གོ་རིམ་ཇེ་རྒྱས་སུ་ལམ་གྱི་རིམ་པའི་རྗེས་སུ་འབྲང་བ།
ང་ཚོས་ལམ་རིམ་གྱི་སྐོར་གོ་བསྡུར་བྱས་དང་བྱེད་མུས་རེད། ལམ་རིམ་ནི་གཞི་རྩའི་མདོའི་ཆོས་རྣམས་གོ་རིམ་བསྟར་ཆགས་སུ་སྒྲིག་པའི་འཆར་འགོད་ཅིག་རེད། འདིའི་ནང་སྐྱེ་བ་བཟང་པོ་སྐྱེ་བ་དང་། དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བ་ལས་ཐར་བ། ཐམས་ཅད་མཁྱེན་པའི་གོ་འཕང་དུ་འགོད་པའི་སེམས་ཀྱི་ལམ་ལྟ་བུ་ཀུན་སློང་གི་རིམ་པ་གསུམ་གྱི་སྐོར་གསུང་གི་ཡོད། སངས་རྒྱས་ཀྱི་གོ་འཕང་ནི་སེམས་ཅན་ཐམས་ཅད་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བ་ལས་ཐར་བར་བྱེད་པའི་ནུས་པ་དེ་རེད། ཀུན་སློང་གི་རིམ་པ་གསུམ་པོ་རིམ་པ་ཅན་ཞིག་ཡིན་ནའང་། དེ་ནི་སྐས་འཛེག་གི་ཐེམ་པ་ལྟ་བུ་མིན། འོན་ཀྱང་དེ་ནི་ཐོག་རྩེག་གསུམ་ཅན་ནང་བཞིན་རེད། ཐོག་རྩེག་རེ་རེ་ནི་ཐོག་རྩེག་འོག་མའི་སྟེང་ལ་རྒྱབ་རྟེན་བྱས་ནས་གནས་དགོས་ཀྱི་ཡོད།
ལམ་རིམ་དེ་སྐྱེ་བ་ཕྱི་མ་ཡོད་ཤག་ལ་གཞི་རྟེན་བྱས་ཡོད་པ་དང་། དེ་ནི་ཐོག་མ་དང་མཐའ་མ་མེད་པའི་སོ་སོའི་སེམས་ཀྱི་རྒྱུན་དེ་ལ་གོ་བ་ཡིན། ནུབ་ཕྱོགས་སུ་ང་ཚོ་མང་པོ་ཞིག་གིས་ཆོས་ཡངས་པའི་འགྲེལ་ཚུལ་གྱི་ལམ་རིམ་རྗེས་སུ་འབྲང་གི་ཡོད། དེའི་ནང་ང་ཚོས་ཚེ་འདི་ཡར་རྒྱས་གཏོང་ཐབས་བྱེད་ཀྱི་ཡོད། ཆོས་ཡངས་པ་དེ་རང་ལ་བརྟེན་ནས་ང་ཚོས་སངས་རྒྱས་ཀྱི་གོ་འཕང་ཐོབ་མི་ཐུབ། ཡིན་ནའང་དེ་ནི་ཐོག་མའི་གོམ་པ་གལ་ཆེན་ཞིག་ཡིན། མཐར་ཐུག་ང་ཚོས་རང་ཉིད་ཡར་རྒྱས་གཏོང་བ་དང་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་བརྒྱུད་དེ་སངས་རྒྱས་ཀྱི་གོ་འཕང་ལ་འབད་བརྩོན་བྱེད་དགོས། འདིས་ཆོས་ཡངས་པ་ཁོ་ནའི་རྗེས་སུ་འབྲང་པ་དེ་ཕན་ཐོགས་མེད་པ་རེད་ཅེས་པའི་དོན་སྟོན་གྱི་མེད། གང་ཡིན་ཟེར་ན། དེ་ནི་ཕན་ཐོགས་ལྡན་པ་ཞིག་ཡིན་ངེས་རེད། འོན་ཀྱང་། གལ་ཏེ་ང་ཚོས་འདི་གནས་རིམ་གོང་ནས་གོང་དུ་འགྲོ་བའི་ཐེམ་སྐས་ལྟ་བུ་ཉམས་སུ་བླངས་ན། འདི་ནི་ནང་པའི་ཐབས་ལམ་དངོས་དང་འབྲེལ་བའི་སྒོ་ནས་རྦད་དེ་སྟོབས་ཤུགས་ཆེ་བ་ཆགས་རྒྱུ་ཡིན་པ་རེད།
ལམ་རིམ་ནི་ང་ཚོས་ཡང་ནས་ཡང་དུ་བསྐྱར་ལྡབ་ཡང་ལྡབ་ཀྱིས་ཉམས་ལེན་བྱེད་དགོས་པ་ཞིག་ཡིན་པ་ང་ཚོས་མཐོང་ཡོད། ང་ཚོས་རིམ་པས་ཆོས་ཇེ་མང་སྦྱངས་པ་དང་ཆབས་ཅིག་ང་ཚོ་ཕྱིར་ལོག་ནས་གནད་དོན་རེ་རེ་བཞིན་ལམ་རིམ་གྱི་གནད་སྙིང་གཞན་དག་དང་འབྲེལ་བ་མཐུད་དགོས། གང་ཡིན་ཞེ་ན། དེ་དག་ཐམས་ཅད་མཉམ་དུ་སྦྲེལ་ནས་ཡོད་པ་དང་གཅིག་གིས་གཅིག་ལ་ཕན་ཚུན་དཔུང་སྣོན་བྱེད་ཀྱི་ཡོད། དེ་འདྲའི་སྒོ་ནས་ང་ཚོར་གོ་རྟོགས་དང་ཡར་རྒྱས་ཇེ་མང་འཐོབ་ཀྱི་རེད། དེའི་སྒང་ལ་གལ་ཏེ་ང་ཚོས་ལམ་གྱི་རིམ་པ་རེ་རེའི་སྐབས་སུ་ཀུན་སློང་དེ་དག་གི་ཆོས་ཀྱི་ནང་ངེས་ཅན་དུ་བཟོས་པའི་སྐུལ་སློང་ལ་ཁ་སྣོན་ལྟ་བུ་བྱས་པའི་ཚད་མཐོའི་ཀུན་སློང་གི་རིམ་པ་ལས་བྱམས་པ་དང་སྙིང་རྗེའི་ཀུན་ནས་སློང་བའི་སེམས་ཚོར་རྣམས་མཉམ་སྡེབ་བྱས་ན། ང་ཚོའི་ཉམས་ལེན་ཡོངས་སུ་རྫོགས་པ་ཐེག་པ་ཆེན་པོའི་ཁྱབ་ཁོངས་སུ་རན་འཚམ་ཆགས་ཀྱི་རེད།
འོན་ཀྱང་ངས་དེ་ལ་སྙིང་ཆེན་པོ་ཞེས་བརྗོད་ས་མ་རེད། སྙིང་རྗེ་ནི་སྤྱིར་བཏང་གཞན་སེམས་ཅན་རྣམས་སྡུག་བསྔལ་དང་དེའི་རྒྱུ་དང་བཅས་པ་ལས་འབྲལ་འདོད་ཀྱི་བསམ་པ་དེ་རེད། དེ་ནི་སྐབས་འདིར་འགྲིགས་ངེས་རེད། སྙིང་རྗེ་ཆེན་པོ་ནི་ང་ཚོས་སེམས་ཅན་ཐམས་ཅད་མཐར་ཐུག་དོན་དམ་གྱི་སྡུག་བསྔལ་ལས་ཐར་འདོད་ཀྱི་བསམ་པ་དེ་རེད། དེ་ནི་ཕུང་པོར་ཡང་ནས་ཡང་དུ་འབྱུང་བ་ལས་སྡུག་བསྔལ་འབྱུང་བའི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དེ་རེད། དེ་ནི་ཆེན་པོ་ཡིན་ཞེས་པའི་དོན་ནི། འདི་ནི་སེམས་ཅན་ཡོད་དོ་ཅོག་གཅིག་ཀྱང་མ་ལུས་པར་ཁྱབ་མཉམ་གྱིས་ཨ་མས་རང་གི་བུ་གཅིག་པུར་བརྩེ་བ་ནང་བཞིན་སྙིང་རྗེ་རྒྱ་སྐྱེད་གཏོང་བའི་དོན་ཡིན། དེ་ནི་སྐབས་འདིར་ལམ་རིམ་ཡར་རྒྱས་ཀྱི་ཁོངས་སུ་བརྩི་བ་དེ་ཏོག་ཙམ་ཐལ་དྲགས་པ་ཞིག་ཡིན་སྲིད།
ཐོག་མའི་ཀུན་སློང་གི་རིམ་པ་སྐྱེད་པ།
ང་ཚོས་ཐོག་མའི་ཀུན་སློང་གི་རིམ་པའི་གང་ཟག་ཅིག་ཇི་ལྟར་ཆགས་པའི་སྐོར་བཤད་ཟིན་པ་རེད། དེ་ཡང་ཆོས་ཀྱི་བརྗོད་དོན་ཙམ་ལ་སློབ་སྦྱོང་བྱེད་པའམ། ཡང་ན་དེའི་ནང་གི་གྲངས་ཐོ་ཡོངས་རྫོགས་བློ་འཛིན་བྱེད་པ་དང་སློབ་སྦྱོང་བྱེད་པ་ཙམ་མིན། འདིའི་དོན་ངོ་མ་ནི་སོ་སོ་རང་ཉིད་དེ་ལྟ་བུའི་སྐྱེས་བུ་ཞིག་ལ་ཡོངས་སུ་འགྱུར་བ་གཏོང་བ་དེ་རེད། རྒྱལ་སྲས་ཞི་བ་ལྷས་ཁོང་གི་སྤྱོད་འཇུག་ནང་ཇི་ལྟར་འགྲེལ་བརྗོད་མཛད་པ་ལས་ང་ཚོས་ཤེས་ཐུབ། དེ་ཡང་ཁོང་གིས་གང་ལ་གང་འཚམ་གྱི་ནན་པོའི་སྒོ་ནས་ང་ཚོས་བྱང་ཆུབ་ཀྱི་སེམས་ཤིག་བསྐྱེད་པའི་རྗེས་ལ་ཉིན་དང་མཚན། ཐ་ན་ང་ཚོ་ར་བཟི་ཡོད་ནའང་ང་ཚོའི་དགེ་བའི་ནུས་པ་དེ་ཇེ་མང་ནས་ཇེ་མང་དུ་འཕེལ་གྱི་ཡོད་ཅེས་གསུངས།
འདི་ནི་ང་ཚོས་བྱང་ཆུབ་ཀྱི་སེམས་སྐྱེད་འགོ་བཙུགས་པའི་སྐད་ཅིག་དང་པོ་དེ་ལ་གོ་གི་མེད། འོན་ཀྱང་དེ་ནི་ང་ཚོ་རྩོལ་མེད་ཀྱི་བྱང་ཆུབ་སེམས་པའི་གནས་སྐབས་སུ་སླེབས་པར་གོ་བ་ཡིན། དེའི་དུས་སུ་ང་ཚོ་རང་ངོས་ནས་འབད་རྩོལ་དང་བཅས་བྱང་ཆུབ་ཀྱི་སེམས་དེ་སྐྱེད་དགོས་ཀྱི་མེད་པར་དེ་རང་ཤུགས་ངང་གིས་འབྱུང་གི་ཡོད། ང་ཚོ་ཐོག་མར་བྱང་ཆུབ་ཀྱི་སེམས་སྐྱེད་པའི་དགོས་ངེས་ཀྱི་རིམ་པ་རྣམས་བརྒྱུད་དགོས་པ་སྨྲོས་མེད་རེད། དཔེར་ན། རྒྱུ་འབྲས་མན་ངག་བདུན་དང་བདག་གཞན་མཉམ་བརྗེའི་སྒོ་ནས་སེམས་སྐྱེད་དགོས་ཤིང་། དེ་ལྟར་སེམས་སྐྱེད་པར་ང་ཚོས་འབད་བརྩོན་ཤུགས་ཆེན་བྱེད་དགོས། རྩོལ་མེད་ཀྱི་བྱང་ཆུབ་སེམས་ལ་བརྟེན་ནས་དེ་འདྲའི་འབད་བརྩོན་བྱེད་དགོས་ཀྱི་མེད། གང་ཡིན་ཞེ་ན། བྱང་ཆུབ་ཀྱི་སེམས་དེར་རྟག་ཏུ་ཡོད་པ་དང་། དེ་སྐྱེད་པར་ང་ཚོས་རིམ་པ་གང་ཡང་བརྒྱུད་ནས་འགྲོ་དགོས་ཀྱི་མེད།
དེ་དང་མཚུངས་པར་རྒྱ་སྐྱེད་གཏོང་བའི་སྒོ་ནས་དམིགས་ཡུལ་དེ་རྩོལ་མེད་ཆགས་པའི་སྐབས། ང་ཚོས་སྐྱེ་བ་བཟང་པོར་དམིགས་པའི་ཐོག་མའི་ཀུན་སློང་གི་གང་ཟག་ཅིག་དངོས་གནས་ཆགས་ཡོད་ཅེས་ཤོད་ཐུབ། ང་ཚོས་རྩ་ཆེན་གྱི་སྐྱེ་བ་དང་། འཆི་བ། མི་རྟག་པ། ངན་སོང་གི་གནས། སྐྱབས་འགྲོའམ་ཉེན་མེད་ཁ་ཕྱོགས་དང་ལས་སོགས་ཀྱི་ཐོག་སྒོམ་པའི་རིམ་པ་ཆ་ཚང་བརྒྱུད་ནས་འགྲོ་མི་དགོས་པར། ང་ཚོར་རྩོལ་མེད་ཀྱི་ཚུལ་དུ་རྟག་ཏུ་ཡོད་པ་དང་། ཐ་ན་དྲན་ཤེས་མེད་པའི་སྐབས་སུའང་ཡོད་པ་རེད།
ཀུན་སློང་དེ་དག་ཆ་ཚང་བ་མཉམ་སྡེབ་བྱས་པ་དེ་གྲུབ་འབྲས་ཆུང་ཆུང་ཞིག་མ་རེད། འདིས་ཚེ་འདིའི་ནང་རང་སོ་སོའི་ལས་དོན་ལ་སེམས་འཁུར་དེ་བརྩི་མེད་དང་སྣང་མེད་གཏོང་གི་མེད། འོན་ཀྱང་དེ་ནི་ང་ཚོའི་དམིགས་ས་གཙོ་བོ་དེ་མིན། ཐོག་མའི་ཀུན་སློང་གི་རིམ་པའམ་སྐྱེས་བུ་ཆུང་ངུའི་ལམ་གྱི་རིམ་པར་སླེབ་པར། ང་ཚོས་ཡིད་གཉིས་ཐེ་ཚོམ་མེད་པར་སྐྱེ་བ་ཕྱི་མར་ཡིད་ཆེས་བྱེད་དགོས། སྐྱེ་བ་ཕྱི་མ་ཡོད་པ་དང་དེ་དག་ཀྱང་ལས་ཀྱིས་ཤུགས་རྐྱེན་བྱས་ཡོད། བྱས་ཙང་། ང་ཚོས་དེའི་ཐད་ལ་གཅིག་བྱེད་དགོས། ཨ་ཅང་ཅང་། ང་ཚོས་དེ་ཐད་གཅིག་བྱེད་ཐུབ་པའི་ངེས་པ་རྙེད་པ་དགོས།
ཐོག་མའི་ཀུན་སློང་གི་རིམ་པ་ཆ་ཚང་བ་མ་ཐོབ་པའི་སྔོན་ལ་ང་ཚོས་ལམ་ལ་མུ་མཐུད་འཇུག་མི་ཐུབ་པའི་དོན་མིན། ཐོག་མའི་ཀུན་སློང་གི་རིམ་པའི་ཡར་རྒྱས་ཀྱི་ནང་གནས་ཚད་ངེས་ཅན་ཞིག་ལ་སླེབས་ནས་ད་དུང་མུ་མཐུད་དེ་སྒོམ་ཉམས་ལེན་སོགས་འབད་བརྩོན་བྱེད་དགོས། འོན་ཀྱང་ང་ཚོས་སྐྱེ་བ་ཕྱི་མར་མཐའ་གཅིག་ཏུ་ཡིད་ཆེས་ཡོད་པའི་སྔ་རོལ་ནས་མུ་མཐུད་ཡར་རྒྱས་འགྲོ་ཐུབ། ང་ཚོ་བརྒྱ་ཆ་བརྒྱ་ཐམ་པ་ཡིད་ཆེས་རྙེད་མེད་སྲིད་ཀྱང་། ང་ཚོའི་ཐག་མི་ཆོད་པའི་ཐེ་ཚོམ་དེ་ཁ་ཕྱོགས་དེ་ལ་མང་བ་བརྟེན་ནས་ཡོད། ང་ཚོས་དྭོགས་གཞིའི་ཁེ་ཕན་དེ་ལ་སྤྲད་དེ་མུ་མཐུད་འགྲོ་གི་ཡོད།
གལ་ཏེ་ང་ཚོ་མཐའ་གཅིག་ཏུ་མཉམ་སྡེབ་མེད་པའི་རིམ་པ་འདིའི་ནང་ཡོད་པ་དང་། ང་ཚོ་ད་དུང་གོམ་པ་མདུན་སྤོ་བྱེད་ཀྱིན་ཡོད་ན། ཐོག་མའི་ཀུན་སློང་གི་རིམ་པའི་ནང་ད་དུང་ལས་དོན་བྱ་རྒྱུ་མང་དག་ལྷག་ཡོད་པའི་དོན་ཡིན། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོས་རིམ་པ་སྣ་ཚོགས་པའི་ནང་ཡང་ནས་ཡང་དུ་སླར་ཡང་འགྲོ་དགོས་ཐུག་གི་ཡོད།
མི་ལུས་རིན་ཆེན་ཞིག་རྟག་ཏུ་འཐོབ་པར་འདོད་ཆགས་སྤོང་བ།
ཀུན་སློང་གི་རིམ་པ་འབྲིང་བའམ་སྐྱེས་བུ་འབྲིང་གི་སྐབས་ནི་ཐོག་མའི་ཀུན་སློང་གི་རིམ་པ་ལས་ཀྱང་ཟབ་པ་དང་དཀའ་ལས་ཆེ་བ་ཡོད། འདིར་ང་ཚོས་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བ་ཚང་མ་ལས་མཉམ་དུ་ཐར་བར་དམིགས་ཀྱིན་ཡོད། གལ་ཏེ་ང་ཚོ་བསམ་པ་རྣམ་དག་གི་ཐོག་ནས་སྐྱེས་བུ་ཆུང་ངུའི་གང་ཟག་ཅིག་ཡིན་ན། དེ་ནས་མི་ལུས་རིན་ཆེན་ལ་འདོད་ཆགས་སྐྱེ་རྒྱུ་དེ་ལས་སླ་བ་དང་རང་བཞིན་ཆགས་ཀྱི་ཡོད། གང་ཡིན་ཟེར་ན། དེ་ནི་ང་ཚོས་རྟག་ཏུ་ “བདག་ལ་མིའི་ལུས་རྟེན་འདི་མུ་མཐུད་ནས་འཐོབ་པར་ཤོག །བདག་གི་བླ་མ་དང་ཆོས་གྲོགས་རྣམས་དང་མཉམ་དུ་མུ་མཐུད་ནས་གནས་པ་དང་། མཐུན་རྐྱེན་བཟང་པོ་ཆ་ཚང་དང་ལྡན་པར་ཤོག་” ཅེས་སོགས་སྨོན་ལམ་འདེབས་ཀྱིན་ཡོད། འདོད་ཆགས་དེ་དག་ལས་ཐར་རྒྱུ་དང་ཐར་འདོད་ཀྱི་ཆོད་སེམས་བརྟན་པོ་ཡོད་པའི་ངེས་འབྱུང་ཟེར་བའི་དོན་དེ་རྟོགས་དཀའ་མོ་ཆགས་ཀྱི་ཡོད།
ང་ཚོས་ནམ་རྒྱུན་སྐྱེ་བ་ཕྱི་མའི་ནང་། སོ་སོ་རང་ཉིད་འཕྲོད་བསྟེན་ཡག་པོ་དང་། གཞོན་ནུ་ཡིད་དབང་འཕྲོག་པའི་ལུས་ལྟ་བུ་སོགས་ཡག་པོ་ཡོང་བར་བསམ་གྱི་ཡོད། ང་ཚོའི་དེ་ལྟའི་ཡིད་སྨོན་ནི་འདོད་ཆགས་དང་འདྲེས་ཀྱི་ཡོད། འོན་ཀྱང་སྐྱེས་བུ་འབྲིང་ཟེར་བ་དེ་ང་ཚོ་ལ་དེ་དག་གང་ཡང་མི་དགོས་ཞེས་པའི་དོན་རེད་དམ། སྐྱེས་བུ་འབྲིང་གི་རིམ་པའི་སྐབས། ང་ཚོ་ཐར་པ་ཐོབ་པའི་གང་ཟག་སྟེ། དགྲ་བཅོམ་པ་ཆགས་འདོད་ཡོད། འོ་ན་དགྲ་བཅོམ་པ་ཞེས་པའི་དོན་གང་རེད་དམ། ང་ཚོས་སོ་སོའི་གྲོགས་པོ་རྣམས་ནམ་ཡང་ཡང་བསྐྱར་མི་མཐོང་བའི་དོན་རེད་དམ། ཐ་ན་དགྲ་བཅོམ་པའམ་ཐར་པ་ཐོབ་པའི་གང་ཟག་དེ་གང་འདྲ་ཞིག་ཡོད་པའི་བསམ་བློ་ཙམ་ཞིག་སྐྱེ་བ་དེ་ཡང་ཁག་པོ་ཆགས་ཡོད།
དེར་བརྟེན་མུ་མཐུད་ནས་སྐྱེ་བ་བཟང་པོ་དང་། གྲོགས་གྲོགས་མོ། རྒྱུ་ནོར་ལོངས་སྤྱོད། མཐུན་རྐྱེན་འཛོམས་པོ་སོགས་མི་ལུས་རིན་ཆེན་སྐྱེ་བར་ཡིད་སྨོན་བྱེད་པ་ལས་བརྒལ་ནས་འགྲོ་རྒྱུ་དཀའ་མོ་རེད། དམིགས་བསལ་ང་ཚོ་རྒས་འགྲོ་བ་དང་བསྟུན་ཡང་བསྐྱར་གཞོན་གཞོན་ཡིན་པ་དང་། ཡང་བསྐྱར་བརྩེ་དུང་ལ་མགོ་འཁོར་བ་སོགས་སྐྱིད་ཚོར་དེ་དག་ཚང་མ་སླེབས་ཀྱི་ཡོད། ང་ཚོས་ཡག་ག་མཐོང་ཐུབ་པ་དང་། ཐོས་ཐུབ་པ། ནུས་པ་ཆེ་བ། ཡིད་དབང་འཕྲོག་པ་ཡོད་པས། མི་ལུས་རིན་ཆེན་ལ་ཡིད་སྨོན་བྱེད་པ་དེ་སླར་ཡང་གཞོན་གཞོན་ཆགས་པར་ཡིད་སྨོན་བྱེད་པ་དང་མཉམ་དུ་བསྲེ་ལྷད་ཆགས་སྲིད་པ་རེད། སྐྱེས་བུ་འབྲིང་གི་རིམ་པ་འདི་དངོས་གནས་དཀའ་ལས་ཁག་པོ་ཡོད། བྱང་ཆུབ་ཀྱི་སེམས་ནི་དེ་ལས་ཀྱང་དཀའ་ལས་ཆེ་བ་ཡོད། གང་ཡིན་ཟེར་ན། ཁྱེད་ཀྱིས་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་འབུ་སྲིན་ཡོད་དོ་ཅོག་ཐར་པའི་གོ་འཕང་ལ་འགོད་འདོད་ཀྱི་བསམ་བློ་འཁོར་ཐུབ་བམ།
དགྲ་བཅོམ་པ་ཟེར་བ་གང་འདྲ་ཞིག་ཡོད་དམ།
གལ་ཏེ་ང་ཚོ་དགྲ་བཅོམ་པའི་གོ་འཕང་ཐོབ་ན། ང་ཚོ་སོ་སོ་རང་ཉིད་གང་གི་ཕྱོགས་སུ་འགྲོ་གི་ཡོད་པའི་ཐད་ལ་བསམ་བློ་གསལ་པོ་ཞིག་ཡོད་པ་དེ་ཡག་པོ་རེད། དགྲ་བཅོམ་པ་ཟེར་བ་དེ་གང་ཡིན་པའི་ཐད་ལ་བཞེད་ཚུལ་མི་འདྲ་བ་མང་པོ་ཡོད། འོན་ཀྱང་ང་ཚོས་ཐེག་པ་ཆེན་པོའི་ལམ་གྱི་རྗེས་སུ་འབྲང་གི་ཡོད་པ་སོང་ཙང་། ང་ཚོས་དགྲ་བཅོམ་པའི་གོ་འཕང་ཐོབ་ཟིན་པའི་རྗེས་ལ་ཤི་བ་དང་ང་ཚོའི་སེམས་ཀྱི་རྒྱུན་དེ་མཇུག་རྫོགས་པ་ཡིན་ཞེས་ཐེག་པ་ཆུང་ངུའི་བཞེད་ཚུལ་དེ་ཁས་ལེན་བྱེད་ཀྱི་མེད། དེ་ནི་ང་ཚོའི་དགྲ་བཅོམ་པའི་གོ་དོན་དེ་མ་རེད།
བྱང་ཆུབ་ཀྱི་སེམས་སྐྱེད་པའི་སྐབས་དང་བསྟུན་ནས་དགྲ་བཅོམ་པའི་རིགས་གཉིས།
དགྲ་བཅོམ་པའམ་ཐར་པ་ཐོབ་པའི་གང་ཟག་ལ་དབྱེ་བ་གཉིས་ཡོད། དགྲ་བཅོམ་པའི་གོ་འཕང་ཐོབ་པར་དམིགས་མཁན་གྱི་དགྲ་བཅོམ་པ་ཞིག་ཡོད་པ་དང་། ཐར་པ་ཐོབ་རྗེས་སུ་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་མུ་མཐུད་བྱང་ཆུབ་སེམས་དཔའི་ལམ་ལ་འཇུག་གི་ཡོད། ཡང་རིགས་ངེས་པའི་བྱང་སེམས་དགྲ་བཅོམ་པ་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་བསྐྱེད་ནས་དགྲ་བཅོམ་གྱི་གོ་འཕང་མ་ཐོབ་གོང་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་དམིགས་ཀྱི་ཡོད། ཁོང་ཚོས་དགྲ་བཅོམ་པའི་གོ་འཕང་དེ་སངས་རྒྱས་ཀྱི་གོ་འཕང་གི་ལམ་དུ་འགྲིམ་པའི་སྐབས་ཐོབ་ཀྱི་ཡོད། དགྲ་བཅོམ་པའི་རིགས་དང་པོ་དེ་ལ་ང་ཚོས་ཉན་ཐོས་དགྲ་བཅོམ་པ་ཞེས་བརྗོད་ཆོག །ཁོང་ཚོ་འཆི་བའི་རྗེས་སུ་སེམས་ཀྱི་རྒྱུན་དེ་དག་པའི་ཞིང་ཁམས་ཤིག་ཏུ་འགྲོ་གི་ཡོད། ཕྱོགས་གཞན་ཞིག་ནས་དགྲ་བཅོམ་པ་བརྒྱུད་པ་ངེས་ཅན་རྣམས་ནི་དག་པའི་ཞིང་ཁམས་ཤིག་གམ་ཡང་ན་ཁོང་ཚོས་ཁམས་དཀྱུས་མའམ་སོ་སྐྱེའི་གནས་སུ་སྤྲུལ་ནས་ཕེབས་ཆོག །ང་ཚོའི་མ་དག་འཁོར་བའི་གནས་དང་མི་འདྲ་བར། དག་པའི་ཞིང་ཁམས་རྣམས་ནི་སྡུག་བསྔལ་དང་བྲལ་བ་ཡིན། ཡིན་ནའང་དེ་དག་ནི་ཆོས་ལུགས་གཞན་གྱི་ནང་འགྲེལ་བརྗོད་བྱས་པའི་ལྷ་ཡུལ་ལྟ་བུ་མིན། དེ་དག་ནི་ཆོས་ལ་ཐོས་བསམ་དང་སྒོམ་སྒྲུབ་ཉམས་ལེན་ལ་ཆེས་མཐུན་པའི་རྐྱེན་དུ་གྱུར་བའི་གནས་ཡིན།
དེ་ལྟའི་ཐར་པ་ཐོབ་པའི་གང་ཟག་རིགས་གཉིས་ཀ་འཁོར་བ་དང་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བ་ལས་ཐར་ཡོད། འོན་ཀྱང་ཁོང་ཚོས་སོ་སོའི་སྐྱེ་བ་ལ་སྟངས་འཛིན་བྱེད་ཐུབ་ངེས་ཡིན་པ་སྟོན་གྱི་མེད། འདིར་ཨིན་སྐད་ནང་གི་ཚིག་ (control) སྟངས་འཛིན་ཞེས་པ་དེ་ (power) སྟོབས་སམ་དབང་ལ་གོ་བར་བྱེད་པ་ནི་གདམ་ཀ་ཡག་ཤོས་དེ་མིན། གཞི་རྩའི་ཆ་ནས་དགྲ་བཅོམ་པ་རྣམས་ལས་དང་ཉོན་མོངས་དབང་གིས་སླར་སྐྱེ་བ་ནམ་ཡང་ལེན་གྱི་མ་རེད།
དག་པའི་ཞིང་ཁམས་ཀྱི་དགྲ་བཅོམ་པ།
དག་པའི་ཞིང་ཁམས་ཤིག་ཏུ་ཐར་པ་ཐོབ་པའི་གང་ཟག་ཡིན་པའི་སྐབས། དེ་ལ་ཟག་བཅས་ཉེར་ལེན་གྱི་ཕུང་པོ་མེད་པ་རེད། ཟག་བཅས་ཉེར་ལེན་གྱི་ཕུང་པོ་ཞེས་པ་ནི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཐབས་ཚུལ་བརྒྱུད་དེ་ལས་དང་ཉོན་མོངས་དབང་གིས་ཐོབ་པའི་ཕུང་པོ་ལ་ཟེར། དགྲ་བཅོམ་པ་རྣམས་ལ་ནི་ད་དུང་ལུས་དང་སེམས་ཡོད། འོན་ཀྱང་དེ་དག་ནི་ལས་དང་ཉོན་མོངས་ལ་བརྟེན་ནས་ཐོབ་པ་ཞིག་མིན།
དགྲ་བཅོམ་པའི་ལུས་ནི་ཕྲ་བའི་འབྱུང་བའི་ཁམས་ལས་གྲུབ་པ་ཡིན། འདིར་འབྱུང་བའི་ཁམས་ཞེས་པ་ནི་ནང་པའི་ལྟ་ཚུལ་ལྟར་བྱས་ན། ས་ཆུ་མེ་རླུང་རྣམས་དང་། ནུབ་ཕྱོགས་པའི་ཐ་སྙད་ལ་དེ་དག་ནི་སྲ་གཟུགས་དང་། གཤེར་གཟུགས། རླངས་གཟུགས། ནུས་ཤུགས་བཅས་ཡིན། དག་པའི་ཞིང་ཁམས་ནང་། ཕྲ་བའི་འབྱུང་བ་དེ་དག་དགྲ་བཅོམ་པ་རྣམས་ཀྱི་སྤྱན་སྔར་མངོན་དུ་འགྱུར་བའམ་མཐོང་ཐུབ་པ་ཡིན། འོན་ཀྱང་ང་ཚོ་སོ་སྐྱེའམ་མི་ཕལ་པས་མཐོང་མི་ཐུབ། ཕྲ་བའི་འབྱུང་ཁམས་ཀྱི་ལུས་འདིའི་མིང་གཞན་ཞིག་ནི་ “ཡིད་ཀྱི་ལུས་” ཞེས་ཟེར། ཡིན་ནའང་དེ་ནི་རྨི་ལམ་ལྟ་བུ་དེ་འདྲ་མིན། དེ་ནི་གཟུགས་ཁམས་ཀྱི་སེམས་ཅན་རྣམས་ལ་ཡོད་པའི་ལུས་དང་འདྲ་ཆེ་བ་ཡོད། ཁོང་ཚོར་ན་བ་དང་། རྒ་བ། འཆི་བའི་སྡུག་བསྔལ་མེད་པ་དང་། མི་ཚེ་ནི་ནམ་ཡང་འཛད་མཐའ་མེད་པར་འགྲོ་གི་ཡོད། ཁོང་ཚོ་དེར་ “ཞི་བའི་མཐའ་” ཟེར་བའི་གནས་བབས་ཤིག་གི་ནང་གནས་ཐུབ། དེའི་ནང་ཁོང་ཚོས་མུ་མཐུད་དེ་སྟོང་ཉིད་སྒོམ་པའམ་ཡང་ན་འཕགས་པའི་བདེན་པ་བཞི་ལས་བརྗོད་གཞི་གཞན་ཁག་ལ་སྒོམ་གྱི་ཡོད། ཡང་མིན་ན་ཁོང་ཚོས་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་དག་ཞིང་དུ་མུ་མཐུད་དེ་ཐེག་པ་ཆེན་པོ་ཆོས་ལ་ཐོས་བསམ་དང་ཉམས་ལེན་བྱེད་ཆོག །དེ་ག་ནང་བཞིན་ཁོང་ཚོས་ང་ཚོའི་ཁམས་དཀྱུས་མའི་ནང་སྤྲུལ་ཐུབ།
ང་ཚོ་ལམ་རིམ་གྱི་རྗེས་སུ་འབྲང་མཁན་རྣམས་ནི་ཐེག་པ་ཆེན་པོའི་ལམ་གྱི་རྗེས་སུ་འཇུག་གི་ཡོད་པས། དག་པའི་ཞིང་ཁམས་ཤིག་གི་ནང་སྐྱིད་པོ་བཏང་ནས་གནས་འདོད་མེད། གསང་སྔགས་ཀྱི་ལུགས་སུ་དག་ཞིང་དུ་རྣམ་ཤེས་འཕོ་བའི་ཉམས་ལེན་དེ་འདྲ་ཡོད་པ་ནི་ཤོད་མི་དགོས་པ་དང་། དེར་ཡོད་པའི་བྱང་ཆུབ་སེམས་དཔའ་ཞིག་ཡིན་པའི་ཆ་ནས་རྣམ་གཡེང་མེད་ངེས་རེད། དེ་ནི་དུས་ཚོད་སྐྱིད་པོ་གཏོང་བ་ཙམ་མིན་པར། ཆུ་ཚོད་ཉི་ཤུ་རྩ་བཞིའི་རིང་ཐོས་བསམ་དང་ཉམས་ལེན་བྱེད་དགོས་ཀྱི་ཡོད། ང་ཚོས་དེ་ལྟར་དགྲ་བཅོམ་པའམ་བྱང་སེམས་དགྲ་བཅོམ་པ་ཞིག་ཡིན་པའི་ཆ་ནས་བྱེད་ཆོག །ཡང་ན་ང་ཚོས་འཇིག་རྟེན་དུ་རྣམ་པར་སྤྲུལ་ནས་གཞན་ཕན་བསྒྲུབ་ཐབས་བྱེད་ཆོག །དེ་ནི་ཕལ་ཆེར་རང་སོ་སོའི་ཁམས་དང་བསམ་པ་མོས་པ་དང་འབྲེལ་བའི་གནད་དོན་ཞིག་རེད།
ང་ཚོའི་འཛམ་གླིང་དཀྱུས་མའི་ནང་དགྲ་བཅོམ་པའི་ལུས།
དགྲ་བཅོམ་པའི་ལུས་ཀྱི་ཕྲ་བའི་འབྱུང་བ་རྣམས་འཛམ་གླིང་དཀྱུས་མའི་ནང་རྣམ་པར་སྤྲུལ་བའི་སྐབས། ག་རེ་ཡོང་གི་ཡོད་ཅེ་ན། ཕ་མའི་ཁུ་ཁྲག་གི་རགས་པའི་འབྱུང་བ་དང་འབྲེལ་བ་ཞིག་ཡོད་པ་རེད། དེ་ནི་བདག་ཅག་གི་སྟོན་བཅོམ་ལྡན་འདས་འཇིག་རྟེན་དུ་རྣམ་པར་སྤྲུལ་ནས་བྱོན་པའི་སྐབས་དང་མཚུངས་པ་རེད། དེ་ནི་རྟག་པའི་རང་བཞིན་གྱི་ཤེས་པའམ་ཡང་ན་རྫས་ཀྱི་ཕྲ་བའི་ལུས་ཤིག་བྱུང་བ་དང་། དེ་འབྱུང་བ་རགས་པའི་ནང་འཛུལ་བ་དེ་འདྲ་མིན་ལ། ལུས་རགས་པ་འདི་བཀོལ་སྤྱོད་བྱེད་པ་དང་། ལུས་དེ་རང་ཉིད་ལ་དག་པའམ་ལུས་དེ་དག་ལྡན་པའི་ལོགས་སུ་དགར་བ་ཞིག་ཀྱང་མིན། ལུས་ཀྱི་འབྱུང་བ་རགས་པ་རྣམས་ནི་རྟེན་ཡིན་པ་དང་། དེ་དག་ནི་སྐྱེ་བ་དང་། ན་བ། རྒ་བ། འཆི་བའི་ཆོས་ཉིད་ཡིན། འོན་ཀྱང་དགྲ་བཅོམ་པའམ་སངས་རྒྱས་ཀྱི་ལུས་ཀྱི་ཕྲ་བའི་འབྱུང་བ་རྣམས་ནི་དེ་ལྟར་མིན། དེ་དག་ནི་ཐར་ཟིན་པ་རེད།
ཟག་བཅས་དང་ཟག་མེད་ཀྱི་ཕུང་པོ།
དགེ་ལུགས་ཆོས་བརྒྱུད་ཀྱི་དབུ་མ་ཐལ་འགྱུར་བའི་ལུགས་ལྟར་བྱས་ན། ཟག་བཅས་ཀྱི་ཕུང་པོ་ནི་བདེན་པར་གྲུབ་པའི་སྣང་བ་ཞིག་སྐྲུན་མཁན་དེ་ཡིན་པ་དང་། ཟག་མེད་ཀྱི་ཕུང་པོ་ནི་དེ་ལྟ་བུའི་སྣང་བ་ཞིག་སྐྲུན་གྱི་མེད་པ་དེ་ཡིན། དགྲ་བཅོམ་པ་ཞིག་མཐའ་གཅིག་ཏུ་སྟོང་པ་ཉིད་ལ་མཉམ་པར་བཞག་པ་དང་། སེམས་ཀྱིས་བདེན་པར་གྲུབ་པའི་སྣང་བ་ཞིག་སྐྲུན་གྱི་མེད་པའི་སྐབས། དགྲ་བཅོམ་པ་དེའི་ཕུང་པོ་ནི་ཟག་མེད་ཡིན། རྗེས་ཐོབ་ཀྱི་སྐབས་སུ་སྟོང་པ་ཉིད་ལ་མཉམ་པར་མ་བཞག་ན། དེ་ནས་སེམས་ཀྱིས་བདེན་པར་གྲུབ་པའི་སྣང་བ་ཞིག་སྐྲུན་གྱི་ཡོད། དེའི་སྐབས་ཀྱི་དགྲ་བཅོམ་པ་དེའི་ཕུང་པོ་ནི་ཟག་བཅས་ཡིན།
བྱས་ཙང་། སྤྱིར་བཏང་གི་ཆ་ནས་དགྲ་བཅོམ་པའི་ཕུང་པོ་ནི་སྐབས་རེ་ཟག་བཅས་དང་སྐབས་རེར་ཟག་མེད་ཡིན། ཕྱོགས་གཞན་ཞིག་ནས་སངས་རྒྱས་ལ་ནི་ཟག་མེད་ཀྱི་ཕུང་པོ་ཁོ་ན་མངའ་བ་ཡིན། གང་ཡིན་ཞེ་ན། སངས་རྒྱས་རྣམས་ནི་དུས་དང་རྣམ་པ་ཀུན་ཏུ་སྟོང་པ་ཉིད་ལ་མཉམ་པར་བཞག་ནས་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་སངས་རྒྱས་ཀྱི་ལུས་ཀྱི་འབྱུང་བ་ཕྲ་མོ་དང་དགྲ་བཅོམ་པའི་ལུས་ཀྱི་འབྱུང་བ་ཕྲ་མོ་གཉིས་ཀྱི་བར་ལ་ཁྱད་པར་ཞིག་ཡོད། ད་དུང་འཇིག་རྟེན་འདིའི་ནང་། དེ་གཉིས་ཀ་ཕ་མའི་ལུས་ཀྱི་ཁུ་ཁྲག་གི་འབྱུང་བ་རགས་པ་གཞི་ལ་བཞག་པ་ཡོད།
ང་ཚོས་ཐར་པ་ཐོབ་པའི་གང་ཟག་ཅིག་ཆགས་པར་དམིགས་ཀྱིན་ཡོད་པ་དང་། དེའི་ཐད་འདིར་གནས་ཚུལ་ཧ་ཅང་མང་པོ་ཡོད། བྱས་ཙང་། གལ་ཏེ་ང་ཚོས་ཐབས་ཤེས་བྱས་ནས་དེ་དག་གི་གོ་དོན་ལ་བསམ་བློ་བཏང་ན། དེ་ནི་འགྲིག་པ་ཞིག་རེད། ཐར་པ་ཐོབ་པའི་གང་ཟག་ཅིག་ཡིན་པའི་ཆ་ནས་ང་ཚོས་བྱང་ཆུབ་སེམས་པའི་ལམ་ལ་མུ་མཐུད་འགྲིམས་ནས་གཞན་དོན་བསྒྲུབ་འདོད་ཡོད། དེར་བརྟེན་ང་ཚོས་མུ་མཐུད་དེ་འཇིག་རྟེན་ནང་རྣམ་པར་སྤྲུལ་གྱི་ཡོད། དེ་ནི་འབྱུང་ངེས་ཀྱི་ཕ་མའི་ཐོ་གྲངས་འགའ་ཞིག་ཡོད་པ་དང་། ང་ཚོ་གང་དུ་སྐྱེ་རྒྱུ་ཡིན་པའི་གདམ་ཀ་དང་ནུས་པ་ཞིག་ཡོད་པ་དེ་འདྲ་མ་རེད། ཡིན་ནའང་རྐྱེན་མང་པོ་ཞིག་རྟེན་ཅིང་འབྲེལ་ནས་འབྱུང་གི་ཡོད་པ་སོང་ཙང་། ང་ཚོའི་དགྲ་བཅོམ་པའི་འབྱུང་བ་ཕྲ་མོ་དང་འགྲོ་བ་མི་གཉིས་འདུས་པའི་ཕོ་མོའི་ཁུ་ཁྲག་གི་འབྱུང་བ་རགས་པའི་བར་ལ་འབྲེལ་བ་ཞིག་ཡོད་པ་རེད།
དགྲ་བཅོམ་པ་རྣམས་ཀྱིས་སྡུག་བསྔལ་མྱོང་གི་མེད།
འབྱུང་བ་རགས་པ་རྣམས་ནི་མི་རྟག་པའི་ཆོས་ཉིད་ཡོངས་སུ་རྫོགས་པའི་ཡུལ་དུ་གྱུར་ཡོད་པ་སོགས་ནི་ཤོད་མི་དགོས་པ་རེད། བྱས་ཙང་། དེ་དག་ལ་བརྟེན་ནས་ནོར་འཁྲུལ་དང་ན་ཚ་འབྱུང་གི་རེད། དེ་དག་ནི་འཛད་འགྲོ་བ་དང་ཐར་པ་ཐོབ་པའི་གང་ཟག་ལྟ་བུ་སོ་སོའི་སེམས་ཀྱི་གཞི་རྟེན་དུ་གྱུར་ནུས་པའི་སྒོ་ནས་མཇུག་རྫོགས་ཀྱི་རེད། འབྱུང་བ་རགས་པ་རྣམས་ནི་དངོས་ཁམས་རིག་པའི་ཆོས་ཉིད་ཀྱི་ཡུལ་དུ་གྱུར་ཡོད་ནའང་། དེ་དག་ལས་ཀྱི་ཆོས་ཉིད་ཀྱི་ཡུལ་དུ་གྱུར་བ་ཞིག་མིན། དེ་དག་ལ་གང་འབྱུང་གི་ཡོད་པ་དེ་ལས་དང་ཉོན་མོངས་ཀྱི་དབང་འོག་ཏུ་མེད། གནད་དོན་གལ་ཆེན་པོ་ཞིག་ནི་ང་ཚོའི་ལུས་ཕྲ་མོ་དེ་ན་བ་དང་། རྒ་བ། འཆི་བའི་ཡུལ་དུ་གྱུར་བ་མིན།
དེའི་སྒང་ལ་དགྲ་བཅོམ་པ་ཞིག་ཡིན་པའི་ཆ་ནས་སྡུག་བསྔལ་གསུམ་དང་འབྲེལ་བའི་སྒོ་ནས་བཤད་ན། ང་ཚོས་འབྱུང་བ་རགས་པ་ལ་བརྟེན་ནས་འབྱུང་བའི་གནད་དོན་གང་ཡང་ཉམས་སུ་མྱོང་གི་མ་རེད། དེར་སྡུག་བསྔལ་གྱི་སྡུག་བསྔལ་མེད། བདེ་བ་ཉི་ཚེ་བའང་མེད། ཡང་ན་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་མེད། ང་ཚོས་བདེ་སྐྱིད་ཡང་ན་བཏང་སྙོམས་གང་རུང་ལ་བརྟེན་ནས་ཚང་མ་ཉམས་སུ་མྱོང་གི་རེད། དེ་གཉིས་ཀ་བདེན་པར་གྲུབ་པ་དང་འདོད་ཆགས་ལ་འཛིན་པ་དང་འདྲེས་ཀྱི་མ་རེད། དགྲ་བཅོམ་པ་ཞིག་ཡིན་པའི་ཆ་ནས་བཏང་སྙོམས་ཁོ་ན་ཡོད་པའི་སེམས་ཀྱི་བརྟན་ཆའི་རང་བཞིན་གྱི་ཁམས་གོང་མ་འགའ་ཞིག་གི་ནང་ང་ཚོས་མཉམ་པར་བཞག་ཆོག །གང་ལྟར་ཡང་། སངས་རྒྱས་ཡིན་པའི་ཆ་ནས་ང་ཚོར་ཉོན་མོངས་གང་དང་ཡང་མ་འདྲེས་པའི་བདེ་སྐྱིད་ཁོ་ན་ང་ཚོར་འཐོབ་ཀྱི་རེད། དེ་ནི་གསང་སྔགས་ཀྱི་ནང་། བདེ་བ་དང་ལྡན་པ་ཞེས་འགྲེལ་བརྗོད་བྱས་ཡོད།
ད་ལྟ་ང་ཚོས་འདི་ལ་བལྟ་བའི་ཆེད་དུས་ཚོད་གང་འཚམ་ཞིག་བཏང་ཡོད། འོན་ཀྱང་གལ་ཏེ་ང་ཚོས་འཁོར་བ་སྤོང་རྩིས་ཡོད་ན། གང་བྱེད་དམ། གལ་ཏེ་རྗེས་སོར་གང་འབྱུང་གི་ཡོད་མེད་དང་། ཡང་ན་ང་ཚོས་གང་གི་ཆེད་དུ་དམིགས་ཀྱིན་ཡོད་པའི་ཐད་ལ་བསམ་བློ་ཙམ་ཡང་མེད་ན། དེ་ནས་ “ངོ་མཚར་བའི་སྒོ་ནས་ང་རང་འཁོར་བར་སྐྱེ་བ་སྤོང་འདོད་འདུག་” ཅེས་བརྗོད་རྒྱུ་ཧ་ཅང་ཁག་པོ་ཆགས་ཀྱི་རེད།
དགྲ་བཅོམ་པའི་ལུས་ཕྲ་མོ་ནི་སངས་རྒྱས་ཀྱི་གཟུགས་སྐུ་དང་གཅིག་པ་མིན།
གསལ་བཤད་བྱེད་དགོས་པའི་གནད་དོན་གཞན་ཞིག་ནི། དགྲ་བཅོམ་པའི་ལུས་ཕྲ་མོ་དེ་ནི་སངས་རྒྱས་ཀྱི་སྐུ་ཕྲ་མོའམ་གཟུགས་སྐུ་དང་གཅིག་པ་མིན། ང་ཚོས་དེ་གཉིས་མི་འཁྲུགས་པ་བྱེད་དགོས། སངས་རྒྱས་ཀྱི་སྐུ་ཕྲ་མོ་དེ་ལ་སྤྲུལ་པའི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་ཟེར་གྱི་ཡོད་པ་དང་། དེ་གཉིས་ནི་དགྲ་བཅོམ་པའི་ཡིད་ཀྱི་ལུས་ཕྲ་མོ་ཞེས་བྱ་བ་ལས་རྦད་དེ་ཕྲ་བ་ཡོད། འོན་ཀྱང་ཕ་མ་གཉིས་ཀྱི་འབྱུང་བ་རགས་པའི་སྟེང་ལ་བཞག་པའི་ཚུལ་དེ་གཅིག་པ་རེད།
སྙིང་རྗེ་དང་སྨོན་ལམ། ལས་མིན།
ང་ཚོ་ཐར་པ་ཐོབ་པའི་གང་ཟག་ཅིག་མ་ཆགས་གོང་དུ་འཁོར་བའི་ནང་ང་ཚོ་ལ་ག་རེ་འབྱུང་གི་ཡོད་པ་ནི་རྐྱེན་ཧ་ཅང་མང་པོ་ཞིག་གི་འབྲས་བུ་ཡིན་པ་དང་། དེའི་ནང་ང་ཚོའི་སེམས་ཀྱི་རྒྱུན་ལ་ཡོད་པའི་ལས་ཀྱི་རྐྱེན་སྣ་ཚོགས་པ་དང་གཞན་གྱི་སེམས་ཀྱི་རྒྱུན་ལ་ཡོད་པའི་ལས་ཀྱི་རྐྱེན་རྣམས་ཚུད་ཡོད། དཔེར་ན། ང་ཚོས་མོ་ཊ་གཏོང་བཞིན་ཡོད་པའི་སྐབས། གློ་བུར་དུ་མི་ཞིག་མདུན་དུ་རྒྱུག་སླེབས་ནས་ང་ཚོའི་མོ་ཊ་དང་བརྡབ་སྐྱོན་བྱུང་བ་རེད། དེ་ལྟར་བྱུང་བ་ནི་ངའི་ལས་དང་མི་དེའི་ལས་ཀྱི་འབྲས་བུ་ལ་བརྟེན་ནས་འབྱུང་གི་ཡོད་པ་ལས། ངའི་ལས་ཙམ་ལ་བརྟེན་ནས་འབྱུང་གི་མེད། ཡིན་ནའང་ང་ཚོ་བྱང་སེམས་དགྲ་བཅོམ་པའམ་ཡང་ན་སངས་རྒྱས་ཡིན་པའི་སྐབས། ང་ཚོར་ག་རེ་འབྱུང་གི་ཡོད་ཅེ་ན། ང་ཚོས་ཐུག་འཕྲད་བྱས་ནས་རོགས་བྱེད་ཐབས་བྱེད་པ་དང་འབྲེལ་བའི་སྒོ་ནས་བཤད་ན། དེ་ནི་ང་ཚོའི་སྙིང་རྗེ་དང་སྨོན་གྱི་འབྲས་བུ་ལ་བརྟེན་ནས་ཚང་མར་ཕན་འདོགས་ཐུབ་ཀྱི་ཡོད། གཞན་གྱི་ཕྱོགས་ནས་བལྟས་ན། དེ་ནི་ཁོང་ཚོའི་ལས་ལ་བརྟེན་ནས་བྱུང་བ་རེད། འོན་ཀྱང་དེ་སོ་སོ་རང་ཉིད་ཀྱི་ལས་ཀྱི་འབྲས་བུ་རྩ་ནས་མ་རེད། ང་ཚོའི་ཤུགས་རྐྱེན་གཙོ་བོ་ནི་གཞན་ལ་ཕན་པའི་ང་ཚོའི་ཡིད་སྨོན་དེ་ཆགས་ཀྱི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ཐེག་ཆེན་ཉམས་ལེན་གྱི་ནང་། ང་ཚོས་འབྲེལ་བ་ཞིག་བཟོ་ཐབས་བྱེད་ཆེད་དུ་སོ་སོའི་ཉེ་འཁོར་དུ་སེམས་ཅན་གྲངས་ལས་འདས་པ་ཞིག་དམིགས་རྣམ་དུ་བྱེད་ཀྱི་ཡོད།
ང་ཚོ་བྱང་སེམས་དགྲ་བཅོམ་པའམ་སངས་རྒྱས་ཤིག་ཡིན་པའི་ཆ་ནས་གཞན་ཞིག་དང་ཐུག་འཕྲད་དང་འབྲེལ་བ་བྱེད་པའི་སྐབས། མི་དེ་ལ་ང་ཚོའི་ངོས་ནས་ཉོན་མོངས་ཀྱི་རིགས་གང་ཡང་སྐྱེ་གི་མེད། འདོད་པ་དང་། ཞེ་སྡང་ལ་སོགས་གང་ཡང་སྐྱེ་གི་མ་རེད། མི་གཞན་དེའི་ལས་དང་རྐྱེན་གཞན་དག་ལ་བརྟེན་ནས་ང་ཚོ་ལ་འདོད་ཆགས་དང་ཞེ་སྡང་སོགས་ཡོད་སྲིད། གཅིག་ལན་གཅིག་འཇལ་གྱི་འབྲེལ་བའི་ནུས་ཤུགས་དེ་ནང་རོལ་ནས་ཕྱི་རོལ་དུ་གང་ལ་གང་འཚམ་གྱི་ཁྱད་པར་ཡོད་སྲིད་པའི་སྐབས། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དང་བཏང་སྙོམས་ཡོངས་སུ་རྫོགས་པ་དེ་ང་ཚོར་སྐྱེ་གི་རེད།
ཕྱོགས་བསྡོམས།
མི་ལུས་རིན་ཆེན་གྱི་བསམ་བློར་ཆགས་པ་སྐྱེ་རྒྱུ་ལས་སླ་པོ་ཡོད་པ་དང་། དམིགས་བསལ་ང་ཚོས་སོ་སོ་སླར་ཡང་གཞོན་གཞོན་དང་། རྣམ་དཔྱོད་ཅན། ཡིད་དབང་འཕྲོག་པ་ཆགས་སྲིད་བསམ་པའི་སྐབས། དེ་ལ་ཆགས་པ་སྐྱེ་སླ་པོ་ཡོད། སྐྱེས་བུ་འབྲིང་གི་སྐབས། ང་ཚོས་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བ་ལས་ཐར་འདོད་ཀྱི་བསམ་པ་འདི་ལས་ཀྱང་མཐོ་བའི་དམིགས་ཡུལ་འཛིན་གྱིན་ཡོད། འོན་ཀྱང་ང་ཚོ་མང་ཆེ་བར་འདི་ནི་གང་འདྲ་ཞིག་ཆགས་ཀྱི་ཡོད་མེད་ཕལ་ཆེར་བསམ་བློའི་ནང་འཁོར་མི་སྲིད་པ་ལྟ་བུ་རེད། ང་ཚོས་དེའི་གོ་དོན་གང་ཡིན་པའི་ཐད་ལ་གོ་རྟོགས་མ་ནོར་བ་ཞིག་རྙེད་པའི་སྐབས། དེ་ནི་ང་རང་ཚོ་རང་ངོས་ནས་དམིགས་ཐུབ་པའི་གནད་དོན་ཞིག་ཆགས་ཀྱི་ཡོད།།