་སྨྲ་བའི་གྲུབ་མཐས་རྒྱལ་པོ་དེའི་སྐུ་དུས་སུ་བཀའ་བསྡུ་བཞི་པ་དེ་ཁོང་གི་རྒྱལ་ས་པུ་རུཥ་པུ་རའམ་ (Purushapura) (དེང་དུས་ཀྱི་པེ་ཤཱ་ལྦར། Peshawar) ཡང་ན་ཀཥྨིར་ལ་ཡོད་པའི་ཤྲཱི་ན་ག་ར་ (Shrinagar) ལ་སྐོང་འཚོགས་གནང་། བཀའ་བསྡུའི་ལྷན་ཚོགས་ཀྱི་ངོས་ནས་མདོ་སྡེ་པའི་ཆོས་མངོན་པར་ངོས་ལེན་མ་གནང་བར། བྱེ་བྲག་བཤད་མཛོད་ཆེན་མོའི་ནང་དུ་རང་རང་གི་ཆོས་མངོན་པའི་བཅས་ཁྲིམས་གཏན་ལ་ཕབ། ལྷན་ཚོགས་ཀྱི་ངོས་ནས་ཡུལ་སྐད་པྲ་ཀྲིཏ་ནས་ལེགས་སྦྱར་གྱི་སྐད་ཡིག་ནང་དུ་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་སྣོད་གསུམ་པོ་དེ་དག་ཡིག་སྒྱུར་དང་། ལེགས་སྦྱར་གྱི་གཞུང་དེ་དག་ཡིག་ཐོག་ལ་འབྲི་རྒྱུ་གཟིགས་ཞིབ་གནང་ཡོད།

སྤྱི་ལོའི་དུས་རབས་ ༤ དང་ ༥ བར་ལ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་གྲུབ་མཐའ་དེ་ཀཥྨིར་ནང་ཡོད་པའི་གྲགས་ཆེ་བའི་བྱེ་བྲག་སྨྲ་བའི་ཐམས་ཅད་ཡོད་པར་སྨྲ་བ་ལས་ནང་གསེས་སུ་གྱེས་པ་དང། དུས་རབས་ ༨ སྨད་ལ། བོད་པ་ཚོས་དེའི་འདུལ་བའི་བསླབ་ཁྲིམས་ཁག་ལ་འགྲེལ་ཚུལ་རང་ལུགས་སུ་བསྟེན། ཕྱིས་ཀྱི་དུས་རབས་ཁག་གི་ནང་དུ་དེ་བོད་ཀྱི་ཡུལ་ནས་སོག་ཡུལ་དང་། སོག་ཡུལ་ནས་ཨུ་རུ་སུའི་ (Russia) མངའ་འོག་ཏུ་ཡོད་པའི་ཊར་ཀིག་ས་ཁུལ་འགའ་ཤས་ནང་དར་ཁྱབ་བྱུང་ཡོད། 

དགེ་འདུན་ཕལ་ཆེན་པའི་གྲུབ་མཐའི་ཡན་ལག་ཁག

དེ་དང་ཆབས་ཅིག་དགེ་འདུན་ཕལ་ཆེན་པ་མང་ཆེ་བ་རྒྱ་གར་ལྷོ་ཕྱོགས་ཀྱི་ཤར་ཕྱོགས་སུ་ཡོད་པ་རྣམས་ནང་གསེས་ཡན་ལག་ཁག་ལྔ་ལ་ཁ་གྱེས་པ་རེད། དེ་དག་ཚང་མས་དགྲ་བཅོམ་པ་རྣམས་ལ་ཚད་ངེས་ཅན་ཡོད་པ་དང་། སངས་རྒྱས་རྣམས་ནི་བླ་ན་མེད་པ་ཡིན་པར་མོས་མཐུན་གནང་ཞིང་། དེ་དག་ལྔ་པོ་རེ་རེ་ནས་ཁས་ལེན་དེ་དག་མུ་མཐུད་གོང་སྤེལ་བཏང་ནས་ཐེག་པ་ཆེན་པོའི་ལམ་སྲོལ་གཏོད་པ་རེད། གྲུབ་མཐའ་ཆེ་ཁག་གཙོ་བོ་གསུམ་གྱི་འདོད་ཚུལ་ནི་གཤམ་གསལ།

  • འཇིག་རྟེན་འདས་པར་སྨྲ་བའི་གྲུབ་མཐའ། ལེགས་སྦྱར་སྐད་དུ། ལོཀོཏྟཱ་ར་ཝཱད (Lokottaravada) ། གྲུབ་མཐའ་འདིས་སངས་རྒྱས་ཤཱཀྱ་ཐུབ་པ་ཁོང་འཇིག་རྟེན་ལས་འདས་པའི་སྐྱེས་བུ་ཞིག་དང་། ཁོང་གི་གཟུགས་སྐུ་ནི་འཇིག་རྟེན་འདིའི་ནང་གི་ལུས་འཇིག་རུང་བ་ལས་འདས་པ་ཞིག་ཡིན་པར་འདོད་ཀྱི་ཡོད། ཁས་ལེན་དེ་ནི་ཐེག་ཆེན་གྱི་གྲུབ་མཐའི་ནང་དུ་སངས་རྒྱས་ཀྱི་སྐུ་གསུམ་སྐོར་གྱི་བཤད་པའི་གཞི་རྟེན་ཆགས་ཡོད། འཇིག་རྟེན་འདས་པར་སྨྲ་བའི་གྲུབ་མཐའ་དེ་ཨ་ཧྥ་གྷ་ནི་སི་ཐཱན་ནང་དུ་སྤྱི་ལོའི་དུས་རབས་ ༣ དང་ ༥ ཡས་མས་མཚམས་སུ་དར་ཁྱབ་ཆེན་པོ་བྱུང་ཡོད། དེའི་རྗེས་འཇུག་པ་ཚོས་གནས་དེར་བྷ་མི་ཡན་ (Bamiyan) ལ་སྟོན་པའི་སྐུ་འདྲ་ཧ་ཅང་ཆེན་པོ་མང་པོ་བཞེངས་ནས། ཁོང་ཚོའི་སངས་རྒྱས་འཇིག་རྟེན་ལས་འདས་པའི་བསམ་ཚུལ་མཚོན་པར་བྱས་ཡོད།
  • མང་དུ་ཐོས་པའི་གྲུབ་མཐའ། ལེགས་སྦྱར་སྐད་དུ། བཧུ་ཤྲུ་ཏི་ཡ (Bahushrutiya) ། གྲུབ་མཐའ་འདིའི་འདོད་ཚུལ་ལ་སངས་རྒྱས་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་གཉིས་ཀ་གསུངས་ཡོད་པར་འདོད་ཀྱི་ཡོད། བཞེད་ཚུལ་འདི་ལ་བརྟེན་ནས་ཐེག་པ་ཆེན་པོའི་ལུགས་སུ་་སངས་རྒྱས་ཀྱི་སྐུ་ལ་སྤྲུལ་སྐུ་དང་ལོངས་སྐུའི་དབྱེ་བ་གཉིས་བྱུང་བ་རེད།
  • མཆོད་རྟེན་པའི་གྲུབ་མཐའ། ལེགས་སྦྱར་སྐད་དུ། ཅཻ་ཏི་ཀ (Caitika) །གྲུབ་མཐའ་འདི་མང་དུ་ཐོས་པ་ནས་ཁ་གྱེས་པ་དང་། སངས་རྒྱས་ཤཱཀྱ་ཐུབ་པ་འཇིག་རྟེན་འདིར་མ་བྱོན་སྔོན་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་ཟིན་པ་ དང་། སངས་རྒྱས་པའི་མཛད་པ་སྟོན་པ་དེ་ནི་གཞན་སེམས་ཅན་རྣམས་སངས་རྒྱས་ཀྱི་གོ་འཕང་ལ་བགྲོད་པའི་ལམ་སྟོན་པར་འདོད། བཞེད་ཚུལ་དེ་ཕྱིས་སུ་ཐེག་པ་ཆེན་པོས་ཀྱང་ཁས་ལེན་བྱས་ཡོད།

ཐེག་པ་ཆེན་པོའི་བྱུང་རབས།

ཐེག་ཆེན་གྱི་མདོ་རྣམས་ཐོག་མར་སྤྱི་ལོ་སྔོན་གྱི་དུས་རབས་ ༢ ནས་སྟོན་པ་ཡེ་ཤུ་མ་ཤི་ཀ་འཁྲུངས་རྗེས་ཀྱི་དུས་རབས་ ༤ པའི་ནང་རྒྱ་གར་ལྷོ་ཕྱོགས་ཀྱི་ཤར་ཕྱོགས་ས་གནས་ཨནྡྲའི་ནང་དུ་ཐོག་མར་བྱུང། སྐབས་དེ་དུས་ས་གནས་དེར་དགེ་འདུན་ཕལ་ཆེན་པའི་གྲུབ་མཐའ་དར་རྒྱས་འགྲོ་བཞིན་ཡོད། སྲོལ་རྒྱུན་གྱི་ནང་པའི་ལོ་རྒྱུས་ལྟར་ན། མདོ་དེ་དག་སྟོན་པ་ཤཱཀྱ་ཐུབ་པས་གསུངས་པ་ཡིན་ནའང་། དེ་དག་སྙན་ནས་སྙན་དུ་བརྒྱུད་དེ་ཁྱབ་སྤེལ་བྱུང་ཞིང་། ཐེག་དམན་གྱི་མདོ་ལས་ལོགས་སུ་ཡོད་པར་གསུངས། ཐ་ན་ཆོས་འགའ་ཤས་མི་མ་ཡིན་གྱི་ཁམས་སུའང་སྲུང་སྐྱོབ་བྱས་ཡོད་པར་འདོད།

དེའི་སྐབས་ཡོངས་གྲགས་སུ་བྱུང་བའི་ཐེག་ཆེན་གྱི་མདོ་གལ་གནད་ཆེ་ཤོས་ཁག་ནི།

  • བརྒྱ་ཕྲག་དང་པོ་གཉིས་ཀྱི་ནང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མདོ་དང། དྲི་མ་མེད་པ་གྲགས་པར་བསྟན་པའི་མདོ་བཅས་བྱུང། སྔ་མ་ཤེར་ཕྱིན་གྱི་མདོའི་བརྗོད་བྱ་གཙོ་བོ་སྟོང་ཉིད་ཀྱི་སྐོར་དང་། ཕྱི་མ་དྲི་མ་མེད་པ་གྲགས་པར་བསྟན་པའི་མདོའི་བརྗོད་བྱ་གཙོ་བོ་ནི། བྱང་ཆུབ་སེམས་དཔའ་ཁྱིམ་པའི་སྐོར་གསུངས་ཡོད།
  • སྤྱི་ལོ་ ༡༠༠ ཙམ་གྱི་ཡས་མས་སུ། བདེ་བ་ཅན་གྱི་བཀོད་པའི་མདོ་བྱུང་ཡོད་པ་དང་། དེའི་ནང་དུ་སངས་རྒྱས་འོད་དཔག་མེད་ཀྱི་དག་པའི་ཞིང་ཁམས་བདེ་བ་ཅན་ངོ་སྤྲོད་བྱས་ཡོད།
  • སྤྱི་ལོ་ ༢༠༠ ཙམ་གྱི་ཡས་མས་སུ། དམ་པའི་ཆོས་པདྨ་དཀར་པོའི་མདོ་བྱུང་། དེའི་ནང་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་པའི་ནུས་པ་ཡོད་པར་ནན་བཤད་བྱས་པ་དང་། དེར་བརྟེན་སངས་རྒྱས་ཀྱི་གསུངས་པའི་ཐེག་པ་ཆེ་ཆུང་གི་ཆོས་ཚང་མ་ཐབས་ཀྱི་ཆའི་ནང་མཉམ་དུ་རན་འཇུག་ཐུབ་པ་བསྟན་ཡོད། དེ་ལྟར་འགྲེལ་བརྗོད་བྱེད་སྟངས་དེ་ཡང་ཧ་ཅང་དད་གུས་དང་ལྡན་པ་ཞིག་ཡོད།

ཐེག་པ་ཆེན་པོའི་ནང་དུ་ཡང་དབུ་མ་པ་དང་སེམས་ཙམ་པའི་གྲུབ་མཐའ་གཉིས་ཐོག་མར་རྒྱ་གར་གྱི་ལྷོ་ཕྱོགས་ཨནྡྲའི་ས་ཁུལ་དུ་བྱུང་།

  • དབུ་མ་པའི་གྲུབ་མཐའ་ནི། མགོན་པོ་ཀླུ་སྒྲུབ་ནས་བྱུང་ཞིང། ཁོང་ནི་ཨནྡྲའི་ནང་སྤྱི་ལོ་ ༡༥༠ ནས་ ༢༥༠ བར་བཞུགས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལ་མཆན་འགྲེལ་གནང་ཡོད། སྲོལ་རྒྱུན་གྱི་ལོ་རྒྱུས་ལྟར་བྱས་ན། མགོན་པོ་ཀླུ་སྒྲུབ་ཀྱིས་མདོ་དེ་དག་རྒྱ་མཚོའི་འོག་གི་ཀླུ་ཡུལ་ནས་མི་ཡུལ་དུ་གདན་དྲངས་ཡོད་པར་གྲགས། དེ་ཡང་སངས་རྒྱས་ཀྱིས་རྒྱ་གར་བྱང་ཕྱོགས་ཀྱི་ཡུལ་དབུས་རྒྱལ་པོའི་ཁབ་ཀྱི་ཉེ་འགྲམ་དུ་ཡོད་པའི་བྱ་རྒོད་ཕུང་པོ་རི་ལ་ཤེར་ཕྱིན་གྱི་མདོ་ཐོག་མར་གསུངས་པའི་སྐབས་ནས་བཟུང་སྟེ་ཀླུ་ཡུལ་དུ་ཀླུ་རྣམས་ཀྱིས་སྲུང་སྐྱོབ་བྱས་ཡོད་པ་རེད། “ཀླུ་” ཞེས་པ་ནི་ཕྱེད་མི་དང་ཕྱེད་སྦྲུལ་གྱི་གཟུགས་གཉིས་འདྲེས་པའི་སེམས་ཅན་ས་འོག་དང་ཆུ་འོག་ཏུ་གནས་མཁན་ཚོ་ཡིན།
  • སེམས་ཙམ་པའི་གྲུབ་མཐའ་ནི། ལངྐར་གཤེགས་པའི་མདོ་ལ་གཞི་བཞག་ཡོད། མདོ་དེ་ཐོག་མར་ཨནྡྲའི་ནང་བྱུང་ཡོད་ཀྱང་། སེམས་ཙམ་པའི་ཆོས་དེ་མུ་མཐུད་སློབ་དཔོན་ཐོགས་མེད་ཀྱིས་གོང་འཕེལ་བཏང་གནང་མཛད། ཁོང་ནི་དེང་སང་པ་ཀི་སི་ཐཱན་ནང་ཡོད་པའི་གན་དྷཱ་རའི་ཡུལ་དུ་སྤྱི་ལོའི་དུས་རབས་ ༤ མགོ་སྟོད་ཙམ་ལ་བྱོན་པ་ཞིག་རེད། འཕགས་པ་ཐོགས་མེད་ལ་རྒྱལ་བ་བྱམས་པའི་མཇལ་སྣང་ཞིག་བྱུང་བ་བརྒྱུད་ཆོས་འདི་དག་ཐོབ་ཡོད་པ་རེད།

ནང་པའི་གཙུག་ལག་སློབ་་ཁང་དང་། གསང་སྔགས་ཀྱི་ཆོས་གོང་འཕེལ།

ནང་པའི་གཙུག་ལག་སློབ་ཁང་ཆེན་མོ་ཐོག་མ་དེ་ནི་ནཱ་ལནྡྲ་ཡིན་པ་དང་། དེ་ནི་ཡུལ་རྒྱལ་པོའི་ཁབ་ཀྱི་ཉེ་འགྲམ་དུ་དུས་རབས་ ༢ མགོ་སྟོད་ནང་ཕྱག་བཏབ། མགོན་པོ་ཀླུ་སྒྲུབ་ཀྱིས་གཙུག་ལག་སློབ་གཉེར་ཁང་དེར་སློབ་ཁྲིད་གནང་བ་བཞིན་ཕྱིས་སུ་ཐེག་ཆེན་གྱི་སློབ་དཔོན་ཆེན་པོ་མང་པོས་དེར་སློབ་ཁྲིད་གནང་། སྤྱི་ལོའི་དུས་རབས་ ༤ མགོ་སྟོད་ལ་གུཔྟའི་ (Gupta) རྒྱལ་རྒྱུད་སྲོལ་གཏོད་པ་དང་ཆབས་ཅིག་གཙུག་ལག་སློབ་གཉེར་ཁང་ཆེན་པོ་དེ་དག་དམིགས་བསལ་དར་ཁྱབ་ཆེན་པོ་བྱུང་ཡོད། ཁོང་ཚོའི་གཏན་འབེབས་བྱས་པའི་ནང་ཆོས་ཀྱི་སློབ་ཚན་ནང་གཙོ་བོ་ལྟ་གྲུབ་ཀྱི་ལམ་ལུགས་ཁག་ལ་སློབ་གཉེར་དང་། སྤྱི་ལོའི་དུས་རབས་ ༣ དང་ ༦ བར་འཕེལ་རྒྱས་བྱུང་བའི་ཧིན་དུ་དང་གཅེར་བུ་པའི་གྲུབ་མཐའ་སྨྲ་བ་ཁག་དྲུག་པོ་དེ་དག་ལ་རྒྱབ་སྐྱོར་རྩོད་ལེན་བྱེད་མཁན་དང་མཉམ་དུ་རྩོད་གླེང་ཤུགས་དྲག་བྱས་ཡོད། 

དེ་ག་ནང་བཞིན་སྤྱི་ལོའི་དུས་རབས་ ༣ དང་ ༦ བར་ལ་གསང་སྔགས་ཀྱི་ཆོས་བྱུང་ཡོད་པ་དང་། དེ་སླར་ཡང་རྒྱ་གར་ལྷོ་ཕྱོགས་ཀྱི་ས་གནས་ཨནྡྲའི་ནང་ཆེས་སྔ་ཤོས་སུ་བྱུང་ཡོད། འདི་ནི་དཔལ་གསང་བ་འདུས་པའི་རྒྱུད་ རེད། མགོན་པོ་ཀླུ་སྒྲུབ་ཀྱིས་དེ་ལ་མཆན་འགྲེལ་འགའ་ཤས་ལྗགས་རྩོམ་གནང་ཡོད། ནང་པའི་སྲོལ་རྒྱུན་ལྟར་བྱས་ན། གསང་སྔགས་ཀྱི་ཆོས་རྣམས་ཐོག་མར་སངས་རྒྱས་ཞལ་བཞུགས་པའི་སྐབས་སུ་སྙན་བརྒྱུད་ཀྱི་ལམ་ནས་གསུངས་གནང་ཡོད་པ་ཙམ་དུ་མ་ཟད། ཐེག་ཆེན་གྱི་ཆོས་ལས་ཀྱང་གསང་བ་བྱས་ནས་གསུངས་གནང་ཡོད་པ་རེད། 

རིང་པོར་མ་སོང་བར་གསང་སྔགས་ཀྱི་ཆོས་དེ་རྒྱ་གར་བྱང་ཕྱོགས་སུ་དར་ཁྱབ་བྱུང་ཡོད། དུས་རབས་ ༨ དཀྱིལ་ནས་དུས་རབས་ ༩ དཀྱིལ་གྱི་བར་དུ་གསང་སྔགས་ཀྱི་ཆོས་དེ་དམིགས་བསལ་ཨོ་རྒྱན་གྱི་ཡུལ་ལམ་ཨོཌྜི་ཡཱན་ཏེ། དེ་ནི་དེང་སང་པ་ཀི་སི་ཐཱན་རྒྱལ་ཁབ་ཀྱི་ནུབ་བྱང་ཕྱོགས་སུ་ཡོད་པའི་སྭཱཏ་ལུང་གཤོང་ (Swat Valley) ནང་དུ་དེ་བས་ཀྱང་དར་ཁྱབ་ཆེན་པོ་བྱུང་ཡོད། ཆེས་ཉེ་རབས་སུ་བྱུང་བའི་རྒྱུད་དམ་གསང་སྔགས་ཀྱི་ཆོས་ནི་དུས་རབས་ ༡༠ དཀྱིལ་ལ་བྱུང་བའི་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་དེ་ཡིན་པ་རེད།

རྒྱ་གར་བྱང་ཕྱོགས་སུ་པཱ་ལའི་ (Pala) རྒྱལ་རྒྱུད་ (སྤྱི་ལོ་ ༧༥༠ - དུས་རབས་ ༡༢ འཇུག་བར།) སྐབས། ནང་པའི་དགོན་སྡེའི་གཙུག་ལག་སློབ་གཉེར་ཁང་ཁག་གི་གནས་རིམ་ཚད་མཐོ་ཤོས་སུ་སླེབས་པ་དང་། ཝི་ཀྲམ་ཤཱི་ལ་ལྟ་བུ་ནང་པའི་གཙུག་ལག་སློབ་ཁང་གསར་པ་མང་པོ་ཞིག་ཀྱང་རྒྱལ་པོས་སྦྱིན་བདག་མཛད་ནས་གསར་འཛུགས་གནང་ཡོད། རྒྱུད་ཀྱི་ཉམས་ལེན་ནཱ་ལནྡྲ་གཙོས་པའི་དགོན་སྡེའི་གཙུག་ལག་སློབ་ཁང་ཁ་ཤས་ཀྱི་ནང་དུ་ངོ་སྤྲོད་གནང་ཡོད། འོན་ཀྱང་གསང་སྔགས་ཀྱི་ཆོས་ཀྱི་སློབ་གཉེར་དང་ཉམས་ལེན་དེ་དགོན་པ་ཁག་གི་སྒྲིག་འཛུགས་ཀྱི་ཕྱི་ལ་དེ་ལས་དར་ཁྱབ་ཆེ་བ་བྱུང་ཡོད།  དེ་བཞིན་དུས་རབས་  ༨ དང་ ༡༢ བར་བྱུང་བའི་རྒྱ་གར་གྱི་གྲུབ་ཐོབ་ཆེན་པོ་བརྒྱད་ཅུ་རྩ་བཞིའི་སྲོལ་རྒྱུན་དང་མཉམ་དུ་དམིགས་བསལ་དར་ཆེ་བ་བྱུང་ཡོད། ལེགས་སྦྱར་སྐད་དུ་མ་ཧཱ་སིདྡྷ་ཞེས་པ་ནི་བོད་སྐད་དུ་ “གྲུབ་ཐོབ་ཆེན་པོ་” ཞེས་ཟེར་ཞིང་། ཁོང་རྣམ་པ་ནི་གསང་སྔགས་ཀྱི་ཉམས་ལེན་རྣམས་མཐར་ཕྱིན་པ་དང་བྱང་ཆུབ་པ་གནང་མཁན་ཤ་སྟག་རེད། །

Top