ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ལ་ཡོངས་གྲགས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའམ། ལེགས་སྦྱར་སྐད་དུ་པྲ་ཛྙཱ་པཱ་ར་མི་ཏཱ་ཞེས་ཟེར་ཞིང། དེ་ནི་ཕར་ཕྱིན་དྲུག་ལས་མཐའ་མ་དེ་ཡིན། དེ་འདྲའི་ཤེས་རབ་ལ་བརྟེན་ནས་མངོན་པར་རྫོགས་པ་སངས་རྒྱས་ཤིང་གཞན་དོན་མ་ལུས་པ་སྒྲུབ་པར་བྱེད་པའི་ཆེད་དུ། ང་ཚོས་ཤེས་དགོས་པའི་དངོས་པོའི་རང་བཞིན་མཐར་ཐུག་གང་ཡིན་དེ་ལ་ཞིབ་ཕྲའི་རྟོགས་དཔྱོད་དང་རྣམ་དབྱེ་མ་ནོར་བར་འབྱེད་པའི་ངེས་ཤེས་རྙེད་ཀྱི་ཡོད། ཆོས་རྣམས་ཀྱི་གནས་ལུགས་ཡང་དག་པར་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་དབྱེ་བ་གསུམ་ཡོད་པ་ནི།
༡༽ གནས་ལུགས་མཐར་ཐུག་གི་ཆོས། ༼དོན་དམ་རྟོགས་པའི་ཤེས་རབ།༽ འདི་ནི་དངོས་པོའི་གནས་ལུགས་ཀྱི་རང་བཞིན་དེ་ཡིན། དེ་ལ་ཆོས་ཐམས་ཅད་རྟོག་པ་དོན་སྤྱི་དང་རྟོག་མེད་མངོན་གསུམ་གང་གིས་སྒོ་ནས་རྟོགས་ཀྱང་། དེ་རང་བཞིན་གྱིས་གྲུབ་པ་མེད་པ་དེ་ཡིན།
༢༽ ཕྱི་ཚུལ་ཀུན་རྫོབ་ཀྱི་ཆོས། ༼ཀུན་རྫོབ་རྟོགས་པའི་ཤེས་རབ།༽ འདི་ནི་རིག་པའི་གནས་ཆེ་བ་ལྔ་སྟེ། བཟོ་རིག་པ། གསོ་བ་རིག་པ། སྒྲ་རིག་པ། གཏན་ཚིགས་རིག་པ། ནང་དོན་རིག་པ་དང་ལྔའོ། ལྷག་པར་དུ་མངོན་རྟོགས་ལམ་གྱི་རིམ་པ་དང་དེ་དག་ཐོབ་པའི་ཐབས་དང་མཚན་མ་རྣམས་ཡིན།
༣༽ ཕན་འདོགས་ཚུལ། དེ་ཡང་སྡུག་བསྔལ་གྱི་མནར་བའི་འགྲོ་བ་ཡོངས་ལ་ཕན་འདོགས་ཚུལ། གོང་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ། བསམ་གཏན་གྱི་ཕལ་རོལ་ཏུ་ཕྱིན་པ་བཅས་ཀྱི་སྐབས་སུ་བཤད་པ་ལྟར། གང་ཟག་རིགས་བཅུ་གཅིག་ལ་ཕན་འདོགས་དགོས་པ་ཡིན།
ཤེས་རབ་ཀྱི་ཕར་ཕྱིན་ལ་བརྟེན་ནས་ང་ཚོས་ཆོས་རྣམས་མ་ནོར་བ་དང་ཐག་ཆོད་པོའི་སྒོ་ནས་རྣམ་པར་འབྱེད་ཀྱི་ཡོད་པ་ནི།
- གང་འཐོབ་པར་འདོད་པའི་དགེ་བའི་དམིགས་ཡུལ།
- དེ་དག་ཐོབ་པའི་ཕན་ཡོན།
- དེ་དག་མ་ཐོབ་པ་ལས་བྱུང་བའི་སྐྱོན།
- དམིགས་ཡུལ་དེ་དག་ཐོབ་པར་གནད་ལ་སྨིན་པའི་ཐབས་ལམ།
- ཐབས་ལམ་དེ་དག་མ་ནོར་བར་ཉམས་སུ་ལེན་ཚུལ།
- དེ་དག་ཉམས་སུ་ལེན་ཐབས་བྱེད་པའི་སྐབས་འབྱུང་སྲིད་པའི་བར་ཆད།
- བར་ཆད་དེ་དག་ལས་ཐར་ཚུལ། ཡང་ན་བར་ཆད་དེ་དག་སྤོང་བའི་ཚུལ།
ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་བྱུང་བའི་ཡང་དག་པའི་རྟོགས་པ་ཞིག་མེད་པར། ནང་པ་སངས་རྒྱས་པའི་ཆོས་ཀྱི་ཐབས་ལམ་རྣམས་རྨོངས་དད་ངང་ཉམས་ལེན་བྱེད་ན། རང་ཉིད་ཀྱི་དམིགས་ཡུལ་གང་ཡིན་པ་དང་། དམིགས་ཡུལ་དེ་འཛིན་དགོས་པའི་རྒྱུ་མཚན། དེ་སྒྲུབ་ཚུལ། རང་ཉིད་ཀྱི་བསྒྲུབ་བྱའི་དམིགས་ཡུལ་དེ་ཐོབ་པའི་མཚམས་སུ། ག་རེ་བྱེད་དགོས་མིན་བཅས་ཀྱི་སྐོར་ལ་ངེས་གཏན་མེད་པར་གྱུར་གྱི་ཡོད། ང་ཚོས་རང་ཉིད་ཀྱི་ཉམས་ལེན་དེ་དག་རང་འདོད་དོན་གཉེར་དང་མ་རིག་པའི་ཀུན་སློང་གིས་བསླད་ཅིང་། ཉོན་མོངས་པ་དང་སེམས་ཚོར་ངན་པས་འབགས་བཙོག་ཤོར་ནས། ང་ཚོའི་ལས་དོན་གང་ཞིག་ལམ་ལྷོང་ཡོང་བའི་གོ་སྐབས་ལ་ཉེན་ཁ་བཟོ་གི་ཡོད།
ཕ་རོལ་དུ་ཕྱིན་པ་དྲུག་ལས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི། ཚུལ་ཁྲིམས་དང་། བཟོད་པ། བརྩོན་འགྲུས། བསམ་གཏན་བཅས་ཕ་རོལ་དུ་ཕྱིན་པ་ལྷག་མ་ལྔ་པོ་ཉམས་ལེན་མ་ནོར་བ་ཞིག་ཡོང་བ་ལ་གལ་གནད་ཆེན་པོ་ཡིན། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་ཆོས་རྣམས་མ་ནོར་བ་དང་ཐག་ཆོད་པོའི་སྒོ་ནས་རྣམ་པར་འབྱེད་ཀྱི་ཡོད་པ་ནི།
- ང་ཚོས་ཡུལ་གང་ལ་དངོས་པོ་གང་ཞིག་སྦྱིན་འོས་པ་དང་མི་འོས་པ། གཞན་ཡང་རང་ཉིད་དང་། རང་གི་སྦྱིན་ཡུལ་གང་ཟག དེ་བཞིན་སྦྱིན་བྱའི་དངོས་པོ་གསུམ་གཉིས་ཀའི་རང་བཞིན་སྟོང་པ་ཉིད་ཡིན་པ་དེ་མ་ནོར་བར་ཤེས་པ་ལ་བརྟེན་ནས། ང་ཚོས་ཁེང་དྲེགས་དང་ཆགས་སེམས། འགྱོད་སེམས་བཅས་མེད་པར་གང་ཕན་ཐོགས་ཡོད་པ་རྣམས་སྦྱིན་པ་གཏོང་ཐུབ་པ་ཡིན།
- རང་གཞན་གཉིས་ཀར་གང་ཞིག་ཕན་པ་དང་གང་ཞིག་གནོད་པ་ཡིན་མིན། ལྷག་པར་དུ་འཁོར་བའི་སྡུག་བསྔལ་དང་ཞི་བ་མྱང་འདས་ཀྱི་དབྱིངས་ལ་གནས་པའི་སྐྱོན་ཆ་རྣམས་མ་ནོར་བར་ཤེས་པ་ལ་བརྟེན་ནས། རང་འདོད་དོན་གཉེར་གྱི་དམིགས་ཡུལ་སྒྲུབ་ཐབས་ཙམ་མིན་པར། འགྲོ་བ་སེམས་ཅན་གཅིག་པོའི་ཕན་བདེའི་ཆེད་དུ་ཁྲིམས་རང་བསྲུང་དང་སྡོམ་པ་རང་འཁུར་གྱིས་སྦྱོང་བརྡར་ཡང་དག་པར་བྱེད་པ་ཡིན།
- བཟོད་སྒོམ་མི་བྱེད་པའི་ཉེས་དམིགས་དང་བཟོད་པའི་ཕན་ཡོན་ཤེས་པ་ལ་བརྟེན་ནས། རང་གིས་གཞན་ཕན་གྱི་ལས་དོན་སྒྲུབ་སྐབས་གཞན་གྱིས་རང་ལ་མ་རུང་བའི་ཞེ་སྡང་སོགས་ཀྱི་ལན་སློག་ཀྱང་། དེར་རང་ཉིད་ཀྱིས་བྱམས་པ་དང་སྙིང་རྗེའི་སྒོ་ནས་བཟོད་སྒོམ་བྱེད་ཐུབ་པ་དང་། ཆོས་ཕྱོགས་ཀྱི་ཉམས་ལེན་ལ་འཕྲད་པའི་དཀའ་ངལ་ཚང་མར་ཁོང་ཁྲོ་མི་ཟ་བར་ཉམས་ལེན་དང་གདོང་ལེན་བྱེད་ཐུབ།
- ང་ཚོས་ཆོས་ཕྱོགས་ཀྱི་བསྒྲུབ་བྱ་ཞིག་སྒྲུབ་དགོས་པའི་རྒྱུ་མཚན་དང་། ཉམས་ལེན་བྱེད་པའི་ཐབས་ལམ་གྱིས་བསྒྲུབ་བྱ་དེའི་གོ་འཕང་ཇི་ལྟར་འཐོབ་ཀྱི་ཡོད་པ་བཅས་ཤེས་པ་ལ་བརྟེན་ནས། ང་ཚོས་རང་ཉིད་ཀྱི་ཉམས་ལེན་ལ་ལེ་ལོ་སྐྱེ་བ་དང་སེམས་ཤུགས་ཆག་པ་སོགས་ལམ་ཕྱེད་ཙམ་ནས་བློས་མི་གཏོང་བར། བརྩོན་འགྲུས་ཀྱིས་ཉམས་ལེན་རྒྱུན་འཛིན་བྱེད་ཀྱི་ཡོད།
- གང་ཞིག་དངོས་པོའི་གནས་ལུགས་ཡིན་པ་དང་། གང་ཞིག་ཡིན་པ་མི་སྲིད་པ་ལས་གྲུབ་པའི་རྟོག་པའི་འཆར་སྣང་ཙམ་ཡིན་ཤེས་པ་ལ་བརྟེན་ནས། དངོས་པའི་རང་བཞིན་ངོ་མ་དེར་སེམས་རྩེ་གཅིག་པའི་བསམ་གཏན་གྱིས་དམིགས་ན། ང་ཚོ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་ཀྱི་ཡོད། དེར་མ་ཟད། རང་གི་བསྒྲུབ་བྱ་ལ་རྣམ་པར་འབྱེད་པའི་ཤེས་རབ་དེས། སྒོམ་པའི་གནས་སྐབས་སུ་རང་ཉིད་ལ་ཐོབ་པའི་ཞི་བ་དང་འགོག་པའི་བདེ་བ་ལ་མངོན་པར་མ་ཆགས་པར་རང་གི་དམིགས་ཡུལ་ལྟར་གཞན་ཕན་སྒྲུབ་པའི་ལས་ལ་བརྩོན་པ་ཡིན།
ཕ་རོལ་ཏུ་ཕྱིན་པ་བཅུ།
ཕ་རོལ་ཏུ་ཕྱིན་པ་བཅུའི་རེའུ་མིག་བཀོད་པའི་སྐབས་ཕར་ཕྱིན་མཐའ་མ་བཞི་ནི་ཆོས་རྣམ་པར་འབྱེད་པའི་ཤེས་རབ་ཀྱི་དབྱེ་བ་ཡིན། དེ་དག་ནི།
- རྒྱ་ཆེ་ལ་ཕུགས་རྒྱང་རིང་པོའི་ཐབས། ༼ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ།༽ འདི་ནི་ནང་གི་རྟོགས་པའམ་ཆོས་ཀྱི་གནས་ལུགས་རྟོགས་པ་དང་། ཕྱིའི་སྒོ་ནས་གཞན་ཐམས་ཅད་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་པར་བྱེད་པ་ལ་དམིགས་ཤིང། ཧ་ཅང་ནུས་པ་དང་ལྡན་ཞིང་། འོས་ཤིང་འཚམས་པའི་ཐབས་ལམ་དང་འབྲེལ་བའི་དམིགས་བསལ་གྱི་ཆོས་རྣམ་པར་འབྱེད་པའི་ཤེས་རབ་ཅིག་ཡིན།
- རྒྱ་ཆེ་ལ་ཕུགས་རྒྱང་རིང་པོའི་སྨོན་ལམ། ༼སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ།༽ འདི་ནི་རང་ཉིད་ཚེ་རབས་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་ཞིང། བར་མཚམས་མེད་པར་དུས་རྟག་ཏུ་གཞན་དོན་གྱི་བྱ་བ་རྒྱུན་མཐུད་ནས་སྒྲུབ་པ་དང་འབྲེལ་བའི་རང་ཉིད་ཀྱིས་གང་སྨོན་པར་བྱེད་པའི་དམིགས་བསལ་གྱི་ཆོས་རྣམ་པར་འབྱེད་པའི་ཤེས་རབ་ཅིག་ཡིན།
- རྒྱ་ཆེ་ལ་ཕུགས་རྒྱང་རིང་པོའི་སྟོབས། ༼སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ།༽ འདི་ནི་དཔྱད་སྒོམ་དང་འཇོག་སྒོམ་ལས་ཐོབ་པའི་དམིགས་བསལ་གྱི་ཆོས་རྣམ་འབྱེད་ཀྱི་ཤེས་རབ་ཅིག་ཡིན། འདི་ཡིས་རང་རྒྱུད་ཀྱི་ཕ་རོལ་དུ་ཕྱིན་པའི་རྟོགས་པ་དེ་རྒྱ་སྐྱེད་གཏོང་བར་བཀོལ་སྤྱོད་བྱེད་པ་དང་། འདོད་ཆགས་སོགས་མི་མཐུན་ཕྱོགས་ཀྱིས་འཇོམས་མི་འཇུག་པ་ཡིན།
- རྒྱ་ཆེ་ལ་ཕུགས་རྒྱང་རིང་པོའི་ཡེ་ཤེས། ༼ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ།༽ ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་ཡང་དག་པར་རྟོགས་པ་དེ་རང་གི་སེམས་དང་ཡོངས་སུ་མཉམ་སྡེབ་ཀྱིས་བཀོལ་སྤྱོད་བྱེད་པ་ལ་བརྟེན་ནས། ཆོས་ཐམས་ཅད་ཀྱི་ཕྱི་ཚུལ་ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པའི་སྐོར་དུས་མཉམ་དུ་རྟོགས་ཐུབ་པའི་དམིགས་བསལ་གྱི་ཆོས་རྣམ་འབྱེད་ཀྱི་ཤེས་རབ་ཅིག་ཡིན།
ཕྱོགས་བསྡོམས།
ང་ཚོས་ཆོས་རྣམ་འབྱེད་ཀྱི་ཤེས་རབ་ལ་བརྟེན་ནས། རང་ཉིད་ཀྱིས་ཉམས་ལེན་གང་ཞིག་བྱེད་ཀྱང་དེའི་ཕན་ཡོན་དང་ཉམས་ལེན་དེས་གང་ཞིག་ལས་ཐར་དགོས་པ་དེའི་སྒང་ལ་མུ་མཐུད་གནས་པའི་སྐྱོན་ཆ་གང་ཡིན་པ་གསལ་པོ་དང་ཐག་ཆོད་པོའི་སྒོ་ནས་དབྱེ་བ་འབྱེད་ཅིང། རྟོགས་པ་དང་ངེས་ཤེས་བརྟན་པོ་འདིའི་རྒྱབ་རྟེན་དང་། བྱམས་པ་དང་། སྙིང་རྗེ། བྱང་ཆུབ་ཀྱི་ཀུན་སློང་གཡོ་བ་མེད་པའི་སྟོབས་ཀྱིས། ང་ཚོས་ཆོས་ཀྱི་ཉམས་ལེན་གང་འདྲ་ཞིག་བྱེད་ནའང་། དེ་དག་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པ་དང་། གཞན་སེམས་ཅན་ཀུན་ལ་ཕན་པ་གང་ཐུབ་ཅི་ཐུབ་ཀྱིས་སྒྲུབ་ཐུབ་པ་ལ་གནད་དུ་སྨིན་པ་ཆགས་ཀྱི་ཡོད།།