རྒྱལ་པོ་གླང་དར་མའི་མངའ་འོག་ཏུ་ནང་ཆོས་ལ་དྲག་གནོན་ཚབས་ཆེན་བྱུང་ཡོད། ལོ་རྒྱུས་ཡིག་ཆ་འགའ་ཞིག་ལྟར་ན། དེ་ནི་ཕྱི་ལོ་སྔོན་གྱི་ལོ་ ༨༣༦ དང་ ༨༤༢ ནང་བྱུང་ཡོད། ཡང་ལོ་རྒྱུས་ཡིག་ཆ་གཞན་དག་ལ་གཞིགས་ན། དེ་ནི་ཕྱི་ལོ་སྔོན་གྱི་ལོ་ ༩༠༡ ནས་ ༩༠༧ བར་བྱུང་བར་གསལ། དེའི་སྐབས་གྲྭ་པའི་ནང་ནས་དམར་ཤཱཀྱ་དང་། གཡོ་དགེ་འབྱུང་། གཙང་རབ་གསལ་གསུམ་མ་གཏོགས་གཞན་ཚང་མ་བསད་པའམ་ཡང་ན་བཙན་དབང་གིས་སྐྱ་སར་ཕབ་བཅུག་གི་ཡོད། དམར་གཡོ་གཙང་གསུམ་བྲོས་ཏེ་བོད་བྱང་ཕྱོགས་རྒྱུད་དེ་ཤར་ཏུར་ཀིསྟཱན་ནམ་ཤིང་ཅང་གི་ཡུལ་ཏེ། ཁ་ཤ་སྒར་གྱི་ Qarakhanid Turk ཁརཁནིད་ཏུར་ཀིའི་ས་ཁུལ་དུ་སྐྱབས་བཅོལ་ངོས་ལེན་བྱུང་། ཁོང་གསུམ་མུ་མཐུད་དེ་ཤར་ཕྱོགས་སུ་བོད་ཀྱི་རིག་གཞུང་དང་འབྲེལ་བའི་ཏུན་ཧོང་དང་ཀན་སུའི་ས་ཁུལ་ཁག་ལ་བསྐྱོད་པ་རེད། ལྷ་ས་ནས་ཐག་རིང་བ་སོང་ཙང་། དམར་གཡོ་གཙང་གསུམ་ལ་སྡུག་སྦྱོང་མྱོང་དགོས་བྱུང་མེད།
སོག་པའི་ཡིག་ཆ་འགའ་ཞིག་གི་ནང་གསལ་ལྟར་ན། དམར་གཡོ་གཙང་གསུམ་ Kyrgyz ཀིར་གྷརྫས་དབང་དུ་བསྒྱུར་བའི་སོག་པོའི་ས་ཁུལ་བརྒྱུད་དེ་ཕྱིན་པ་དང་། མཐར་ Siberia ས་ཡེ་བྷེ་རི་ཡའི་ནང་ཡོད་པའི་Lake Baikal མཚོ་བྷཻ་ཀལ་གྱི་མཚོ་ངོགས་ཤར་ཕྱོགས་སུ་ཡིབ་ནས་བསྡད་ཅེས་གྲགས། དེར་ཁོང་ཚོས་སོག་པོའི་རྒྱལ་པོ་ Borti Chiney བྷོརྟི་ཆི་ནེའི་ཚ་བོ་ Hortsa Mergen ཧོར་ཚ་མེར་གན་ལ་དབང་དང་ཆོས་གནང་། དེ་ནི་ཆིན་གྷིས྄་ཁན་གྱི་མི་རྒྱུད་ལྔ་པ་ཡིན་པ་རེད། ཡང་ལོ་རྒྱུས་ཡིག་ཆ་གཞན་དག་ཁག་ལྟར་ན། ཁོང་ཚོ་མི་ཉག་གི་ Tangut ཏན་གྷུཏ་ནང་པའི་རྒྱལ་ཁམས་སུ་སྐྱབས་བཅོལ་ཐོབ་པ་དང་། དེ་ནི་ཨ་མདོའི་བྱང་ཕྱོགས་ནས་ནང་སོག་བར་གྱི་ས་ཁུལ་དུ་ཁྱབ་ཡོད། དེ་ག་ནང་བཞིན་ཡིག་ཆ་འགའ་ཞིག་གི་ནང་ད་དུང་དེ་ལས་ཁ་གསལ་བའི་ས་ཁུལ་དུ་ཁོང་གསུམ་ཐོག་མར་གཞིས་ཆགས་པར་ངོས་འཛིན་བྱས་ཡོད། དེ་ནི་དེའི་སྐབས་སུ་ཙོང་ཁའི་རྒྱལ་ཁམས་ཀྱི་ཆ་ཤས་ཡིན་པ་རེད། ཨ་མདོའི་བྱང་ཕྱོགས་སུ་ཡོད་པའི་དམར་གཙང་དགོན་པ་དེ་ཡང་ཕྱིས་སུ་ཁོང་རྣམ་གང་དུ་བཞུགས་པའི་བྲག་ཕུག་ཡིན་པར་གྲགས་པ་དེར་བཞེངས་ཡོད།
ལོ་འགའི་རྗེས་བོད་ཀྱི་དགེ་འདུན་པ་གསུམ་བོད་ལྷོ་ཤར་མདོ་ཁམས་ཀྱི་ཆོལ་ཁའི་ཕྱོགས་སུ་གནས་སྤོས་ནས་ཁོང་ཚོ་དེ་གའི་དན་ཏིག་ཤེལ་གྱི་ཡང་དགོན་དུ་བཞུགས། ས་གནས་ཀྱི་ཡུལ་མི་རྫི་བོ་ཞིག་གྲྭ་བ་བྱེད་འདོད་ཡོད་པ་རེད། ཁོང་ཚོས་མི་དེ་ལ་དགེ་ཚུལ་གྱི་སྡོམ་པ་གནང་བ་དང་ཆོས་མིང་ལ་དགེ་བ་རབ་གསལ་ཞེས་བཏགས་མཛད། འོན་ཀྱང་དགེ་སློང་གི་སྡོམ་པ་གནང་ཐུབ་མེད། གང་ཡིན་ཞེ་ན། དགེ་སློང་གི་སྡོམ་པ་གནང་བར་དགེ་འདུན་ལྔ་ཚང་དགོས་ཀྱི་ཡོད།
དེའི་སྐབས་སུ་ལྷ་ལུང་དཔལ་གྱི་རྗོ་རྗེ་ཟེར་བའི་གྲྭ་བ་ཞིག་ཡོད་པ་རེད། ཁོང་ནི་རྒྱལ་པོ་གླང་དར་མ་བཀྲོང་མཁན་དེ་རེད། ཁོང་ཀློང་ཐང་དང་ཉེ་བར་བྲོས་ནས་སླེབས་ཡོད། ཁོང་ལ་སྡོམ་པའི་སྐོར་རོགས་པ་ཞུས་ཀྱང་། ཁོང་ལ་སྡོམ་པ་གནང་བའི་མཚན་ཉིད་ཚང་མེད་ཅེས་འགྲེལ་བརྗོད་གནང་། ཡིན་ནའང་ཁོང་གིས་དགེ་འདུན་པ་གཞན་གང་དུ་བཞུགས་ཡོད་མེད་ས་ཆ་སྟོན་རྒྱུ་རོགས་པ་བྱེད་ཀྱི་ཡིན་ཞེས་དམ་བཅས། ཁོང་གིས་རྒྱ་ནག་གི་དགེ་འདུན་པ་གཉིས་རྙེད་པ་དང་། ཁོང་གཉིས་ཀྱི་མཚན་ལ་ Ki-bang ཀི་བང་དང་ Gyi-ban གྱི་བན་ཟེར། ཁོང་གཉིས་བཏང་ནས་དགེ་འདུན་གྱི་གྲངས་ཚང་བ་གནང་། དེ་ལྟར་གཙང་རབ་གསལ་མཁན་པོར་གནང་ནས་དགེ་འདུན་ལྔའི་མདུན་དུ་རྫི་བོ་དེ་ལ་དགེ་སློང་གི་སྡོམ་པ་ཐོབ་པ་དང་། དགེ་སློང་གི་མཚན་དུ་དགོངས་པ་རབ་གསལ་ཞུ་བ་རེད། དུས་ཕྱིས་སུ་མི་རྣམས་ཀྱི་ཁོང་གི་མཚན་གྱི་སྔོན་དུ་བླ་ཆེན་ཞེས་མཚན་གནས་ཁ་སྣོན་བྱས་ཏེ་བླ་ཆེན་དགོངས་པ་རབ་གསལ་ཞེས་སུ་གྲགས།
བོད་དབུས་དང་གཙང་ནས་གཞོན་སྐྱེས་འགའ་ཞིག་གིས་ཁམས་ཕྱོགས་སུ་དགེ་འདུན་པ་ཡོད་པ་ཐོས་པ་དང་། ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ཀྱིས་མི་བཅུའི་སྡེ་ཁག་ཅིག་འགོ་འཁྲིད་དེ་དགེ་སློང་གི་སྡོམ་པ་ཞུ་རུ་ཕྱིན། དེ་ནི་རྒྱལ་པོ་གླང་དར་མས་བསྟན་པར་དྲག་གནོན་བྱས་ནས་ལོ་ ༥༣ ཡང་ན་ ༧༠ ཕྱིན་པའི་རྗེས་སུ་རེད། ཁོང་ཚོས་གཙང་རབ་གསལ་ལ་མཁན་པོ་གནང་རོགས་ཞེས་འབོད་བསྐུལ་ཞུས་ཀྱང་། ཁོང་ནི་ཧ་ཅང་རྒས་ཚར་བ་སོང་ཙང་། ངོས་བཞེས་གནང་མེད། ཁོང་ཚོས་དེ་ནས་བླ་ཆེན་དགོངས་པ་རབ་གསལ་ལ་ཞུས། འོན་ཀྱང་ཁོང་གིས་ཁོང་ནི་དགེ་སློང་ཆགས་ནས་ལོ་ལྔ་ལས་ཕྱིན་མེད་པས། ད་ལྟ་མཚན་ཉིད་ཚང་མེད་ཚུལ་འགྲེལ་བརྗོད་གནང་། གཞུང་ནང་གསལ་བ་ལྟར་བྱས་ན། དགེ་སློང་གི་སྡོམ་པ་ཞུས་ནས་ཉུང་མཐར་ཡང་ལོ་བཅུ་ཕྱིན་པ་དགོས་ཀྱི་ཡོད། ཡིན་ནའང་གཙང་རབ་གསལ་གྱིས་ཁོང་ལ་མཁན་པོ་གནང་ཆོག་པའི་དམིགས་བསལ་གྱི་བཀའ་འཁྲོལ་གནང་ནས་སྡེ་ཁག་བཅུ་པོར་དགེ་སློང་གི་སྡོམ་པ་ཞུས་པ་རེད།
ཀླུ་མེས་མུ་མཐུད་བཞུགས་ནས་འདུལ་བར་སློབ་གཉེར་གནང་བ་དང་གཞན་དགུ་པོ་བོད་དབུས་སུ་ཕྱིར་ལོག་གནང་། ཀླུ་མེས་ཕྱིར་ལོག་མ་གནང་གོང་བླ་ཆེན་དགོངས་པ་རབ་གསལ་གྱིས་ཁོང་གི་བོན་གྱི་ཞྭ་དེ་ཚོས་སེར་པོ་རྒྱག་བཅུག་པ་རེད། བླ་ཆེན་གྱིས་ཀླུ་མེས་ལ་ཞྭ་མོ་སེར་པོ་དེ་ཁོང་གི་སློབ་གཉེར་དང་ཉམས་ལེན་གྱི་དྲན་རྟེན་ཚུལ་དུ་མནབ་དགོས་ཞེས་གསུངས། ཀླུ་མེས་དབུས་སུ་ཕྱིར་ལོག་ཕེབས་ནས་ལྷ་ཁང་འགའ་ཞིག་བཞེངས་གནང་བ་རེད། བོད་བརྒྱུད་ནང་བསྟན་ཕྱི་དར་དང་ལྷག་པར་དུ་དགེ་འདུན་གྱི་སྡོམ་པ་རྣམས་ཁོང་ནས་བྱུང་ཡོད།
མི་ལོ་བརྒྱ་ཕྲག་འགའ་ཤས་རྗེས་སུ་དགོན་སྡེའི་འདུལ་ཁྲིམས་སླར་ཡང་ཉམས་རྒུད་ཕྱིན་པ་རེད། རྗེ་ཙོང་ཁ་པ་བློ་བཟང་གྲགས་པས་(༡༣༥༧-༡༤༡༩) བསྟན་པ་སླར་གསོ་ཞིག་འགོ་འཛུགས་གནང་བ་ནས་བཀའ་གདམས་གསར་མའམ་དགེ་ལུགས་པའི་ཆོས་བརྒྱུད་དེ་བྱུང་། ཁོང་གིས་རང་གི་སློབ་མ་དགེ་འདུན་པ་རྣམས་ལ་ཞྭ་མོ་སེར་པོ་མནབ་དགོས་ཞེས་གསུངས། རྗེ་ཙོང་ཁ་པས་ཞྭ་སེར་མནབ་པ་དེ་ནི། ཇི་ལྟར་ཀླུ་མེས་སྔ་མོ་ནས་མཛད་པ་ནང་བཞིན་བོད་ཀྱི་དགོན་སྡེ་ཁག་གི་ནང་འདུལ་ཁྲིམས་གཙང་མ་ཞིག་སླར་གསོ་ཡོང་ཐུབ་པའི་རྟེན་འབྲེལ་ཡིན་ཞེས་འགྲེལ་བརྗོད་གནང་ཡོད། དེ་ལྟར་དགེ་ལུགས་པ་ལ་ཞྭ་སེར་རིང་ལུགས་འཛིན་པ་ཞེས་སུ་གྲགས་པ་རེད།
ཞྭ་མོ་དམར་པོ་ནི་དེའི་སྔོན་གྱི་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་གཞན་རྣམས་ཀྱི་མནབས་ཀྱི་ཡོད། དེ་ཡང་སྔོན་དཔལ་ནཱལནྜཱའི་གཙུག་ལག་ཁང་གི་མཁས་པ་ཆེན་པོ་པཎྜི་ཏ་རྣམས་ཀྱིས་མནབ་པའི་ཞྭ་དམར་གྱི་ལུགས་སྲོལ་དེའི་རྗེས་སུ་འབྲང་གི་ཡོད།།