ཡུལ་མི་རང་བཞིན་པའི་སྐད་ལུགས་ཀྱི་ནང་བདེན་པ་བཞི།
ཐེངས་འདིར་ཡང་བསྐྱར་ཕྲན་འདི་ག་ཧ་ལ་པའི་ (Xalapa) གྲོང་ཁྱེར་དུ་སླེབས་པར་ཧ་ཅང་དགའ་པོ་བྱུང་། དོ་དགོང་གི་བརྗོད་གཞི་ནི་ལས་ཀྱི་རྣམ་གཞག་སྐོར་ཤོད་དགོས་པའི་རེ་སྐུལ་གནང་སོང་། ང་ཚོས་ནང་ཆོས་ཀྱི་བརྗོད་གཞི་ཁ་ཤས་ཐོག་ལ་སློབ་སྦྱོང་བྱེད་པའི་སྐབས་སུ། ག་རེ་བྱས་ནས་སློབ་སྦྱོང་བྱེད་ཀྱི་ཡོད་པ་དང་། དེའི་གལ་གནད་གང་ཡིན་པ། དེ་བཞིན་སློབ་སྦྱོང་བྱེད་པ་དེ་ནང་ཆོས་ཀྱི་རྩ་དོན་ཡོངས་རྫོགས་དང་ཇི་ལྟར་མཐུན་གྱི་ཡོད་པའི་ཐད་ལ་བསམ་ཤེས་མི་ཉུང་བ་ཞིག་ཡོད་དགོས་པ་དེ་གལ་ཆེན་པོ་ཡིན་པ་བཤད་མི་དགོས་པ་ཞིག་རེད། སངས་རྒྱས་ཀྱིས་གཞི་རྩའི་ཆ་ནས་ང་ཚོ་ཚང་མའི་ཉམས་མྱོང་གི་སྐོར་ལ་ཆོས་གསུངས་ཡོད་པ་རེད། ང་རང་ཚོའི་མི་ཚེའི་ནང་ག་རེ་མྱོང་གི་ཡོད་པ་དང་ག་རེ་འབྱུང་བཞིན་ཡོད་པ་སོགས་རེད། ང་ཚོ་ཚང་མས་མྱོང་བའི་གཞི་རྩའི་ཆོས་གཙོ་བོ་དེ་གང་ཡིན་ནམ། དེ་ནི་མཚམས་མཚམས་སྡུག་བསྔལ་མྱོང་བ་དང་མཚམས་མཚམས་བདེ་བ་མྱོང་གི་ཡོད་པ་དེ་ཡིན། འདི་ནི་ང་ཚོས་མི་ཚེ་ཉམས་སུ་མྱོང་སྟངས་མྱོང་ལུགས་དེ་ཡིན། རེད་དམ་མ་རེད།
ང་ཚོས་མཚམས་རེ་སྡུག་བསྔལ་དང་མཚམས་རེར་བདེ་བ་མྱོང་བའི་གནས་སྟངས་ལ་དཔྱད་པ་བྱེད་པའི་སྐབས། དེའི་ནང་དཀའ་ངལ་མང་པོ་ཞིག་འབྲེལ་ནས་ཡོད་པ་ཤེས་རྟོགས་ཡོང་གི་ཡོད། ང་ཚོ་སྐྱིད་པོ་མེད་པའི་སྐབས་སུ་བཤད་མི་དགོས་པ་ལྟར། དེ་ནི་སྡུག་བསྔལ་རེད། མི་སུ་གཅིག་ཀྱང་མི་སྐྱིད་པ་ཆགས་འདོད་མེད། ཡོད་དམ། སྐྱིད་པོ་མེད་པའི་གནས་སྟངས་དེ་ཡང་གྲོགས་པོས་རང་ཉིད་གཡུགས་ནས་ཕྱིན་པ་དང་། མི་སྙན་པའི་ཚིག་ངན་རིགས་ཐོས་པ། དེ་ག་ནང་བཞིན་སེམས་ཚོར་འདྲ་མིན་གྱི་ཐོག་ནས་གནས་ཚུལ་འདྲ་མིན་ལ་བསམ་བློ་བཏང་བ་ལས་ཀྱང་མི་སྐྱིད་པ་ཆགས་སྲིད་པ་ཡིན། འོན་ཀྱང་། མཚམས་རེར་ང་ཚོ་མི་སྐྱིད་པ་ཆགས་ནའང་། དེ་ང་ཚོས་དངོས་སུ་གང་མཐོང་བ་དང་ཐོས་པ། ཡང་ན་རང་ཉིད་ཀྱི་ཉེ་འཁོར་དུ་གང་འབྱུང་བཞིན་པ་ལ་མ་ལྟོས་པའམ་འབྲེལ་བ་རྩ་ནས་མེད་པ་ལྟ་བུར་ཚོར་གྱི་ཡོད། དེ་ནི་དཀའ་ངལ་ཞིག་ཡིན། རེད་དམ་མ་རེད།
འོ་ན། བདེ་སྐྱིད་ཟེར་བ་དེ་གང་ཡིན་ནམ། མཚམས་མཚམས་ང་ཚོ་སྐྱིད་པོ་ཡོད་རེད། རེད་དམ་མ་རེད། ང་ཚོས་སྐྱིད་པོ་ཚོར་བ་དེ་ཡང་གནས་སྟངས་ཡག་པོ་ཞིག་མཐོང་བ་དང་། གནས་ཚུལ་ཡག་པོ་ཞིག་ཐོས་པ། རང་གི་དགའ་ཉེའི་ཕྱོགས་ནས་གནས་ཚུལ་ཐོས་པ། དེ་ག་ནང་བཞིན་མི་གཞན་ཞིག་དང་མཉམ་དུ་དུས་ཚོད་ཧ་ཅང་སྐྱིད་པ་ཞིག་བྱུང་བ་དེ་དྲན་པ་དང་། དེའི་སྐོར་ལ་བསམ་བློ་བཏང་ནས་སྐྱིད་པོ་ཚོར་གྱི་ཡོད། ཡིན་ནའང་ང་ཚོས་དེའི་ཐད་གཏིང་ཟབ་ཙམ་བལྟས་པའི་སྐབས་སུ། དེ་ལྟ་བུའི་བདེ་སྐྱིད་དེ་ཡང་དཀའ་ངལ་ཁ་ཤས་དང་འབྲེལ་ནས་ཡོད་པ་ཤེས་ཀྱི་ཡོད། གཅིག་ནས་བདེ་སྐྱིད་དེ་ཡུན་དུ་གནས་པ་ཞིག་མ་རེད་ལ། དེ་ག་ཚོད་བར་དུ་གནས་ཀྱི་ཡོད་ང་ཚོས་ཤེས་ཀྱི་མེད། འོན་ཀྱང་བདེ་སྐྱིད་དེས་ཚིམས་པའི་བཟོ་འདྲ་ཞིག་རྩ་ནས་ཡོང་གི་མེད། ང་ཚོས་ཁ་ལག་ཐུར་མ་གང་ཟས་ཀྱང་། དེས་འགྲིག་གི་མེད། ད་དུང་གང་མང་མང་ཟ་འདོད་བྱེད་ཀྱི་ཡོད། དོན་ངོ་མར། ཁྱེད་རང་དངོས་གནས་དྲང་གནས་སྤྲོ་པོ་དང་སྐྱིད་པོ་ཡོང་བ་ལ། ཁ་ལག་ག་ཚོད་ཙམ་ཞིག་ཟ་དགོས་སམ། ཞེས་པ་འདི་ནི་དོ་སྣང་བྱེད་འོས་པའི་དྲི་བ་ཞིག་རེད། དེའི་སྐོར་ལ་བསམ་བློ་གཏོང་དགོས། གཉིས་ནས་བདེ་སྐྱིད་ལ་སྐྱོན་གྱི་ཆ་གཞན་ཞིག་ནི། ང་ཚོས་རྗེས་སུ་གང་ཡོང་གི་ཡོད་ཤེས་ཚོད་མི་ཐིག་པ་དེ་རེད། ང་ཚོ་རྗེས་ཀྱི་སྐར་མ་ཁ་ཤས་ནང་སྐྱིད་པོ་ཡོང་སྲིད་ལ་མི་སྐྱིད་པའང་ཡོང་སྲིད། དེ་ནི་འགྱུར་བ་འགྲོ་གི་ཡོད། བྱས་ཙང་། བདེ་སྐྱིད་ལ་བརྟན་ཆ་དང་ཉེན་སྲུང་མེད་པ་རེད།
དངོས་གནས་བྱས་ན། ནང་ཆོས་ནང་འདི་འདྲ་བའི་བདེ་བ་དང་སྡུག་བསྔལ་ལ་གོ་རྟོགས་དང་དཔྱད་པ་བྱེད་པ་ནི་ཐུན་མོང་མ་ཡིན་པ་ཞིག་གང་ཡང་མིན། འཛམ་གླིང་ནང་གི་དྲན་དབང་བསམ་ཞིབ་བྱེད་མཁན་མང་པོས་དེའི་ཐད་བསམ་ཞིབ་དང་ལམ་སྟོན་བྱས་ཡོད། འོན་ཀྱང་སངས་རྒྱས་ཀྱིས་གང་གསུངས་པ་དང་། ཁོང་གིས་གང་མཁྱེན་པ་དེ་ནི་གཏིང་ཟབ་པའི་དཀའ་ངལ་ལམ་སྡུག་བསྔལ་གྱི་རིགས་ཤིག་ཡིན། ཁོང་གིས་ཚང་མའི་མི་ཚེའི་ནང་གི་དགའ་སྡུག་གི་ཚོར་བའི་གནས་སྟངས་ཡང་ནས་ཡང་དུ་འཕེལ་འགྲིབ་འགྲོ་བཞིན་པའི་ཐད་ལ་གཏིང་ཟབ་པོའི་སྒོ་ནས་གཟིགས་ཏེ། ཁོང་གིས་གང་མཁྱེན་རྟོགས་བྱུང་བ་རེད་ཅེ་ན། དེ་ལྟར་དགའ་སྡུག་གི་འཕེལ་འགྲིབ་འབྱུང་བའི་རྒྱུ་གཙོ་བོ་ནི། ང་ཚོས་མྱོང་བའི་སྐད་ཅིག་རེ་རེའི་ཆ་ཤས་ཡིན་པ་མཁྱེན་རྟོགས་བྱུང་བ་རེད། ཕྱོགས་གཞན་ཞིག་ནས་བཤད་ན། ང་ཚོས་དགའ་སྡུག་འཕེལ་འགྲིབ་ཀྱི་སྒོ་ནས་གང་ཉམས་སུ་མྱོང་བ་དེ་ལ་བརྟེན་ནས་སྡུག་བསྔལ་ལམ་ཚིམས་ཡག་མེད་པའི་གནས་སྟངས་ཞིག་རྒྱུན་སྲིང་བར་བྱེད་ཀྱི་ཡོད།
དེ་ལྟར་སངས་རྒྱས་ཀྱིས་གཟིགས་ཞིབ་གནང་ནས་སྐད་ཅིག་རེ་རེའི་ནང་ཡོད་པའི་རྒྱུ་དང་། རྒྱུ་དེས་སྡུག་བསྔལ་ལམ་ཚིམས་རྒྱུ་མེད་པའི་གནས་སྟངས་རྒྱུན་སྲིང་གི་ཡོད་པ་ནི་དངོས་པོའི་གནས་ལུགས་ལ་རྨོངས་པ་དེ་ཡིན་པ་མཁྱེན་ཡོད། ཕྱོགས་གཞན་ཞིག་ནས་ང་ཚོ་ཇི་ལྟར་ཡོད་པ་དང་། རང་གི་ཉེ་འཁོར་དུ་ཡོད་པ་ཚང་མ་ཇི་ལྟར་ཡོད་པ། འཇིག་རྟེན་འདི་ཇི་ལྟར་ཡོད་ཚུལ་ཐད་ལ་རྨོངས་པ་དེ་ཡིན།
འདི་དང་མི་གཞན་དག་མང་པོ་ཞིག་གིས་གང་བཤད་པ་གཉིས་ཀྱི་དབར་ལ་ཁྱད་པར་ཆེན་པོ་ཡོད། དཔེར་ན། གཞན་དག་ཁ་ཤས་ཀྱིས། ང་ཚོས་མྱོང་བའི་དགའ་སྡུག་གི་འཕེལ་འགྲིབ་ཡོང་བ་དེ་ནི་གཞི་རྩའི་ཁྲིམས་ལ་བཀའ་བརྩི་དང་ལེན་བྱེད་པ་དང་མི་བྱེད་པའི་རྒྱུ་མཚན་ལ་བརྟེན་ནས་ལེགས་སྐྱེས་དང་ཉེས་ཆད་ཐོབ་པ་ཞིག་ཡིན་ཞེས་བཤད་ཀྱི་ཡོད། བྱས་ཙང་། སློབ་སྟོན་པ་མང་པོའི་བསམ་ཚུལ་ལྟར་བྱས་ན། བདེ་སྐྱིད་དང་སྡུག་བསྔལ་མྱོང་བའི་གཞི་རྩའི་གནད་དོན་དེ་ནི་བཀའ་བརྩི་དང་ལེན་ཡོད་མེད་ལ་ཐུག་ནས་ཡོད། འོན་ཀྱང་སངས་རྒྱས་ཀྱིས། གནད་དོན་དེ་ལྟར་མིན་པར་གསུངས་ཡོད། དེ་ལྟར་བྱུང་བའི་རྒྱུ་དངོས་ནི་རྨོངས་པ་དེ་ཡིན་པ་ལས་བཀའ་བརྩི་དང་ལེན་བྱེད་དང་མི་བྱེད་ཀྱི་གནད་དོན་ཞིག་མིན། དེ་ནི་མི་ཚེའི་སྐོར་ལ་རྨོངས་བསྡད་པས་རེད་ཅེས་གསུངས་ཡོད། དེ་ནས་མུ་མཐུད་སངས་རྒྱས་ཀྱིས། རྨོངས་པ་དེ་ཡང་ང་ཚོས་དངོས་པོ་རྣམས་ཇི་ལྟར་མྱོང་བའི་མི་ཚེའི་ནང་གཞི་རྩའི་དགོས་ངེས་ཀྱི་ཆ་ཤས་ཤིག་མ་ཡིན་པ་དང་། རྨོངས་པ་དེ་ང་ཚོའི་རྒྱུད་ལ་ཡོད་མི་དགོས་པ་ཞིག་དང་། དེ་ནི་ང་ཚོས་རྩ་བ་ནས་མེད་པ་བཟོས་ཏེ་སླར་མི་ཡོང་བར་བྱེད་ཐུབ་པ་ཞིག་ཡིན། དེ་ནས་ཁོང་གིས་དེ་ལྟར་དངོས་སུ་བྱེད་སྟངས་ནི། ང་ཚོའི་ཆོས་རྣམས་ཀྱི་གནས་ལུགས་མྱོང་སྟངས་ལ་འགྱུར་བ་གཏོང་དགོས་ཀྱི་ཡོད་ཅེས་གསུངས་ཡོད།
རང་རྒྱུད་ཀྱི་རྨོངས་པ་དེ་མེད་པ་བཟོ་བ་ལ། མི་གཞན་ཞིག་ལ་མེད་པ་བཟོ་རོགས་ཤེས་ཞུ་འབོད་བྱེད་དགོས་པའི་དོན་མ་ཡིན་པར། དེ་ནི་གཞི་རྩའི་སོ་སོ་རང་ཉིད་ཀྱི་བསམ་ཕྱོགས་དང་། སོ་སོ་རང་ཉིད་ཀྱི་དངོས་པོ་གནས་ལུགས་རྟོགས་སྟངས་ལ་འགྱུར་བ་གཏོང་རྒྱུ་དེ་ཡིན། གལ་སྲིད་ང་ཚོས་གོ་རྟོགས་དང་གོ་རྟོགས་དབར་ལ་བརྗེ་ལེན་བྱེད་ཐུབ་པ་དང་། གོ་རྟོགས་འདི་འདྲ་ཞིག་དུས་རྟག་ཏུ་ཡོད་པ་ཡིན་ན། དེ་ནས་ང་ཚོས་རྒྱུན་མི་ཆད་པའི་དགའ་སྡུག་གི་འཕེལ་འགྲིབ་དེ་མེད་པ་ཤེས་ནས་དེ་ལ་རྒྱུན་སྲིང་བར་མི་བྱེད་པ་ཡིན། བྱས་ཙང་། དེ་ནི་སངས་རྒྱས་ཀྱི་ཆོས་ཀྱི་གཞི་རྩ་ལྟ་བུ་ཡུལ་མི་རང་བཞིན་གྱི་སྐད་ལུགས་ནང་ཡོད་པ་དེ་ཡིན།
ལས་ནི་སྤྱོད་ལམ་གྱི་རྒྱུ་དང་འབྲས་བུའི་རྣམ་གཞག་དང་འབྲེལ་བ་ཡིན།
ང་ཚོས་ལས་ཀྱི་སྐོར་སྐད་ཆ་བཤད་སྐབས། དེ་ནི་ང་ཚོའི་དགའ་སྡུག་གི་འཕེལ་འགྲིབ་ག་རེ་བྱས་ནས་མྱོང་གི་ཡོད་པ་དང་། ག་འདྲ་བྱས་ནས་མྱོང་གི་ཡོད་པའི་གཞི་རྩའི་འགྲེལ་བཤད་དེ་ཡིན། ལས་ཟེར་བའི་དོན་དག་དེ་ག་རང་རེད། ཕྱོགས་གཞན་ཞིག་ནས་ང་ཚོའི་རྨོངས་པ་དེས་དགའ་སྡུག་གི་འཕེལ་འགྲིབ་དང་། བདེ་བ་དང་གདུང་བའི་མྱོང་བ་རྣམས་ག་འདྲ་བྱས་ནས་བཟོ་གི་ཡོད་དམ། ཡང་ཚིག་གཞན་ཞིག་ནས་བཤད་ན། དེ་ནི་རྒྱུ་དང་འབྲས་བུའི་རྣམ་གཞག་དང་འབྲེལ་ནས་ཡོད་པ་རེད། རྒྱུ་འབྲས་ཀྱི་རྣམ་གཞག་ནི་སྐབས་འདིར་ཧ་ཅང་མགོ་རྙོག་ཅན་གྱི་བརྗོད་གཞི་ཞིག་ཡིན། དེ་ཡང་སངས་རྒྱས་ཀྱིས། ཆུ་སྣོད་གཅིག་ཆུས་གང་ནས་ཡོད་ན། དེ་ཆུའི་ཐིགས་པ་དང་པོས་གང་བ་མ་རེད་ལ་གཉིས་པས་གང་བའང་མ་རེད། དེ་ནི་ཆུ་ཐིགས་ཚང་མ་འདུས་པ་ལས་གང་བ་རེད། ཅེས་གསུངས་ཡོད། དེ་ག་ནང་བཞིན་ང་ཚོས་མི་ཚེའི་ནང་གང་ཉམས་སུ་མྱོང་བ་དེ་རྒྱུ་གཅིག་རང་གི་འབྲས་བུ་དང་། རྒྱུ་དེ་ཡང་ང་ཚོས་སྔོན་མ་གློ་བུར་དུ་བྱས་པའི་ལས་སམ། ཡང་ན་བསྐལ་པ་མང་པོའི་སྔོན་ནས་བྱས་པའི་ལས་གཅིག་རང་གི་འབྲས་བུ་མ་ཡིན་པར། དེ་ནི་རྒྱུ་དང་རྐྱེན་ཧ་ཅང་མང་པོ་ཚོགས་པའི་འབྲས་བུ་ཡིན་པ་རེད།
གནད་དོན་འདི་ནི་ཚན་རིག་པའི་ལྟ་ཚུལ་དང་གང་ལ་གང་འཚམས་ཀྱི་མཐུན་གྱི་ཡོད། གང་ཡིན་ཞེ་ན། འདིས་ག་རེ་བཤད་ཀྱི་ཡོད་རེད་ཟེར་ན། གནས་སྟངས་དང་གནས་ཚུལ་གལ་ཆེན་ཞིག་བྱུང་བར་རྒྱུ་རྐྱེན་གཞན་ལ་བརྟེན་དགོས་པ་ལས་གཞན་ལ་བརྟེན་མི་དགོས་པའི་ཐོག་ནས་འབྱུང་གི་མེད་པས། ཆོས་ཐམས་ཅད་གཅིག་གིས་གཅིག་ལ་རྟེན་ཅིང་འབྲེལ་ནས་ཡོད་པ་སྟོན་གྱི་ཡོད། འདི་ལ་དཔེར་བརྗོད་ལས་སླ་པོ་ཞིག་བཞག་ན། གལ་སྲིད་སི་པེན་གྱི་མི་རིགས་ཨ་རིའི་རྒྱལ་ཁབ་ལ་སླེབས་མེད་ན། ང་ཚོ་ད་ལྟ་དུས་ཚོད་འདི་ལ་ཚང་མ་ཚོགས་ཁང་འདིའི་ནང་གཏམ་བཤད་འདི་ཉན་ཡག་མེད་པ་རེད། རེད་དམ་མ་རེད། དེ་ནི་ང་ཚོ་ཚང་མ་འདིར་མཉམ་འཛོམས་བྱུང་བའི་རྒྱུ་གཅིག་རེད། དེ་ག་ནང་བཞིན་ད་ལྟའམ་སྐད་ཅིག་རེ་རེའི་ནང་ང་ཚོས་གང་མྱོང་བཞིན་པ་ལ་རྐྱེན་བྱེད་པའི་དངོས་རྒྱུ་དང་བརྒྱུད་རྒྱུ་མི་འདྲ་བ་ཧ་ཅང་མང་པོ་ཡོད་པ་རེད།
གང་ལྟར་ཡང་། ལས་ཀྱིས་གཙོ་བོ་ང་རང་ཚོའི་སེམས་དང་འབྲེལ་ནས་ཡོད་པའི་རྒྱུ་རྣམས་འགྲེལ་བཤད་རྒྱག་གི་ཡོད་ཀྱང་། ང་ཚོས་གང་ཉམས་སུ་མྱོང་བ་ལ་རྒྱུ་གཞན་མང་པོས་ཀྱང་རྐྱེན་བྱེད་ཀྱི་ཡོད། ཕྱིའི་རྒྱུ་རྐྱེན་ལ་དཔེ་བཞག་ན། གནམ་གཤིས་ལ་སོགས་པ་ལྟ་བུ་རེད། ང་ཚོ་ལ་ཤུགས་རྐྱེན་བྱེད་པ་མང་པོ་ཞིག་རང་སོ་སོའི་སེམས་ཁོ་ན་ལས་བྱུང་བ་མ་ཡིན་པར། མི་གཞན་དང་གཞན་གྱི་སེམས་ལ་བརྟེན་ནས་ཀྱང་ཡོང་གི་ཡོད། དཔེ་ཆ་བཞག་ན། ཆབ་སྲིད་པ་ཚོས་སྲིད་བྱུས་འདྲ་མིན་ཞིག་ཐག་གཅོད་བྱེད་ཀྱི་ཡོད་པ་དང་། དེ་དག་གིས་ང་ཚོར་ཤུགས་རྐྱེན་བྱེད་ཀྱི་ཡོད། དེ་ཡང་རྨོངས་པ་ཞིག་དང་འདྲེས་ནས་ཡོད་སྲིད་པ་རེད། མ་རེད་དམ།
ལས་འབྲས་ཀྱི་རྣམ་གཞག་དེས་དད་པ་དང་། རླུང་རྟའམ་དབང་ཐང་། སྔོན་ཚུད་ལས་ཀྱི་བསྐོས་ཐང་ལ་སོགས་པའི་སྐོར་བཤད་ཀྱི་མེད་པར། དེས་ང་ཚོས་ཆོས་རྣམས་ཉམས་སུ་མྱོང་སྟངས་དང་། ང་ཚོའི་བསམ་བློའི་ཁྱེར་ཕྱོགས་ཀྱིས་མི་ཚེའི་ནང་གང་ཉམས་སུ་མྱོང་བ་ལ་ཤུགས་རྐྱེན་ག་འདྲ་བྱས་ནས་སྤྲོད་ཀྱི་ཡོད་པའི་སྐོར་བཤད་ཀྱི་ཡོད། ལས་ཟེར་བའི་ཚིག་འདི་སྤྱོད་ལམ་གྱི་རྒྱུ་འབྲས་རྣམ་གཞག་ཡོངས་སུ་རྫོགས་པ་ཚུད་པའི་སྤྱིར་སྟངས་ཀྱི་གོ་དོན་སྦྱིན་ནུས་པ་ཞིག་ལ་བཀོལ་སྤྱོད་བྱས་ཡོད། ཕྱོགས་གཞན་ཞིག་ནས་དེ་ནི་ང་རང་ཚོའི་སྤྱོད་ལམ་དང་བསམ་བློའི་ཁྱེར་ཕྱོགས་ལས་བྱུང་བའི་རྒྱུ་དང་འབྲས་བུའི་འབྲེལ་བ་དེ་ཡིན། སྤྱིར་བཏང་ “ལས་” ཟེར་དུས་སྤྱོད་ལམ་གྱི་རྒྱུ་འབྲས་རྣམ་གཞག་དང་འབྲེལ་བའི་བརྗོད་གཞི་ཆ་ཚང་ལ་གོ་ཆོག་པའམ། ཡང་ན་དེ་དམིགས་སུ་བཀར་ནས་རྒྱུད་རིམ་ཡོངས་སུ་རྫོགས་པ་དེའི་རྣམ་པ་བྱེ་བྲག་པ་ཞིག་ལའང་གོ་ཆོག་པ་ཡིན། བྱས་ཙང་། ང་ཚོ་ལས་འབྲས་ཀྱི་རྣམ་གཞག་གྲུབ་ཚུལ་དེ་ཤེས་འདོད་ཡོད་ན། ང་ཚོས་འདིའི་སྐོར་ལ་ཏོག་ཙམ་གཟབ་ནན་ཐོག་ཞིབ་ཚགས་པོའི་སྒོ་ནས་བལྟ་དགོས་ཀྱི་ཡོད།
ལས་ཀྱི་འགྲེལ་ཚུལ་འགའ་ཞིག
ནང་པ་སངས་རྒྱས་པའི་ཆོས་ལུགས་ནང་ཁུལ་གྱི་འགྲེལ་བ་ཁག་ལ་ཞིབ་ཚགས་པོའི་སྒོ་ནས་དཔྱད་པ་བྱེད་འགོ་བཙུགས་པའི་སྐབས་སུ། ལས་ལ་འགྲེལ་བཤད་རྒྱག་སྟངས་གཅིག་ཁོ་ན་མིན་པ་དེ་ལམ་སེང་རྟོགས་ཐུབ། དེར་ནུབ་ཕྱོགས་པ་ཁ་ཤས་ཕྲན་བུ་བློ་མི་བདེ་བ་ཡོང་གི་ཡོད། ཡིན་ནའང་གལ་ཏེ་རང་ལ་དཀའ་ངལ་དང་། ཡང་ན་གནས་སྟངས་ཤིག་གི་ནང་དུ་ཚུད་པའི་སྐབས། དེར་རང་ཉིད་ཀྱི་ལྟ་ཚུལ་གཞིར་བཟུང་འགྲེལ་བཤད་རྒྱག་སྟངས་མི་འདྲ་བ་ཁ་ཤས་ཀྱི་སྒོ་ནས་འགྲེལ་ཆོག་ལ། ང་ཚོ་ནུབ་ཕྱོགས་པའི་ཁྲོད་དུ་དེ་ལྟར་བྱེད་སྲོལ་ཡོད། དེ་ཡང་བྱ་དངོས་ཤིག་ལ་སྤྱི་ཚོགས་ཀྱི་ལྟ་ཚུལ་དང་། སེམས་ཁམས་ཀྱི་ལྟ་ཚུལ། དཔལ་འབྱོར་གྱི་ལྟ་ཚུལ་བཅས་ཀྱི་སྒོ་ནས་འགྲེལ་བཤད་རྒྱག་ཆོག་པས། དེར་ཧང་སངས་དགོས་དོན་གང་ཡང་མེད། དོན་དངོས་འགྲེལ་བཤད་རྒྱག་སྟངས་སྣ་ཚོགས་པ་དེ་རྣམས་ཀྱིས་ཁྱོན་ཡོངས་ཀྱི་གནས་ཚུལ་རྟོགས་པར་ཕན་ཐོགས་བྱེད་ཀྱི་ཡོད། འགྲེལ་བཤད་རྒྱག་སྟངས་དེ་དག་རེ་རེའང་བསམ་བློའི་ལམ་ལུགས་ངེས་ཅན་རེར་རྨང་གཞིར་བྱས་ཡོད་པ་ཡང་། སེམས་ཁམས་ཀྱི་ལམ་ལུགས། ཆབ་སྲིད་ཀྱི་ལམ་ལུགས། དཔལ་འབྱོར་གྱི་ལམ་ལུགས་སོགས་གཞི་རྩར་བྱས་ཡོད། དེ་དང་ཕྱོགས་མཚུངས་ནང་པ་སངས་རྒྱས་པ་ལའང་ལྟ་གྲུབ་ཀྱི་ལམ་ལུགས་མི་འདྲ་བའི་དབང་ལས། ལས་འབྲས་ཀྱི་བྱ་བྱེད་ལ་འགྲེལ་ཚུལ་མི་འདྲ་བ་འགའ་ཤས་ཤིག་བྱུང་བ་རེད། དེ་ལྟར་ནུབ་ཕྱོགས་པའི་སེམས་ཁམས་རིག་པའི་བསླབ་གཞི་ལྟ་བུ་གཅིག་གི་ནང་དུའང་། ཧྥ་རོའི་ཌིའི་་སེམས་ཁམས་རིག་པའི་ (Freudian psychology) ལྟ་ཚུལ་གྱི་སྟེང་ནས་འགྲེལ་ཆོག་ལ། ཡུན་གིའི་་སེམས་ཁམས་རིག་པའི་ (Jungian psychology) ཐོག་ནས་འགྲེལ་ཆོག །དེ་མིན་སྤྱི་ཚོགས་རིང་ལུགས་དང་མ་རྩ་རིང་ལུགས་ཀྱི་ལམ་ནས་ཀྱང་འགྲེལ་བཤད་བྱེད་ཆོག་པ་བཞིན། ནང་པ་སངས་རྒྱས་པའི་ཆོས་ཀྱི་ནང་དུའང་དེ་ལྟར་འགྲེལ་ཚུལ་ཡོད། སྤྱིར་བཏང་འགྲེལ་ཚུལ་གྱི་ལམ་ལུགས་དེ་དག་ལ་བལྟས་ན་ཕན་ཐོགས་ཆེན་པོ་ཡོད། གང་ཡིན་ཟེར་ན། དེས་ལས་ཀྱི་བྱ་བྱེད་ག་འདྲ་ཡིན་ཚུལ་ལ་དམིགས་བསལ་གོ་རྟོགས་མི་འདྲ་བ་སྤྲོད་ཀྱི་ཡོད། འདིར་འགྲེལ་ཚུལ་མི་འདྲ་བ་དེ་རྣམས་ཀྱི་སྐོར་ལ་ཞིབ་ཕྲའི་སྒོ་ནས་འཇུག་དགོས་པ་དེ་དམིགས་ཡུལ་མིན་ཡང་། འགྲེལ་ཚུལ་མི་འདྲ་བ་ཁ་ཤས་ཡོད་པ་རྣམས་ལ་ཤེས་རྟོགས་ཙམ་ཡོང་བར་ཕན་ཐོགས་ཡོད།
དེ་ཡང་ཨ་ཅང་ཅང་། རྒྱས་སྤྲོས་མེད་པའི་ཐོག་ནས་གནས་སྟངས་གང་ཞིག་འབྱུང་བཞིན་པ་དང་མཉམ་དུ་ང་ཚོས་གང་ཞིག་མྱོང་བ་ལ་ནུབ་ཕྱོགས་པའི་རྒྱུན་སྲོལ་ལམ་ལུགས་ཀྱི་སྒོ་ནས་འགྲེལ་བཤད་རྒྱག་ཆོག་པ་ཡིན་པས། དེས་ང་ཚོའི་ལས་ལ་འགྲེལ་ཚུལ་དང་འགལ་གྱི་ཡོད་པའི་ངེས་པ་མེད།
ལས་ནི་སྐུལ་ཤུགས་ལྟ་བུ་སེམས་བྱུང་ ༼བསམ་པའི་སེམས་བྱུང་༽ ཡིན།
གལ་ཏེ་འགྲེལ་ཚུལ་གཅིག་རང་གི་ལུགས་ལྟར་ལས་འབྲས་དེ་བཞིན་དངོས་པོ་བྱེ་བྲག་པ་ཞིག་དང་རྣམ་གྲངས་ངེས་ཅན་ཞིག་ལ་ལྟོས་ནས་འགྲེལ་ཚུལ་གྱི་ལམ་ལུགས་གཅིག་གི་རྗེས་སུ་འབྲངས་པ་ཡིན་ན། དེ་ནི་སེམས་བྱུང་ལ་གོ་བ་ཞིག་ཡིན། སེམས་བྱུང་ཟེར་བ་དེའི་དོན་གང་ཡིན་ནམ། སེམས་བྱུང་ཟེར་བ་ནི་ཆོས་གང་ཡང་རུང་བ་ཞིག་ཤེས་རྟོགས་བྱུང་ཚུལ་དེ་ཡིན། དེ་ལ་དཔེ་གཅིག་བཞག་ན། ང་ཚོས་གང་ཟག་གང་ཡང་རུང་བ་ཞིག་མཐོང་བ་དང་དེའི་ཕྱོགས་སུ་འགྲོ་བའི་སྐབས་སུ། སེམས་བྱུང་མང་པོ་ཞིག་སྐབས་དེའི་མྱོང་ཚོར་དང་མཉམ་དུ་ཡོད། དེ་དག་ནི་གང་ཟག་དེ་ཇི་ལྟར་རྟོགས་ཚུལ་གྱི་རྣམ་པ་མི་འདྲ་བ་རྣམས་ཡིན། འགའ་ཞིག་ནི་ཧ་ཅང་གཞི་རིམ་གྱི་རྟོགས་ཚུལ་ཡིན་པ་རེད། དཔེར་ན། གང་ཟག་དེ་མི་གཞན་ལས་ལོགས་སུ་རྣམ་པར་དབྱེད་པའི་སྒོ་ནས་རྟོགས་པའམ། ཡང་ན་མི་དེ་རྩིག་པ་དང་ལོགས་སུ་འབྱེད་ནས་རྟོགས་ཚུལ་ལྟ་བུ་ཡིན། དེ་ནི་གང་ཟག་དེ་མཐོང་བཞིན་པ་དང་མཉམ་དུ་ཡོད་པའི་རྟོགས་ཚུལ་གྱི་ཆའམ་དོ་སྣང་ཞིག་ཡིན། དེ་དང་མཚུངས་ལྡན་གྱི་བློ་རྩེ་གཅིག་པའང་ཡོད་སྲིད་ལ། སེམས་ཚོར་མི་འདྲ་བ་སྣ་ཚོགས་ཤིག་ཀྱང་མཉམ་དུ་ཡོད་ཆོག །དེ་དག་ཐམས་ཅད་སེམས་བྱུང་ཡིན་ཞིང་། གང་ཟག་དེ་མཐོང་བཞིན་དེའི་ཕྱོགས་སུ་སྐྱོད་བཞིན་པའི་སྐབས་དེ་རང་ལ་སེམས་བྱུང་དེ་རྣམས་མཉམ་དུ་སྦྲེལ་ནས་ཡོད།
ལས་ཡིན་པའི་སེམས་བྱུང་དེ་གང་ཞིག་ཡིན་ནམ་ཞེ་ན། སེམས་བྱུང་ནི་གང་ཟག་དེའི་ཕྱོགས་སུ་འདྲེན་མཁན་གྱི་བསམ་བློའི་རྐྱེན་དེ་ཡིན་ལ། དེ་ནི་གང་ཟག་དེ་མཐོང་བཞིན་པ་དང་དེའི་ཕྱོགས་སུ་འགྲོ་བཞིན་པ་དང་མཉམ་དུ་འགྲོགས་པའི་བསམ་བློའི་སྐུལ་ཤུགས་དེ་ཡིན། དེ་འདྲ་སོང་ཙང་། གྲུབ་མཐའི་རྣམ་གཞག་འགའ་རེས་ལས་འབྲས་ནི་ཧ་ལམ་གཟུགས་ཅན་གྱི་ནུས་ཤུགས་ལྟ་བུར་འགྲེལ་བཤད་བརྒྱབ་ཡོད། དེ་མ་ཡིན་པའི་ཀུན་སློང་ལྟ་བུའི་སེམས་བྱུང་གཞན་དག་ཀྱང་ཡོད་ལོས་ཆོག །དཔེར་ན། ང་ཚོས་གང་ཟག་དེར་ག་རེ་བྱེད་འདོད་ཀྱི་ཀུན་སློང་ཡོད་དམ། མི་དེ་དང་འཐམ་རེས་བྱེད་པའི་ཀུན་སློང་འཛིན་ཆོག་ལ། མི་དེའི་གདོང་ལ་མུར་མཛོག་གཞུ་འདོད་ཀྱི་ཀུན་སློང་ཡང་འཛིན་ཆོག་པ་ཡིན། དེ་ག་ནང་བཞིན་རྐྱེན་གཞན་དག་མང་པོ་ཞིག་ཚུད་ནས་ཡོད་ཀྱང་། ལས་ནི་གང་ཟག་དེ་མཐོང་བཞིན་དུ་དེའི་ཕྱོགས་སུ་བསྐྱོད་ནས། འཐམ་རེས་བྱེད་འདོད་དང་མུར་མཛོག་གཞུ་འདོད་ཀྱི་བྱ་བ་བྱེད་དུ་འཇུག་མཁན་གྱི་བསམ་བློའི་སྐུལ་ཤུགས་དེ་ཙམ་ཡིན། ད་དུང་དྲན་དགོས་པ་ཞིག་ལ། བསམ་བློའི་སྐུལ་ཤུགས་དེ་རྣམས་ནི་འཐམ་འཁྱུད་དང་མུར་མཛོག་གཞུ་བའི་གཟུགས་ཅན་གྱི་བྱ་བ་དེ་དག་ཙམ་མིན། གང་ཡིན་ཟེར་ན། གནད་དོན་གང་རུང་ཞིག་གི་ཐད་ལ་བསམ་བློ་གཏོང་བའི་སྐབས་སུའང་། བསམ་བློ་གནད་དོན་དེར་ཕྱོགས་པའི་བསམ་བློའི་སྐུལ་ཤུགས་ཤིག་ཡོད་པས། དེ་ནི་གཟུགས་ཅན་རགས་པའི་སྒོ་ནས་གང་ཞིག་བརྗོད་པའམ་བྱེད་པའི་དོན་ཁོ་ནར་གོ་བ་མིན། ང་ཚོས་ཡིད་ཀྱི་སྒོ་ནས་བསམ་བློ་གཏོང་ནའང་འདྲ། ངག་གི་སྒོ་ནས་སྐད་ཆ་བཤད་ནའང་འདྲ། ལུས་ཀྱི་སྒོ་ནས་བྱ་བ་བྱེད་ནའང་འདྲ་སྟེ། གང་ལྟར་བྱ་སྤྱོད་དེ་དག་ཐམས་ཅད་ལ་བསམ་བློའི་སྐུལ་ཤུགས་ཀྱི་རིགས་གང་རུང་ཞིག་ངེས་པར་དུ་ཚང་ཡོད་པ་རེད།
ལས་ཀྱི་སྤྱོད་ལམ་ལས་བྱུང་བའི་འབྲས་བུ།
ཚན་རིག་ནང་བཞིན་ནང་པ་སངས་རྒྱས་པའི་ཆོས་ལས་ཀྱང་རྒྱུ་དང་འབྲས་བུའི་རྣམ་གཞག་གི་སྐོར་ལ་གཏིང་ཟབ་པོ་བཤད་ཀྱི་ཡོད། བྱས་ཙང་། གལ་སྲིད་ལས་ཀྱིས་ཀུན་ལས་བསླངས་པའི་སྐུལ་ཤུགས་ལ་བརྟེན་ནས་ང་ཚོས་བྱ་བ་གང་ཞིག་སྒྲུབ་པ་དང་། སྐད་ཆ་གང་ཞིག་བཤད་པ། བསམ་བློ་གང་ཞིག་གཏོང་བ་ཡིན་ན། དེ་ལ་འབྲས་བུ་ཞིག་སྨིན་གྱི་ཡོད། རང་གི་སྤྱོད་ལམ་ལས་གཞན་ལ་ཤུགས་རྐྱེན་ཐེབས་པའི་སྐོར་ལ་ལས་འབྲས་ཀྱི་རྣམ་གཞག་ནང་ཞེ་དྲགས་བཤད་མེད་ཀྱང། བཤད་མི་དགོས་པ་ལྟར། དེས་གཞན་ལ་ཤུགས་རྐྱེན་ཞིག་ཏན་ཏན་ཐེབས་ཀྱི་ཡོད། དེའི་རྒྱུ་མཚན་ནི། རང་གི་བྱ་སྤྱོད་ལ་བརྟེན་ནས་གཞན་ལ་དངོས་གནས་ཤུགས་རྐྱེན་གང་ཞིག་སྤྲོད་ཀྱི་ཡོད་པ་དེ་ཡང་མི་གཞན་དེ་ལ་ཧ་ཅང་རག་ལས་ཡོད་པ་ཡིན། རང་གི་བྱ་སྤྱོད་ལས་གང་ཟག་གཞན་ལ་ཤུགས་རྐྱེན་ཐེབས་པ་ཁ་ཤས་ནི། ཕྱིའི་གཟུགས་ཅན་གྱི་རྐྱེན་ལས་ཐེབས་ཀྱི་ཡོད་པ། དཔེར་ན། རང་གིས་མི་ཞིག་ལ་གཞུས་ནས་སྨུག་ཐོག་གམ་རྨ་བཟོས་པ་ལྟ་བུ་རེད། དེ་ནི་ཕྱི་གཟུགས་ཅན་གྱི་རྒྱུ་འབྲས་ཙམ་ཞིག་རེད། དེ་ལས་འབྲས་ཀྱི་རྣམ་གཞག་དང་མཉམ་དུ་སྐད་ཆ་ཤོད་ཀྱི་མེད། འོན་ཀྱང་མི་གཞན་དེ་ལ་ཤུགས་རྐྱེན་ཐེབས་པས། མི་དེས་གང་ཞིག་བཤད་ཀྱང་རུང་སྒྲུབ་ཀྱང་རུང་སྟེ། དེའི་ཤུགས་རྐྱེན་གང་འདྲ་ཞིག་མྱོང་གི་ཡོད་པ་ནི་གང་ཟག་དེ་ལ་རག་ལུས་ཡོད་པ་རེད། དེ་ལྟར་རེད་དམ་མ་རེད། དཔེར་ན། ང་ཚོས་མི་གང་རུང་ཞིག་ལ་ཚིག་ངན་དང་སྡུག་ཅག་རིགས་བཤད་སྲིད་པས། མི་གཞན་དེའི་ཚོར་བ་ལ་ཧ་ཅང་གནོད་ནས་ཁོང་ཁྲོ་ལངས་སྲིད་ལ། ཡང་མི་དེས་ང་ཚོ་རྦད་དེ་བྱབ་ཆུང་ཞིག་ཡིན་པར་བསམས་ནས་ང་ཚོས་སྡུག་ཅག་གང་བྱས་པ་ལ་ཡིད་ཆེས་མི་བྱེད་པ་དང་། དེར་ཛ་དྲག་དོ་གལ་དང་ཚབས་ཆེན་པོ་ཞིག་ཏུ་མི་བརྩི་བ་དེ་འདྲའང་ཡོང་སྲིད་པ་རེད། ཡང་མིན་ན་མི་དེས་ང་ཚོས་གང་བཤད་པ་དེ་གོ་མེད་པའམ། གོ་ནའང་ཏག་ཏག་ཅིག་གོ་མེད་པའང་ཡོང་སྲིད་པ་རེད། མི་དེའི་སེམས་སྔོན་ཚུད་ནས་བསམ་བློ་དང་ལས་བྲེལ་གཞན་ཞིག་གི་ནང་ཡོད་སྲིད་པ་རེད། དེ་བཞིན་མི་གཞན་གྱི་ཚོར་བ་ལ་གནོད་ཡག་ལ་ཀུན་སློང་ཧ་ཅང་ངན་པ་ཞིག་བཅངས་པ་ཡིན་ནའང་། དེས་གཞན་ལ་དངོས་སུ་གནོད་ཀྱི་ཡོད་པའི་ཁག་ཐེག་གང་ཡང་མེད། ནང་པ་སངས་རྒྱས་པའི་ཆོས་ལས་གཞན་ལ་གནོད་པ་མི་སྐྱེལ་ཡག་ཐབས་ཤེས་བྱེད་དགོས་པར་གདམས་ཡོད་པ་ནི་བཤད་མི་དགོས་པ་ཞིག་ཡིན། འོན་ཀྱང་སྐབས་འདིར་ཚུད་པའི་ལས་འབྲས་ཀྱི་རྣམ་གཞག་དེ་མ་རེད།
ང་ཚོས་ལས་ཀྱི་འབྲས་བུའི་སྐོར་བཤད་པའི་སྐབས་སུ། ལས་ཀྱི་འབྲས་བུ་ནི། ལས་ཀྱི་སྐུལ་ཤུགས་དང་མཉམ་དུ་བྱུང་བའི་ངང་ངམ་ཤུགས་དང་། འགུལ་ཤུགས་ཀྱི་ཐོག་ནས་བྱ་སྤྱོད་གང་ཞིག་སྤེལ་བའི་འབྲས་བུ་རང་སོ་སོས་མྱོང་རྒྱུ་ཡིན་པ་དེ་ཡིན། རང་སོ་སོར་ཡོད་པའི་ཤུགས་རྐྱེན་དེ་གང་ཡིན་ནམ་ཞེ་ན། དེ་དག་ལས་ཤུགས་རྐྱེན་གཅིག་ནི་ནུབ་ཕྱོགས་ཚན་རིག་པས་བཤད་པ་དང་ཧ་ཅང་གི་འདྲ་པོ་ཡོད། དེ་ཡང་རང་གིས་རང་ལ་རྐྱེན་བྱས་ཏེ་གནས་སྟངས་བྱེ་བྲག་པ་ཞིག་གི་ཐོག་ལ་བསམ་བློ་གཏོང་བ་དང་། སྐད་ཆ་བཤད་པ། བྱ་སྤྱོད་སྤེལ་གྱི་ཡོད། དེར་བརྟེན་བྱ་སྤྱོད་དེ་ཡང་ནས་ཡང་དུ་བསྐྱར་ཟློས་བྱེད་པའི་བག་ཆགས་ཤིག་འཇོག་གི་ཡོད། དེ་ལྟར་བསྐྱར་ལྡབ་ཡང་ལྡབ་ཀྱི་བྱ་སྤྱོད་སྤེལ་བའི་བག་ཆགས་དང་། བྱ་སྤྱོད་སྤེལ་བའི་ནུས་པ་དེའི་འབྲས་བུར། བྱ་བ་དེ་ཡང་ནས་ཡང་དུ་བསྐྱར་ཟློས་བྱེད་ཡག་གི་འདོད་པ་ཡོང་གི་ཡོད། སྤྱིར་ནུས་པ་དང་བག་ཆགས་གཉིས་ལའང་ཁྱད་པར་ཡོད་ཀྱང་། འདིར་དེའི་སྐོར་ཞིབ་ཕྲར་འཆད་དགོས་ཡག་མི་འདུག །
འོ་ན། དོན་ངོ་མར་བག་ཆགས་དང་ནུས་པ་དེས་ཅི་ཞིག་སྐྲུན་གྱི་ཡོད་དམ་ཞེ་ན། བག་ཆགས་ཀྱིས་ཚོར་བ་ཞིག་སྐྲུན་གྱི་ཡོད། དཔེར་ན། གཞན་གྱི་འགྲམ་དུ་བསྐྱོད་ནས་འཐམ་འཁྱུད་བྱེད་པར་འདོད་པའི་ཚོར་བའམ། ཡང་ན་གཞན་གྱི་འགྲམ་དུ་བསྐྱོད་ནས་མ་རབས་ཀྱི་སྐད་ཆ་བརྗོད་འདོད་པའི་ཚོར་བ་ལྟ་བུ་རེད། དེ་ལྟར་བྱེད་པར་འདོད་པའི་ཚོར་བ་སྐྱེ་བའི་སྐབས། དེ་ལྟར་བྱེད་དང་མི་བྱེད་ཀྱི་གདམ་ཀ་རང་ཉིད་ལ་ཡོད་པ་རེད། དེ་རྟོགས་དགོས་པ་ཧ་ཅང་གལ་ཆེ་བའི་གནད་ཅིག་ཡིན། གང་ཡིན་ཞེ་ན། རང་ཉིད་ལ་དངོས་སུ་བྱེད་དང་མི་བྱེད་ཀྱི་གདམ་ཀ་ཡོད་པ་རེད། འོན་ཀྱང་། གལ་ཏེ་རང་གིས་དེ་ལྟར་བྱ་རྒྱུར་ཐག་གཅོད་བྱུང་བའམ། ཡང་ན་དེ་ལྟར་བྱ་བརྩིས་ཡོད་དང་མེད་ཀྱི་ཐད་ལ་བསམ་བློ་ཙམ་ཡང་མ་བཏང་བར་བྱ་སྤྱོད་སྤེལ་བ་ཡིན་ན། དེའི་རིམ་པ་རྗེས་མའི་ནང་ལས་འབྲས་ཀྱི་རྣམ་གཞག་དེ་སླེབས་ཀྱི་ཡོད། ལས་ནི་ང་ཚོས་དངོས་སུ་བྱ་སྤྱོད་སྤེལ་འཇུག་མཁན་གྱི་སྐུལ་ཤུགས་དང་། འདེད་ཤུགས། རང་ངམ་ཤུགས་ཀྱི་རང་བཞིན་དེ་ཡིན།
བག་ཆགས་དེ་དག་ལས་རྣམ་སྨིན་གྱི་འབྲས་བུ་མང་པོ་ཞིག་སྨིན་གྱི་ཡོད། དེ་ལས་གཅིག་ནི་རང་ཉིད་ཀྱིས་གང་ཉམས་སུ་མྱོང་བའི་བརྗོད་དོན་དེ་ཡིན། “བརྗོད་དོན་” ཞེས་པ་དེ་ཐ་སྙད་ལྗིད་ཁོག་ཆེན་པོ་ཞིག་རེད། འདིར་དེའི་ཐོག་ལ་ཅུང་ཙམ་དམིགས་སུ་བཀར་ནས་བཤད་དགོས་རེད་བསམ་གྱི་འདུག །དཔེ་ཆ་བཞག་ན། མི་འདི་དང་ཐུག་འཕྲད་བྱེད་པ་དང་མི་དེ་དང་ཐུག་འཕྲད་མི་བྱེད་པ་ལྟ་བུ་རེད། དེའི་ནང་མི་གཞན་དག་གིས་རང་ཉིད་ཀྱི་ཕྱོགས་སུ་བྱ་སྤྱོད་སྤེལ་སྟངས་དེ་ཡང་ཚུད་ཡོད། དེའི་དོན་ཏག་ཏག་ཅིག་བརྗོད་པར་ཅུང་གཟབ་ནན་གྱིས་འགྲེལ་དགོས་པ་ཡིན། མི་གཞན་གྱིས་རང་ལ་སྐད་ལོག་རྒྱག་པ་དེའི་རྒྱུ་རང་ཉིད་ཀྱི་ལས་དེ་མིན། ཁོ་ཚོས་རང་ལ་སྐད་ལོག་རྒྱག་པ་དེ་ཁོ་རང་ཚོའི་གཞན་ལ་སྐད་ལོག་རྒྱག་དགོས་པའི་བག་ཆགས་ཀྱི་འབྲས་བུ་ཡིན། འོན་ཀྱང་། གཞན་གྱིས་སྐད་ལོག་རྒྱག་པ་དེ་ཉམས་སུ་མྱོང་བའི་ལས་འགན་དེ་རང་ཉིད་ཀྱི་ལས་ལ་ཡོད་པ་ཡིན།
དེ་ནི་ཧ་ཅང་གོ་སླ་བའི་གནད་དོན་ཞིག་མ་རེད། ཡིན་ནའང་ངའི་བསམ་པར། དེ་དཔེའི་སྒོ་ནས་རྟོགས་ཐུབ་པའི་ཐབས་ལམ་གཅིག་ཡོད། དཔེར་ན། གལ་སྲིད་ཕྲུ་གུ་མ་འབྱར་ཞིག་གི་ཆབ་གདན་གཙོག་པ་བཟོས་ཡོད་ན། ཕྲུ་གུ་དེ་བཙོག་པ་དེའི་སྟེང་རང་འཇགས་སྡོད་དགོས་པ་རེད། མི་གཞན་ཞིག་གིས་ཆབ་གདན་བརྗེ་པོ་རྒྱག་རོགས་བྱེད་དང་མི་བྱེད་ཀྱི་གནད་དོན་ཡོངས་སུ་རྫོགས་པ་ཟུར་དུ་བཞག་ནས། འདིར་གནད་དོན་གཙོ་བོ་ནི། རང་གིས་བཟོས་པའི་གཙོག་པ་དེ་རང་གིས་མྱོང་དགོས་པ་དེ་ཡིན། དེ་བཞིན་རང་ཉིད་ཀྱི་མི་ཚེའི་ནང་རྙོག་དྲ་མི་ཉུང་བ་ཞིག་བཟོ་བཞིན་ཡོད་པའང་། མི་ཚེའི་འགྲོས་དང་བསྟུན་ནས་རྙོག་དྲ་ཇེ་མང་ནས་ཇེ་མང་དུ་ཆགས་འགྲོ་གི་ཡོད། སྤྱིར་བཏང་འགྲོ་སྟངས་དེ་ལྟ་བུ་ཞིག་རེད། དེ་ལས་ཞིབ་ཚགས་ཙམ་བཤད་ན། རང་གིས་གཞན་ལ་བྱ་སྤྱོད་གང་འདྲ་ཞིག་སྤེལ་བ་དེ་བཞིན་གཞན་གྱིས་རང་ལ་དེ་འདྲ་བའི་བྱ་སྤྱོད་སྤེལ་བ་དེ་ང་ཚོས་མྱོང་གི་ཡོད། འོན་ཀྱང་། སྐབས་འདིར་ལས་ཀྱི་ཁྱད་ཆོས་གལ་ཆེན་པོ་ཞིག་ནི་དེའི་འབྲས་བུ་ལམ་སེང་དེ་མ་ཐག་ཏུ་སྨིན་པའི་ཁྱབ་པ་མེད། རང་གིས་གཞན་ལ་སེམས་པ་བཟང་པོ་དང་གཤིས་ཀ་འཇམ་པོའི་ཐོག་ནས་སྐད་ཆ་བཤད་ཆོག་ཀྱང། ད་དུང་དེར་གཞན་དེ་སེམས་འཁྲུགས་པ་དང་ཁོང་ཁྲོའི་སྒོ་ནས་སྐད་ལོག་སོགས་རྒྱག་གི་ཡོད།
དེ་འདྲ་ཡིན་པ་སོང་ཙང་། ལས་ཀྱི་སྐོར་དངོས་གནས་ཤེས་རྟོགས་ཡོང་བ་ལ། སྐྱེ་བ་སྔ་ཕྱིའི་སྐོར་ལ་བགྲོ་གླེང་ཆ་ཚང་བ་ཞིག་བྱེད་དགོས་ཤིང། ལས་ཀྱི་འབྲས་བུ་དེ་བཞིན་མ་སྨིན་པའི་གོང་དུ་དུས་ཚོད་རིང་པོ་ཞེ་དྲགས་འགོར་སྲིད་ལ། ཚེ་འདི་ག་རང་ལ་འབྲས་བུ་མ་སྨིན་པའང་ཡོང་སྲིད་ལ། འབྲས་བུ་མང་པོ་ཞིག་ནི་ཚེ་འདི་རང་གི་ནང་སྨིན་གྱི་མེད། དེ་ནི་ང་ཚོ་ནུབ་ཕྱོགས་པ་ཚོར་མཚོན་ན་ལས་སླ་པོར་ཁས་ལེན་ཐུབ་པ་ཞིག་མ་རེད། མི་ཁ་ཤས་ལ། “ཚེ་འདིར་ལས་བཟང་པོ་བྱས་ན། དེའི་འབྲས་བུ་སྐྱེ་བ་ཕྱི་མར་ལྷ་ཡུལ་གྱི་བདེ་བ་མྱོང་ཐུབ་པ་དང་། ལས་ངན་པ་བྱས་ཚེ། སྐྱེ་བ་ཕྱི་མར་འབྲས་བུ་དམྱལ་བའི་སྡུག་བསྔལ་མྱོང་གི་ཡོད།” ཅེས་ནང་ཆོས་ནས་དེ་ལྟར་གསུངས་ཀྱི་ཡོད་པའི་དོན་ལ་གོ་སྲིད།
དེ་ཡང་། ནང་པ་སངས་རྒྱས་པའི་ཆོས་ནས་དེ་དང་དོན་གཅིག་ཏུ་གསུང་བཞིན་ཡོད་པའམ། ཡང་ན་དེར་དོན་གཞན་ཞིག་གོ་རྒྱུ་ཡོད་མིན་ཐད་ངེས་པར་དུ་བརྟག་དཔྱད་ནན་ཏན་བྱེད་དགོས་པ་ཡིན། དེ་ནི་བརྗོད་གཞི་རྙོག་འཛིངས་ཅན་ཞིག་ཡིན་པ་ལས་ཧ་ཅང་ལས་སླ་པོའི་བརྗོད་གཞི་ཞིག་མིན། གང་ཡིན་ཞེ་ན། ལས་རྒྱུ་འབྲས་ཀྱི་རྣམ་གཞག་ལ་དངོས་གནས་གོ་རྟོགས་ཤིག་ཡོང་བར། ནང་པ་མིན་པའི་སྐྱེ་བ་སྔ་ཕྱིའི་ལྟ་ཚུལ་ལས་ལྡོག་ཏེ། ནང་པ་རང་གི་སྐྱེ་བ་སྔ་ཕྱིའི་འདོད་ཚུལ་ལ་གོ་བ་རྙེད་དགོས་པ་ཡིན། ལས་ཀྱི་རྒྱུ་གསོག་མཁན་ནམ་ལས་བྱེད་པ་པོ་དེ་སུ་ཡིན་ནམ། དེའི་འབྲས་བུ་མྱོང་བ་པོ་སུ་ཡིན་ནམ། དགེ་སྡིག་གི་འབྲས་བུ་བདེ་སྡུག་སྨིན་སའི་ཡུལ་ “ང་” ཞེས་ལེགས་སྐྱེས་འབུལ་ཆོག་པ་དང་ཉེས་ཆད་འགེལ་ཆོག་པ་ཞིག་ཡོད་པ་ཡིན་ནམ།
འོན་ཀྱང་། འདིར་སྐྱེ་བ་སྔ་ཕྱི་དང་དེ་སུས་མྱོང་གི་ཡོད་པའི་སྐོར་དེ་ཟུར་དུ་བཞག་ནས། ངས་ཐོག་མར་ཞུས་པ་ནང་བཞིན་ནང་པ་སངས་རྒྱས་པས་ཁྲིམས་ལ་བཀའ་བརྩི་དང་ལེན་བྱེད་པ་ལ་གཞི་རྩར་བྱས་ནས་འབྲས་བུ་བདེ་སྡུག་གི་བྱུང་བ་ལེགས་སྐྱེས་དང་ཉེས་ཆད་ཀྱི་ལམ་ལུགས་ཀྱི་སྐོར་བཤད་ཀྱི་མེད་ལ། དེ་བཞིན་ནང་པ་སངས་རྒྱས་པས། མི་ཚེ་འདི་ནི་རྒྱུགས་སྤྲོད་དང་འདྲ་བར། ཚེ་རྗེས་མ་དེ་རང་ལ་གྲུབ་འབྲས་ཐོབ་རྒྱུ་ཡོད་པ་ཞིག་ཏུའང་འདོད་ཀྱི་མེད། དེས་ལས་ཀྱི་འབྲས་བུ་སྨིན་པར་དུས་ཡུན་རིང་པོ་འགོར་སྲིད་པར་གསུང་གི་ཡོད། དེ་ནི་ཁོར་ཡུག་གི་གནས་སྟངས་ཆ་ནས་བཤད་ནའང་མཐོང་ནུས་པ་ཞིག་ཡིན། དཔེར་ན། རང་གི་བྱ་སྤྱོད་བྱེ་བྲག་པ་ཞིག་ལ་བརྟེན་ནས་སོ་སོའི་མི་ཚེའི་ནང་གི་ཁོར་ཡུག་ལ་ཤུགས་རྐྱེན་ཞིག་བཟོ་གི་ཡོད་ཀྱང་། དེ་ལས་ཀྱང་འཇིགས་སྣང་ཆེ་བའི་ཤུགས་རྐྱེན་མང་བ་ཞིག་ནི་མི་རབས་རྗེས་མའི་མི་ཚེའི་ནང་འབྱུང་གི་ཡོད་པ་དང་འདྲ་བ་ཞིག་ཡིན།
བདེ་བ་དང་སྡུག་བསྔལ།
ལས་ཀྱི་འབྲས་བུ་གང་ཞིག་ཕྱོགས་མི་འདྲ་བ་ཡོངས་ནས་རྣམ་པར་སྨིན་པའམ། ཡང་ན་ལས་ཀྱི་བྱ་སྤྱོད་འདི་རྣམས་ལས་འབྲས་བུ་སྨིན་པའི་ཕྱོགས་གཞན་པ་ཞིག་ནི། ཐོག་མར་གཏམ་བཤད་འགོ་བཙུགས་པ་ནས་གང་བཤད་བསྡད་པ་དང་འབྲེལ་བ་ཡོད། དེ་ནི་བདེ་བའི་ཕྱོགས་དང་སྡུག་བསྔལ་གྱི་ཕྱོགས་དེ་ཡིན་པ་རེད། ང་ཚོས་བྱ་སྤྱོད་ངེས་ཅན་གཅིག་བསྐྱར་ཟློས་བྱེད་པ་ལས་འབྱུང་བཞིན་པའི་གནས་སྟངས་ངེས་ཅན་ཞིག་ཉམས་སུ་མྱོང་གི་ཡོད། དེ་ཡང་མི་གཞན་གྱིས་རང་ལ་བྱ་སྤྱོད་བྱེ་བྲག་ཅིག་སྤེལ་བའམ། ཡང་མིན་ན་རང་གི་མགོ་བོའི་སྟེང་དུ་བྲག་རི་གཡང་གཟར་ནས་བྲག་རྡོ་ཞིག་མར་ཟག་པ་ཡིན་སྲིད། དེ་ལྟ་བུའི་གནས་སྟངས་རྣམས་ང་ཚོས་བདེ་བ་དང་སྡུག་བསྔལ་གང་རུང་གྱི་སྒོ་ནས་ཉམས་སུ་མྱོང་གི་ཡོད། དེའི་ཐོག་བསམ་བློ་གཏོང་དང་། མི་ཁ་ཤས་ཀྱིས་རང་གི་རྐང་པའི་འོག་ཏུ་འབུ་ཞུ་ལུ་མ་རྡོག་རྫིས་ཤོར་བའི་སྐབས་དགའ་སྣང་ཆེན་པོ་ཚོར་གྱི་ཡོད། དེ་འདྲ་བའི་གནས་ཚུལ་ཞེད་སྣང་ཚ་པོ་ཞིག་ང་ལའང་ཡོང་མྱོང་། ཡང་མི་གཞན་དག་ཁ་ཤས་ཀྱིས་འབུ་ཞུ་ལུ་མར་རྡོག་རྫིས་ཤོར་སྐབས་སྐྱོ་ཤས་སྐྱེ་བ་དང་བློ་མི་བདེ་བར་ཡོང་གི་ཡོད། དེ་ག་ནང་བཞིན་མི་ཁ་ཤས་ལ་གཞན་གྱིས་རྡེག་པའམ་གཞུ་བ་དང་། སྐད་ལོག་རྒྱག་པའི་སྐབས་སུ་ཡིད་མི་བདེ་བ་དང་བློ་ཕམ་ཆེན་པོ་བྱེད་ཀྱང་། མི་ཁ་ཤས་ནི་དེ་ལ། “རང་ཉིད་སྡིག་ཅན་དང་། སྡུག་ཅག །ཉེས་ཅན་པ་ཞིག་ཡིན་པས། གཞན་གྱིས་རྡེག་པ་དང་སྐད་ལོག་རྒྱག་པ་དེ་འོས་འབབ་ཡོད་པ་ཞིག་རེད་” བསམས་ནས་སེམས་སུ་དགའ་སྣང་སྐྱེ་གི་ཡོད།
ཁྱེད་རང་ཚོས་གཏམ་དཔེ་འདི་ཤེས་ཀྱི་ཡོད་ཚོད་རེད། འདི་ཁྱོད་ཚོ་མེག་སི་ཀོ་ (Mexico) ཡི་གཏམ་དཔེ་ཞིག་རེད་བསམ་གྱི་འདུག།།གཅིག་བྱས་ན་མི་ཞིག་གིས་གཏམ་དཔེ་རུ་བཟོས་ནས་དེ་ལ་ཡིད་ཆེས་བྱས་པ་ཞིག་ཡིན་སྲིད། གང་ལྟར་ཡང་། གཏམ་དཔེ་ནི། “གལ་སྲིད་ངའི་ཁྱོ་གས་ང་ལ་གཞུས་ན། དེ་ནི་ཁོ་རང་ང་ལ་དངོས་གནས་བརྩེ་བ་ཡོད་པའི་རྟགས་རེད། དེ་མིན་ཁོས་ང་ལ་མ་གཞུས་པ་ཡིན་ན། དེ་ནི་ཁོ་རང་ང་ལ་སེམས་འཁུར་དང་གཅེས་སྐྱོང་བྱེད་ཀྱི་མེད་པའི་རྟགས་རེད།” ཅེས་བཤད་སྲོལ་ཡོད།
དེ་ཡིན་དུས་འདི་ལྟ་བུའི་བདེ་བ་དང་སྡུག་བསྔལ་ཞེས་པ་ཕལ་ཆེར་ཕྱོགས་མི་འདྲ་བའི་རིགས་ཤིག་ཡིན་པ་འདྲ་པོ་ཡོད། འདི་འདྲ་རེད་དམ་མ་རེད། ཕྱོགས་གཅིག་ལྟར་བྱས་ན། ང་ཚོས་བྱ་བ་གང་ཞིག་ལ་བསྐྱར་ལྡབ་ཡང་ལྡབ་ཀྱི་སྒོ་ནས་ངང་ངམ་ཤུགས་ཀྱིས་བྱེད་ཀྱི་ཡོད་པ་དང་། དེ་ལས་བདེ་སྡུག་གི་མྱོང་བ་རྣམས་ཡོང་གི་ཡོད། ཕྱོགས་གཞན་ཞིག་ནས་ང་ཚོས་བདེ་སྡུག་གི་མྱོང་བ་དེ་ག་འདྲ་བྱས་ནས་མྱོང་མིན་དེ་ཡིན། དེ་ལྟ་བུའི་མྱོང་བའི་ཕྱོགས་མི་འདྲ་བ་གཉིས་ཀ་འདས་པའི་ལས་ཀྱི་རྣམ་སྨིན་གྱི་འབྲས་བུ་ཡིན་པ་གཅིག་པ་རེད། ཡིན་ནའང་རྣམ་པར་སྨིན་ཚུལ་མི་འདྲ་བ་རེད། གལ་སྲིད་ང་ཚོས་བདེ་བ་དང་སྡུག་བསྔལ་གྱི་ཕྱོགས་ཙམ་དེར་བལྟས་པ་ཡིན་ན། དེ་ནི་ཆེས་སྤྱིར་བཏང་གི་ཕྱོགས་ཤིག་ཡིན། དེ་ནི་རང་ཉིད་ཀྱིས་ཕན་བྱེད་དགེ་བའི་ལས་དང་གནོད་བྱེད་མི་དགེ་བའི་ལས་གཉིས་གང་རུང་བྱས་པ་ལས་བྱུང་ཞིང་། གལ་སྲིད་རང་གིས་གནོད་བྱེད་དགེ་བའི་ལས་བྱེད་པ་ཡིན་ན། དེའི་འབྲས་བུ་ནི་སྡུག་བསྔལ་མྱོང་དགོས་པ་དང་། གལ་སྲིད་ཕན་བྱེད་དགེ་བའི་ལས་བྱས་པ་ཡིན་ན། དེའི་འབྲས་བུར་བདེ་བ་མྱོང་རྒྱུ་དེ་ཡིན།
ཕན་བྱེད་དགེ་བ་དང་གནོད་བྱེད་མི་དགེ་བའི་སྤྱོད་ལམ།
ནང་ཆོས་ནས་བསྟན་པའི་དགེ་བ་དང་མི་དགེ་བའི་དོན་དག་ལ་ཞིབ་འཇུག་བྱེད་པའི་སྐབས་སུ་ཡིད་ལ་འཐད་པ་ཞིག་ཆགས་ཀྱི་ཡོད། སྤྱིར་བཏང་དགེ་བ་དང་མི་དགེ་བའི་སྐོར་ལ་འགྲེལ་བཤད་འགྲིག་ངེས་བཞིན་པ་ཁ་ཤས་ཡོད་ཀྱང་། གང་ཟག་གང་ཡང་རུང་བ་ཞིག་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པའི་བྱ་བའི་རང་བཞིན་གྱི་ནུས་པ་དེ་དམིགས་སུ་བཀར་ནས་བརྗོད་ཐུབ་ཀྱི་མེད་པ་ང་ཚོས་གོང་དུ་མཐོང་ཟིན་པ་རེད། དེ་གང་ཡིན་ཟེར་ན། དེའི་ནུས་པ་གང་འདྲ་ཞིག་ཡོང་སུས་ཀྱང་མི་ཤེས་ལ། དེའི་ནང་དུ་རྒྱུ་རྐྱེན་གཞན་སྣ་ཚོགས་ཤིག་ཚང་ཡོད་པས་ཡིན། དེ་འདྲ་ཡིན་པ་སོང་ཙང། དགེ་བ་དང་མི་དགེ་བ་ནི་སེམས་ཀྱི་གནས་བབས་དང་འབྲེལ་བ་ཆགས་ཀྱི་ཡོད་པ་དང་། དེ་ལ་བརྟེན་ནས་ང་ཚོས་བྱ་སྤྱོད་སྤེལ་གྱི་ཡོད། གལ་ཏེ་ང་ཚོའི་ལས་དེ་འདོད་རྔམས་དང་། འདོད་ཆགས། ཡང་ན་ཁོང་ཁྲོ་དང་བྱིས་བློའི་རང་བཞིན་ལ་གཞི་རྩར་བྱས་ཡོད་ན། དེ་ནི་མི་དགེ་བ་ཡིན་ཞིང་། དེ་ལས་ལྡོག་སྟེ། ང་ཚོའི་ལས་དེ་བཞིན་གོང་གསལ་གྱི་ཉོན་མོངས་དེ་དག་ལ་གཞི་རྩ་བྱས་མེད་ན། དེ་ནི་དགེ་བ་ཡིན། དེ་ལས་ཀྱང་ལྷག་པ་ཞིག་ལ། གལ་ཏེ་བྱམས་པ་དང་སྙིང་རྗེ། གཏོང་སེམས་སོགས་ལ་གཞི་རྩ་བྱས་ཡོད་ན། དེ་ཡང་དགེ་བ་ཡིན་པ་བཤད་མི་དགོས་པ་རེད།
དེ་མིན་རྒྱུ་རྐྱེན་གཞན་དག་མང་པོ་ཞིག་ཀྱང་ཡོད་པས། ལས་དགེ་བ་དང་མི་དགེ་བ་བཟོ་མཁན་གྱི་རྒྱུ་རྐྱེན་གཞན་དེ་དག་ལའང་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་དེ་ཧ་ཅང་གི་དོ་སྣང་བྱེད་འོས་པ་ཞིག་རེད། དེ་རྣམས་ལས་ཆ་རྐྱེན་གཅིག་ནི། ཁྲིམས་རང་སྲུང་དང་སྡོམ་པ་རང་འཁུར་གྱིས་རང་གི་རང་ལ་འཛིན་པའི་བཟང་སྤྱོད་ཀྱི་ཆེ་མཐོང་དེ་རེད། དེ་འདྲའི་ཆེ་མཐོང་དེ་ནི་རང་གི་མཚན་སྙན་དང་གུས་བརྩི་ལ་འབྲེལ་ནས་ཡོད། གལ་ཏེ་རང་གིས་རང་ལ་ཆེ་མཐོང་དང་གུས་བརྩི་མེད་ན། རང་གི་སྤྱོད་ལམ་གྱིས་རང་ལ་ཤུགས་རྐྱེན་ཐེབས་པའི་སྐོར་ལ་སྣང་མེད་གཏོང་རྐྱང་བྱེད་ཀྱི་ཡོད་ལ། བསམ་བློའི་འཁྱེར་ཕྱོགས་དེ་ནི་ “ག་རེ་ཡིན་ནའང་ཡིན་” ཞེས་ཡ་མེད་གཏོང་སྟངས་ཤིག་རེད། དེ་ལྟ་བུ་ནི་རང་མཐོང་དམའ་བའི་བྱབ་ཆུང་གི་བསམ་བློ་གཏོང་སྟངས་ལ་བརྟེན་ནས་མི་དགེ་བའི་ལས་ངན་པ་རྣམས་བྱེད་པ་ཡིན། ཕྱོགས་གཞན་ཞིག་ནས་བཤད་ན། གལ་ཏེ་ངས་རང་ངོས་ལ་བཟང་ཕྱོགས་ནས་ལྟ་བཞིན་རང་ཉིད་མི་ཞིག་ཡིན་པར་ཆེ་མཐོང་དང་གུས་བརྩི་བྱས་ན། ངས་བྱབ་ཆུང་དང་། གླེན་རྟགས། སྤྱོད་པ་རྩུབ་པོའི་སྒོ་ནས་ལས་ཀ་བྱེད་ཀྱི་མ་རེད། གང་ཡིན་ཞེ་ན། དེ་ལྟར་བྱས་ན་རང་ཉིད་དམའ་སར་ལྟུང་འགྲོ་བས། རང་དམའ་སར་ཟག་འདོད་མེད། སོ་སོས་གང་བྱེད་ཐུབ་པའི་ཐད་རང་ཉིད་ལ་འཛིན་པའི་ལྟ་ཚུལ་དེ་མཐོ་བོ་ཞིག་ཡོད་པ་རེད། ད་ལྟ་འདིར་བཤད་བཞིན་པའི་རྒྱུ་རྐྱེན་ནི་འདིའི་སྐོར་རེད། དེ་ཡང་རང་གིས་རང་ལ་བཟང་སྤྱོད་དང་ལྡན་ཞིང་། ཆེ་མཐོང་གི་ཚོར་བ་ཞིག་ཡོད་ཀྱང་རུང་མེད་ཀྱང་ཆོག །གང་ལྟར་འདི་ནི་ང་ཚོས་ལས་དགེ་བ་ཞིག་བྱེད་དང་མི་དགེ་བ་ཞིག་བྱེད་པ་ལ་བློ་ཐག་གཅོད་པའི་རྒྱུ་རྐྱེན་ཤིན་ཏུ་ནས་གལ་ཆེན་ཞིག་རེད།
རྒྱུ་རྐྱེན་གཞན་ཞིག་ནི་རང་གི་སྤྱོད་ལམ་མི་གཞན་དག་ལ་ག་འདྲ་བྱས་ནས་སྣང་གི་ཡོད་པའི་ཐད་ལ་སེམས་འཁུར་བྱེད་པ་དེ་ཡིན། ང་ཚོས་ག་རེའི་སྐོར་ལ་སྐད་ཆ་བཤད་ཀྱིན་ཡོད་དམ་ཞེ་ན། གལ་ཏེ་ངས་བྱ་བ་ཞིག་ཧ་ཅང་མ་རབས་ཀྱིས་སྒོ་ནས་བྱེད་པ་ཡིན་ན། དེས་རང་གི་ནང་མིར་སྣང་ཚུལ་ག་འདྲ་ཞིག་ཡོང་བ་དང་། དེས་རང་གི་རྒྱལ་ཁབ་ལ་སྣང་ཚུལ་ག་འདྲ་ཞིག་བཟོ་སྲིད་དམ། གལ་ཏེ་རང་ཉིད་མེཀ་སི་ཁན་གྱི་མི་སེར་ཡིན་པ་དང་ངས་མ་རབས་ཀྱི་སྒོ་ནས་ལས་ཀ་སྡུག་ཅག་བྱས་པ་ཡིན་ན། གཞན་དག་གིས་མེཀ་སི་ཁན་གྱི་མི་ལ་ལྟ་སྟངས་ག་འདྲ་ཞིག་གཟུང་ངམ། གལ་ཏེ་རང་ཉིད་ནང་པ་ཡིན་པ་དང་། ནང་པའི་མིང་ཞིག་འཁྱེར་ནས། ཕྱིར་ཐོན་ཞིང་ར་བཟིར་སྐྱུར་འགོང་གིས་འཁྲུགས་རྩོད་སོགས་བྱེད་པ་ཡིན་ན། དེས་ནང་པ་སངས་རྒྱས་པའི་ཆོས་དང་ནང་པའི་རྗེས་འཇུག་པ་སྤྱི་ལ་ལྟ་སྟངས་ག་འདྲ་ཡོང་གི་རེད་དམ། དེ་འདྲ་སོང་ཙང་། རང་ཉིད་ཀྱིས་རང་གི་ནང་མི་དང་། ཚོགས་སྡེ། ཆོས་ལུགས། ལུང་པ། གྲོང་ཁྱེར་གང་ཞིག་ཡིན་ནའང་། དེ་རྣམས་ཀྱི་ཕྱོགས་སུ་རང་གི་སྤྱོད་ལམ་གྱི་ཤུགས་རྐྱེན་ཡོད་པར་དོ་འཁུར་གྱི་བསམ་པ་ཞིག་ཡོད་དགོས་ལ། རང་གི་སྤྱོད་ལམ་གྱིས་གཞན་ཕྱོགས་ལ་སྣང་ཚུལ་ག་འདྲ་ཞིག་ཡོང་གི་ཡོད་པར་དོ་འཁུར་གྱི་ཚོར་བ་ཞིག་ཡོད་དགོས། གལ་ཏེ་རང་ལ་དེ་འདྲ་བའི་བསམ་བློའི་འཁྱེར་ཕྱོགས་ཤིག་ཡོད་པ་ཡིན་ན། རང་གིས་མི་དགེ་བའི་ལས་བྱ་རྒྱུ་སྤོང་གི་རེད། གལ་སྲིད་དེ་ལྟར་མེད་ན། བྱ་བ་ངན་པ་མི་དགེ་བའི་རིགས་སྒྲུབ་རྐྱང་བྱེད་ཀྱི་རེད། འདི་ནི་ནང་པ་སངས་རྒྱས་པའི་ཆོས་ཀྱི་ནང་ཁྱད་པར་དུ་འཕགས་པའི་ནང་གི་རྟོགས་པ་ཟབ་མོ་དེ་ཡིན། འོ་ན། གནད་འགག་ཆེ་བའི་རྒྱུ་རྐྱེན་དེ་ག་རེ་རེད་ཅེ་ན། དེ་ནི་རང་ཉིད་ལ་བརྩི་བཀུར། རང་ཉིད་ལ་ཆེ་མཐོང་། རང་ཉིད་དང་འབྲེལ་བའི་ཚོགས་སྡེ་ལ་བརྩི་མཐོང་གི་བསམ་བློ་ཡོད་པ་དེ་ཡིན།
དེས་ང་ཚོར་འཇིགས་སྐུལ་རིང་ལུགས་པར་ཁ་གཏད་གཅོག་ཚུལ་གྱི་ཐད་བསམ་བློ་གཏོང་དགོས་པའི་ཆ་རྐྱེན་ཁ་ཤས་ལ་ནང་གི་གོ་རྟོགས་ཆེན་པོ་ཞིག་སྦྱིན་གྱི་ཡོད། གལ་ཏེ་ཁྱེད་ཀྱིས་མི་ཞིག་དང་ཁོ་ཚོའི་ཚོགས་སྡེའི་ཆེ་མཐོང་འཕྲོག་ཅིང་། ཁོ་ཚོའི་འཚོ་གནས་ལ་ཡ་ང་བའི་དོ་ཕོག་དང་ཁོ་ཚོའི་ཕྱོགས་སུ་ལྟ་ཚུལ་ཤིན་ཏུ་ངན་པ་བཟུང་ན། ཁོ་ཚོས་རང་གིས་ཐབས་ཤེས་གང་བྱས་ཀྱང་ཕན་ཐོགས་གང་ཡང་མི་འདུག་སྙམ་གྱི་རེད། གལ་སྲིད་ཁོ་ཚོས་རང་དང་རང་གི་ཚོགས་སྡེར་རིན་ཐང་གི་བསམ་བློ་ཞིག་མེད་ན། དེ་ནས་ཕྱིར་ཐོན་ནས་དྲག་སྤྱོད་དང་མི་དགེ་བའི་བྱ་བ་མིི་བྱེད་ན་ཅི་ཞིག་བྱེད། ཁོ་ཚོས་རང་ཉིད་ལ་གྱོང་གུན་དང་ཤོར་ཡག་གང་ཡང་མེད་སྙམ་གྱི་ཡོད། ངའི་བསམ་པར། འདི་ལྟ་བུའི་བསམ་ཕྱོགས་ནི་གཞན་ལ་འབྲེལ་འདྲིས་བྱེད་སྐབས་ཕན་ཐོགས་ཆེན་པོ་ཡོད་ཅིང་། ལྷག་པར་དུ་འཛམ་གླིང་ཐོག་གི་དཀའ་ངལ་ཅན་གྱི་གནད་སྟངས་ལ་གདོང་ལེན་བྱེད་སྐབས་ཕན་ཐོགས་ཆེན་པོ་ཡོད། མི་སུ་ཞིག་གི་ཆེ་མཐོང་དང་ཚོགས་སྡེ་གང་ཞིག་རིན་ཐང་གི་བསམ་བློ་ནམ་ཡང་འཕྲོག་རྒྱུ་མེད་པ་ནི་གལ་ཆེན་པོ་ཡིན།
འདི་རྣམས་ནི་ལས་གང་ཞིག་དགེ་བའི་ལས་དང་མི་དགེ་བའི་ལས་ཆགས་ཀྱི་ཡོད་པའི་སེམས་བྱུང་ཁ་ཤས་ཡིན། ད་དུང་དོ་གལ་ཆེ་ཙམ་གྱིས་སྒོ་ནས་བཤད་ན། དོན་དམ་རང་ཉིད་ཀྱི་བྱ་སྤྱོད་ཀྱིས་གཞན་ལ་ཤུགས་རྐྱེན་སྤྲོད་པའམ་ཕན་ནུས་འབྲེལ་གྱི་ཡོད་པ་དེ་རེད། དེ་ནི་གཞན་ལ་བརྩི་འཇོག་དང་སེམས་ཁུར་གྱི་བསམ་བློ་དང་འབྲེལ་ནས་ཡོད། ངས་དེ་ལ་ “བྱམས་སེམས་སམ་གཅེས་སྐྱོང་གི་བསམ་ཕྱོགས་” ཤེས་འབོད་ཀྱི་ཡོད། འོན་ཀྱང་། མཚམས་རེ་ང་ཚོ་ཁ་རི་ཁ་ཐུག་ཚ་དྲགས་པ་དང་བྱིས་བློའི་བསམ་བློ་ཞིག་འཁྱེར་ནས་རང་གིས་གང་བཤད་པ་དེས་གཞན་ལ་ཕོག་ཐུག་འགྲོ་མིན་བལྟ་གི་མེད། གཞན་གྱི་ཚོར་བ་ལ་དོ་གལ་དུ་བརྩི་འཇོག་ཆེན་པོ་མ་བྱས་པས། གཞན་ལ་བྱམས་པའི་སེམས་སམ་སེམས་ཁུར་གྱི་བསམ་བློ་ཞིག་མེད་པ་རེད།
གལ་ཏེ་འདོད་རྔམས་དང་། ཁོང་ཁྲོ། རང་ཉིད་ལ་ཆེ་མཐོང་མེད་པ། བརྩི་འཇོག་མེད་པ། རང་གི་བྱ་སྤྱོད་ལས་གཞན་ལ་ཕན་གནོད་གང་འདྲ་ཡོང་མིན་ལ་མི་བལྟ་བ། བྱམས་སེམས་མེད་པ། རང་གིས་བྱ་སྤྱོད་སྤེལ་བ་དེས་རང་གཞན་གཉིས་ཀར་ཤུགས་རྐྱེན་ག་རེ་ཐེབས་མིན་ལ་ནན་ཏན་དང་དོ་གལ་མེད་པ་བཅས་ཀྱི་སྤྱོད་ལམ་དེ་དག་གི་འབྲས་བུ་ག་རེ་ཡོང་གི་ཡོད་དམ་ཞེ་ན། དེ་ནི་སྡུག་བསྔལ་དང་མི་སྐྱིད་པ་ཡོང་གི་ཡོད། འོན་ཀྱང་དེ་འདྲ་བའི་སྡུག་བསྔལ་དེ་ནི་ཉེས་ཆད་ཅིག་མ་ཡིན།
ང་ཚོས་འདིའི་ཐོག་ལ་དངོས་གནས་བསམ་བློ་གང་ལ་གང་འཚམ་གྱི་གཏིང་ཟབ་པོ་ཞིག་གཏོང་དགོས་པ་ཡིན། དེ་ཡང་ངན་ཕྱོགས་ཀྱི་རྐྱེན་དེ་དག་དང་ལྡན་པའི་སེམས་ཀྱི་གནས་བབས་དེ་དོན་ངོ་མར་བདེ་སྐྱིད་དང་ལྡན་པའི་སེམས་ཀྱི་གནས་བབས་ཡོང་ཐུབ་བམ། དེ་འདྲའི་སེམས་ཀྱི་གནས་བབས་དེེས་དོན་ངོ་མར་ང་ཚོའི་སེམས་ནང་བདེ་སྐྱིད་ཀྱི་ཚོར་བ་ཞིག་སྐྲུན་ཐུབ་བམ། ཡང་ན། དེས་སྡུག་བསྔལ་ཁོ་ན་སྐྲུན་གྱི་ཡོད་དམ། གལ་ཏེ་ང་ཚོས་དེར་བསམ་ཞིབ་ཡང་ནས་ཡང་དུ་བྱས་ན། ངན་ཕྱོགས་ཀྱི་རྐྱེན་དང་ལྡན་པའི་སེམས་ཀྱི་གནས་བབས་དེའི་གྲུབ་འབྲས་ནི་སྡུག་བསྔལ་དང་། དེ་ལས་ལྡོག་སྟེ། འདོད་རྔམས་དང་ཁོང་ཁྲོ་སོགས་མེད་པའི་སེམས་ཀྱི་གནས་བབས་དེས་བདེ་སྐྱིད་སྐྲུན་གྱི་ཡོད་པ་དེ་ལ་དངོས་གནས་གོ་རྒྱུ་ཡོད་པ་ཆགས་ཀྱི་ཡོད། དེ་འདྲ་སོང་ཙང་། ང་ཚོར་བཟང་ཕྱོགས་དགེ་བ་དང་ངན་ཕྱོགས་མི་དགེ་བའི་ཁོངས་སུ་གཏོགས་པའི་སྤྱིར་བཏང་སྤྱོད་ལམ་གྱི་སྡེ་ཚན་རིམ་པ་དེ་རྣམས་ཡོད་པ་དང་། དེས་བདེ་བ་དང་སྡུག་བསྔལ་གྱི་འབྲས་བུ་མྱོང་བར་བྱེད་ཀྱི་ཡོད།
ད་དུང་དེའི་སྒང་ལ་ང་ཚོས་བྱེད་བཞིན་པའི་ལས་ཀྱི་རིགས་བྱེ་བྲག་དེ་འདྲ་མང་པོ་ཡོད། དཔེར་ན། མི་གཞན་ཞིག་ལ་གཤེ་གཤེ་གཏོང་བའམ་སྐད་ལོག་རྒྱག་པ། ཡང་ན་གཞན་ཞིག་ལ་ཕན་སེམས་བཅང་བའི་བྱ་བ་སོགས་མང་པོ་ཡོད་ཅིང་། དེ་དག་ལའང་སྤྱོད་ལམ་དེ་བསྐྱར་ཟློས་བྱེད་པའི་བག་ཆགས་ཀྱི་ཐོག་ནས་ཤུགས་རྐྱེན་ཡོད་པ་དང་། གཞན་གྱིས་རང་ཕྱོགས་སུ་དེ་ལྟར་བྱེད་པའི་གནས་སྟངས་ཤིག་གི་ནང་ཚུད་པའི་བག་ཆགས་ཀྱི་ནུས་པའང་ཡོད།
འདིར་ཞིབ་ཅིང་རྒྱས་པ་འཆད་པའི་དགོས་པ་མི་འདུག་ཀྱང་། རང་གི་ལས་ཀྱི་བྱ་སྤྱོད་ལས་བྱུང་བའི་འབྲས་བུ་གཞན་ཞིག་ནི་རང་ཉིད་སྐྱེ་བ་ཕྱི་མ་སྐྱེ་གནས་གང་གི་ནང་དུ་སྐྱེ་མིན་ཐད་ཡིན། ང་ཚོ་འབུ་ཞུ་ལུ་མ་དང་ཁྱིའི་ལུས་རྟེན་དུ་སྐྱེ་བའམ། ཡང་ན་མིའི་ལུས་རྟེན་དུ་སྐྱེ་བར་འགྱུར་རམ། གནས་སྟངས་བྱེ་བྲག་པ་ཞིག་མྱོང་བཞིན་པ་དང་། རང་གི་བྱ་སྤྱོད་ངེས་ཅན་ཞིག་དང་འབྲེལ་ནས་ལུས་རྟེན་ག་འདྲ་ཞིག་འཐོབ་ཀྱི་ཡོད་པ་སོགས་ཞིབ་ཕྲ་མང་པོ་ཞིག་བརྗོད་རྒྱུ་ཡོད་ཀྱང་། འདིར་ངོ་སྤྲོད་ཀྱི་གཏམ་བཤད་ནང་སྤྱི་ཡོངས་ཀྱི་ཆ་ནས་གནད་དོན་ཁག་གཅིག་ཞུ་འདོད་བྱུང་།
ཐག་གཅོད་མེད་སྨྲ་བའམ། (Determinism) ཡང་ན་ཆོད་སེམས་ཀྱི་རང་དབང་ (Free Will) །
དེར་བརྟེན་ཕྱོགས་གཅིག་ནས་ང་ཚོས་སྤྱོད་ལམ་ངེས་ཅན་དེ་དག་བསྐྱར་ཟློས་ཀྱིས་འབྱུང་བཞིན་པ་དེ་མྱོང་གི་ཡོད་ལ། ཕྱོགས་གཞན་ཞིག་ནས་ང་ཚོས་དེ་དག་ཚང་མ་བདེ་བ་དང་སྡུག་བསྔལ་གྱི་འཕེལ་འགྲིབ་དང་ལྷན་དུ་མྱོང་གི་ཡོད། དེ་དག་ཀྱང་སྐབས་རེ་རང་གི་སྤྱོད་ལམ་དང་མཐུན་པ་དང་མཚམས་རེ་རྩ་བ་ནས་མི་མཐུན་པ་ཡང་ཡོང་གི་ཡོད། དེ་དག་དུས་རྟག་ཏུ་འཕེལ་འགྲིབ་དང་འཕོ་འགྱུར་འགྲོ་བཞིན་ཡོད་པས། ང་ཚོས་དེའི་རྗེས་མར་རང་ལ་གནད་དོན་གང་ཞིག་ཡོང་མིན་ཤེས་ཀྱི་མེད། དེ་བཞིན་རང་ལ་གནད་དོན་གང་ཞིག་འཕྲད་མིན་ཡང་། རང་དང་རང་གི་ལས་དབང་ཁོ་ནའི་བཟོས་པ་ཞིག་མིན་པར། འཇིག་རྟེན་ནང་མི་ཚང་མར་གནད་དོན་གང་ཞིག་འཕྲད་བཞིན་ཡོད་པ་དང་། དེ་དག་གི་ནང་དུ་ལས་ཀྱི་ཤུགས་རྐྱེན་ཡང་ཚུད་ཡོད། འཇིན་རྟེན་ཁམས་ཀྱི་གནམ་གཤིས་འགྱུར་འགྲོས་དང་ས་ཡོམ་དོན་རྐྱེན་གྱི་རིགས་སོགས་མང་པོ་འབྱུང་གི་ཡོད་པས། དེའི་རྗེས་སུ་ང་ཚོས་བདེ་སྡུག་གང་ཞིག་མྱོང་དགོས་མིན་སྔོན་དཔག་བྱེད་ཡག་དཔེ་ཁག་པོ་ཡིན། དེ་ག་ནང་བཞིན་དེ་ལྟ་བུའི་རྒྱུ་རྐྱེན་གྱི་རྣམ་གཞག་དེ་ཧ་ཅང་གི་མགོ་རྙོག་པོ་ཞིག་ཡིན་པས། ཐུབ་པ་སངས་རྒྱས་ཀྱིས་ཀྱང་ལས་རྒྱུ་འབྲས་ཀྱི་རྣམ་གཞག་དེ་ཤིན་ཏུ་རྙོག་འཛིངས་ཅན་ཞིག་དང་རྟོགས་དཀའ་བ་ཞིག་ཡིན་པར་གསུངས་ཡོད།
འདིར་ང་ཚོ་གསལ་པོ་ཆགས་པ་བྱེད་དགོས་ཀྱི་ཡོད། གང་ཡིན་ཞེ་ན། མི་མང་པོས་ལས་འབྲས་ཀྱི་སྐོར་ནས་སྐད་ཆ་འདྲི་གི་ཡོད། དཔེར་ན། དེ་ཕྱིའི་རྐྱེན་ལ་མ་ལྟོས་ནས་གྲུབ་པའི་ཐག་གཅོད་མེད་སྨྲ་བའི་གྲུབ་མཐའ་ཞིག་ཡིན་ནམ། ཡང་ན་ང་ཚོར་ཆོད་སེམས་ཀྱི་རང་དབང་ཞིག་ཡོད་དམ། ཞེས་ཟེར་གྱི་ཡོད། འདི་གཉིས་ཀ་ཡང་དག་པ་དང་འགྲིག་པ་ཞིག་མིན་པར། གཉིས་ཀ་ཕྱོགས་གཅིག་གི་མཐར་ལྷུང་བའི་ལྟ་ཚུལ་ཡིན། སྤྱིར་ཕྱིའི་རྐྱེན་ལ་མ་ལྟོས་ནས་གྲུབ་པའི་ཐག་གཅོད་མེད་སྨྲ་བ་ནི་ང་ཚོས་གང་བྱེད་བརྩིས་ཡོད་པ་དང་གང་མྱོང་རྒྱུ་ཡིན་པ་ལ་གང་ཟག་གཞན་ཞིག་གིས་ཐག་བཅད་བཞག་པ་ཞིག་ལ་གོ་བ་ཡིན། དེ་ནི་ཕྱིའི་གང་ཟག་གམ། ཡང་ན་ཁྱད་པར་དུ་འཕགས་པའམ་རིམ་པ་མཐོ་བའི་གང་ཟག་འཇིག་རྟེན་བྱེད་པོ་ལྟ་བུའི་བློའི་གཡོ་བས་བྱས་པར་འདོད་ཀྱི་ཡོད། ནང་པ་སངས་རྒྱས་པས་རང་ཉིད་ཀྱི་བསམ་སྦྱོར་གྱི་ལས་ཅི་ཞིག་བྱས་ཀྱང་། དེ་ལ་རྒྱབ་ནས་གཞན་ཞིག་གིས་ཐག་གཅོད་བྱས་པ་དང་། ང་ཚོ་ནི་ཨ་ལད་པད་ཀོའི་གསང་ཐག་འཁྲབ་མཁན་ལྟ་བུ་དང་། གཞན་ཞིག་གིས་འཁྲབ་གཞུང་བྲིས་ནས་གསང་ཐག་འཐེན་པ་ལྟར་བཀོད་པ་གཏོང་མཁན་ཞིག་ཡོད་པར་ཁས་ལེན་བྱེད་ཀྱི་མེད།
ཕྱོགས་གཞན་ཞིག་ནས་ཆོད་སེམས་ཀྱི་རང་དབང་ཞེས་པ་ནི། མི་ཞིག་གིས་ཟ་ཁང་ནང་ཟས་ཀྱི་ཐོ་གཞུང་རང་གི་ལག་ཏུ་འཛིན་བཞིན་ཟས་རིགས་གང་འདྲ་ཞིག་མངགས་རྒྱུའི་ཐག་གཅོད་བྱེད་པ་དང་ཏོག་ཙམ་འདྲ་པོ་ཡོད་ཀྱང་། ང་རང་ཚོའི་མི་ཚེ་དེ་འདྲ་རེད་དམ་ཟེར་ན། མ་རེད། མི་ཚེ་དེ་འདྲ་ཞིག་ཡིན་པར་བསམ་བློ་གཏོང་བ་ནི། ཡང་དག་པ་ཞིག་མ་ཡིན་པ་དང་། དེ་ནི་མགོ་འཐོམས་པ་རེད་ཅེས་ནང་པ་སངས་རྒྱས་པའི་ཆོས་ཀྱི་ནང་བཤད་ཀྱི་ཡོད། དེ་ནི་ “ང་” ཞེས་པ་ཞིག་རང་གི་མི་ཚེ་དང་མྱོང་ཚོར་ལས་ལོགས་སུ་ཡོད་པར་ལྟར་མཐོང་ལ། དེས་ཟ་ཁང་གི་ཟ་མའི་ཐོ་གཞུང་དང་འདྲ་བའི་མི་ཚེའི་ལས་ཟས་སྣ་འདམ་པ་ལྟར་སྣང་སྲིད་ཀྱང་། མི་ཚེ་དང་མྱོང་ཚོར་ལས་ལོགས་སུ་ “ང་” ཟེར་བ་ཞིག་ལོགས་སུ་མེད་པ་དང་། ང་ཚོར་གང་འབྱུང་རྒྱུ་ཡིན་པ་ཐམས་ཅད་ཟ་མའི་ཐོ་གཞུང་དུ་འཁོད་པའི་ཟས་སྣ་མངགས་པ་ནང་བཞིན་རང་གིས་མཐེབ་ཅུ་མནན་པ་ཙམ་གྱིས་འཕྲུལ་ཆས་ལས་རང་འདོད་བཞིན་ཐོན་ཡོང་བ་ལྟ་བུ་མིན། ངས་བསམ་པར། དེ་ལྟ་བུར་བསམ་བློ་གཏོང་ན། དེ་ནི་ཅི་འདྲའི་བྱབ་ཆུང་ཞིག་ཡིན་པ་མཐོང་བ་ལ་ཕན་ཐོགས་ཆེན་པོ་ཡོད། དེ་ལྟ་བུའི་མྱོང་བ་ནི་མངར་ཆ་ཚོང་བྱེད་ཀྱི་འཕྲུལ་འཁོར་ནང་གི་མངར་ཆའི་མཛོད་ལས་རང་ལ་གང་དགོས་པ་དེ་འདེམ་སྒྲུག་བྱས་ནས་མཐེབ་ཅུར་མནན་པ་དང་། འཕྲུལ་འཁོར་ནང་དུ་དངུལ་བླུགས་པ་མ་ཐག་དེ་ནས་མངར་ཆ་གང་དགོས་པ་དེ་ཐོན་ཡོང་བ་ལྟ་བུ་མ་རེད། མི་ཚེ་ནི་དེ་དང་འདྲ་པོ་ཞིག་རྩ་ནས་མ་རེད། དེ་འདྲ་རེད་དམ་མ་རེད། ང་ཚོས་ “དེ་རིང་ངས་བདེ་བ་མྱོང་གི་ཡོད་པ་དང་། མི་ཀུན་གྱིས་ང་ལ་ཡག་པོ་བྱེད་པའི་ཚོར་བ་དེ་མྱོང་གི་རེད།” ཅེས་དེ་ལྟར་སྔོན་འཚུད་ནས་ཐག་བཅད་པ་ཞིག་མ་རེད། དེ་ནས་ང་ཚོས་མི་ཚེའི་འཕྲུལ་ཆའི་ནང་དུ་དངུལ་བླུགས་ཤིང་། རང་གིས་གང་འདེམ་སྒྲུག་བྱས་པའི་དངོས་པོ་དེ་ཕྱིར་ཐོབ་ཡོང་བ་ལྟ་བུ་ཡིན་པས། དེ་ནི་ཆོད་སེམས་ཀྱི་རང་དབང་ཞེས་པ་དེ་རེད། དེ་འདྲ་རེད་དམ་མ་རེད། དེ་ནི་རང་ལ་གང་ཞིག་འབྱུང་མིན་དང་གང་ཞིག་བྱེད་བརྩིས་ཡོད་པའི་ཐད་ལ་ཆོད་སེམས་ཀྱི་རང་དབང་ཡོད་པ་དེ་ཡིན། འོན་ཀྱང་། ང་ཚོ་ལ་ག་རེ་འབྱུང་གི་ཡོད་པ་དེ་ནི། གོང་གསལ་ཕྱིའི་རྐྱེན་ལ་མ་ལྟོས་ནས་གྲུབ་པའི་ཐག་གཅོད་མེད་སྨྲ་བ་དང་ཆོད་སེམས་ཀྱི་རང་དབང་ཡོངས་སུ་རྫོགས་པའི་མཐའ་གཉིས་ལས་ཀྱང་ཤིན་ཏུ་ཕྲ་ལ་རྙོག་འཛིངས་ཆེ་བ་ཡོད།
རྨོངས་པ་ནི་ལས་ཀྱི་འབྱུང་ཁུངས་ལྟ་བུ་ཡིན།
ངས་གཏམ་བཤད་འདིའི་གོང་དུ་བཤད་པ་ལྟར། ནང་པ་སངས་རྒྱས་པའི་ཆོས་ཀྱི་ནང་ཐུན་མོང་མིན་པའི་ཁྱད་ཆོས་དེ་གང་ཡིན་ཟེར་ན། སངས་རྒྱས་ཀྱིས། ང་ཚོའི་མི་ཚེའི་ནང་དུ་མི་འདོད་བཞིན་རང་དབང་མེད་པར་རྒྱུན་མཐུད་ནས་མྱོང་བཞིན་པའི་བདེ་སྡུག་གི་ཚོར་བའི་འཕེལ་འགྲིབ་ཀྱི་རྒྱུ་དེ་བསྟན་ཡོད། རྒྱུ་དེ་ཡང་རང་གི་མྱོང་བའི་ཆ་ཤས་རེ་རེ་དང་དེའི་མངོན་རྟགས་ཡོངས་སུ་རྫོགས་པ་རྒྱུན་སྲིང་བཞིན་པ་དེ་ཡིན་ཞིང། དེའི་རྒྱུ་ནི་རྨོངས་པ་ཡིན། དེ་ཙམ་མ་ཟད། རྨོངས་པའི་སྒོ་ནས་དགེ་མི་དགེ་བྱ་སྤྱོད་སྤེལ་དུས་དེས་རྒྱུན་མི་ཆད་པའི་གོམས་གཤིས་ལ་ཤུགས་སྣོན་སྤྲོད་ཀྱི་ཡོད། དེ་ནི་རྨོངས་པ་དང་མཉམ་དུ་རྒྱུན་ཆད་མེད་པར་བྱ་སྤྱོད་སྤེལ་བའི་གོམས་གཤིས་དེ་ཡིན། དེ་འདྲའི་རྨོངས་པའི་སྒོ་ནས་སྐད་ཅིག་རེ་རེ་བཞིན་ང་ཚོས་མུ་མཐུད་བྱ་སྤྱོད་སྤེལ་གྱི་ཡོད།
རྨོངས་པ་ཞེས་པ་འདི་གང་ཡིན་ནམ། དེ་ནི་ནང་པ་སངས་རྒྱས་པའི་ཆོས་ཀྱི་ནང་ཧ་ཅང་གཏིང་ཟབ་པའི་བརྗོད་བྱ་ཞིག་ཡིན། ཡིན་ནའང་། གལ་སྲིད་ང་ཚོས་དེ་གོ་བདེ་བའི་ཐོག་ནས་བརྗོད་ན། ང་ཚོས་བརྗོད་བཞིན་པའི་རྨོངས་པ་ཞེས་པ་ནི་ང་དང་ཁྱོད། དེ་བཞིན་གཞན་ཐམས་ཅད་ཇི་ལྟར་བྱས་ནས་གྲུབ་ཡོད་པའི་སྐོར་དེ་ཡིན། དཔེར་ན། ང་ཚོས་རང་ཉིད་འཇིག་རྟེན་ཐོག་གཙོ་ཆེ་ཤེས་དང་། གལ་ཆེ་ཤོས་དེ་ཡིན་པར་འདོད་ཅིང་། རང་ཉིད་ཀྱིས་གང་འདོད་པ་ནང་བཞིན་ཡོང་དགོས་པ་དང་། རང་ཉིད་རྟག་ཏུ་ཡང་དག་པར་འདོད་པ། མི་གཞན་གྱིས་རྟག་ཏུ་རང་ལ་བསྟུན་དགོས་པ་དང་རང་གི་ཆེད་དུ་དུས་ཚོད་བཏོན་དགོས་པར་བསམ་གྱི་ཡོད། ང་ཚོར་བསམ་བློའི་འཁྱེར་ཕྱོགས་དེ་འདྲ་ཞིག་ཡོད་པ་ནི་རང་གི་ལག་ཐོགས་ཁ་པར་གཏོང་སྟངས་ཀྱི་སྟེང་ནས་ཀྱང་ཤེས་ནུས་པ་ཡིན། ང་ཚོས་བསམ་པར། རང་ཉིད་ཀྱི་མི་གཞན་ལ་དུས་ཁོམ་ཡོད་མེད་ལ་མ་ལྟོས་པར། དུས་ཚོད་ནམ་བྱུང་ལ་ཁ་པར་གཏོང་ཆོག་ཆོག་དང་། གཞན་དག་གིས་གང་བྱེད་བཞིན་ཡོད་མེད་ལ་མ་ལྟོས་པར། ང་ཚོས་བར་ཆད་བྱེད་ཆོག་པ་དང་། དེ་ལ་ངེས་པར་དུ་ཡ་ལན་སྤྲོད་དགོས་བསམ་གྱི་ཡོད། དེ་གང་ཡིན་ཞེ་ན། ངས་གང་བཤད་དགོས་པའི་སྐད་ཆ་དེ་གཞན་ཚང་མ་ལས་ཀྱང་གལ་ཆེ་ཤོས་ཡིན་པས། མི་གཞན་ལས་ཀ་གང་ཞིག་བྱེད་མིན་ལ་མ་ལྟོས་པར་ཡ་ལན་སློག་དགོས་པར་འདོད་པས་ཡིན། དེ་ལྟ་བུའི་རྨོངས་པ་དེ་གཞི་ལ་བཞག་ནས་ང་ཚོས་གཞན་ཕྱོགས་སུ་སྐད་ལོག་རྒྱག་པ་དང་། སྤྱོད་ངན་སློག་པ་སོགས་མི་དགེ་བའི་བྱ་སྤྱོད་སྤེལ་ཆོག་བསམ་གྱི་ཡོད། ང་ཚོས་དེ་ལྟར་བྱེད་ངེས་པའི་རྒྱུ་མཚན་ནི། རང་གི་བསམ་པ་ལྟར་གཞན་གྱིས་མ་སྒྲུབ་པའམ། ཡང་ན་གཞན་གྱིས་བྱ་སྤྱོད་རྣམས་རང་གི་སྣང་བར་མ་འགྲོ་བ་བཅས་ཀྱི་རྐྱེན་པས་ཡིན། ངས་བསམ་པ་ནང་བཞིན་གཞན་གྱིས་དེ་ལྟར་སྒྲུབ་དགོས་ཀྱི་ཡོད། དེའི་རྒྱུ་མཚན་ཡང་། སོ་སོའི་གང་བྱེད་འདོད་ཡོད་པ་ནི་ངེས་པར་དུ་གཞན་གྱིས་གང་བྱེད་འདོད་ཡོད་པ་ལས་གལ་ཆེ་བ་ཡིན་བསམ་གྱི་ཡོད། ཡང་དེ་འདྲ་བའི་རྨོངས་པ་གཞི་ལ་བཞག་ནས་མི་གཞན་ཞིག་ལ་སེམས་པ་བཟང་པོ་སོགས་ལས་བཟང་པོ་དེ་འདྲའང་བྱེད་སྲིད་པ་ཡིན། དེའི་རྒྱུ་མཚན་ནི། གཞན་དག་གིས་རང་ལ་དགའ་པོ་བྱེད་ཡོང་བསམ་པ་དང་། གཞན་དག་སོ་སོ་དང་མཉམ་དུ་སྐྱིད་པོ་ཡོང་བར་འདོད་ཀྱི་ཡོད་པས་ཡིན། རང་གིས་དེ་ལྟར་བྱས་པ་ལ་བརྟེན་ནས་གཞན་གྱིས་རང་ཉིད་དགོས་མཁོར་མཐོང་བ་ཞིག་ཡོང་གི་རེད་བསམ་གྱི་ཡོད། དེ་བཞིན་རང་གི་བུ་མོར་ཁྱིམ་ཚང་དང་བུ་ཕྲུག་ཇི་ལྟར་གསོ་སྐྱོང་དགོས་མིན་སོགས་སློབ་སྟོན་བྱེད་ཀྱི་ཡོད། དེ་ཕན་ཐོགས་ཅན་ཞིག་མ་རེད་དམ། རང་གི་བུ་མོར་སློབ་སྟོན་དང་རོགས་རམ་སོགས་དགོས་མིན་ཇི་ལྟར་ཡང་། ང་ཚོས་རང་ཉིད་གལ་ཆེ་ཤོས་སུ་བརྩི་བ་དང་། སོ་སོ་གཞན་ལ་དགོས་མཁོ་ཆེན་པོ་ཆགས་འདོད་ཡོད་པ། དེ་ག་ནང་བཞིན་བུ་མོ་ལས་རང་ཉིད་ཤེས་རྒྱ་ཆེ་བར་བརྩིས་ནས་བུ་ཕྲུག་གསོ་སྐྱོང་བྱེད་ཚུལ་སྐོར་ལ་ངས་བཤད་པ་དེ་ལ་ངེས་པར་དུ་ཉན་དགོས་པར་འདོད་ཀྱི་ཡོད།
བྱས་ཙང་། དེ་འདྲ་བའི་རྨོངས་པ་དེ་ཡོད་པ་དང་། རྨོངས་པ་དེ་ནི་དགེ་མི་དགེའི་སྤྱོད་ལམ་གྱི་རྒྱབ་ཏུ་ཡོད་པ་རེད། དེ་ལྟ་བུའི་རྨོངས་པ་དེ་ལ་བརྟེན་ནས་ང་ཚོ་རྒྱུན་ཆད་མེད་པར་དགའ་སྡུག་འཕེལ་འགྲིབ་ཀྱི་འཁོར་ལོའི་ནང་འཁོར་གྱི་ཡོད་པས། ང་ཚོས་དེ་ག་འདྲ་བྱས་ནས་མེད་པ་བཟོ་དགོས་པའི་ཐད་ལ་དཔྱད་པ་བྱེད་དགོས་ཀྱི་ཡོད།
རང་རྒྱུད་ཀྱི་རྨོངས་པ་སྤོང་ཚུལ།
ང་ཚོས་ལས་ཀྱི་བག་ཆགས་དང་གོམས་གཤིས་རྣམས་ཇི་ལྟར་བྱས་ནས་རྣམ་པར་སྨིན་ཚུལ་གྱི་ཐབས་ལམ་དང་། ལྷག་པར་དུ་ལས་ཀྱི་བག་ཆགས་ལ་བལྟ་བའི་སྐབས་སུ། དེ་དག་ཐམས་ཅད་ང་ཚོས་མྱོང་བའི་བདེ་སྡུག་གི་འཕེལ་འགྲིབ་ཕྱོགས་སུ་འཛིན་པའི་བསམ་བློའི་འཁྱེར་ཕྱོགས་དེར་ངེས་པར་དུ་བལྟ་དགོས་པ་ཡིན། ང་ཚོའི་མྱོང་བཞིན་པའི་བདེ་སྡུག་དང་མཉམ་དུ་འགྲོགས་མཁན་གྱི་སེམས་བྱུང་གཉིས་ཡོད་པ་དང། དེ་གཉིས་སྐབས་འདིར་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་ཡོད། སེམས་བྱུང་དང་པོ་དེར་ “སྲེད་པ་” ཞེས་ཟེར་བ་དང། ང་ཚོས་བདེ་བ་མྱོང་བའི་སྐབས་སུ་བདེ་བ་དེ་ལས་བྲལ་མི་འདོད་པའི་སྲེད་པའམ་འདོད་ཆགས་ཤུགས་ཆེན་ཞིག་ཡོད། དཔེར་ན། “བདེ་བ་དེ་ཐག་རིང་དུ་ཡལ་ནས་མི་འགྲོ་བར། རང་དང་མཉམ་དུ་རྟག་ཏུ་གནས་ན་བསམ་པ་དང་། བདེ་བ་རྒྱུན་རིང་ཙམ་གནས་ཐུབ་” ཅེས་པའི་ཚོར་སྣང་དེ་རིགས་རང་གི་དགའ་མོས་བྱེད་སའི་གང་ཟག་དང་མཉམ་དུ་གནས་པའི་སྐབས་སུ་ཡོང་གི་ཡོད། དེ་མིན་རང་ཉིད་ཀྱི་དགའ་ཞེན་ཆེ་བའི་མངར་ཟས་རིགས་ཅོག་ལེཊ་ (chocolate) དང་འཁུར་ར་སོགས་ལོངས་སུ་སྤྱོད་པའི་བདེ་བ་ལས་བྲལ་མི་འདོད་པ་ལྟ་བུ་ཡིན། རྒྱུ་མཚན་ནི་དེ་ལ་བརྟེན་ནས་ང་ཚོས་འདོད་བློ་མ་ཚིམས་པར་མུ་མཐུད་ནས་གང་མང་མང་ཟ་གི་ཡོད། མ་རེད་དམ། དེ་ནི་སྲེད་པ་རེད། དེ་དང་ཕྱོགས་མཚུངས་སྡུག་བསྔལ་མྱོང་བའི་སྐབས་སུ་ཡང་དེ་ལས་གང་མྱུར་བྲལ་འདོད་ཀྱིས་སྲེད་པ་སྐྱེ་བཞིིན་ཡོད། སྲེད་པ་དེ་གཉིས་རྨང་གཞིར་བྱས་ནས་ “ང་” ཞེས་ཚུགས་ཐུབ་ཏུ་གྲུབ་པའི་རྡོག་རྡོག་ཅིག་མྱོང་བཞིན་པའི་བསམ་བློའི་འཁྱེར་ཕྱོགས་ཤུགས་ཆེན་ཞིག་ཡོད་པ་དེ་ནི། སེམས་བྱུང་གཉིས་པ་དེ་ཡིན། གང་ལྟར་ཡང་། ང་ ལ་བདེ་བ་འདི་ལྟ་བུ་ཞིག་དགོས་པ་དང་། དེ་གང་ཡིན་རུང་རང་ཉིད་ལ་བདེ་བའི་ཚོར་བ་ཆེས་ཆེར་སྦྱིན་པས་དེ་ལས་བྲལ་བར་མི་འདོད། དེ་བཞིན་ང་ དགའ་མོས་མེད་ས་དེ་ལས་གང་མྱུར་བྲལ་འདོད་པ་ཡང་། ཁྱེད་ཀྱིས་གང་བཤད་པ་དེར་ང་ འདོད་པ་མེད་པས། ཁ་བཙུམས་ནས་སྡོད་མ་གཏོགས་ངས་ཁྱོད་ལ་ཚིག་ངན་དང་སྐད་ལོག་རྒྱག་གི་ཡིན་ཞེས་སོགས་ང་དང་འབྲེལ་ནས་ཡོད་པ་དེ་ཡིན།
ང་ཚོའི་མི་ཚེའི་ནང་སྲེད་པ་དང་ཚུགས་ཐུབ་ཏུ་འཛིན་པའི་ང་གཉིས་ལ་བརྟེན་ནས་བདེ་སྡུག་གི་འཕེལ་འགྲིབ་གང་ཞིག་མྱོང་ཡང་དེ་ཐམས་ཅད་རྨོངས་པ་གཞིར་བྱས་ནས་བྱུང་ཞིང་། དེས་ལས་ཀྱི་བག་ཆགས་རྣམས་རྣམ་པར་སྨིན་པའི་རྒྱུ་བྱེད་ཀྱི་ཡོད། དེ་འདྲའི་ངང་ང་ཚོས་བདེ་སྡུག་གཉིས་ཀྱི་འཕེལ་འགྲིབ་རྒྱུན་སྲིང་བར་བྱས་ནས་སྔོན་རང་གིས་བྱས་པའི་སྤྱོད་ལམ་ཚང་མ་བསྐྱར་ཟློས་བྱེད་ཀྱི་ཡོད། དེ་གང་ཡིན་ཟེར་ན། དེ་ནི་བག་ཆགས་དེ་དག་ལས་གང་རྣམ་པར་སྨིན་པ་རྣམས་ཡིན། དེ་ལས་ཆེས་སྟབས་ཉེས་པ་ཞིག་ནི། བདེ་སྡུག་གི་སྐད་ཅིག་རེ་རེ་དང་མཉམ་དུ་རྨོངས་པ་དེ་ཡོད་པ་དང། དེས་བདེ་སྡུག་གི་སྐད་ཅིག་མ་ཇེ་མང་རྒྱུན་སྲིང་བར་བྱེད་ཀྱི་ཡོད། དེ་དག་ཀྱང་རྨོངས་པ་དང་མཉམ་དུ་ཡོད་པ་རེད། ང་ཚོས་ད་ལྟ་མྱོང་བའི་བདེ་སྡུག་གཉིས་ཀྱི་རྨོངས་པ་ནི་སྔར་གྱི་རྨོངས་པའི་འབྲས་བུ་ཡིན།
འདི་ནི་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་འཁོར་ལོ་ཞིག་ཡིན་ལ། འདི་ནི་རང་ངོས་ནས་རྒྱུན་སྲིང་བར་བྱེད་པའི་འཁོར་ལོ་ཞིག་ཡིན། འདི་ལ་ནང་ཆོས་ཀྱི་ནང་ “འཁོར་བ་” ཞེས་ཟེར་གྱི་ཡོད། གལ་ཏེ་ང་ཚོས་དེ་ལྟ་བུའི་རྨོངས་པ་འདི་མེད་པ་བཟོ་ཐུབ་པ་ཡིན་ན། ལས་དང་འབྲས་བུའི་རྣམ་གཞག་གི་ལམ་ལུགས་ཡོངས་སུ་རྫོགས་པ་ནུས་མེད་ཆགས་ནས་ང་ཚོ་འཁོར་བ་ལས་ཐར་གྱི་ཡོད། གལ་ཏེ་ང་ཚོས་རྨོངས་པ་དེ་ཡང་དག་པའི་རྟོགས་པ་དང་བརྗེ་པོ་རྒྱག་པ་ཡིན་ན། ངས་འདིའི་དོན་ལ་རྒྱས་ཤིང་རྒྱས་པ་བཤད་ཀྱི་མིན། སྤྱི་ཁོག་ཙམ་ཞིག་བཤད་ན། གལ་ཏེ་དེ་ལྟར་བརྗེ་པོ་རྒྱག་པ་ཡིན་ན། དེ་ནས་ “ང་” ཞེས་ཚུགས་ཐུབ་རྡོག་རྡོག་ཏུ་ཡོད་པ་དེ་གནས་སའི་གཞི་མེད་ལ། “ང་ལ་འདི་དགོས། དེ་མི་དགོས་” ཤེས་པ་དེ་ལའང་གཞི་རྟེན་མེད་པ་ཆགས་ཀྱི་ཡོད། དེ་ནས་སྲེད་པ་ཡོང་བའི་གཞི་མེད་ལ། དེ་མེད་པས་བག་ཆགས་དང་དང་གོམས་གཤིས་དེ་རྣམས་ཀྱང་ནུས་མེད་དུ་གྱུར་བ་ཡིན། གལ་ཏེ་དེ་ལྟ་བུའི་བག་ཆགས་དང་གོམས་གཤིས་རྣམས་ནུས་མེད་དུ་གྱུར་ཟིན་པ་ཡིན་ན། དེ་རྣམས་ད་དུང་མུ་མཐུད་རང་རྒྱུད་ལ་གནས་ཡོད་ཅེས་བརྗོད་མི་ཐུབ་པ་ཡིན།
ངས་འདིར་དཔེ་ཞིག་བཞག་ཡག་ཐབས་ཤེས་བྱེད་ཀྱི་ཡིན། དཔེར་ན། གལ་སྲིད་ཁྱེད་རང་གཏུམ་འབྲུག་གམ་ཌཱ་ཡེ་ནོ་སོར་ (dinosaurs) མཐོང་བའི་བག་ཆགས་ཤིག་ཡོད་པ་དང་། དེ་ནས་གཏུམ་འབྲུག་ཚང་མ་རྩ་སྟོང་དུ་ཕྱིན་པའི་དུས་ཚོད་སླེབས་ཡོད་ན། ཁྱེད་ཤིང་ནགས་དཀྱིལ་དུ་འགྲོ་སྐབས་གཏུམ་འབྲུག་མཐོང་བའི་བག་ཆགས་དེ་ཡང་མེད་པ་ཆགས་འགྲོ་བ་ཡིན། བག་ཆགས་དེ་ཡོད་དམ། གཞན་ཡང་དེ་སྔ་དེ་ལྟ་བུའི་བག་ཆགས་ཤིག་ཡོད་མྱོང་བ་ཡང་སྔོན་མ་ཤིང་ནགས་སུ་བསྐྱོད་སྐབས་རྒྱུན་དུ་གཏུམ་འབྲུག་མཐོང་རྒྱུ་ཡོད་ཀྱང་། ད་ལྟ་གཏུམ་འབྲུག་ཚང་མ་མེད་པར་གྱུར་ཟིན་པས། དེ་ལྟར་མཐོང་བའི་བག་ཆགས་དེ་ཡང་མེད་པ་རེད། དཔེ་དེའི་སྟེང་ནས་བག་ཆགས་སྨིན་པར་བྱེད་པའི་རྒྱུ་མེད་པའི་སྐབས། གཏུམ་འབྲུག་ཅིག་ཁྱོད་ཀྱི་མདུན་དུ་འགྲོ་བའི་སྐབས་དེ་མཐོང་བའི་བག་ཆགས་སྨིན་པའི་རྒྱུ་བྱེད་པ་ཡིན། གལ་ཏེ་བག་ཆགས་དེ་ནུས་ལྡན་བཟོ་རྒྱུ་མེད་པ་ཡིན་ན། ཁྱེད་ཀྱི་རྒྱུད་ལ་དེ་ལྟ་བུའི་བག་ཆགས་དེ་ཡང་མེད་པ་ཡིན། གལ་ཏེ་ལས་ཀྱི་བག་ཆགས་སྨིན་གྱི་མེད་ན། དེའི་རྒྱུ་མཚན་ནི། དེར་བག་ཆགས་མེད་པ་རེད། དེ་ནས་ང་ཚོས་བདེ་སྡུག་གི་འཕེལ་འགྲིབ་རྣམས་ཀྱང་མྱོང་མི་དགོས་པར་གྱུར་བ་དང་། དེའི་རྒྱུ་རྨོངས་པའང་མྱོང་མི་དགོས་པ་ཆགས་ཀྱི་ཡོད།
དེ་ནི་འཁོར་བའི་གནས་སྟངས་ཡོངས་སུ་རྫོགས་པ་ལས་ཐར་ཚུལ་དེ་ཡིན། ཡིད་ཚིམ་རྒྱུ་མེད་ལ་ཉེན་སྲུང་མེད་པའི་བདེ་སྡུག་གི་འཕེལ་འགྲིབ་མྱོང་མི་དགོས་ཀྱང་། དེའི་ཚབ་ཏུ་བདེ་བའི་རིགས་གཞན་དང་རྩ་ནས་མི་འདྲ་བ་དང་ཁྱད་ཆོས་མི་འདྲ་བའི་མྱོང་བ་བརྟན་པོ་ཞིག་དང་། བདེ་བ་དེ་ཡང་རྨོངས་པ་དང་མ་འདྲེས་ཤིང་། “ང་ལ་རྩེད་འགྲན་གྱི་རྒྱལ་ཁ་ཐོབ་སོང་། བྱས་ཙང་། ངའི་བྱ་དགའ་འདི་ཡིན་” ཞེས་པའི་བདེ་བའི་རིགས་དེ་ཡང་མ་ཡིན་པར་ཞིག་ང་ཚོར་ཡོད། དེ་ལྟ་བུའི་བདེ་བ་ནི་དཀའ་ངལ་གྱི་གནས་སྟངས་ཤིག་ལས་ཐར་ནས་ཉམས་སུ་མྱོང་བའི་བདེ་བའི་རིགས་ཤིག་ཡིན། དེ་ལ་དཔེར་བརྗོད་ཏག་ཏག་ཅིག་མིན་ནའང་དཔེ་ལས་སླ་པོ་ཞིག་གི་སྟེང་ནས་བཤད་ན། གང་ལྟར་དེ་ལྟ་བུའི་བདེ་བ་ནི་ང་ཚོས་ལྷམ་གོག་དམ་པོ་ཞིག་ཉིན་གང་གྱོན་ནས་ཉིན་གྱི་མཐའ་མར་ལྷམ་གོག་དེ་ཕུད་པས་རྐང་པ་བཙིར་བའི་གདུང་བ་དེ་ལས་ཐར་བའི་ངལ་སེལ་གྱི་དགའ་སྣང་ཞིག་ཡོང་བ་དང་འདྲ་པོ་ཡོད།
དེ་ག་ནང་བཞིན་ང་ཚོ་ཐར་པ་ཐོབ་པའི་སྐབས་སུ་གང་མྱོང་བ་དེ་ཡང་རང་ཉིད་ཀྱི་བྱ་སྤྱོད་གང་ཞིག་སྤེལ་བ་དང་མྱོང་བ་གང་ཞིག་བྱུང་བ་རྣམས་ངང་ངམ་ཤུགས་ཀྱིས་ལས་ཀྱི་སྐུལ་ཤུགས་ཀྱི་དབང་དུ་མི་ཤོར་བ་དང་། དེ་མིན་ཐར་པ་ལས་ཀྱང་འདས་པ་ནི་ཐམས་ཅད་མཁྱེན་པའམ་སངས་རྒྱས་ཀྱི་གོ་འཕང་འཐོབ་ཕྱིར་འབད་བརྩོན་བྱེད་ཀྱི་ཡོད་ན། ང་ཚོའི་བྱ་སྤྱོད་རྣམས་སྙིང་རྗེས་ཀུན་ནས་བསླངས་པའི་འགྲོ་བ་གཞན་རྣམས་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་འབྲལ་བར་འདོད་པའི་ཡིད་སྨོན་ཞིག་ཆགས་ཀྱི་ཡོད།
མཇུག་སྡོམ་གྱི་གཏམ།
འདི་ནི་ལས་འབྲས་རྣམ་གཞག་གི་ཁོངས་སུ་གཏོགས་པའི་གཞིའི་རྣམ་གཞག་ཁ་ཤས་ཀྱི་རྨང་གཞིའི་ངོ་སྤྲོད་ཅིག་ཡིན། ད་དུང་དེར་ཞིབ་ཅིང་ཕྲ་ལ་ཟབ་ཅིང་རྒྱས་པའི་སྒོ་ནས་འགྲེལ་བཤད་བརྒྱབ་ཆོག་པ་ཡིན། དེ་དག་འགའ་ཞིག་ནི་སྤྱིར་བཏང་གཞིའི་རྣམ་གཞག་བྱེ་བྲག་པ་ཞིག་གི་ཐོག་ནས་འགྲེལ་བཤད་བྱས་ཡོད། དཔེར་ན། ལས་འདི་འདྲའི་རིགས་ལ་འབྲས་བུ་ཡང་འདི་འདྲའི་རིགས་ཤིག་བྱུང་བའི་སྐོར་དང་། གལ་ཏེ་རྐྱེན་འདི་ཡོད་ན་འབྲས་བུ་སྟོབས་ཆེ་བ་མྱོང་དགོས་པ་དང་། གལ་སྲིད་རྐྱེན་དེ་མེད་པའི་སྐབས་བྱ་བ་ཞིག་སྟེས་དབང་གིས་སྒོ་ནས་བྱས་པ་ལས་ཆེད་མངགས་བྱས་མེད་ན། དེ་གཉིས་ཀྱི་དབར་ལ་འབྲས་བུའང་མི་འདྲ་བ་ཡོང་ཚུལ་སོགས་ཧ་ཅང་ཞིབ་ཕྲ་འགྲོ་རྒྱུ་ཡོད།
གཞན་ཡང་། ད་ལྟ་རང་དངོས་སུ་འབྲས་བུ་སྨིན་པར་འགྱུར་བའི་ཆ་ནས་བཤད་ན། དེ་ནི་གཞིའི་རྣམ་གཞག་དང་མཉམ་དུ་ཡོངས་སུ་ཁྱབ་པ་བཟོ་རྒྱུ་ཧ་ཅང་གི་དཀའ་ལས་ཁག་པོ་ཞིག་རེད། གང་ཡིན་ཞེ་ན། དེ་ནི་རང་གི་ཉེ་འཁོར་དུ་འབྱུང་བཞིན་པའི་ཤུགས་རྐྱེན་ཚང་མ་ལ་བརྟེན་ནས་ཡོད་པས་ཡིན། ཡང་ད་ལྟ་གང་ཞིག་བྱུང་མིན་སྐོར་སྤྱིར་བཏང་གི་གཞིའི་རྣམ་གཞག་ལ་ལྟོས་ནས་ཡོངས་ཁྱབ་བྱེད་མི་ཐུབ། གང་ཡིན་ཞེ་ན། ད་ལྟ་གང་འབྱུང་བ་ནི་འབྱུང་བཞིན་པའི་གནས་སྟངས་གཞན་ཚང་མས་ཤུགས་རྐྱེན་ལས་བྱུང་བས་ཡིན། གལ་ཏེ་རང་ལ་འགྲིམ་འགྲུལ་སྐབས་ལམ་བར་དུ་བརྡབ་སྐྱོན་གྱི་དོན་རྐྱེན་ལྟ་བུ་ཞིག་བྱུང་བ་ཡིན་ན། དེ་རྒྱུ་རྐྱེན་གང་ལས་བྱུང་བ་ཡིན་ནམ། ཞེས་བསམ་བློ་གཏོང་དགོས། དེ་ནི་དོན་རྐྱེན་དེའི་ནང་ཚུད་པའི་མི་ཡོངས་རྫོགས་རང་རང་གི་ལས་ལ་བརྟེན་ནས་འགྲིམ་འགྲུལ་དོན་རྐྱེན་ལྷག་སའི་ལམ་དེའི་ཐོག་དེད་པ་དང་། དེ་མིན་འགྲིམ་འགྲུལ་སྐབས་ཀྱི་འཚང་འགག།།གནམ་གཤིས། ལམ་ཁ་ལ་སོགས་པས་དོན་རྐྱེན་དེ་བྱུང་བར་རྒྱུ་བྱས་ཡོད་པས། ད་ལྟ་རང་སྨིན་བཞིན་པའི་སྣུམ་འཁོར་བརྡབ་སྐྱོན་གྱི་དོན་རྐྱེན་བྱེ་བྲག་པ་དེ་ནི་རྒྱུ་རྐྱེན་སྣ་ཚོགས་པ་ལས་བྱུང་བ་ཞིག་ཡིན།
གལ་ཏེ་ཁྱེད་རང་ཚོ་བརྗོད་གཞི་འདི་ལ་ཤེས་འདོད་དང་དོ་སྣང་ཡོད་ན། ད་དུང་དེར་རྣམ་པ་མི་འདྲ་བ་མང་པོའི་སྒོ་ནས་འཚོལ་ཞིབ་བྱ་རྒྱུ་ཡོད། ངས་བསམ་པར། ཇི་ཙམ་ལས་འབྲས་ཀྱི་ཐོག་ཞིབ་འཇུག་སློབ་སྦྱོང་བྱས་པ་དེ་ཙམ་གྱིས་ལས་ཀྱི་དབང་འོག་ནས་ཐར་བའི་དགེ་མཚན་ཡོད་པས། དེས་སོ་སོ་རང་ཉིད་འཁོར་བ་ལས་གྲོལ་བ་ཙམ་མ་ཟད། འགྲོ་བ་གཞན་དག་ལའང་ཕན་བདེ་སྐྲུན་ནུས་པའི་གོ་འཕང་ཐོབ་ཀྱི་ཡོད།
ཁྱེད་རང་ཚོར་དྲི་བ་གང་དང་གང་ཡོད་དམ།
གོང་གསལ་ལས་འབྲས་ཀྱི་སྐོར་ལ་ནག་ཉེས་འབྲེལ་བ་མེད་པ་ཡིན་ནམ། འདིར་ནག་ཉེས་ཀྱི་སྐོར་འབྲེལ་མེད་དོན་གཞན་ལྟ་བུ་རེད་དམ།
བདེན་པ་རེད། ནང་པ་སངས་རྒྱས་པའི་ལས་འབྲས་ཀྱི་རྣམ་གཞག་འགྲེལ་ཚུལ་དེ་ནག་ཉེས་དང་འབྲེལ་བ་མེད། ནག་ཉེས་ནི་ “ང་” ཞེས་ཟེར་བ་རང་གི་ངོ་བོ་ཐ་དད་དུ་ཡོད་པ་དང་། དེ་ཡང་ཚུགས་ཐུབ་ཏུ་རྡོག་རྡོག་ཅིག་ཡོད་པར་འཛིན་པ་ལ་རྨང་གཞིར་བྱས་ཡོད་པ་དང་། རང་གིས་གང་བྱས་པ་དེ་ངོ་བོ་གཞན་ཞིག་ཡིན་པ། དཔེར་ན། ཅོག་ཁྲིའི་སྟེང་རྩེད་ཡག་གི་རྩེད་མོའི་ (ping-pong balls) སྤོ་ལོ་ཆུང་ཆུང་གཉིས་དང་འདྲ་བ་རེད། དེ་ལྟར་ང་ཚོས་ང་ཞེས་པའི་ངོ་བོ་དེ་ཧ་ཅང་ངན་པ་དང་ངས་གང་བྱས་པའི་ངོ་བོ་དེ་ཡང་ཧ་ཅང་ངན་པར་ཡིད་ཆེས་བྱེད་པ་སོང་ཙང། དེ་འདྲའི་ལྟར་སྣང་དུ་རྡོག་རྡོག་གི་ངོ་བོ་གཉིས་ཡོད་པར་འཛིན་པའི་ལྟ་ཚུལ་ཞིག་ཀྱང་ཡོད་པ་དེ་གློད་མི་གཏོང་བར་ཡིན་པར་འཛིན་པ་ནི་ནག་ཉེས་ཡིན། དེ་ནི་རང་གི་ཁང་པའི་ནང་དུ་ཡོད་པའི་གད་སྙིགས་ནམ་ཡང་ཕྱིར་མ་གཡུགས་པར་ནང་དུ་ཉར་ཞིང་། ཁ་ནས་གད་སྙིགས་དེ་ཇི་འདྲའི་དྲི་མ་བཙོག་པ་དང་། མི་གཙང་བ་ཞིག་རེད་ཅེས་དེ་འདྲ་རྐྱང་རྐྱང་བཤད་ནས་དེ་ནམ་ཡང་གློད་མི་གཏོང་བ་དང་འདྲ་བ་རེད།
གོང་གསལ་ལས་འབྲས་ཀྱི་སྐོར་གྱི་གཏམ་བཤད་ནི་རིགས་པ་དང་ལྡན་པ་ཁ་གསལ་པོ་ཞེ་དྲགས་བྱུང་སོང་བས། ངས་རྨོངས་པ་དེ་ག་འདྲ་བྱས་ནས་མེད་པ་བཟོ་དགོས་པ་དང་། དེའི་སྐུལ་ཤུགས་དང་བག་ཆགས་སོགས་ལམ་ལུགས་ཡོངས་རྫོགས་གསལ་པོར་ཤེས་ཐུབ་ཀྱི་འདུག།།འོན་ཀྱང་། ངའི་བསམ་པར་། ང་ཚོས་ད་ལྟ་རང་ངང་ངམ་ཤུགས་ཀྱིས་བྱ་སྤྱོད་སྤེལ་བའི་སྐུལ་སློང་ངམ་ངར་ཤུགས་དང་མྱོང་བ་ཡོངས་སུ་རྫོགས་པ་མེད་པ་བཟོ་བ་ལ་དེ་ལྟར་གོ་རྟོགས་ཡོད་པ་ཙམ་གྱིས་འདང་ངེས་ཤིག་མ་རེད་བསམ་ཀྱི་འདུག །
དེ་ག་རང་རེད། དེ་འདྲ་སོང་ཙང་། ཐོག་མར་ང་ཚོས་བཟང་སྤྱོད་ཀྱི་ཁྲིམས་རང་སྲུང་དང་སྡོམ་པ་རང་འཁུར་ལ་སྦྱོང་བརྡར་བྱེད་དགོས་པ་ཡིན། དྲན་དགོས་པ་ཞིག་ལ། ང་ཚོས་གཞན་ལ་ “དེ་རིང་ཁྱེད་ཀྱིས་གྱོན་པའི་དུག་ལོག་དེ་མདོག་ཉེས་པ་ལ།” ཞེས་བརྗོད་འདོད་ཡོད་པའི་སྐབས་དང་། དེ་ལྟར་ཁྱེད་ཀྱིས་དངོས་སུ་བརྗོད་པའི་དབར་བར་མཚམས་ཐུང་ངུ་ཞིག་ཡོད་པ་ང་ཚོས་གོང་དུ་བཤད་ཟིན་པ་ལྟར་རེད། གལ་སྲིད་ང་ཚོས་དེ་འདྲའི་བར་མཚམས་བཟུང་ཐུབ་པ་ཡིན་ན། ངས་མི་གཞན་ལ་དེ་ལྟར་བརྗོད་ན་འགྲིག་དང་མི་འགྲིག །དེས་གཞན་ལ་ཤུགས་རྐྱེན་གང་འདྲ་ཞིག་སྤྲོད་ཀྱི་ཡོད་ཤེས་ནས་ཐག་གཅོད་བྱེད་པའི་ནུས་པ་དེ་སོ་སོར་ཡོད་པ་རེད། གལ་ཏེ་རང་གིས་དེ་ལྟར་བརྗོད་པ་དེ་ཕན་འབྲས་གང་ཡང་མེད་པ་ཤེས་པ་ཡིན་ན། ང་ཚོས་ཤོད་ཀྱི་མ་རེད། དེ་འདྲའི་གནས་སྐབས་ནས་བཟང་སྤྱོད་ཀྱི་ཁྲིམས་རང་སྲུང་དང་རང་གིས་རང་ལ་སྟངས་འཛིན་བྱེད་ཡག་དེ་འགོ་བཙུག་གི་ཡོད།
དེ་བཞིན་ང་ཚོས་བྱ་བ་གང་ཞིག་བྱེད་འདོད་པའི་གནས་སྐབས་སུ། རང་ལ་སེམས་ཚོར་གང་འདྲ་ཞིག་ཡོང་གི་ཡོད་དམ། ཞེས་བརྟག་དཔྱད་བྱེད་ཆོག་པ་ཡིན། རང་གི་བྱེད་འདོད་པའི་བྱ་བ་དེ་འདོད་རྔམས་ལ་སོགས་པའི་ཉོན་མོངས་ལ་གཞི་བྱས་པ་རེད་འདུག་གམ། ཁོང་ཁྲོར་རྨང་གཞིར་བྱས་འདུག་གམ། ཡང་ན་བཅོས་མིན་གྱི་བྱིས་བློ་ཞིག་ལ་རྨང་གཞིར་བྱས་འདུག་གམ། ཁྱོད་ཀྱི་དུག་ལོག་མདོག་ཉེས་མཐོང་གི་འདུག་ཅེས་བརྗོད་པ་དེས་གཞན་ལ་དོ་ཕོག་དང་ཤུགས་རྐྱེན་སྤྲོད་ཀྱི་ཡོད་མེད་ངས་བསམ་བློ་གཏོང་གི་འདུག་གམ། ཡང་མིན་ན། རང་ཉིད་ཀྱིས་བྱ་བ་གང་ཞིག་བྱེད་འདོད་པ་དེ་བཞིན་བྱམས་པ་ལ་སོགས་པའི་བཟང་ཕྱོགས་དགེ་བའི་བསམ་པས་རྨང་གཞིར་བྱས་འདུག་གམ། ཞེས་ང་ཚོས་བརྟག་དཔྱད་བྱེད་ཆོག་པ་ཡིན། དེ་འདྲ་ཡིན་པ་སོང་ཙང་། ཉོན་མོངས་དང་བསམ་བློའི་འཁྱེར་ཕྱོགས་མི་དགེ་བ་རྣམས་ཀྱི་མཚན་ཉིད་དང་གོ་དོན་ཤེས་རྒྱུ་ཕན་ཐོགས་ཆེན་པོ་ཡོད་པ་རེད། དེ་ཡང་ཉོན་མོངས་ནི་སེམས་ཀྱི་གནས་བབས་ཤིག་ཡིན་པ་དང་། དེ་རྒྱུད་ལ་སྐྱེ་བའི་སྐབས་རང་ཉིད་ཀྱི་སེམས་ཀྱི་ཞི་བདེ་བརླག་པ་དང་རང་གིས་རང་ལ་སྟངས་འཛིན་བྱེད་པའི་རང་ཚུགས་ཤོར་བའི་རྒྱུ་བྱེད་ཀྱི་ཡོད།
ང་ཚོའི་སེམས་ཀྱི་ཞི་བདེ་བརླག་པའི་སྐབས་སུ། སྙིང་ཁམས་ཀྱི་འཕར་ཤུགས་ཏོག་ཙམ་མགྱོགས་པོ་ཆགས་པ་དང་ཅུང་བག་མི་ཕེབས་པའམ་མི་བདེ་བའི་ཚོར་བ་ཞིག་ཡོང་གི་ཡོད་པ་ང་ཚོས་བཤད་ཐུབ། བྱས་ཙང་། ང་ཚོས་ང་རྒྱལ་གྱི་སྒོ་ནས་་སྐད་ཆ་བཤད་ཀྱི་འདུག་གམ་མི་འདུག་ཅེས་གནད་དོན་ཕྲ་མོ་དེ་འདྲ་ལ་དོ་སྣང་བྱེད་ཐབས་བྱེད་ཀྱི་རེད། དཔེར་ན། མི་ཞིག་གིས་ “ངས་དེའི་དོན་རྟོགས་མ་སོང་” ཞེས་བརྗོད་པ་ན། རང་གིས་ “ཨ་ལས། ཡིན་ནའང་ངས་ཤེས་སོང།” ཞེས་བརྗོད་པའི་སྐབས་སེམས་ནང་ཏོག་ཙམ་མི་བདེ་བ་ཞིག་ཡོང་གི་ཡོད་པ་ཁྱེད་ཀྱི་ཤེས་ཀྱི་རེད། དེ་ནི་རང་གི་སྐད་ཆ་དེའི་རྒྱབ་ལྗོངས་སུ་ང་རྒྱལ་དང་ཁེངས་དྲེགས་ཏོག་ཙམ་ཡོད་པ་རེད། བྱས་ཙང་། འདི་ནི་ཁྱེད་ཀྱིས་གང་བལྟ་ཞིབ་བྱེད་དགོས་པའི་གནད་དོན་དེ་རེད།
འོན་ཀྱང་། དངོས་པོའི་གནས་ལུགས་རྟོགས་ཞེས་པ་ནི་སྟོང་པ་ཉིད་ཀྱི་དོན་སོགས་རྟོགས་རྒྱུ་དེ་ཡིན་ལ། དེ་ནི་ཧ་ཅང་གི་རྟོགས་དཀའ་བ་ཞིག་ཡིན། ང་ཚོས་དེའི་དོན་རྟོགས་པའི་དབང་དུ་བཏང་ནའང་། དེ་དུས་རྟག་ཏུ་ང་ཚོའི་ཤེས་རྟོགས་སུ་ཡོང་བ་ལ། རྒྱུན་དུ་དེ་ལ་མྱོང་འདྲིས་བྱེད་དགོས་པ་ཡིན། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོས་ཐོག་མར་བཟང་སྤྱོད་ཀྱི་ཁྲིམས་རང་སྲུང་ནས་འགོ་བཙུགས་ཏེ། རང་ཉིད་ནས་མི་དགེ་བའི་ལས་རྩོམ་རྒྱུ་མཚམས་འཇོག་བྱེད་དགོས།
ང་ཏོག་ཙམ་མགོ་འཐོམས་སོང་། ངའི་བསམ་པར། ཁྱེད་ཀྱིས་གོང་དུ་བདེ་སྡུག་གི་འཕར་ཆག་གམ་འཕེལ་འགྲིབ་འདི་གཉིས་ལ་རྒྱུན་སྲིང་བའི་སེམས་ཚོར་གཉིས་ཡོད་པར་གསུངས་སོང་། དེ་གཉིས་ལས་གཅིག་སྲེད་པ་ཡིན་པར་གསུངས་སོང་ཡང་། གཞན་དག་དེ་གང་ཞིག་ཡིན་ནམ།
ངས་གོང་དུ་གང་འགྲེལ་བཤད་བྱས་པ་ནི། ལས་ཀྱི་བག་ཆགས་ནུས་ལྡན་དུ་བཟོ་མཁན་གྱི་རྐྱེན་གཉིས་ཡོད་པར་ཞུས་ཡིན། དེ་ནི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་རྣམ་གཞག་ལས་བྱུང་བ་ཞིག་རེད། དེ་རྣམས་ལས་གཅིག་ནི་སྲེད་པ་དང་གཞན་དེ་ངས་གོ་བདེ་པོར་བྱས་པ་ལས། དེ་མིན་ཐ་སྙད་རང་ལ་ “ལེན་པ་” ཞེས་ཟེར་གྱི་ཡོད། དེ་ནི་མི་འདྲ་བའི་རྣམ་གྲངས་ལྔ་ཙམ་ཡོད། འདི་ནི་གང་འཐོབ་པར་འགྱུར་བའི་འབྲས་བུ་དེ་ཡིན་ལ། དེ་དག་ལས་གཙོ་ཆེ་ཤོས་ནི་ང་ཚོས་གང་མྱོང་བཞིན་པ་དང་གནས་སྟངས་གང་འབྱུང་བཞིན་པ་དང་མཉམ་དུ་ཚུགས་ཐུབ་ཏུ་རྡོག་རྡོག་ཅིག་ཡོད་པར་ངོས་འཛིན་པའི་ “ང་” དེ་ཡིན།
འདིར་ཚུགས་ཐུབ་ཏུ་རྡོག་རྡོག་ཅིག་ཡོད་པར་ངོས་འཛིན་པའི་ “ང་” དེ་གཅིག་དང་འབྲེལ་བ་ཡོད་པ་ཡིན་ནམ། འདིར་རྨོངས་པ་ཡོད་པ་དང་རྨོངས་པ་དེ་ལ་གཟབ་ནན་གྱིས་རྩ་བ་ནས་མེད་པ་བཟོ་དགོས་ཀྱི་ཡོད་པ་དེ་གསལ་པོ་ཆགས་སོང་། ཡིན་ནའང་། ང་ཚོ་ག་རེ་ལ་རྨོངས་བསྡད་ཀྱི་ཡོད་པ་དང་གང་ཞིག་དང་ལྷན་དུ་རྨོངས་བསྡད་ཀྱི་ཡོད་དམ།
དེ་ནི་ལས་སླ་པོའི་ཐོག་ནས་ལན་འདེབས་ཐུབ་པའི་དྲི་བ་ཞིག་མ་རེད། ང་ཚོའི་རྨོངས་བྱའི་ཡུལ་དེ་ནི་ “ང་” ཟེར་བ་ཞིག་གྲུབ་ཡོད་པ་དང་། ཀུན་རྫོབ་ཀྱི་ངའམ་རྫུན་པའི་ང་དེ་གྲུབ་མེད་པ་དེ་ཡིན། འདིར་ང་ཚོས་ག་རེ་བྱེད་ཀྱི་ཡོད་ཟེར་ན། ང་ཟེར་བ་དེ་དོན་དམ་པར་ཡིན་པ་མི་སྲིད་པའི་སྒོ་ནས་མེད་པ་ལ་བདེན་པར་གྲུབ་པར་འཛིན་གྱི་ཡོད། དེ་ནི་སྒྲོ་བཏགས་ཏེ་གང་མེད་པ་ཞིག་སྣོན་པ་བརྒྱབ་ནས་ཡོད་པར་འདོད་པ་ཡིན། དཔེར་ན། ང་སྐྱིད་པོ་འདུག་ཅེས་དང་། ཡང་ན་ང་སྐྱིད་པོ་མི་འདུག་ཅེས་པ་ལྟ་བུ། ཁྱེད་རང་སྐྱིད་པོ་མེད་པ་མིན་པར་ང་སྐྱིད་པོ་མི་འདུག་ཟེར་བ་དེ་ཡིན། སྐྱིད་སྡུག་གང་ཞིག་མྱོང་བའི་སྐབས་སུ་ང་སྐྱིད་པོ་འདུག་ཅེས་པའི་ཐ་སྙད་དེ་དང་འབྲེལ་ནས་བརྗོད་ཀྱི་ཡོད། དེ་ནི་ཁྱེད་རང་དང་གཞན་སྐྱིད་པོ་འདུག་ཅེས་པ་དེ་མིན་པར། ང་སྐྱིད་པོ་འདུག་ཟེར་བ་དེ་ཡིན། དེ་ལྟ་བུའི་ “ང་” དང་ “ང་ཡི་བ་” ཟེར་བ་དེ་རྫུན་པའམ་ཀུན་རྫོབ་པའི་ང་དེ་ཡིན་པས། དེ་ནི་དེ་ལྟར་གྲུབ་མེད་པ་རེད།
དེ་འདྲའི་ཀུན་རྫོབ་པའི་ང་དེ་ལ་དཔེ་ཞིག་བཞག་ནས་བསྟན་ན། ང་ཚོས་གློག་བརྙན་ཞིག་བལྟས་པའི་དབང་དུ་བཏང་ནས་གློག་བརྙན་དེའི་མིང་ལ་ “རླུང་ལ་བསྐུར་བ།” (“Gone with the Wind”) ཞེས་པ་དེ་བལྟས་པར་ཆ་བཞག་ན། གློག་བརྙན་དེའི་འཁྲབ་སྟོན་རྒྱུད་རིམ་ཁྲོད་དགའ་སྐྱོ་སྡུག་གསུམ་གྱི་འཁྲབ་ཚན་སྤེལ་མར་ཡོད་ལ། དགའ་བའི་འཁྲབ་ཚན་དང་སྐྱོ་བའི་འཁྲབ་ཚན་གཉིས་ཀ་ “རླུང་ལ་བསྐུར་བ་” ཞེས་པའི་གློག་བརྙན་དེའི་འཁྲབ་ཚན་ཡིན། ང་ཚོས་དགའ་སྐྱོ་གཉིས་ཀ་ལྡན་པའི་འཁྲབ་ཚན་ཡོངས་ལ་སྤྱི་སྲོལ་ལྟར་ “རླུང་ལ་བསྐུར་བ་” ཞེས་པའི་མིང་དུ་བཏགས་ཀྱང་། དེ་ནི་གློག་བརྙན་དེའི་ཁ་བྱང་ཙམ་དང་མིང་ཙམ་ཞིག་རེད། འོན་ཀྱང་། ང་ཚོས་ “རླུང་ལ་བསྐུར་བ་” ཞེས་པའི་གློག་བརྙན་དེའི་སྐོར་བརྗོད་པའི་སྐབས་སུ་དེའི་ཁ་བྱང་ཙམ་གྱི་སྐོར་བཤད་ཀྱི་མེད་པར། ཁ་བྱང་དེས་བསྟན་པའི་གློག་བརྙན་གྱི་བརྗོད་དོན་དངོས་ཀྱི་སྐོར་ལ་བཤད་ཀྱི་ཡོད། དེ་ནི་ལྟོས་བཅས་ཀུན་རྫོབ་བམ་འཇིག་རྟེན་གྲགས་པའི་ཚུལ་དུ་གྲུབ་པའི་གློག་བརྙན་དེ་རེད། དེ་གྲུབ་ཡོད་པ་རེད། སྤྱིར་གློག་བརྙན་ཞེས་པ་ནི་འཁྲབ་ཚན་དེ་རྣམས་རེ་རེ་ལས་ལོགས་སུ་དབྱེ་ནས་འཇོག་རྒྱུ་མེད་ལ། འཁྲབ་ཚན་དེ་རྣམས་ལས་ལོགས་སུ་འགར་བ་དང་རང་དབང་དུ་གྲུབ་པའི་གློག་བརྙན་ཞིག་འདུག་ན། དེ་ནི་གློག་བརྙན་རྫུན་པ་ཡིན་ཞིང་། དེ་ལྟར་གྲུབ་མེད། ཀུན་རྫོབ་བམ་འཇིག་རྟེན་གྲགས་པའི་ཚུལ་དུ་གྲུབ་པའི་གློག་བརྙན་ནི་འཁྲབ་ཚན་དེ་རྣམས་ལ་བརྟེན་ནས་མིང་དུ་བཏགས་པ་ཙམ་དེ་ཡིན།
དེ་ག་ནང་བཞིན། ང་ཚོའི་མི་ཚེ་དངོས་ཀྱི་ནང་དུའང་བདེ་སྡུག་གཉིས་ཀའི་དུས་སྐབས་ཡོང་བཞིན་ཡོད་པས། ང་ཚོས་དེ་དག་ཐམས་ཅད་ག་འདྲ་བྱས་ནས་ཁུངས་གཏུགས་བྱེད་དགོས་སམ་ཞེ་ན། ང་ཚོས་དོན་དམ་པར་གྲུབ་མེད་པའི་ཀུན་རྫོབ་བམ་འཇིག་རྟེན་གྲགས་པ་ཙམ་གྱི་ “ང་” ལ་ཁུངས་གཏུགས་ཀྱི་ཡོད། དེ་ནི་ཁྱེད་རང་མིན་པར། དེ་ང་རང་རེད་ཅེས་པ་དེ་རེད། དེ་བཞིན་གློག་བརྙན་ “རླུང་ལ་བསྐུར་བ་” ཞེས་པ་དེ་ “སྐར་མའི་དམག་འཁྲུག།” (“Star Wars”) ཅེས་པའི་གློག་བརྙན་དེ་མིན་པ་ལྟ་བུ་རེད། འོན་ཀྱང་བདེ་སྡུག་མྱོང་བའི་གནས་སྐབས་དེ་ལས་ལོགས་སུ་གནས་སྐབས་དེ་རྣམས་མྱོང་བའི་ “ང་” ཞེས་པ་ཟུར་དུ་འབྱེད་རྒྱུ་མེད་ལ། དེ་ནི་ང་རྫུན་པའམ་བདེན་པར་མ་གྲུབ་པའི་ང་དེ་ཡིན། ང་ཞེས་པ་ནི་མི་ཚེའི་མྱོང་བའི་གནས་སྐབས་རྣམས་ལ་ལྟོས་ནས་བཏགས་པའི་མིང་ཙམ་ཞིག་ཡིན།
དེར་བརྟེན་རང་གི་ཕུང་པོ་ལས་ལོགས་སུ་ང་ཞེས་པ་ཞིག་ལུས་པོའི་ནང་དུ་གནས་པ་དང་། དེའི་ནང་བཅའ་སྡོད་བྱེད་པ། དེ་དང་འབྲེལ་ནས་ཡོད་པ། དེས་མཐེབ་ཅུ་འདྲ་པོ་ཞིག་མནན་ནས་ད་ལྟ་རང་ཉིད་ཀྱི་རྐང་པ་ལ་ན་ཟུག་དང་སྡུག་བསྔལ་ཡོང་གི་ཡོད་པ་སོང་ཙང་། རང་ཉིད་ཚོར་བ་དེ་འདྲ་ཞིག་མྱོང་བ་ལ་དགའ་གི་མི་འདུག་ཅེས་བསམ་པ་ནི་རྨོངས་པ་རེད། དེ་ལྟར་ཆ་རྒྱུས་མེད་པའི་ལུས་པོའི་ནང་གི་བདེ་སྡུག་གི་མྱོང་བ་ཡོངས་ལས་ལོགས་སུ་ང་ཞིག་ཡོད་པ་ལྟ་བུར་རྨོངས་ཀྱི་ཡོད། དེ་འདྲའི་ལོགས་སུ་གྲུབ་པའི་ངའམ་རྫུན་པའི་ང་དེར་རྨོངས་པ་རྨང་གཞིར་བྱས་ནས་སྲེད་པ་སྐྱེ་བཞིན་ཡོད། དེ་ཡང་ང་ལུས་ཀྱི་ན་ཟུག་སོགས་མྱོང་བའི་སྡུག་བསྔལ་ལས་བྲལ་དགོས་ཀྱི་འདུག་བསམ་པའི་ཚོར་སྣང་ཡོང་གི་ཡོད། རང་རྒྱུད་ལ་ཚུགས་ཐུབ་ཏུ་རྡོག་རྡོག་ཅིག་གྲུབ་པའི་ང་ཡོད་པར་འཛིན་པའི་ཕྱིན་ཅི་ལོག་པའི་བློ་དེ་མེད་པའི་སྐབས་སུ། སྡུག་བསྔལ་དང་ན་ཟུག་དེ་ལ་བཅོས་ཐབས་མ་བྱས་པར་མུ་འཐུད་མྱངས་ནས་སྡོད་དགོས་པའི་དོན་ག་ལ་ཡིན་ཏེ་མ་ཡིན། གལ་ཏེ་རང་གི་རྐང་པ་མེའི་ནང་སྤོས་པ་ཡིན་ན། དེ་ལས་ཕྱིར་འདོན་ཐབས་བྱེད་པ་ནི་བཤད་མི་དགོས་པ་རེད། ཡིན་ནའང་དེའི་རྒྱབ་ཏུ་ཡོད་པའི་ང་ཞེས་པའི་འཛིན་སྟངས་ནི་དེ་དང་མི་འདྲ་བ་ཡིན་པས། དེ་ལ་སྐྲག་སྣང་མེད་པ་རེད།
འོན་ཀྱང། ང་རྫུན་མའི་འཛིན་སྟངས་དང་ཀུན་རྫོབ་ཀྱི་ང་ཡི་འཛིན་སྟངས་དེ་གཉིས་ནི་གཏིང་ཟབ་པོ་དང་ཚད་མཐོ་པོ། མགོ་རྙོག་ཚ་པོ་ཞིག་རེད། བྱས་ཙང་། དེའི་སྐོར་འདི་རུ་མཚམས་འཇོག་རྒྱུ་ཡིན། དོ་དགོང་གི་གཏམ་བཤད་མཚམས་འཇོག་དང་སྦྲགས་ང་ཚོས་བསྔོ་བ་ཞིག་བྱེད་ན། དེ་ཡང་། འདི་ལས་གོ་རྟོགས་གང་བྱུང་བ་དང་། དགེ་བའི་ནུས་པ་གང་བྱུང་བ་ཐམས་ཅད་གཏིང་ཇེ་ཟབ་ནས་ཇེ་ཟབ་དང་། སྟོབས་ཇེ་ཆེ་ནས་ཇེ་ཆེར་འགྲོ་ཞིང་། དེའི་མཐུས་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག་ཅེས་བསྔོ་བ་བྱེད་དགོས།།