གོ་སླ་པོའི་ཐོག་ནས་བཤད་ན། བྱང་ཆུབ་སེམས་དཔའ་ཟེར་བ་ནི་གཞན་སེམས་ཅན་ཐམས་ཅད་ལ་གཅེས་སྐྱོང་གི་བློ་དང་ལྡན་པའི་སྙིང་རྗེ་ཅན་གྱི་གང་ཟག་ཅིག་ཡིན། འོ་ན་མི་རྣམ་དཔྱོད་དང་ལྡན་ཞིང་སེམས་པ་བཟང་པོ་ཧ་ཅང་མང་པོ་ཡོད་པ་ནི་བཤད་མི་དགོས་པས། བྱང་ཆུབ་སེམས་དཔའ་དེ་དག་དང་ཁྱད་པར་ཅི་ཡོད་བསམས་ན། ཐོག་མར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཞན་གྱི་བདེ་ཐབས་ལ་སྨོན་པ་ཙམ་མིན་པར། གཞན་གྱི་སྡུག་བསྔལ་དངོས་སུ་སེལ་བར་ཕན་པའི་ཐབས་ལམ་སྣ་ཚོགས་པ་ཞིག་ཀྱང་མཁྱེན་གྱི་ཡོད། དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་དངོས་སུ་ཕན་པའི་ཆེད་དུ་འབད་བརྩོན་ལྷོད་མེད་གནང་གི་ཡོད། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དཀའ་ངལ་དང་སྡུག་བསྔལ་གྱི་རྩ་བ་དེ་མཁྱེན་པ་མ་ཟད། རྩ་བ་དེ་གཅོད་ནུས་པའི་གདེང་ཚོད་ཡོད། དེ་ལྟར་རྩ་བ་དེ་བཅད་ཐུབ་ན་སེམས་ཅན་རྣམས་སླར་སྡུག་བསྔལ་མྱོང་མི་དགོས། མཁྱེན་རྒྱ་དང་དམིགས་འདུན་འདི་ལྟ་བུ་མངའ་བའི་རྒྱུ་མཚན་གྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་དེ་ཧ་ཅང་ནུས་སྟོབས་དང་ལྡན་པ་ཞིག་ཡིན།
བྱང་ཆུབ་སེམས་དཔའ་ལ་ལེགས་སྦྱར་སྐད་དུ་བོདྷི་སཏྟྭ་ཞེས་ཚིག་གཉིས་ཡོད་པ་དང་ཚིག་དེ་གཉིས་ལ་བསམས་ན། དང་པོ་བོདྷི་ཞེས་པ་ནི་བྱང་ཆུབ་དང་གཉིས་པ་སཏྟྭ་ཞེས་པ་ནི་སེམས་དཔའི་དོན་ཡིན། སྔོན་གྱི་དུས་སུ་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་སངས་མ་རྒྱས་གོང་ནང་པའི་ཆོས་ཀྱི་ནང་བྱང་ཆུབ་སེམས་དཔའ་ཟེར་བའི་ཚིག་དེ་ཁོང་ལ་འགྲེལ་བཤད་རྒྱག་སྐབས་བེད་སྤྱོད་བྱེད་སྲོལ་ཡོད། དཔེར་ན། སངས་རྒྱས་ཀྱི་སྐྱེས་རབས་ནང་སངས་རྒྱས་ནི་བྱང་ཆུབ་སེམས་དཔའ་ལ་འགྲེལ་བརྗོད་གནང་ཡོད་པ་ལྟ་བུ་རེད། དེ་བས་ན་ཇི་ལྟར་སངས་རྒྱས་ཀྱིས་བྱང་ཆུབ་ཐོབ་པའི་ཆེད་སྐུ་ཚེ་གྲངས་མེད་པའི་ནང་དཀའ་སྤྱད་དང་འབད་བརྩོན་གནང་བ་ནང་བཞིན་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གཞོལ་བཞིན་ཡོད། དེ་ལྟར་གནང་དགོས་དོན་ནི་ཁོང་ཚོས་སོ་སོ་རང་ཉིད་ལ་ད་དུང་ཡང་སྐྱོན་གྱི་ཆ་མང་དག་ཅིག་ཡོད་པ་རྟོགས་པས་རེད། ཁོང་ཚོས་གཞན་དོན་བསྒྲུབ་པའི་ཐབས་མང་པོ་མཁྱེན་གྱི་ཡོད་ནའང་། ཐབས་ལམ་གང་ཞིག་སེམས་ཅན་རེ་རེའི་ཁམས་དང་མཐུན་པའི་རན་འཚམས་ཡོད་མེད་ཆ་ཚང་ཞིག་གཟིགས་ཐུབ་ཀྱི་མེད། དེ་གཟིགས་ཐུབ་མཁན་ནི་སངས་རྒྱས་ཁོ་ན་རེད། དེར་བརྟེན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་ལ་ཕན་གང་ཐུབ་འདོགས་བཞིན་དུ་ད་དུང་མུ་མཐུད་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འབད་བཞིན་ཡོད།
བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་རྒྱུའི་སྡོམ་པ་ལེན་གྱི་ཡོད། ཁོང་ཚོའི་མཐར་ཐུག་གི་དམིགས་ཡུལ་ནི་རང་ཉིད་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཙམ་མིན་པར། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་རོགས་བྱ་རྒྱུ་དེ་ཡིན། ཁོང་རྣམས་ཀྱི་ཐུགས་རྒྱུད་ལ་ཡོད་པའི་སྙིང་རྗེ་ཆེན་པོ་དེ་ལ་བརྟེན་ནས་གཞན་ལ་ཕན་ཐོགས་བསྒྲུབ་པའི་ཕྱིར་སོ་སོ་རང་ཉིད་སངས་རྒྱས་ཀྱི་གོ་འཕང་ཐོབ་རྒྱུ་དེ་ཕར་འགྱངས་གནང་གི་ཡོད། ཁོང་ཚོ་ནི་ཆོས་ཀྱི་ལམ་སྟོན་པ་དང་སྲུང་སྐྱོབ་གནང་མཁན་ཞིག་ལ་གུས་བརྩི་བྱེད་ཀྱི་ཡོད།
བྱང་ཆུབ་སེམས་དཔའི་ཉམས་ལེན་དང་ཡོན་ཏན།
སངས་རྒྱས་ལ་མངའ་བའི་ཡོན་ཏན་ཆ་ཚང་བ་དེ་དག་མང་པོ་ཞིག་ནི་བྱང་ཆུབ་སེམས་དཔའ་རྣམས་ལའང་ཡོད། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སངས་རྒྱས་ཀྱི་གོ་འཕང་དང་ཐག་ཉེ་རུ་འགྲོ་བ་དང་གཞན་དོན་སྔར་ལས་ལྷག་བསྒྲུབ་པའི་ཆེད་དུ་ཡོན་ཏན་དེ་དག་མུ་མཐུད་ནས་གོང་འཕེལ་གཏོང་གི་ཡོད། འདིར་བྱང་ཆུབ་སེམས་དཔའ་རྣམས་ལ་མངའ་བའི་ཡོན་ཏན་འགའ་ཞིག་ནི།
- སྙིང་རྗེ། ~ བྱང་ཆུབ་སེམས་དཔའ་རྣམས་ནི་གཞན་སེམས་ཅན་ཐམས་ཅད་ལ་གཅེས་ཤིང་བརྩེ་བ་དང་ལྡན་པ་ཡིན། ང་ཚོ་མང་ཆེ་བས་སོ་སོ་རང་ཉིད་དང་པོ་དང་གལ་ཆེ་བར་འཛིན་གྱི་ཡོད། འོན་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རང་ལས་གཞན་གཅེས་པར་འཛིན་གྱི་ཡོད། ཁོང་རྣམས་ནི་སེམས་ཅན་ཐམས་ཅད་རང་གི་བུ་གཅིག་པུ་ལྟར་མཐོང་མཁན་གྱི་ཨ་མ་ལྟ་བུ་རེད། རང་གི་ཕྲུ་གུ་ལ་ན་ཚ་བྱུང་བ་ན་ཨ་མས་ཕྲུ་གུས་སྡུག་བསྔལ་མྱོང་བཞིན་པ་དེ་བཟོད་མེད་ཀྱི་སྒོ་ནས་ཐབས་ཤེས་གང་འདྲ་ཡིན་ནའང་བྱེད་ངེས་རེད། དེ་བཞིན་དུ་ང་ཚོ་སུ་འདྲ་ཞིག་ལ་སྡུག་བསྔལ་གྱིས་མནར་བ་དེ་བྱང་ཆུབ་སེམས་དཔའ་རྣམས་ལ་བཟོད་ཐབས་བྲལ་བ་རེད། ཁོང་ཚོས་གཞན་ཐམས་ཅད་ལ་གཅིག་མཚུངས་སུ་གཅེས་སྐྱོང་བྱེད་འདུན་ཡོད་པ་མ་ཟད། ང་ཚོ་ལ་ག་དུས་ཡིན་ན་ཐབས་ཤེས་གང་དྲག་དང་གང་ལྕོགས་ཐོག་ནས་ཕན་ཐོགས་བསྒྲུབ་ཀྱི་ཡོད།
- ཤེས་རབ། ~ བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གང་ཕན་པ་དང་གང་གནོད་པའི་བར་ཤན་འབྱེད་ཐུབ་པ་མ་ཟད། ད་དུང་དངོས་ཡོད་གནས་ལུགས་དང་རྟོག་པའི་འཆར་སྣང་བར་ལའང་ཤན་འབྱེད་ཐུབ་ཀྱི་ཡོད། ཟབ་མོའི་གོ་རྟོགས་འདི་ལ་བརྟེན་ནས་ཁོང་ཚོས་གཞན་སེམས་ཅན་རྣམས་ཐར་པའི་གོ་འཕང་ལ་འགོད་ཐུབ་ཀྱི་ཡོད།
- ཐབས། ~ བྱང་ཆུབ་སེམས་དཔའ་རྣམས་ནི་གཞན་ལ་ཕན་ཇི་ལྟར་འདོགས་དགོས་པ་དང་ཕན་འདོགས་པའི་ཐབས་ཚུལ་སྣ་ཚོགས་པ་ཕྱག་བསྟར་གནང་བ་ལ་མཁས་པ་ཡིན།
- སྦྱིན་པ། ~ བྱང་ཆུབ་སེམས་དཔའ་རྣམས་ནི་རང་གི་རྒྱུ་ནོར་ལོངས་སྤྱོད་དང་དུས་ཚོད་དེ་བཞིན་ནུས་པ་དང་བཅས་པ་གཏོང་ཕོད་ཅན་ཡིན། གཞན་ལ་ཕན་པའི་ཆེད་དུ་ཁོང་ཚོ་ལ་གང་ཡོད་པ་ཚང་མ་སྦྱིན་པ་གཏོང་འདུན་ཡོད་པ་དང་རྒྱུ་ནོར་ལོངས་སྤྱོད་དང་རང་ལ་ཐོབ་པའི་གྲུབ་འབྲས་གང་ལའང་ཆགས་པ་སྐྱེ་གི་མེད།
- བཟོད་པ། ~ བྱང་ཆུབ་སེམས་དཔའ་རྣམས་ནི་རང་གཞན་གཉིས་ཀ་ལ་བཟོད་བསྲན་ཐུབ་མཁན་ཞིག་ཡིན། ཁོང་ཚོས་སངས་རྒྱས་ཀྱི་གོ་འཕང་ལ་བགྲོད་པའི་ལམ་ཐག་དེ་རིང་པོ་ཞིག་ཡིན་པ་མཁྱེན་གྱི་ཡོད། གཞན་དོན་ཆེད་རང་ནུས་གང་ལྕོགས་ཀྱིས་དུས་ཚོད་གཏོང་འདུན་ཡོད་པ་རེད།
- བཟང་སྤྱོད་ཀྱི་ཚུལ་ཁྲིམས། ~ བྱང་ཆུབ་སེམས་དཔའ་རྣམས་ནི་བཟང་སྤྱོད་ཀྱི་ཚུལ་ཁྲིམས་གཅེས་སྲུང་ལ་དམ་བཅས་པ་ཞིག་ཡིན་པས། གཞན་སེམས་ཅན་ཐམས་ཅད་ལ་གནོད་པའི་ལས་སྤང་བ་དང་ཕན་པའི་ལས་བསྒྲུབ་ཀྱི་ཡོད།
- སྙིང་སྟོབས། ~ བྱང་ཆུབ་སེམས་དཔའ་རྣམས་ནི་དཔའ་དང་སྙིང་སྟོབས་ཅན་ཡིན་པས། གཞན་དོན་བསྒྲུབ་པའི་ཆེད་བར་ཆད་དང་དཀའ་ངལ་གྱི་རིགས་གང་འདྲ་ཞིག་ལའང་གདོང་ལེན་གནང་རྒྱུ་ཨང་བསར་ཡོད། ཁོང་ཚོ་གཞན་དོན་བསྒྲུབ་པའི་ཆེད་དཀའ་ངལ་དང་ཉེན་ཁ་ཆེ་བའི་གནས་བབས་ལ་སྐྲག་པ་དང་ཞུམ་པ་མེད་པ་རེད།
དེང་དུས་ཀྱི་བྱང་སྤྱོད་མཛད་པའི་བྱང་ཆུབ་སེམས་དཔའ་ཞིག
བྱང་ཆུབ་སེམས་དཔའི་དཔེ་ཡག་ཤོས་ཤིག་ནི་༧སྤྱི་ནོར་༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་རེད། ༧གོང་ས་མཆོག་ནི་ཞོགས་པ་སྔ་པོ་ནས་བཟུང་སྟེ་དགོང་ཕྱི་མོའི་བར་དུ་སྐུ་ངལ་ཁྱད་གསོད་ཀྱིས་ཕྱག་ལས་གནང་གི་ཡོད། ཁོང་གི་ཉིན་མོ་དེ་ཞོགས་པ་ཕྱག་ཚོད་གསུམ་པ་ནས་འགོ་བཙུགས་ཏེ། ཆུ་ཚོད་མང་པོའི་རིང་སྒོམ་སྐྱོན་གནང་བ་དང་དེ་ནས་མུ་མཐུད་དེ་ཉིན་གང་པོར་ཚོགས་འདུའི་རིགས་དང་གཞན་དོན་བསྒྲུབ་གནང་གི་ཡོད།
ཐེངས་མ་གཅིག་༧གོང་ས་མཆོག་འགྲུལ་བཞུད་རིང་པོ་ཞིག་གི་རྗེས་སུ་སྤི་ཏི་ལ་ཕེབས་འབྱོར་བྱུང་ཞིང་། དེའི་སྐབས་སུ་ཁོང་གིས་ཉིན་མང་པོའི་རིང་གསུང་ཆོས་གནང་བ་སོང་ཙང་། གསུང་སྐད་ཀྱང་སྐད་འཛེར་ཆགས་འདུག ཁོང་ད་དུང་སྐུ་ལས་ཡོང་གི་རེད་བསམས་ནས་ངས་ཁོང་ལ་ཞབས་སྟེགས་སྒང་ལ་བཞུགས་ནས་ཆོས་ཞུ་བ་རྣམས་ལ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་སྙིང་པོ་མ་ཎི་ཡིག་དྲུག་གི་ལྗགས་ལུང་ཞིག་གནང་ན་ཞུས་པས་ཁོང་གིས་ངོས་བཞེས་གནང་སོང་། ཡིན་ནའང་གསུང་ཆོས་འགོ་བཙུགས་པ་དང་ཁོང་གིས། ངས་ལྷོད་ལྷོད་བྱེད་དགོས་ཞེས་ཞུས་ནས་ཁོང་གཉིད་ཡག་པོ་ཁུག་ནའང་དུས་ཚོད་ཆུད་ཟོས་སུ་གཏོང་འདོད་མེད་པ་སོང་ཙང་། གསུང་ཆོས་གནང་རྒྱུའི་ཐག་གཅོད་གནང་སོང་། དེ་ནས་ཁོང་གིས་ཕལ་ཆེར་ཆུ་ཚོད་གསུམ་ཙམ་གྱི་རིང་ཡོན་ཏན་གཞིར་གྱུར་མའི་ཆོས་ཁྲིད་དེ་གནང་བ་རེད། དེའི་སྐབས་སུ་ཁོང་གི་གསུང་སྐད་ཀྱང་དྲག་སྐྱེད་ཕྱིན་འདུག
གསུང་ཆོས་རྗེས་སུ་ངས་ཁོང་གཟིམ་ཁང་དུ་ཕེབས་སྐྱེལ་ཞུས་པ་ཡིན། དེ་དུས་ཁོང་གིས་གཟན་ཆས་ཕུད་ནས་འབོལ་སྟེགས་སྒང་ལ་མར་བསྙལ་ཏེ། ཧ་ཅང་ཐང་ཆད་འདུག ཁྱེད་རང་འགྲོ་ན་འགྲིག་ས་རེད་ཅེས་གསུངས་གནང་སོང་། འོན་ཀྱང་ངས་ཁོང་གི་ཞལ་རས་ལ་ཐང་ཆད་པའི་རྣམ་འགྱུར་མཐོང་མ་སོང་། དེ་ལས་ལྡོག་སྟེ་ངས་ཁོང་གི་ཞལ་རས་ལ་ད་དུང་གྲུང་ཤ་དོད་ལ་ནུས་པ་ལྡན་པ་ཞིག་མཐོང་སོང་། དགུངས་ལོ་བརྒྱད་ཅུ་ཟིན་པའི་མི་ཕལ་པ་ཞིག་གིས་དེ་ལྟ་བུའི་ཕྱག་ལས་གནང་ཐུབ་ཀྱི་མ་རེད་བསམས་སོང་། ༧གོང་ས་མཆོག་ནི་དངོས་གནས་དྲང་གནས་ངོ་མཚར་ཅན་ཞིག་རེད་འདུག
ངས་དེ་འདྲའི་ངོ་མཚར་ཆེན་པོ་དེའི་རྒྱབ་ཀྱི་གསང་བའི་གནད་དེ་ག་རེ་ཡིན་ན་བསམ་གྱི་ཡོད། དེ་ནི་སྙིང་རྗེ་ལས་གཞན་གང་ཡང་མིན། ཁོང་གིས་གཞན་གྱི་སྡུག་བསྔལ་གཏན་དུ་སེལ་ཐབས་སུ་སྐུ་ངལ་འཛེམས་མེད་ཐོག་ཕྱག་ལས་གནང་གི་ཡོད། ང་ཚོ་ལ་མཚོན་ན་དེང་སང་གི་བརྙན་འཕྲིན་རྩེད་མོ་དེ་ཆུ་ཚོད་བཞིའམ་ལྔའི་བར་དུ་རྩེད་ཐུབ་པ་དང་དེའི་རིང་ལ་དཀའ་ལས་ཁ་གི་མེད། ཡིན་ནའང་ཁོང་གིས་ནི་གཞན་དོན་བསྒྲུབ་རྒྱུ་དེ་ཕན་ཐོགས་ཅན་ཁོ་ནར་གཟིགས་ཀྱི་ཡོད་པ་སོང་ཙང་། ཁོང་སྐུ་ཐང་མཉེལ་གྱི་མེད། བྱང་ཆུབ་སེམས་དཔའི་ཡོན་ཏན་སྙིང་རྗེ་དང་། ཤེས་རབ། སྙིང་སྟོབས་ལ་སོགས་པ་ལ་བལྟས་ན། ང་ཚོས་ཐེ་ཚོམ་མེད་པའི་སྒོ་ནས་༧གོང་ས་མཆོག་ཀྱང་བྱང་ཆུབ་སེམས་དཔའ་ཞིག་ཡིན་པ་གསལ་པོར་ཤེས་ཐུབ།
མཇུག་སྡོམ།
བྱང་ཆུབ་སེམས་དཔའ་ནི་གདུལ་བྱ་རྣམས་སངས་རྒྱས་ཀྱི་གོ་འཕང་ལ་ཁྲིད་མཁན་སྙིང་རྗེ་དང་ནུས་པ་ལྡན་པའི་ལམ་སྟོན་པ་ཡིན། ཁོང་ཚོའི་རང་དོན་བློས་བཏང་གིས་མཛད་འཕྲིན་བསྐྱངས་པ་དང་ཆོས་གསུངས་པ་ལ་བརྟེན་ནས་ནང་པའི་མིག་དཔེ་ལྟ་འོས་སུ་གྱུར་ཡོད་ལ། ཡོན་ཏན་དེ་དག་ང་རང་ཚོ་སོ་སོ་རང་ཉིད་ཀྱི་རྒྱུད་ལ་སྐྱེད་ཕྱིར་སེམས་སྐུལ་གནང་གི་ཡོད། དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་ནང་པ་ས་ཡ་མང་པོའི་ཆོས་ཕྱོགས་ཀྱི་མི་ཚེའི་ནང་གལ་གནད་ཅན་གྱི་མཛད་འཕྲིན་བསྐྱངས་དང་སྐྱོང་མུས་ཡིན་ལ། རང་སོ་སོའི་མི་ཚེའི་ནང་ཤེས་རབ་དང་སྙིང་རྗེ་ཚད་མེད་པ་ཞིག་སྐྱེད་པར་འདོད་པ་རྣམས་ལ་སེམས་སྐུལ་དང་ལམ་སྟོན་གྱི་འབྱུང་ཁུངས་ཤིག་མཁོ་སྤྲོད་གནང་གི་ཡོད།
ཕྱི་ནས་བལྟས་ན་སུ་བྱང་ཆུབ་སེམས་དཔའ་ཡིན་དང་མིན་བཤད་ཤེས་ཐབས་བྲལ་བ་རེད། ང་རང་ཚོ་མི་རེ་ངོ་རེ་བྱང་ཆུབ་སེམས་དཔའ་ཞིག་ཆགས་ཐུབ་ཀྱི་རེད། གལ་ཏེ་ང་ཚོས་སེམས་ཅན་གྱི་དོན་བསྒྲུབ་ཐུབ་པའི་དམིགས་ཡུལ་དང་བཅས་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་འབད་བརྩོན་བྱེད་ཀྱིན་ཡོད་ན། ང་ཚོ་བྱང་ཆུབ་སེམས་དཔའ་རེད། གལ་སྲིད་གཞན་ལ་ཕན་འདོགས་དགོས་བསམ་པའི་ཡིད་སྨོན་ཙམ་དུ་མ་ཟད། གཞན་ལ་དངོས་སུ་ཕན་འདོགས་ཐུབ་པའི་ནུས་པ་ཡོད་པ་དང་དེ་དག་གི་དོན་དུ་དུས་ཚོད་བཏང་ནས་ལས་ཀ་བྱེད་ཐུབ་ན་ཅི་མ་རུང་བསམ་པ་ཞིག་དགོས། གལ་ཏེ་ང་ཚོས་དངོས་གནས་གཞན་ལ་ཕན་པ་བསྒྲུབ་འདོད་ཡོད་ན། ཐོག་མར་སོ་སོ་རང་ཉིད་བྱང་ཆུབ་སེམས་དཔའ་ཞིག་ཆགས་དགོས་ཀྱི་ཡོད། གཞི་ནས་ང་ཚོས་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་འབད་བརྩོན་བྱེད་ཐུབ། དེ་ལས་ལྷག་པའི་མི་ཚེ་དོན་དང་ལྡན་པ་ཞིག་སྐྲུན་མཁན་གཞན་མེད་དོ།།