སངས་རྒྱས་བཅོམ་ལྡན་འདས་ཀྱིས་ང་ཚོའི་མི་ཚེའི་ནང་གི་བཟང་ཕྱོགས་ཀྱི་དམིགས་ཡུལ་ག་འདྲ་ཞིག་སྒྲུབ་འདོད་ཡོད་ཀྱང་གལ་ཆེ་བའི་སེམས་ཀྱི་གནས་བབས་དྲུག་པོ་དེ་རྣམས་ཡར་རྒྱས་གཏོང་དགོས་པའི་ལམ་སྟོན་གནང་ཡོད། ཕ་རོལ་ཏུ་ཕྱིན་པ་ལ་ཨིན་སྐད་དུ་ནམ་རྒྱུན་ “perfections” “ཡང་དག་པའམ་མཐར་ཕྱིན་པ་” ཞེས་བསྒྱུར་ཡོད་པ་ནི། སངས་རྒྱས་རྣམས་ལ་ཡོན་ཏན་དེ་དག་མཐར་ཕྱིན་པ་མངའ་ཞིང་། ང་ཚོས་ཀྱང་ཐར་པ་དང་ཐམས་ཅན་མཁྱེན་པའི་གོ་འཕང་ཐོབ་ཐུབ་ཀྱི་ཡོད་པས་ཡིན། ངས་དེ་དག་ལ་“རྒྱ་ཆེ་ལ་ཕུགས་རྒྱང་རིང་པོའི་བསམ་ཕྱོགས་”ཤེས་དགའ་འདེམས་བྱེད་ཀྱི་ཡོད། དེ་ཡང་ལེགས་སྦྱར་སྐད་དོད་ཀྱི་པཱར་མིཏཱ་དང་འཚམས་པ་ཞིག་འདུག གང་ཡིན་ཞེ་ན། ཕར་ཕྱིན་དེ་དག་ལ་བརྟེན་ནས་ང་ཚོ་སྡུག་བསྔལ་གྱི་རྒྱ་མཚོའི་ཕ་རོལ་ངོགས་སུ་སླེབས་ཐུབ་ཀྱི་ཡོད་པས་ཡིན།
ང་ཚོས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་རྣམས་མཐོང་བདེ་བའི་ཐོ་གཞུང་ལྟ་བུར་ཉར་ཚགས་མི་བྱེད་པར། དེ་དག་ནི་ཉིན་རེའི་མི་ཚེའི་ནང་མཉམ་སྡེབ་ཀྱིས་ལག་ལེན་བསྟར་དགོས་པའི་སེམས་ཀྱི་གནས་བབས་རྣམས་ཡིན། ལམ་རིམ་ནང་གསུངས་པའི་ཀུན་སློང་གི་རིམ་པ་གསུམ་ལྟར་ན། དེ་རྣམས་ང་ཚོའི་མི་ཚིའི་ནང་གོང་འཕེལ་དུ་གཏོང་རྒྱུ་དེ་ད་ལྟ་ང་ཚོ་ལ་ཕན་ཡོན་ཧ་ཅང་ཆེན་པོ་སྤྲོད་ཀྱི་ཡོད།
- ཕར་ཕྱིན་དྲུག་པོ་དེ་དག་གིས་ང་ཚོའི་དཀའ་ངལ་ལས་གཡོལ་ཐབས་དང་སེལ་ཐབས་བྱེད་ཐུབ།
- ཕར་ཕྱིན་དྲུག་པོ་དེ་དག་གིས་ང་ཚོ་ལ་ཡོད་པའི་ཉོན་མོངས་པ་དང་སེམས་ཀྱི་གནས་བབས་ངན་པ་རྣམས་མེད་པ་བཟོ་བ་ལ་རོགས་རམ་བྱེད་ཐུབ།
- ཕར་ཕྱིན་དྲུག་པོ་དེ་དག་གིས་གཞན་ལ་ཕན་ཐོགས་ཡག་ཤོས་བྱེད་པའི་ནུས་ཤུགས་དེ་ང་ཚོར་སྤྲོད་ཐུབ།
ང་ཚོས་བཟང་ཕྱོགས་ཀྱི་ཡོན་ཏན་འདི་རྣམས་ཡར་རྒྱས་གཏོང་ཆེད་སྦྱོང་བརྡར་བྱེད་པའི་སྐབས་སུ་དམིགས་ཡུལ་འདི་དག་ལས་གཅིག་གམ་གཉིས་སེམས་ལ་བཞག་ན། དེ་དག་གིས་མུ་མཐུད་ནས་ནུས་ཤུགས་ཆེ་རུ་སྤེལ་བར་སྐུལ་མ་ཤུགས་ཆེན་བྱེད་ཀྱི་ཡོད།
༡༽ སྦྱིན་པ།
སྦྱིན་པ་ནི་གཞན་ལ་གང་དགོས་ཤིང་མཁོ་བ་དེ་སྟེར་ཕོད་པའི་འདུན་སེམས་ཞིག་ལ་ཟེར་བ་ཡིན། སྦྱིན་པའི་ཕན་ཡོན་ནི།
- སྦྱིན་པ་གཏོང་བ་དེས། གཞན་ལ་མཐུན་སྦྱོར་རོགས་རམ་བྱེད་ཐུབ་ཀྱི་འདུག་བསམ་པའི་རང་གིས་རང་ལ་བརྩི་མཐོང་ཡོད་པའི་ཚོར་བ་ཞིག་སྤྲོད་པ་དང་། དེ་ལ་བརྟེན་ནས་རང་གིས་རང་ལ་བརྩི་མཐོང་ཆུང་བ་དང་ཡིད་ཞུམ་པའི་དཀའ་ངལ་ལས་ཐར་བའམ། ཡང་ན་དེ་དག་སྤོང་བ་ལ་རོགས་རམ་བྱེད་ཀྱི་ཡོད།
- སྦྱིན་པ་གཏོང་བ་དེས། ང་ཚོར་ཡང་ནས་ཡང་དུ་དཀའ་ངལ་གྱི་རིགས་འབྱུང་བར་བྱེད་པའི་སེམས་ཀྱི་གནས་བབས་མི་སྐྱིད་པ་འདོད་ཆགས་དང། སེར་སྣ། ཧ་ཅང་རང་འདོད་ཚ་པོ་སོགས་ལས་ཐར་བ་ལ་རོགས་རམ་བྱེད་ཀྱི་ཡོད།
- སྦྱིན་པ་གཏོང་བ་དེས། གཞན་ལ་ཁ་ཚ་དགོས་གཏུགས་ཀྱི་ཕན་ཐོགས་སྒྲུབ་ཐུབ་པ་ཡིན།
༢༽ བཟང་སྤྱོད་ཀྱི་ཁྲིམས་རང་སྲུང་། ༼ཚུལ་ཁྲིམས།༽
བཟང་སྤྱོད་ཀྱི་ཁྲིམས་རང་སྲུང་ངམ་ཚུལ་ཁྲིམས་ནི་གནོད་བྱེད་མི་དགེ་བའི་སྤྱོད་ལམ་གྱི་ཉེས་དམིགས་རྟོགས་པའི་སྒོ་ནས་དེ་དག་སྤོང་བ་དེ་ཡིན། ཚུལ་ཁྲིམས་ཀྱི་ཕན་ཡོན་ནི།
- ཚུལ་ཁྲིམས་སྲུང་བ་དེས། གནོད་འཚེ་ཅན་གྱི་བྱ་བ་བྱེད་པ་དང་། སྐད་ཆ་བཤད་པ། བསམ་བློ་གཏོང་བ་བཅས་ལས་བྱུང་བའི་དཀའ་ངལ་ཡོངས་སུ་རྫོགས་པ་སྤོང་ཐུབ་པ་བཟོ་བ་དང། འདི་ལ་བརྟེན་ནས་གྲོགས་འདྲིས་ཀྱི་རྨང་གཞི་ཡིན་པའི་གཞན་ལ་ཡིད་ཆེས་ཀྱི་གཞི་རྟེན་ཞིག་བསྐྲུན་གྱི་ཡོད།
- ཚུལ་ཁྲིམས་སྲུང་བ་དེས། ང་ཚོའི་ངང་ངམ་ཤུགས་ཀྱི་མི་དགེ་བའི་སྤྱོད་ལམ་ལས་ཐར་ནས་རང་ཚོད་ཟིན་པའམ་རང་གིས་རང་བཅུན་པའི་བསམ་བློ་ཡར་རྒྱས་གཏོང་བ། ཞི་བདེ་ལྷིང་འཇགས་ཡོང་བ། དེ་བཞིན་སེམས་ཇེ་བརྟན་དུ་བཟོ་བ་བཅས་ལ་རོགས་རམ་བྱེད་ཀྱི་ཡོད།
- ཚུལ་ཁྲིམས་སྲུང་བ་དེས། གཞན་ལ་གནོད་འཚེའི་བྱ་བ་རྩོམ་པ་ལས་ཟློག་ཐབས་བྱེད་ཀྱི་ཡོད།
༣༽ བཟོད་པ།
བཟོད་པ་ནི་སེམས་ནང་ཁོང་ཁྲོ་དང་དཀྲོག་རྐྱེན་མེད་པའི་སྒོ་ནས་དཀའ་ངལ་གྱི་རིགས་གང་འདྲ་ཞིག་ཡིན་ནའང་བཟོད་སྒོམ་བྱེད་པའི་ནུས་པ་ཞིག་ཡིན། བཟོད་པའི་ཕན་ཡོན་ནི།
- བཟོད་པ་སྒོམ་པ་དེས། ང་ཚོའམ་གཞན་གྱི་ནོར་འཁྲུལ་བྱས་པའམ། ཡང་ན་དོན་དག་མ་སྒྲུབ་པའི་སྐབས་སུ་མིག་སྔར་མི་མཛེས་པའི་གནས་སྟངས་བསྐྲུན་རྒྱུ་དེ་སྤོང་ཐུབ་པར་བྱེད་ཀྱི་ཡོད།
- བཟོད་པ་སྒོམ་པ་དེས། ཁོང་ཁྲོ་དང་། བཟོད་བསྲན་མེད་པ། ངང་རྒྱུད་ཐུང་བ་སོགས་པའི་ཉོན་མོངས་པ་དག་ལས་ཐར་བར་བྱེད་པ་དང་། དཀའ་ངལ་དང་འཕྲད་པའི་སྐབས་དེར་ལྷིང་འཇགས་སུ་གནས་ནས་གདོང་ལེན་བྱེད་ཐུབ།
- བཟོད་པ་སྒོམ་པ་དེས། ང་ཚོས་གཞན་ལ་ཕན་ཐོགས་ཡག་ག་བྱེད་ཐུབ་པར་བཟོ་གི་ཡོད། གང་ཡིན་ཞེ་ན། གཞན་གྱིས་ང་ཚོའི་བསླབ་བྱ་ལ་མི་བརྩི་བ་དང་། ནོར་འཁྲུལ་བྱེད་པ། རྒྱུ་མཚན་དང་མི་ལྡན་པའི་ལས་ཀ་བྱེད་པ་དང་སྐད་ཆ་བཤད་པའམ། ཡང་ན་ང་ཚོ་དཀའ་ལས་ཁག་པོ་བཟོ་བའི་སྐབས་སུ་ང་ཚོས་ཁོ་ཚོ་ལ་ཁོང་ཁྲོ་ཟ་གི་མེད།
༤༽ བརྩོན་འགྲུས།
བརྩོན་འགྲུས་ནི་གནས་སྟངས་དཀའ་ལས་ཁག་པོ་ཆགས་པའི་སྐབས་སུ་སེམས་ཤུགས་མི་ཆག་པར་མུ་མཐུད་ནས་འགྱུར་བ་མེད་པའི་མཐར་སྐྱེལ་གྱི་འབད་བརྩོན་བྱེད་པའི་དཔའ་བོའི་བློ་ཁོག་དེ་ལ་ཟེར། འདིའི་ཕན་ཡོན་ནི།
- བརྩོན་འགྲུས་བྱེད་ན། ང་ཚོས་ལས་དོན་གང་ཞིག་འགོ་བཙུགས་ཟིན་པ་དེ་ལ་སེམས་ཤུགས་མ་ཆག་པར་མཇུག་སྐྱེལ་ཐུབ་པའི་ནུས་ཤུགས་སྤྲོད་ཀྱི་ཡོད།
- བརྩོན་འགྲུས་བྱེད་ན། ང་ཚོ་ལས་ཀ་ཆུང་ཙག་རིགས་ལ་རྣམ་གཡེང་ཤོར་བའི་སྐབས་སུ་ཕྱི་བཤོལ་གྱི་ལེ་ལོ་དང་ལྡེང་མིན་གྱི་ཚོར་བ་རྣམས་ལས་ཐར་བར་བྱེད་ཀྱི་ཡོད།
- བརྩོན་འགྲུས་བྱེད་ན། ལས་ཀ་དཀའ་ལས་ཁག་ཤོས་རྣམས་ལམ་ལྷོང་ལེགས་གྲུབ་ཐུབ་པ་བཟོ་བ་དང་། རོགས་པ་བྱེད་ཁག་ཤོས་ཀྱི་མི་རྣམས་ལའང་རོགས་རམ་བྱེད་རྒྱུའི་སེམས་ཤུགས་དེ་ཆག་མི་འཇུག་པ་ཡིན།
༥༽ སེམས་བརྟན་པའི་རང་བཞིན། ༼བསམ་གཏན།༽
སེམས་བརྟན་པའི་རང་བཞིན་ ༼བསམ་གཏན་༽ ཞེས་པ་ནི་སེམས་གཡེང་བ་དང་། བྱིང་བ། སེམས་ཚོར་གྱི་དཀྲོག་རྐྱེན་སོགས་ལས་ཡོངས་སུ་བྲལ་བའི་སེམས་ཀྱི་གནས་བབས་ཤིག་ལ་ཟེར། བསམ་གཏན་གྱི་ཕན་ཡོན་ནི།
- བསམ་གཏན་གྱིས་ང་ཚོས་ག་རེ་བྱེད་བཞིན་ཡོད་ནའང་དེ་ལ་དམིགས་པ་གཅིག་ཏུ་གཏད་ནས་གནས་ཐུབ་པར་བྱེད་པས། ནོར་འཁྲུལ་དང་གློ་བུར་གྱི་རྐྱེན་ངན་ལས་ཟློག་ཐབས་བྱེད་ཐུབ་པ་ཡིན།
- བསམ་གཏན་གྱིས་སེམས་ངལ་དང། བློ་འཚབ། ཚད་ལས་བརྒལ་བའི་དགའ་སྣང་། སེམས་སྟོང་ལྷང་ལྷང་གི་རྣམ་གཡེང་ཤོར་བའམ་སེམས་ཚོར་གྱི་དཀྲོག་རྐྱེན་བྱུང་བ་སོགས་ལས་ཐར་བར་བྱེད་ཐུབ་པ་ཡིན།
- བསམ་གཏན་ལ་གོམས་ན། གཞན་གྱིས་བཤད་བཞིན་པའི་གཏམ་དང་ཁོ་ཚོས་བྱ་སྤྱོད་ག་འདྲ་སྤེལ་གྱི་ཡོད་པའི་ཐད་ལ་དོ་སྣང་སྤྲོད་ཐུབ་པས། ང་ཚོས་གཞན་ལ་ཕན་ཐོགས་ག་འདྲ་བྱེད་དགོས་པ་དེ་ཡག་ག་ཧ་གོ་ཐུབ་ཀྱི་ཡོད།
༦༽ ཆོས་རྣམ་འབྱེད་ཀྱི་རིག་པ། ༼ཤེས་རབ།༽
ཆོས་རྣམ་པར་འབྱེད་པའི་རིག་པའམ་ཤེས་རབ་ནི། ཆོས་རྣམས་ལ་ཡང་དག་པ་དང་ངེས་བརྟན་ཡོད་པའི་སྒོ་ནས་གང་ཞིག་ཚུལ་མཐུན་ཡིན་པ་དང་མ་ཡིན་པ། གང་ཞིག་འགྲིག་པ་དང་ནོར་བ་སོགས་རྣམ་པར་འབྱེད་པའི་སེམས་ཀྱི་གནས་བབས་དེ་ལ་ཟེར། ཤེས་རབ་ཀྱི་ཕན་ཡོན་ནི།
- ཤེས་རབ་དང་ལྡན་པ་ཡིན་ན། གནས་སྟངས་བྱེ་བྲག་པ་ཞིག་གི་ནང་དུ་བྱ་བ་གང་ཞིག་བྱེད་དགོས་མིན་མ་ནོར་བར་གསལ་པོར་མཐོང་འཇུག་སྟེ། མ་འོངས་པར་འགྱོད་པ་སྐྱེ་རུང་གི་བྱ་བ་བྱེད་པ་ལ་བཀག་འགོག་བྱེད་ཀྱི་ཡོད།
- ཤེས་རབ་དང་ལྡན་པ་ཡིན་ན། བློ་ཐག་མ་ཆོད་པ་དང་རྨོངས་པ་ལས་ཐར་བར་བྱེད་ཀྱི་ཡོད།
- ཤེས་རབ་དང་ལྡན་པ་ཡིན་ན། གཞན་གྱི་གནས་སྟངས་ལ་ཚོད་དཔག་མ་ནོར་བར་བྱས་ནས་གཞན་ལ་ཕན་ཐོགས་ཆེ་ཤོས་ཀྱི་བྱ་བ་གང་ཞིག་བྱེད་དགོས་པ་དང་སྐད་ཆ་གང་ཞིག་བཤད་དགོས་པ་ཤེས་པར་བྱེད་ཀྱི་ཡོད་པ་བཅས་སོ།།