ཡང་དག་པའི་རྩོལ་བ། ཡང་དག་པའི་དྲན་པ། ཡང་དག་པའི་ཏིང་ངེ་འཛིན།

སྤྱི་དོན།

ང་ཚོས་འཕགས་ལམ་ཡན་ལག་བརྒྱད་ཉམས་སུ་ལེན་པའི་སྒོ་ནས་བསླབ་པ་གསུམ་དང་། དེས་ཉིན་རེའི་མི་ཚེའི་ནང་ཕན་ཐོགས་སྟངས་ཐད་བལྟ་བཞིན་པའི་སྐབས་ཡིན། དེ་ཡང་བསླབ་པ་གསུམ་ནི།

  • བཟང་སྤྱོད་ཀྱི་ཚུལ་ཁྲིམས་རང་སྲུང།
  • རྩེ་གཅིག་པའི་ཏིང་ངེ་འཛིན།
  • རྣམ་པར་འབྱེད་པའི་ཤེས་རབ།

ང་ཚོས་བཟང་སྤྱོད་ཀྱི་ཚུལ་ཁྲིམས་རང་སྲུང་གོང་འཕེལ་གཏོང་བའི་ཆེད་ཡང་དག་པའི་ངག་དང། ཡང་དག་པའི་ལས་ཀྱི་མཐའ། ཡང་དག་པའི་རྟོག་པའམ་སྤྱོད་ལམ། ཡང་དག་པའི་འཚོ་བ་བཞི་ལག་ལེན་དུ་བསྟར་གྱི་ཡོད། ད་ང་ཚོས་ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ། ཡང་དག་པའི་ཏིང་ངེ་འཛིན་གསུམ་གྱི་ཆ་ཤས་སུ་གཏོགས་པ་རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་བསླབ་པ་ལ་བལྟ་ན་འགྲིག དེ་ཡང་། 

ཡང་དག་པའི་རྩོལ་བ་ནི། སྒོམ་ལ་མཐུན་རྐྱེན་འགྲོ་བའི་སེམས་ཀྱི་གནས་སྟངས་གོང་འཕེལ་གཏོང་རྒྱུ་དང་། ཕུང་བྱེད་མི་དགེ་བའི་བསམ་བློའི་རིམ་པ་བསྟར་ཆགས་སུ་ཡོད་པ་དེ་མེད་པ་བཟོ་རྒྱུ་དེ་ཡིན། 

དྲན་པ་ནི། སེམས་ཀྱི་སྦྱར་རྩི་ལྟ་བུར་ཡུལ་གང་ཞིག་ལ་འབྱར་ནས་དེ་ལས་མི་བྲལ་བར་ཡིད་ལ་བཟུང་ཞིང། དེས་དྲན་པ་བརྗེད་པ་ལ་སྔོན་འགོག་བྱེད་ཀྱི་ཡོད།

  • སེམས་མི་གཡེང་བའི་ཆེད་དུ། ང་ཚོའི་གཟུགས་པོ་དང་། ཚོར་བ། སེམས་དང་སེམས་བྱུང་སོགས་ཀྱི་རང་བཞིན་ངོ་མ་གང་ཡིན་པ་དེ་དྲན་པ་མི་བརྗེད་པ།
  • སྡོམ་པ་བླངས་ཡོད་ན་སྡོམ་པ་དང་། དེ་མིན་རང་གི་བཟང་སྤྱོད་ཀྱི་རྩ་འཛིན་ལམ་སྟོན་ཁག་དང་། བཅས་ཁྲིམས་གང་ཡོད་པ་དང་མི་འབྲལ་བ།
  • རང་གི་དམིགས་གཏད་ཀྱི་ཡུལ་མི་ཡལ་བ་དང་མི་བརྗེད་པ།

དེར་བརྟེན་སྒོམ་རྒྱག་བཞིན་པའི་སྐབས་སུ། རང་གི་དམིགས་པ་གཏད་ས་མ་ཡལ་བའི་ཆེད་དྲན་པ་ཡོད་དགོས་པ་གསལ་པོ་ཡིན། གལ་སྲིད་མི་གཞན་ཞིག་དང་གླེང་མོལ་བྱེད་པའི་སྐབས། མི་དེ་དང་ཁོང་གི་ཤོད་བཞིན་པའི་སྐད་ཆ་ལ་དོ་སྣང་བྱེད་པའི་ཆེད་དུ་དྲན་པ་ཡོད་དགོས།

ཏིང་ངེ་འཛིན་གྱི་ངོ་བོ་ནི། དམིགས་པ་གཏད་སའི་ཡུལ་ལ་བཞག་པའི་སེམས་ཀྱི་ངོ་ཚབ་དེ་ཡིན། དེར་བརྟེན་ང་ཚོས་མི་དེའི་སྐད་ཆ་ལ་ཉན་པའི་སྐབས་སེམས་ཀྱི་དམིགས་གཏད་ཏིང་ངེ་འཛིན་དེ་མི་དེས་གང་བཤད་པའི་སྐད་ཆ་དང་། མི་དེའི་གཟུགས་དབྱིབས་དང་། རྣམ་འགྱུར་སྟོན་སྟངས་ལ་སོགས་པའི་སྟེང་ལ་བཞག་ཡོད། དྲན་པས་ནི། ཏིང་ངེ་འཛིན་རྒྱུན་སྐྱོང་བ་ལ་རོགས་བྱེད་ཅིང་། སེམས་ཀྱི་སྦྱར་རྩི་ལྟ་བུ་བྱས་ནས་ང་ཚོའི་སེམས་གཡེང་བ་དང་ཉོབ་ཏོ་མི་ཡོང་བར་དྲན་པ་བརྟན་པོ་བཟུང་གི་ཡོད།

རྩོལ་བ།

འཕགས་ལམ་ཡན་ལན་བརྒྱད་ཀྱི་ནང་ནས་རྩོལ་བ་ནི། ཏིང་ངེ་འཛིན་གོང་འཕེལ་གཏོང་རོགས་བྱེད་མཁན་གྱི་ཆ་རྐྱེན་དང་པོ་དེ་ཡིན། ང་ཚོས་རྩོལ་བ་བྱས་ནས་ཏིང་ངེ་འཛིན་བསྐྱེད་པ་ལ་མཐུན་རྐྱེན་དུ་མི་འགྲོ་བའི་གཡེང་བའི་སེམས་དང་། སེམས་ཚོར་གྱི་གནས་སྟངས་སོགས་མེད་པ་བཟོ་བ་དང་། དེ་བཞིན་མཐུན་ཕྱོགས་ཀྱི་བཟང་པོའི་ཡོན་ཏན་ཡར་རྒྱས་གཏོང་བ་ལའང་རྩོལ་བ་བྱེད་ཀྱི་ཡོད། སྤྱིར་བཏང་མི་ཚེའི་ནང་དམིགས་ཡུལ་ག་འདྲ་ཞིག་བསྒྲུབ་འདོད་ཡོད་ཀྱང་རྩོལ་བ་བྱེད་དགོས། ལས་སླ་པོའི་སྒོ་ནས་རང་གི་དམིགས་ཡུལ་ཐམས་ཅད་བསྒྲུབ་ཀྱི་ཡོད་པ་སུས་ཀྱང་བཤད་མེད་ལ། རྒྱུ་གང་ཡང་མེད་པ་ནས་གཅིག་ཡོང་རྒྱུ་ཡོད་པ་ནི་དེ་བས་ཀྱང་མི་སྲིད་པ་ཡིན། འོན་ཀྱང་ང་ཚོས་ལུས་ཀྱི་བྱ་བ་བྱེད་སྟངས་དང་། ངག་ནས་སྐད་ཆ་ཤོད་སྟངས། གཞན་དང་འབྲེལ་འདྲིས་བྱེད་སྟངས་སོགས་བཟང་སྤྱོད་ཀྱི་ཚུལ་ཁྲིམས་རང་སྲུང་གི་སྒོ་ནས་ནུས་པ་ཏོག་ཙམ་ཞིག་གོང་འཕེལ་བཏང་ཡོད་ན། ང་ཚོའི་སེམས་དང་སེམས་ཚོར་གྱི་གནས་སྟངས་ཡར་རྒྱས་གཏོང་བ་ལ་རྩོལ་བ་བྱེད་དགོས་པའི་ནུས་པ་སྦྱིན་གྱི་ཡོད།

ཡང་དག་མིན་པའི་རྩོལ་བ།

ཡང་དག་མིན་པའི་རྩོལ་བ་ནི། ང་ཚོའི་ནུས་ཤུགས་དེ་གནོད་འཚེ་ཅན་དང་མི་དགེ་བའི་བསམ་བློའི་རིམ་པ་བསྟར་ཆགས་སུ་ཡོད་པའི་ཕྱོགས་སུ་ཁ་བསྒྱུར་བ་དང་། དེ་ལ་བརྟེན་ནས་ང་ཚོའི་སེམས་རྣམ་པར་གཡེང་སྟེ་སེམས་རྩེ་གཅིག་ཏུ་རྩ་བས་ནས་གནས་མི་ཐུབ་པ་བཟོ་གི་མེད་ནའང་། ཏིང་ངེ་འཛིན་བསྐྱེད་རྒྱུ་ཁག་པོ་བཟོ་གི་ཡོད། དེ་འདྲའི་མི་དགེ་བའི་བསམ་བློའི་འཁྱེར་སྟངས་རིགས་མི་འདྲ་བ་གཙོ་བོ་གསུམ་ཡོད་པ་ནི།

  • རྣབ་སེམས་ཀྱི་བསམ་བློ།
  • སྡང་སེམས་ཀྱི་བསམ་བློ།
  • ཕྱིན་ཅི་ལོག་པའི་བསམ་བློ།

རྣབ་སེམས་ཀྱི་བསམ་བློ།

རྣབ་སེམས་ཀྱི་བསམ་བློའི་ཁྱབ་ཁོངས་སུ་གཞན་ལ་ཐོབ་པའི་ལམ་ལྷོང་དང་གྲུབ་འབྲས། ཁོ་ཚོས་སྐྱིད་པོ་གཏོང་བའི་ཕྱིའི་དངོས་པོའི་དགའ་བདེ་ལ་ཕྲག་དོག་དང་བཅས་ཏེ་བསམ་བློ་གཏོང་བ་བཅས་ཚུད་ཡོད། དཔེར་ན། སོ་སོའི་སེམས་ནང་། “དེ་དག་རང་ཉིད་ལ་འཐོབ་ཐབས་ག་འདྲ་བྱེད་དགོས་ན་” བསམ་པ་ལྟ་བུ་ནི་འདོད་ཆགས་ལས་བྱུང་བའི་བསམ་བློ་ཡིན། རང་ལ་མེད་པའི་ཅ་དངོས་དང། གྲུབ་འབྲས། ཟླ་རོགས་སྙིང་རྗེ་པོ། སྣུམ་འཁོར་གསར་པ་སོགས་ག་རེ་ཡིན་ཀྱང་ཆོག་སྟེ། དེ་གཞན་ལ་ཡོད་པའི་སྐབས་སུ་བཟོད་དཀའ་བའི་བསམ་བློ་སྐྱེས་པ་དང་། དེའི་སྐོར་ལ་བསམ་བློ་ཡང་ཡང་གཏོང་གི་ཡོད་པ་དེ་ནི་བསུན་གཙེར་ཆེ་བའི་སེམས་ཀྱི་གནས་སྟངས་ཞིག་ཡིན། འདིས་ཏིང་ངེ་འཛིན་བསྐྱེད་པ་ལ་མཐའ་གཅིག་དུ་བཀག་འགོག་བྱེད་ཀྱི་ཡོད། རེད་དམ་མ་རེད། 

ཡང་དག་པའམ་སྐྱོན་དང་བྲལ་བའི་རང་བཞིན་དེ་སྡེ་ཚན་འདིའི་ཁོངས་སུ་གཏོགས་ཆོག ང་ཚོ་ག་དུས་ཡིན་ནའང་རང་ཚོད་ལས་བརྒལ་བའི་སྐྱོན་བྲལ་བཟོ་ཐབས་བྱེད་པ་ནི་ཧ་ལམ་རང་སོ་སོར་ཕྲག་དོག་བྱེད་པ་ལྟ་བུ་ཡིན།

སྡང་སེམས་ཀྱི་བསམ་བློ།

སྡང་སེམས་ཀྱི་བསམ་བློ་ཞེས་པ་ནི། ཇི་ལྟར་བྱས་ཏེ་གཞན་ལ་གནག་པོ་དང་གནོད་པ་སྐྱེལ་དགོས་བསམ་པ་ལྟ་བུ་སྟེ། “གལ་སྲིད་མི་འདི་ཡིས་ང་རང་སྣང་བ་མི་འགྲོ་བའི་སྐད་ཆ་ཞིག་བཤད་པའམ། ལས་ཀ་ཞིག་བྱས་པ་ཡིན་ན་དེ་ལ་ལན་སློག་ཐག་ཆོད་ཡིན།” བསམ་པ་ལྟ་བུ་དང་། རྗེས་མ་མི་དེ་ཐུག་ན་གང་ཞིག་ཤོད་རྒྱུ་དང་བྱེད་རྒྱུ་སོགས་བསམ་བློ་སྔོན་ནས་གཏོང་སྲིད་ལ། ཁོ་ཚོས་བཤད་པའི་སྐད་ཆར་ལན་ཞིག་རྒྱག་ཐུབ་མེད་པའི་འགྱོད་པ་སྐྱེས་པ་སོགས་ཀྱང་ཡོང་གི་ཡོད། འདི་འདྲའི་བསམ་བློ་གཏོང་རྒྱུ་ཤུགས་ཆེ་དྲགས་པའི་རྐྱེན་གྱིས་བསམ་བློ་དེ་ནས་ཕྱིར་འདོན་ཐུབ་ཀྱི་མེད།

རྒྱབ་འགལ་དང་ཕྱིན་ཅི་ལོག་པའི་བསམ་བློ།           

ཕྱིན་ཅི་ལོག་པ་དང་རྒྱབ་འགལ་གྱི་བསམ་བློ་ཞེས་པ་ནི། དཔེར་ན། མི་ཞིག་ཁོ་རང་ཡར་རྒྱས་གཏོང་བའམ། ཡང་ན་གཞན་ལ་རོགས་པ་བྱེད་ཐབས་ལ་འབད་བརྩོན་བྱེད་བཞིན་ཡོད་པའི་སྐབས་ང་ཚོའི་བསམ་པར། “ཁོ་ནི་གླེན་པ་རེད། ཁོས་བྱེད་བཞིན་པ་ནི་དོན་མེད་ཅིག་དང་། གཞན་ལ་རོགས་པ་བྱེད་པ་ནི་ཆོ་མེད་པ་ཞིག་རེད།” ཅེས་བསམ་པ་ལྟ་བུ་ཡིན།

རྩེད་མོའི་རིགས་ལ་དགའ་པོ་མེད་མཁན་དེ་ཚོས། མི་གཞན་རྩེད་མོ་བརྩེ་ཡག་དང་། བརྙན་འཕྲིན་ནང་རྐང་རྩེད་སྤོ་ལོ་སོགས་རྩེད་རིགས་འགྲན་བསྡུར་རུ་ཁག་ལ་ལྟད་མོ་བལྟ་རུ་འགྲོ་མཁན་དེ་ཚོ་གླེན་ལྐུགས་ཡིན་པར་བསམ་གྱི་ཡོད། ཡིན་ནའང་བསམ་བློ་ཞིབ་དུ་བཏང་ན། རྩེད་རིགས་ལ་དགའ་པོ་བྱས་པར་གནོད་ཚབས་གང་ཡང་མེད། རྩེད་རིགས་ལ་དགའ་པོ་བྱས་པ་དེ་གླེན་ལྐུགས་དང་དུས་ཚོད་འཕྲོ་བརླག་ཏུ་བརྩི་བ་ནི་རྒྱབ་འགལ་གྱི་སེམས་ཀྱི་གནས་སྟངས་ངོ་མ་དེ་ཡིན།

ཡང་མིན་ན་མི་ཞིག་གིས། སྤྲང་པོ་ལ་དངུས་ཏོག་ཙམ་སྤྲད་ནས་རོགས་པ་བྱས་པ་དེར་ཁྱེད་རང་གི་བསམ་པར། “ཨ། ཁྱེད་རང་གི་དེ་འདྲ་བྱས་པ་དེ་དངོས་གནས་ལྐུགས་རྟགས་རེད།” བསམ་པ་ལྟ་བུ་ཡིན། གལ་སྲིད་ང་ཚོས་རྟག་པར་མི་གཞན་ཞིག་ཇི་ཙམ་གྱི་གླེན་ལྐུགས་ཡིན་པ་དང་། ཁོས་ག་རེ་བྱེད་པ་ཚང་མ་རྒྱུ་མཚན་དང་ལྡན་པ་མ་ཡིན་པ་སོགས་བསམ་ནས་བསྡད་ན། ང་ཚོས་ཏིང་ངེ་འཛིན་ནམ་ཡང་བསྐྱེད་མི་ཐུབ། བསམ་བློ་འདི་དག་ནི་ང་ཚོས་སྤོང་དགོས་པ་ཡིན།

ཡང་དག་པའི་རྩོལ་བ།

ཡང་དག་པའི་རྩོལ་བ་ནི། ང་ཚོའི་ནུས་ཤུགས་དེ་གནོད་འཚེ་ཅན་དང་མི་དགེ་བའི་བསམ་བློའི་རིམ་པ་བསྟར་ཆགས་སུ་ཡོད་པ་ལས་ཁ་བསྒྱུར་ནས་ཕན་ཐོགས་ཅན་གྱི་ཡོན་ཏན་རྣམས་གོང་འཕེལ་གཏོང་རྒྱུ་དེ་ཡིན། ཐབས་ལམ་འདིའི་ཆེད་དུ་པཱ་ལཱི་སྐད་དུ་ཡང་དག་པའི་རྩོལ་བ་བཞི་ཟེར་བ་ཞིག་བཤད་པ་ལྟར་ན། དེ་ལ་བོད་སྐད་དང་ལེགས་སྦྱར་སྐད་དུ་ཡང་དག་སྤོང་བ་འཐོབ་པར་ངེས་བྱེད་ཀྱི་རྐྱེན་བཞི་ཞེས་ཐབས་ལམ་མི་འདྲ་བ་བཞི་གསུངས་ཡོད་ཅིང་། དེ་ནི་སྐྱོན་གྱི་ཆ་མེད་པར་བཟོ་བ་ཞིག་ལ་གོ་དགོས། དེ་ལ་ཡང་དག་སྤོང་བ་བཞི་ཞེས་ཟེར་ཞིང་། དེ་དག་ནི།

  • ཐོག་མར་མི་དགེ་བ་མ་སྐྱེས་པ་རྣམས་མི་སྐྱེ་བའི་འགོག་ཐབས་ལ་རྩོལ་བ་བྱེད་པ་དེ་ཡིན། དཔེར་ན། ང་ཚོ་ལ་ལང་དུ་ཤོར་སླ་བའི་གཤིས་ཀ་ཞིག་ཡོད་ན། དེང་སང་དྲ་ཐོག་ལ་ཡོད་པའི་ལྟད་མོ་བལྟ་བྱེད་ཀྱི་བརྒྱུད་ལམ་བེད་སྤྱོད་བཏང་ནས་ཉིན་གང་མུ་མཐུད་དེ་ལྟད་མོ་གཅིག་རྗེས་གཉིས་མཐུད་བལྟ་ནས་དུས་ཚོད་གཏོང་རྒྱུ་དེ་སྤོང་ཐུབ་ན་ཡག་པོ་ཡོད། གང་ཡིན་ཞེ་ན། དེ་ནི་རང་ཉིད་ལ་ཏོག་ཙམ་གནོད་གཞི་ཅན་ཞིག་ཡིན་པ་དང་། སེམས་ཀྱི་དམིགས་པ་རྩེ་གཅིག་པ་དེ་བརླག་པའི་ཉེན་ཁ་ཡོད།  
  • དེ་ནས་མི་དགེ་བ་སྐྱེས་ཟིན་པ་རྣམས་་སྤོང་བ་ལ་རྩོལ་བ་བྱེད་དགོས་པ་དེ་ཡིན། གལ་སྲིད་ང་ཚོ་ངན་པ་ལང་ཤོར་ཕྱིན་ཡོད་ན། ལས་ཀ་དེ་ལ་ཚོད་བཟུང་ཐུབ་ན་ཡག་པོ་ཡོད། དཔེ་ཆ་བཞག་ན། ང་ཚོས་ཤེས་གསལ་ལྟར། མི་ཁ་ཤས་ཀུ་ཤུ་རྟགས་ཅན་གྱི་གཞས་ཉན་བྱེད་ཀྱི་འཕྲུལ་ཆས་ (Ipod) ལ་ལང་ཤོར་ཆེ་དྲགས་ནས་དེ་ལས་གཞས་མ་ཉན་པར་གང་དུ་ཡང་འགྲོ་ཐུབ་ཀྱི་མེད། དེ་ནི་ཧ་ལམ་མི་དེ་དག་ཁུ་སིམ་གྱི་གནས་སྟངས་ལ་འཇིགས་སྣང་སྐྱེད་ནས་བསམ་བློ་གཞན་ཞིག་གཏོང་རྒྱུར་ཞེད་སྣང་བྱེད་པ་ལྟར་ག་དུས་ཡིན་ནའང་གཞས་ཞིག་ཉན་རྒྱུ་ཡོད་དགོས་ཀྱི་ཡོད། ས་ཐག་རིང་པོར་རླངས་འཁོར་གཏོང་བའི་སྐབས་སུ་གྲུང་ཤ་དོད་པོ་ཡོང་ཡག་དང། ལུས་སྦྱོང་བྱེད་པའི་སྐབས་གོམ་འགྲོས་ལ་ལྟོས་ནས་གཞས་སྐད་ཆེན་པོ་ཉན་ན་ཕན་ཐོགས་ཡོད་སྲིད་ལ། གཞས་དང་རོལ་དབྱངས་ཞི་ཞིང་འཇམ་པ་ཞིག་བཏང་ན། དེས་ལས་ཀ་བྱེད་སྐབས་སེམས་ལྷོད་ཡངས་གཏོང་བར་ཕན་ཐོགས་ཀྱང་། ཕན་ཚུན་གླེང་མོལ་བྱེད་སྐབས་གཞས་དང་རོལ་དབྱངས་ཀྱིས། མི་གཞན་དེར་དོ་སྣང་སྤྲོད་རྒྱུ་ལ་ཕན་ཐོགས་ཀྱི་མེད་པ་ནི་གསལ་པོ་རེད། དེ་ལས་བཟློག་ཐབས་མེད་པའི་ཐོག་ནས་སེམས་གཡེང་བཅུག་གི་ཡོད།
  • འདིའི་རྗེས་སུ་ང་ཚོས་དགེ་བ་མ་སྐྱེས་པ་རྣམས་བསྐྱེད་པར་བྱེད་དགོས།
  • མཐའ་མར་དགེ་བ་སྐྱེས་པ་རྣམས་རྒྱུན་སྲིང་དང་། གོང་འཕེལ་གཏོང་བའི་ཆེད་འབད་བརྩོན་བྱེད་དགོས་པ་བཅས་ཡིན།

ཐབས་ལམ་འདི་ཚོ་ལ་སྦྱངས་ནས་ལག་ལེན་འགེལ་ཐབས་བྱེད་རྒྱུ་ནི་བློ་ལ་འཐད་པོ་ཞིག་ཡོད། ང་རང་མི་སྒེར་གྱི་ངོས་ནས་དཔེར་བརྗོད་གཅིག་ཞུས་ན། ང་ལ་རང་གི་དྲྭ་ལྗོངས་དང་འབྲེལ་བའི་གོམས་གཤིས་སྡུག་ཅག་ཞིག་ཡོད། དྲྭ་ལྗོངས་ཐད་ལས་ཀ་བྱེད་མཁན་མི་བརྒྱ་དང་བཅུ་ཙམ་ཡོད་ཅིང་། དེ་དག་གིས་རྩོམ་བསྒྱུར་དང་ཞུ་དག་བྱས་པའི་རྩོམ་ཡིག་ཡང་ནས་ཡང་དུ་བསྐུར་བཞིན་ཡོད་པས། ཉིན་ལྟར་ང་ལ་འཕྲིན་ཡིག་ཧ་ཅང་མང་པོ་འབྱོར་གྱི་འདུག དེ་དག་སོ་སོར་ཡིག་སྣོད་མི་འདྲ་བའིི་ནང་དབྱེ་འབྱེད་ཀྱིས་བླུགས་ན་ང་དང་ངའི་ལས་རོགས་ལ་འཚོལ་བདེ་བ་ཡོང་སྲིད་ཀྱང་། ང་ལ་ཡོད་པའི་གོམས་གཤིས་ངན་པ་ཞིག་ནི། དེ་དག་ཚང་མ་ཡིག་སྣོད་གཅིག་གི་ནང་ཕབ་ལེན་བྱེད་ཀྱི་ཡོད། འདི་ནི་དངོས་གནས་གོམས་གཤིས་ངན་པ་ཞིག་རེད། གང་ཡིན་ཟེར་ན། ང་རང་གི་འཇོན་ཐང་མེད་པའི་ངང་ཚུལ་གྱིས་བཟོས་པའི་རྙོག་འཛིང་ཐེབས་པའི་རྩོམ་ཡིག་དེ་དག་སོ་སོར་འཚོལ་རྙེད་དང་དབྱེ་འབྱེད་བྱ་རྒྱུར་དུས་ཚོད་མང་པོ་ཞིག་འཕྲོ་བརླག་འགྲོ་བ་དང་། ལས་ཀ་རྣམས་དུས་ཐོག་བསྒྲུབ་ཡག་ལའང་འགོག་རྐྱེན་བཟོ་བ་ཡིན། འོ་ན་འདི་ལས་ཡོང་སྲིད་པའི་བཟང་ཕྱོགས་ཀྱི་ཁྱད་ཆོས་གང་ཡོད་དམ་ཞེ་ན། དེ་ནི་རྩོམ་ཡིག་ལ་སོགས་པ་འབྱོར་བའི་སྐབས་དེ་མ་ཐག་ཏུ་སོ་སོའི་ཁོངས་གཏོགས་སུ་ཡོད་པའི་ཡིག་སྣོད་ནང་ཏག་ཏག་བླུགས་ཐུབ་པའི་སྒྲིག་འཛུགས་ལམ་ལུགས་ཞིག་བཟོ་རྒྱུ་དེ་ཡིན། འདི་ལ་བརྟེན་ནས་ལེ་ལོ་བྱས་ཏེ་ཚང་མར་གང་འདོད་གང་བྱུང་དུ་མི་འཇོག་པར། རྟག་པར་དེ་དག་ཡིག་སྣོད་སོ་སོར་འཇོག་པའི་གོམས་གཤིས་ཞིག་བཟོ་ཐུབ་ཀྱི་རེད།

དཔེ་མཚོན་འདིའི་ནང་ང་ཚོས་ངན་ཕྱོགས་ཀྱི་ཁྱད་ཆོས་དང་ཁེ་ཕན་མེད་པའི་གོམས་གཤིས་ཤིག་རྙེད་ཡོད་ལ། བཟང་ཕྱོགས་ཀྱི་ཁྱད་ཆོས་ཞིག་ཀྱང་རྙེད་ཡོད། བྱས་ཙང་། ང་ཚོས་ངན་ཕྱོགས་ཀྱི་ཁྱད་ཆོས་དེ་སྤང་ནས་མ་ལག་ཚང་བའི་ཡིག་སྣོད་ཀྱི་སྒྲིག་འཛུགས་ཞིག་བཟོ་སྐྲུན་བྱེད་ཡག་ལ་འབད་བརྩོན་བྱས་ཏེ་གོམས་གཤིས་ངན་པ་དེ་མུ་མཐུད་མི་ཡོང་བའི་སྔོན་འགོག་བྱེད་ཐུབ་པ་ཡིན། འདི་ལྟ་བུ་ནི་ཉམས་ལེན་གྱི་རིམ་པ་ལས་སླ་པོ་བྱེད་སྟངས་ཐད་ང་ཚོས་སྐད་ཆ་བཤད་ཀྱི་ཡོད།

ཏིང་ངེ་འཛིན་གྱི་གེགས་ཉེས་པ་ལྔ་ལས་ཐར་བ།

ཡང་དག་པའི་རྩོལ་བ་ནི། ཏིང་ངེ་འཛིན་ལ་བར་ཆད་བྱེད་པའི་ཉེས་པ་ལྔ་ལས་ཐར་བའི་ཆེད་དུའང་ལག་ལེན་དུ་བསྟར་གྱི་ཡོད། ཉེས་པ་ལྔ་ནི།

འདོད་པ་ལ་འདུན་པ། ༼འདོད་པའི་ཡོན་ཏན་ལྔ་གང་རུང་ལ་མོས་པའི་བསམ་བློ།༽

འདོད་པའི་ཡོན་ཏན་ལྔ་ནི། གཟུགས་ ༼མཛེས་པ།༽ སྒྲ་ ༼སྙན་པ།༽ དྲི་ ༼ཞིམ་པ།༽ རོ་ ༼ཡག་པོ།༽ རེག་བྱ་༼འཇམ་པ་༽ བཅས་ལྔ་ཡིན། ཡུལ་གང་ཡང་རུང་བ་ཞིག་ལ་དམིགས་པ་གཏད་པའི་སྐབས་སུ་ཉེས་པ་དེ་དག་ལས་ཐར་བར་བྱེད་དགོས། དཔེར་ན། རང་སོ་སོའི་ལས་ཀ་ཞིག་བྱེད་པའི་སྐབས་སུ་དམིགས་པ་སྒྲིམ་ནས་བྱེད་ཀྱི་ཡོད་ནའང་། ད་དུང་ “ང་ལྟད་མོ་ཞིག་བལྟ་དགོས་འདུག་བསམ་པའམ། ཡང་ན་ངས་འཁྱགས་སྒམ་ནས་གཅིག་བཏོན་དགོས་འདུག་” བསམ་པའི་བློས་སེམས་གཡེང་བཅུག་གི་ཡོད། འདིར་ང་ཚོས་གཅིག་བཟའ་འདོད་པའམ། གཞས་ཞིག་ཉན་འདོད་པ་སོགས་འདོད་པའི་བདེ་བ་ལ་བལྟ་ཞིབ་བྱེད་ཀྱི་ཡོད། འདོད་པའི་བདེ་བ་ལ་འདུན་པའི་ཚོར་བ་དེ་འདྲ་ཡོང་བའི་སྐབས་དེ་ལ་རྗེས་འདེད་ཀྱི་འབད་བརྩོན་མི་བྱེད་པར་སེམས་རྩེ་གཅིག་དུ་གནས་དགོས།

 འཁོན་འཛིན། ༼འཁོན་སེམས།༽

འདི་ནི་གཞན་ལ་གནོད་པ་བྱེད་འདོད་ཀྱི་བསམ་བློ་ཞིག་ལ་ཟེར། གལ་སྲིད་ང་ཚོས་ག་དུས་ཡིན་ནའང་འཁོན་སེམས་དང་བཅས། “མི་འདིས་ང་ལ་གནོད་པ་བསྐྱལ་བྱུང་། ང་ཁོ་ལ་མི་དགའ། དགྲ་ཤ་གང་འདྲ་སེ་ལེན་དགོས་ན།” ཞེས་བསམ་བློ་བཏང་ན། དེ་ནི་ཏིང་ངེ་འཛིན་ལ་གེགས་དང་བར་ཆད་ཆེན་པོ་ཞིག་ཆགས་ཀྱི་ཡོད། དེར་བརྟེན་འབད་བརྩོན་བྱས་ནས་གཞན་ཙམ་མ་ཟད་རང་ཉིད་སོ་སོར་ཡང་གནོད་འཚེ་ཅན་གྱི་བསམ་བློའི་རིགས་སྤོང་དགོས།

གཉིད་དང་རྨུགས་པ།

འདི་ནི་ང་ཚོའི་སེམས་སྨུག་པའི་ནང་འཐིམ་པའི་སྐབས་ཡིན། སྐབས་དེར་སེམས་བྱིང་ནས་བསམ་བློ་གསལ་པོ་གཏོང་ཐུབ་ཀྱི་མེད། གཉིད་བཟི་བ་ནི། ང་ཚོ་ཧ་ཅང་གཉིད་བྲོ་བའི་སྐབས་སུ་ཟེར་བ་གསལ་པོ་རེད། འཚིག་ཇ་འཐུང་ན་འདྲ། རླུང་གསོས་པ་ཞིག་རྔུབ་ནའང་འདྲ། གང་ལྟར་ང་ཚོས་འབད་བརྩོན་གྱིས་གནས་སྟངས་འདི་ལ་འཐབ་རྩོད་བྱས་སྟེ་གཉིད་ཀྱི་དབང་དུ་མ་འགྲོ་བ་བྱེད་དགོས། ཡིན་ནའང་གལ་སྲིད་སེམས་རྩེ་གཅིག་ཏུ་གནས་ཡག་དངོས་གནས་དཔེ་མི་སྲིད་པའི་ཁག་པོ་ཆགས་ན། ང་ཚོས་ས་མཚམས་སམ་ཚད་ཅིག་བཟོ་དགོས་པ་ཡིན། ཁྱེད་རང་ནང་ནས་ལས་ཀ་བྱེད་ཀྱི་ཡོད་ན། “སྐར་མ་ཉི་ཤུ་ཙམ་གྱི་རིང་ལས་མཚམས་བར་སེང་ལེན་པའམ། གཉིད་ཐུང་ཞིག་ཁུག་དགོས་” བསམ་པ་དང་། གལ་སྲིད་ཁྱེད་རང་ལས་ཁུངས་ནང་ལས་ཀ་བྱེད་ཀྱི་ཡོད་ན། “འཚིག་ཇ་འཐུང་ཆེད་དུ་བར་སེང་སྐར་མ་བཅུ་བཞག་གི་ཡིན་” བསམ་པ་སོགས་ས་མཚམས་ཞིག་བཟོས་ནས་ལས་ཀ་བྱེད་དགོས།

རྒོད་པ་དང་འགྱོད་པ།

སེམས་རྒོད་པ་ཞེས་པ་ནི། ལས་ཀ་ཞིག་བྱེད་པའི་སྐབས་སུ་ང་ཚོའི་སེམས་དེ་ངོ་དེབ་དང་རང་སྦུག (YouTube) སོགས་ཀྱི་ཕྱོགས་སུ་རང་དབང་མེད་པར་འཕུར་འགྲོ་བ་དེ་ལ་ཟེར། འགྱོད་པའི་སེམས་ནི། རང་གི་བྱས་པའི་ནག་ཉེས་ཕྱོགས་སུ་རང་དབང་མེད་པར་སེམས་འཕུར་ནས་འགྲོ་བ་དེ་ཡིན། དཔེར་ན། “ངས་ལས་ཀ་འདི་དང་ཕ་གི་བྱས་པ་དེ་དཔེ་སྡུག་ཅག་ཚོར་གྱི་འདུག་” ཟེར་བ་ལྟ་བུ། འདི་ཚོ་ནི་དངོས་གནས་སེམས་གཡེང་བར་བྱེད་པ་དང་། རྩེ་གཅིག་པའི་ཏིང་ངེ་འཛིན་བསྐྱེད་མི་འཇུག་པ་བྱེད་ཀྱི་ཡོད།

ཐེ་ཚོམ། ༼བློ་ཐག་མ་ཆོད་པའི་ཐེ་ཚོམ།༽

ང་ཚོས་དབང་དུ་བསྡུ་བའི་ཆེད་རྩོལ་བ་བྱེད་དགོས་པ་ཐ་མ་ནི། བློ་ཐག་མ་ཆོད་པའི་སོམ་ཉིའམ་ཐེ་ཚོམ་དེ་ཡིན། དེ་ཡང་། “ང་ག་རེ་བྱེད་དགོས་རེད། ཉིན་གུང་ཁ་ལག་ག་རེ་བཟའ་དགོས་རེད། འདི་བཟའ་དགོས་ཡོད་ན། ཡང་ན་ཕ་གི་དེ་བཟའ་དགོས་ཡོད་ན།” ཞེས་སེམས་ཐག་ཆོད་མ་ཐུབ་པ་དེས་དུས་ཚོད་མང་པོ་ཞེ་དྲག་འཕྲོ་བརླག་གཏོང་གི་ཡོད། ང་ཚོ་ག་དུས་ཡིན་ནའང་ཐེ་ཚོམ་དང་སེམས་ཐག་མ་ཆོད་པ་རང་གིི་ནང་ཚུད་ནས་བསྡད་ན། བྱེད་དགོས་པའི་ལས་ཀ་ལ་དམིགས་པ་གཏོད་དེ་མུ་མཐུད་ནས་བྱེད་མི་ཐུབ། དེརབརྟེན་དཀའ་ངལ་དེ་སེལ་ཐབས་ལ་འབད་བརྩོན་བྱེད་དགོས། 

མདོར་བསྡུས་ནས་བཤད་ན། ཡང་དག་པའི་རྩོལ་བ་ནི།

  • ཉོན་མོངས་པ་དང་མི་དགེ་བའི་བསམ་བློ་སྤོང་རྒྱུ་རྩོལ་བ་བྱེད་དགོས།
  • ང་ཚོར་ཡོད་སྲིད་པའི་སྐྱོན་ཆ་དང་གོམས་གཤིས་ངན་པ་སྤོང་རྒྱུ་རྩོལ་བ་བྱེད་དགོས།
  • ང་ཚོ་ལ་མ་འདང་པ་བའམ། ཡང་ན་སྔོན་ཚུད་ནས་ཡོད་པའི་བཟང་པོའི་ཡོན་ཏན་རྣམས་ཡར་རྒྱས་གཏོང་རྒྱུ་རྩོལ་བ་བྱེད་དགོས།
  • ཏིང་ངེ་འཛིན་གྱི་གེགས་ཉེས་པ་སྤོང་རྒྱུ་རྩོལ་བ་བྱེད་དགོས་པ་བཅས་ཡིན།

དྲན་པ།

ཏིང་ངེ་འཛིན་དང་འབྲེལ་ཡོད་ཀྱི་འཕགས་ལམ་ཡན་ལག་བརྒྱད་ནང་གི་རྣམ་པ་གཞན་གཅིག་ནི། ཡང་དག་པའི་དྲན་པ་ཡིན། དེ་ཡང་།

  • གཞི་རྩའི་ཐོག་ནས་བཤད་ན་དྲན་པ་ཞེས་པ་དེ་སེམས་ཀྱི་སྦྱར་རྩི་དེ་ཡིན། ཁྱེད་རང་དམིགས་པ་གཏད་ནས་སྒོམ་རྒྱག་པའི་སྐབས་སེམས་ཡུལ་གཅིག་ལ་དམིགས་ནས་སྡོད་པ་ཡིན། འདི་འདྲའི་ཡུལ་འཛིན་པར་བྱེད་མཁན་གྱི་དྲན་པ་འདིས་དམིགས་པ་མི་བརླག་པའི་སྔོན་འགོག་བྱེད་ཀྱི་ཡོད།
  • ཤེས་བཞིན་གྱིས་དྲན་པའི་གྲོགས་བྱེད་ཀྱི་ཡོད། དེས་གལ་སྲིད་ཁྱེད་རང་སེམས་གཡེང་བ་དང་། གཉིད་བྲོ་བའམ། སེམས་རྨུགས་པ་དེ་ཤེས་ནས་སླར་དམིགས་པ་ལ་སེམས་གཏད་ཐུབ་པར་བྱེད་ཀྱི་ཡོད།
  •  དེའི་རྗེས་ང་ཚོས་འདུ་ཤེས་ ༼དོ་སྣང་༽ ལ་བརྟེན་ནས་རང་གི་དམིགས་པ་ཡིད་ལ་བྱས་ཏེ་སེམས་གཏད་ཀྱི་ཡོད།

འདིར་ང་ཚོས་རང་སོ་སོའི་གཟུགས་པོ་དང་། ཚོར་བ། སེམས་དང་སེམས་བྱུང་སོགས་ལ་བསམ་གཞིགས་ཇི་ལྟར་བྱེད་ཀྱི་ཡོད་མེད་སྐོར་ལ་དོ་སྣང་བྱེད་ཀྱི་ཡོད། ང་ཚོས་རང་གི་གཟུགས་དང་ཚོར་བ་སོགས་དང་འབྲེལ་ཡོད་ཀྱི་སེམས་ཚོར་ཡང་དག་མིན་པ་རྣམས་འདོར་ཐབས་བྱེད་དགོས། གང་ཡིན་ཟེར་ན་དེ་མ་སྤང་བ་ཡིན་ན། སེམས་གཡེང་ནས་བློ་རྩེ་གཅིག་དུ་གནས་ཐུབ་ཀྱི་མེད། བྱས་ཙང་། སྐབས་འདིར་ཡང་དག་པ་དང་ཡང་དག་མིན་པའི་དྲན་པ་གཉིས་ལ་རེས་མོས་བྱས་ནས་བལྟ་རྒྱུ་ཡིན།

ལུས་ལ་བསམ་གཞིགས་བྱེད་པ།

ང་ཚོས་གཟུགས་པོའི་སྐོར་ལ་བཤད་པའི་སྐབས་སྤྱིར་བཏང་གི་མཐོང་ཆོས་སུ་ཡོད་པའི་གཟུགས་པོ་དང་དེའི་རིགས་མི་འདྲ་བའི་རྣམ་པ་དང་མྱོང་ཚོར་སོགས་ལ་གོ་དགོས་པ་ཡིན། ཡང་དག་མིན་པའི་ལྟ་སྟངས་ཞིག་ནི། ང་ཚོའི་གཟུགས་པོ་དེ་རང་བཞིན་གྱི་གཙང་མ། བདེ་བ་དང་མཛེས་པོ་མཐོང་ཚུལ་དེ་ཡིན། ལྟ་ཚུལ་འདི་འདྲ་ཞིག་ཡོད་པ་རྒྱུ་མཚན་དུ་བྱས་ནས་དུས་ཚོད་མི་ཉུང་བ་ཞིག་སྐྲ་དང་། དབྱིངས་སྟོན་ཡག་དང། དུག་ལོག་གྱོན་སྟངས་སོགས་ལ་གཡེང་བའམ། རང་ཉིད་གཞན་གྱིས་གང་འདྲ་ཞིག་མཐོང་ཡོང་བསམ་པའི་སེམས་ཁྲེལ་བྱེད་དེ་འཕྲོ་བརླག་གཏོང་གི་ཡོད། གཟུགས་པོ་གཙང་མ་དང་གཞན་ལ་སྟོན་འོས་པ་ཞིག་ཉར་ཚགས་བྱེད་ན་ཡག་པོ་ཡོད་ཀྱང་། འདིའི་སྐོར་ལ་བསམ་བློ་གཏོང་རྒྱུ་ཚད་ལས་བརྒལ་ནས། གཟུགས་པོ་བདེ་བའི་འབྱུང་གནས་གཙོ་བོ་ཡིན་པ་དང་། མི་གཞན་གྱི་ཡིད་དབང་འཕྲོག་རྒྱུའི་ཆེད་དུ་གཟུགས་པོ་འདི་སྐྱོན་མེད་པ་ཞིག་ཡོད་དགོས་བསམ་ན། འདི་ལ་མགོ་འཁོར་ནས་དོན་དང་ལྡན་པའི་བྱ་བ་ལ་དུས་ཚོད་གཏོང་ཐུབ་ཀྱི་མེད། 

དྲང་པོ་དྲང་གཞག་དང་དངོས་པོའི་གནས་ལུགས་དང་མཐུན་པའི་སྒོ་ནས་ནས་ང་ཚོས་གཟུགས་པོ་ལ་གཅིག་བལྟས་ན། གལ་སྲིད་ཁྱེད་རང་སྡོད་ས་གཅིག་རང་ལ་རྒྱུན་རིང་པོ་བསྡད་ན། གང་ཙམ་ཞིག་ནས་མི་སྐྱིད་པ་དང་མི་བདེ་བ་ཆགས་ཏེ་སྡོད་ས་གཞན་ཞིག་ལ་སྤོ་དགོས་ཐུག་གི་ཡོད་པ་དང་། ཡང་གལ་སྲིད་ཁྱེད་རང་ཉལ་ནས་བསྡད་ཡོད་ན། ཕྱོགས་གཅིག་མི་བདེ་བ་ཆགས་དུས་ཕྱོགས་གཞན་དེ་ཡང་མི་བདེ་བ་ཆགས་ཀྱི་རེད། ད་དུང་གཟུགས་པོ་འདིར་ན་བ་དང་རྒ་བ་སོགས་ཡོང་གི་ཡོད། ང་ཚོའི་གཟུགས་པོ་འདིར་བདག་གཅེས་བྱེད་དགོས་པས་ལུས་སྦྱོང་བྱེད་རྒྱུ་དང་། ཟས་ཡག་པོ་བཟའ་བ་སོགས་ལ་བརྟེན་ནས་རང་ཉིད་འཕྲོད་བསྟེན་ཡག་པོ་ཡོད་མེད་བལྟ་དགོས་རྒྱུ་དེ་གལ་ཆེན་པོ་ཡིན་མོད་ཀྱང་། གཟུགས་པོ་རང་ལ་དོ་སྣང་ཚད་ལས་བརྒལ་བ་སྤྲད་ནས་གཟུགས་པོ་འདི་ཡུན་དུ་གནས་པའི་བདེ་བའི་འབྱུང་ཁུངས་ཡིན་བསམ་པའི་བློ་ནི་ནོར་འཁྲུལ་དང་རྙོག་དྲ་ཞིག་ཡིན། 

འདི་ལྟ་བུའི་ཡང་དག་མིན་པའི་དྲན་པ་ནི་འདོར་བྱ་ཡིན། ང་ཚོའི་སྐྲ་དེ་གལ་ཆེ་ཤོས་ཡིན་པའམ་རྟག་པར་གྱོན་ཆས་དང་མཚུངས་ཤིང་རན་པའི་ཚོས་གཞི་བྱུང་ན་བདེ་སྐྱིད་ཡོང་གི་རེད་བསམ་པའི་བློ་དེ་མེད་པ་བཟོ་དགོས། འདི་འདྲ་བསམ་བློ་གཏོང་རྒྱུ་མཚམས་བཞག་ནས་ཡང་དག་པའི་དྲན་པ་སྐྱེད་པར་བྱེད་དགོས། དེ་ཡང། “ངའི་སྐྲ་དང་གྱོན་ཆས་རྣམས་ནི་བདེ་སྐྱིད་ཀྱི་འབྱུང་ཁུངས་ངོ་མ་དེ་མིན་པས། འདིའི་སྐོར་ལ་བསམ་བློ་གཏོང་ཆེ་དྲགས་ན་དུས་ཚོད་འཕྲོ་བརླག་དང་། དོན་དང་ལྡན་པ་ཞིག་ལ་བློ་རྩེ་སྒྲིམ་རྒྱུར་བཀག་སྡོམ་བྱེད་ཀྱི་རེད།” ཅེས་བསམ་དགོས།

ཚོར་བ་ལ་བསམ་གཞིགས་བྱེད་པ།

ང་ཚོས་འདིར་ཤོད་བཞིན་པའི་ཚོར་བ་ནི། མཐར་ཐུག་ན་སྡུག་བསྔལ་གྱི་འབྱུང་ཁུངས་ཡིན་པའི་བདེ་བ་དང་སྡུག་བསྔལ་གཉིས་ཡིན། ང་ཚོ་སྐྱིད་པོ་མེད་པའི་སྐབས་སྡུག་བསྔལ་གྱི་འབྱུང་ཁུངས་མེད་པར་བཟོ་འདོད་ཀྱི་འདུན་ཤུགས་དྲག་པོ་ “སྐོམ་པ་ཆུ་འདོད་” ལྟ་བུ་ཞིག་ཡོང་གི་ཡོད། དེ་ནང་བཞིན་སྐྱིད་པོ་ཏོག་ཙམ་ཡོད་པའི་སྐབས་ད་དུང་སྐྱིད་རུ་འགྲོ་རྒྱུའི་འདུན་ཤུགས་དྲག་པོ་ཞིག་ཡོད། འདི་ནི་གཞི་རྩའི་ང་ཚོའི་དཀའ་ངལ་ཐམས་ཅད་ཀྱི་འབྱུང་ཁུངས་དེ་ཡིན། 

ང་ཚོས་མི་སྐྱིད་པའམ་སྡུག་བསྔལ་དེ་འཇིག་རྟེན་ནང་གི་གནས་སྟངས་སྡུག་ཤོས་ཤིག་ཡིན་པར་བརྩི་བ་ཡིན་ན། འདིས་ཏིང་ངེ་འཛིན་སྐྱེད་པ་ལ་རྙོག་དྲ་བཟོ་བ་ཡིན། བཟོ་ཚུལ་ནི། “ང་ཏོག་ཙམ་བདེ་པོ་མི་འདུག་བསམ་པའམ། ང་འདོད་པ་མི་འདུག་བསམ་པ་དང། ཡང་། ང་སྐྱིད་པོ་མིན་འདུག་” སོགས་བསམ་གྱི་ཡོད་ཀྱང་། ག་རེ་ཡིན་ན་ཡིན། བྱེད་བཞིན་པའི་ལས་ཀ་གང་ཡིན་པ་དེ་མུ་མཐུད་ནས་བྱེད་རྒྱུ་རེད་ལ། གལ་སྲིད་བྱེད་འདོད་མེད་པའི་སེམས་ཁམས་དེ་འཛམ་གླིང་ནང་གི་གནས་ཚུལ་སྡུག་ཤོས་ལྟ་བུར་མཐོང་ནས་དེ་ལ་འཛིན་བསྡད་ན། དེ་རང་ཉིད་ལས་ཀ་གང་འདྲ་ཞིག་ལའང་བློ་རྩེ་སྒྲིམ་པའི་སྐབས་བར་ཆད་ཆེ་ཤོས་ཤིག་རེད། 

ང་ཚོ་སྐྱིད་པོ་ཡོད་པའི་སྐབས་སྐྱིད་པོ་མུ་མཐུད་ནས་ཡོང་བ་དང་དུས་ནམ་ཡང་བསྡད་ན་བསམ་ཏེ་སེམས་གཡེང་རྒྱུ་མེད། འདི་ནི་སྒོམ་རྒྱག་པའི་སྐབས་སུ་འཕྲད་སྲིད་པའི་གནས་སྟངས་ཞིག་ཡིན། སྒོམ་བརྒྱབ་པ་ལ་བརྟེན་ནས་བདེ་བ་སྐྱེད་སྐབས་དེ་ལ་མགོ་འཁོར་བའམ། རང་གི་དགའ་བོ་བྱེད་པའི་མི་ཞིག་དང་མཉམ་དུ་ཡོད་པའམ། ཡང་ན་རང་ཉིད་དགའ་བའི་ཟས་ཞིག་བཟའ་བ་སོགས་ཀྱི་སྐབས་ཀྱི་སྐྱིད་སྣང་ཤར་བ་ནི། ཡང་དག་མིན་པའི་དྲན་པ་སྟེ། “འདི་ནི་ཧ་ཅང་ཡག་པོ་འདུག་” བསམ་ནས་དེ་ལ་མགོ་འཐོམ་འགྲོ་གི་ཡོད།  དེར་བརྟེན་ཐབས་ལམ་ཡག་ཤོས་ནི། གང་ཡིན་པ་དེ་ལོངས་སྤྱོད་རྒྱུ་དང་སྐྱིད་པོ་གཏོང་དགོས་པ་ལས་དེ་ལ་རྟོག་བཏགས་ཀྱིས་དོན་དག་ཆེན་པོ་ཞིག་བཟོ་མི་རུང་།

སེམས་ལ་བསམ་གཞིགས་བྱེད་པ།

གལ་སྲིད་ང་ཚོའི་སེམས་འདིའི་རང་བཞིན་ཁོ་རང་ཞེ་སྡང་དང་རྨོངས་པ། མ་རིག་པས་ཁེངས་ཤིང་། སེམས་འདི་ལྷན་སྐྱེས་ཀྱི་སྐྱོན་ཅན་ཞིག་ཡིན་པར་བརྩིས་ན། བློ་རྩེ་གཅིག་དུ་སྒྲིམ་ནས་དམིགས་པ་གཏད་ཡག་དཀའ་ལས་ཁག་པོ་ཡོད། ང་རང་ཚོས་ནམ་རྒྱུན་སོ་སོ་ཡག་པོ་མིན་པའི་བསམ་བློ་འཁོར་གྱི་ཡོད། དཔེར་ན། “ང་འདི་མིན། ང་ཕ་གི་མིན། ང་གང་ཡང་མིན་” བསམ་པ་ལྟ་བུ་དང་། བལྟ་ཚོད་དང་ཐབས་ཤེས་ཙམ་ཡང་མ་བྱས་པར། “ངས་ཧ་གོ་གི་མི་འདུག་” ཟེར་བ་ལྟ་བུ་བསམ་བློ་འདི་འདྲའི་རིགས་བཟུང་བ་ཡིན་ན། དེ་ནས་རེ་བ་དེ་ཙམ་མེད། དེ་འདྲའི་སྐབས་སུ་ཡང་དག་པའི་དྲན་པ་བསྟེན་ནས། “ཨ། གནས་སྐབས་རིང་ངས་ཧ་མ་གོ་བ་དང་། མགོ་འཐོམ་པ་ཡོང་ཆོག་ཀྱང་། དེ་ནི་སེམས་ཀྱི་རང་བཞིན་ཡིན་པའི་དོན་མ་ཡིན་” ཞེས་བསམ་དགོས་ལ། དེ་ལྟར་བསམ་ན། བསམ་བློ་འདིས་ཏིང་ངེ་འཛིན་བེད་སྤྱོད་བཏང་ནས་མཐའ་སྐྱེལ་ཐུབ་པའི་གདེང་སྤོབས་སྤྲོད་ཀྱི་ཡོད།

སེམས་བྱུང་ལ་བསམ་གཞིགས་བྱེད་པ།

བཞི་པ་ནི་རྣམ་དཔྱོད་དང་། སེམས་བཟང་པོ། བཟོད་སྒོམ་ལ་སོགས་པ་ལྟ་བུ་སེམས་བྱུང་དང་འབྲེལ་བའི་སྐོར་ལ་ཡིན། ཡང་དག་མིན་པའི་དྲན་པ་ནི། སེམས་བྱུང་དེ་དག་བརྟན་ཚུགས་སུ་ཡོད་པར་རློམས་ནས། “འདི་ནི་རང་ཉིད་གང་ཡིན་པ་དེ་རེད། དེ་ལ་འགྱུར་བ་གཏོང་ཡག་གང་ཡང་མེད་པས། ཚང་མས་ཁས་ལེན་དགོས་” བསམ་པ་དེ་རེད། ཡང་དག་པའི་དྲན་པ་ནི། སེམས་བྱུང་འདི་དག་གནས་ཚད་ཞིག་གི་ཐོག་ནས་རྒྱས་བཅད་ཟིན་པའི་འགྱུར་བ་མེད་པ་ཞིག་མ་ཡིན་པར། ཡར་རྒྱས་གཏོང་རྒྱུ་ཡོད་པ་དང་འགྱུར་བཅོས་གཏོང་རུང་ཞིག་ཡིན་པར་བསམ་རྒྱུ་དེ་ཡིན། སྐབས་སུ་བབས་པའི་བརྗོད་བྱ་དང་འབྲེལ་ནས་བཤད་ན། ཏིང་ངེ་འཛིན་གོང་འཕེལ་གཏོང་རྒྱུ་དེ་ཡིན།

རང་ཚོད་ཟིན་པ།

ང་ཚོ་སེམས་ཁམས་སྐྱིད་པོ་མེད་པ་དང་འགྱོད་པ་སྐྱེས་པའི་སྐབས་སུ་གདོང་ལེན་བྱེད་ཚུལ་ཐད་བརྟག་དཔྱད་བྱས་ན། ང་ཚོས་མཐོང་ཐུབ་པ་ནི་སེམས་ཁམས་ཀྱི་གནས་སྟངས་དེ་རང་བཟུང་ནས་སྡོད་པའམ། འགྱོད་པ་ལྟ་བུར་མཚོན་ན། བྱས་ཚར་བའི་ནོར་འཁྲུལ་དེ་རང་ལ་འཁར་ནས་སྡོད་ཀྱི་ཡོད་པ་དེ་ཁྱད་མཚར་པོ་ཞིག་ཡོད། དངོས་གནས་བྱས་ན། ང་ཚོ་འགྲོ་བ་མིའི་རིགས་ཞིག་ཡིན་པས། ཚང་མས་ནོར་འཁྲུལ་བྱེད་ཀྱི་ཡོད། ཡང་དག་མིན་པའི་དྲན་པ་ནི། ནོར་འཁྲུལ་དེ་བློས་མ་བཏང་བར་དེ་རང་ལ་བཟུང་ནས་སོ་སོ་ག་ཚོད་ཀྱི་སྡུག་ཅག་ཡིན་པར་བསམ་སྟེ་རང་ལ་སྐྱོན་འཛུགས་བྱེད་པ་དེ་ཡིན། ཡང་དག་པའི་དྲན་པ་ནི། སེམས་ཁམས་ཉམས་འགྱུར་དེ་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་ཞིང། རྒྱུ་རྐྱེན་དེ་དག་ནི་ག་དུས་ཡིན་ནའང་འགྱུར་བ་འགྲོ་གི་ཡོད་པས། སེམས་ཁམས་ཀྱི་ཉམས་འགྱུར་ལའང་འགྱུར་བ་འགྲོ་གི་ཡོད་པ་དང། རྟག་པ་དང་བརྟན་ཚུགས་པོ་ཞིག་གང་ཡང་མེད་པར་རྟོགས་པ་དེ་ཡིན།

ནང་ཆོས་ལས་ཕན་ཐོགས་ཆེ་བའི་བསླབ་བྱ་དུམ་བུ་ཞིག་ཡོད་པ་ནི། དང་པོ་ནས་ “རང་ཚོད་ཟིན་རྒྱུ་” དེ་རེད། དེ་ཡང་དཔེར་ན། ཞོགས་པ་སྔ་པོ་ཉལ་ཁྲིའི་སྒང་ལ་ཉལ་བསྡད་པའི་སྐབས་ཡར་ལངས་པ་ལྟ་བུ་རེད། དེའི་སྐབས་རང་ཉིད་བདེ་པོ་དང་གཉིད་ཀྱང་འདང་མེད་པ་བཅས་ལངས་འདོད་དངོས་གནས་མེད་ཀྱང་རང་ཚོད་ཟིན་ནས་ལངས་ཀྱི་ཡོད། རེད་དམ་མ་རེད། ང་ཚོ་ལ་དེ་ལྟར་བྱེད་པའི་ནུས་པ་ཡོད་པ་ནི་མངོན་གསལ་རེད། དེ་ལྟར་མིན་ན་འཛམ་གླིང་མི་འབོར་ཕྱེད་ཀ་ཙམ་ཞོགས་པ་རྩ་བ་ནས་ལངས་མི་སྲིད། བྱས་ཙང། ང་ཚོ་སེམས་ཁམས་ཀྱི་ཉམས་འགྱུར་ཡག་པོ་མེད་པ་དང་ཏོག་ཙམ་མ་སྐྱིད་པ་ཡོང་བའི་སྐབས་སུ་ཡང་གཅིག་པ་ཡིན། རང་ཚོས་རང་ཚོད་བཟུང་ནས། “ཤུགས་རྒྱབ། ད་བྱེད་ཤོག་ཨང།” ཞེས་སོ་སོ་ལ་བསྐུལ་མ་བཏང་ནས་སེམས་ཤུགས་མ་ཆགས་པར་བྱེད་དགོས་ངེས་ཀྱི་ལས་ཀ་དེ་བྱེད་དགོས།

དྲན་པའི་རྣམ་པ་གཞན་ཁག་ནི།

སྤྱིར་བཏང་དྲན་པ་ནི་ཧ་ཅང་གལ་ཆེན་པོ་ཡིན། དྲན་པས་བརྗེད་མི་བཅུག་པ་ཡིན། ང་ཚོའི་བྱེད་དགོས་ངེས་ཀྱི་ལས་ཀའི་རིགས་ཡོད་ན། ཡང་དག་པའི་དྲན་པས་ལས་ཀ་དེར་དམིགས་པ་གཏད་པར་རོགས་བྱེད་ཀྱི་ཡོད། དྲན་པ་ནི་དྲན་གསོ་དང་འབྲེལ་བ་ཡོད་པ་ཞིག་ཡིན་པས། ཁྱེད་རང་དགའ་ཤོས་ཀྱི་གློག་བརྙན་ལེ་ཚན་ཞིག་དོ་དགོང་སྟོན་རྒྱུ་ཡིན་པ་དྲན་གསོ་བྱུང་སྲིད་པ་ལྟ་བུ་ཡིན། ཡིན་ནའང་འདི་ནི་གལ་གནད་མེད་པའི་གནས་ཚུལ་ཞིག་བཟུང་བསྡད་ཀྱི་ཡོད་པས། འདི་ལ་བརྟེན་ནས་དེ་ལས་གལ་གནད་ཆེ་བའི་གནས་ཚུལ་ལ་དྲན་པ་བརྗེད་བཅུག་གི་ཡོད། 

གལ་སྲིད་ང་ཚོས་ཉམས་ལེན་ཀྱི་རིགས་གང་རུང་ཞིག་ལ་འཇུག་གི་ཡོད་ན། ཡང་དག་པའི་དྲན་པས་རང་རྒྱུད་ལ་བཟུང་དགོས། གལ་སྲིད་ང་ཚོས་ལུས་སྦྱོང་བྱེད་ཀྱི་ཡོད་ན། ཉིན་མ་རྟག་པར་ལུས་སྦྱོང་བྱེད་རྒྱུ་ཡིད་ལ་བཟུང་དགོས། ཡང་གལ་སྲིད་ང་ཚོ་ཟས་ཚོད་ངེས་ཅན་གྱི་འཕྲོད་བསྟེན་བྱེད་བཞིན་ཡོད་ན། མི་ཞིག་གིས་འཁུར་ར་རྡོག་རྡོག་གཅིག་སྤྲད་པའི་སྐབས་དེ་མི་ལེན་རྒྱུ་སེམས་ལ་དྲན་པ་བསྟེན་དགོས། 

དྲན་པ་ནི། བྱེད་བཞིན་པའི་བྱ་བ་དེ་ཡིད་ལ་བཟུང་སྟེ་མུ་མཐུད་གནས་པར་བྱས་ནས་མཐའ་འཁོར་གྱི་གལ་གནད་མེད་པའི་གནས་ཚུལ་ལ་མགོ་གཡེང་འཇུག་རྒྱུ་མེད་པ་དེ་ཡིན།

ནང་མི་མཉམ་དུ་ཡོད་སྐབས་དྲན་པ་ལ་རྒྱུན་འཛིན།

མི་མང་པོ་ཞིག་ལ་གྲོགས་པོ་དང་ཆ་རྒྱུས་མེད་པའི་མི་དང་མཉམ་དུ་ཡོད་པའི་སྐབས་སུ་བཟང་སྤྱོད་དང་འབྲེལ་བའི་བག་ཡོད་བྱེད་རྒྱུ་ལས་རང་གི་ནང་མི་དང་མཉམ་དུ་ཡོད་པའི་སྐབས་སུ་བག་ཡོད་བསྟེན་རྒྱུ་ཁག་པ་ཚོར་གྱི་ཡོད། གནས་སྟངས་དེ་འདྲ་ཡིན་ན། སྤྱིར་བཏང་གི་བསླབ་བྱ་ནི། དང་པོ་ནས་ཀུན་སློང་ཤུགས་ཆེན་པོ་ཞིག་ཡོད་དགོས། གལ་སྲིད་ཁྱེད་རང་སྤུན་མཆེད་དང་ཐུག་གྲབས་ཡོད་ན། “ཁོ་ཚོ་ནི་ང་དང་སེམས་ཐག་ཉེ་ཞིང་། ང་ལ་བྱམས་བརྩེ་བྱེད་མཁན་ཞིག་ཡིན་པས། ངའི་སྤྱོད་ཚུལ་སྟོན་སྟངས་ཀྱིས་ཁོ་ཚོའི་ཚོར་བ་ལ་གནོད་སྲིད་ཀྱི་རེད། དེར་བརྟེན་ངས་ཁོང་ཁྲོ་བཅུན་དགོས་” ཤེས་བསམ་སྟེ་དང་པོ་ནས་ཀུན་སློང་བཅོས་ཐུབ་པ་བྱ་རྒྱུ་དངོས་གནས་གལ་ཆེན་པོ་རེད།

སོ་སོའི་ནང་མི་རེ་རེ་བཞིན་ཨ་ཕ་དང་ཨ་མ། ཅོ་ཅོ་དང་ཨ་ཅག་སོགས་རང་གི་འབྲེལ་བ་ལ་དཔག་པའི་ངོས་འཛིན་བྱས་པ་ཙམ་མ་ཡིན་པར། ཁོང་རྣམས་ཀྱང་འགྲོ་བ་མི་ཞིག་ཡིན་པའི་སྒོ་ནས་སོ་སོར་དྲན་གསོ་གཏོང་དགོས།  གལ་སྲིད་ཁྱེད་ཀྱིས། ནང་མི་དེ་དག་སོ་སོའི་ངོ་བོའི་ཐོག་ནས་བལྟས་ན་ཅི་འདྲ་ཞིག་ལ་ཨ་ཕ་དང་ཨ་མ་ཟེར་གྱི་ཡོད་མེད་ཀྱི་ང་ཚོའི་ལྟ་སྟངས་ཞིག་ཡོད་པ་དེའི་ཐོག་ནས་ཡ་ལན་སྤྲོད་སྲིད་ལ། ཁོང་ཚོ་དང་འབྲེལ་བའི་ལོ་རྒྱུས་དང་རེ་བ། བློ་ཕམ་སོགས་མཉམ་དུ་ཡོང་གི་ཡོད། དེ་འདྲ་སོང་ཙང་། ཡག་ཤོས་ནི་ནང་མི་རྣམས་ལ་འགྲོ་བ་མི་ཡིན་པའི་ཆ་ནས་འབྲེལ་བ་བྱེད་དགོས། ད་དུང་ཁོང་རྣམས་ཀྱིས་སྣང་མེད་ཤོར་ནས་རང་ལ་ཕྲུ་གུ་ལྟ་བུར་བརྩིས་ན། རང་ཉིད་ཀྱང་ཕྲུ་གུའི་བྱེད་སྟངས་འདྲ་པོ་བྱེད་མི་རུང་། ང་ཚོས་ཁོང་རྣམས་ཀྱང་འགྲོ་བ་མི་ཞིག་ཡིན་པར་དྲན་ནས་དེ་རྒྱུན་འཛིན་བྱས་པ་མ་གཏོགས་ཕྲུ་གུ་ནང་བཞིན་རྩེད་མོ་རྩེ་རྒྱུ་མེད། གང་ལྟར་ཡང་། ཟུང་གཞས་འཁྲབ་པར་མི་གཉིས་དགོས་པ་ལྟར་དྲན་གསོ་གཏོང་དགོས།

ཉེ་ཆར་ངའི་གཅེན་མོ་གཟའ་འཁོར་གཅིག་གི་རིང་ང་ཐུག་ག་སླེབས་སོང། ཁོང་དགོང་མོ་སྔ་ཉལ་བྱེད་མཁན་རེད། ང་ལའང་ཨ་མ་ནང་བཞིན་ “ད་ཉལ་ག་རྒྱུགས་” ཟེར་གྱི་རེད། གལ་སྲིད་ངས་ཕྲུ་གུ་ནང་བཞིན་ཡ་ལན་སྤྲད་ནས་ “མིན་” “ད་ལྟ་ཉལ་ཡག་སྔ་དྲགས་རེད། ཉལ་འདོད་མི་འདུག ང་ལངས་ནས་སྡོད་འདོད་འདུག ང་ལ་ཉལ་ག་རྒྱུགས་ཟེར་དགོས་དོན་གང་ཡིན་ནམ་” ཞེས་ལབ་ན། ཕྲུ་གུའི་རྩེད་མོ་དེ་རང་འཇགས་རྩེ་བ་མ་ཟད། འདི་ལ་བརྟེན་ནས་ངེད་གཉིས་ཀ་སྤྲོ་ལོང་ངེས་རེད། བྱས་ཙང། ངས་ང་རང་ལ་དྲན་གསོ་བཏང་ནས་ངའི་ཨ་ཅག་གིས་ང་ལ་བྱམས་བརྩེ་ཡོད་ཙང་དེ་ལྟར་ཟེར་བ་མ་གཏོགས་ཁོང་ཁྲོ་སློང་བའི་ཆེད་དུ་མ་ཡིན་པར། ང་རང་སྔ་ཙམ་ཉལ་ན་ཡག་པོ་དང་ཕན་ཐོགས་ཡོད་རེད་བསམ་ནས་ང་ལ་དེ་ལྟར་སྐུལ་ལྕག་བྱས་པ་རེད། དེར་བརྟེན། གནས་སྟངས་ག་འདྲ་ཞིག་ཡིན་ཀྱང་སེམས་ལ་གང་དྲན་བྱེད་པ་མ་ཡིན་པར། དངོས་ཡོད་གནས་ཚུལ་དང་མཐུན་པའི་བལྟ་སྟངས་ཤིག་ཡོང་བར་ཐབས་ཤེས་བྱེད་དགོས། 

རྒྱུ་མཚན་དེ་ལ་བརྟེན་ནས་སོ་སོའི་ནང་མི་མ་ཐུག་གོང་རང་གི་ཀུན་སློང་ལ་དྲན་ཤེས་དང་བཅས་འཇུག་ཆོག དེའི་དོན་ནི།

  • ང་ཚོའི་དམིགས་ཡུལ། རང་གི་བྱམས་སྐྱོང་བྱེད་ས་དང་རང་ལ་བྱམས་སྐྱོང་བྱེད་མཁན་གྱི་ནང་མི་དང་མཉམ་དུ་ཕན་ཚུན་འབྲེལ་བ་ཡག་པོ་ཞིག་བྱེད་དགོས་པ་ནི་དམིགས་ཡུལ་དེ་ཡིན།
  • གྲོགས་སེམས་ཚོར། ང་ཚོས་ནང་མི་ལ་འགྲོ་བ་མི་ཞིག་ཡིན་པའི་ཐོག་ནས་བྱམས་སྐྱོང་བྱེད་པ་དེ་ཡིན།

ཡང་རང་གི་ནང་མི་ལ་དཔེ་མི་སྲིད་པའི་མནར་གཅོད་རེད་བསམ་རྒྱུའི་ཚབ་ལ་ལྟ་སྟངས་གཞན་ཞིག་ནས་བལྟས་ཏེ། རང་ཉིད་ཡར་རྒྱས་གཏོང་རྒྱུའི་གོ་སྐབས་ཞིག་དང་འགྲན་བསྡུར་ཞིག་ཡིན་པ་ལྟ་བུར་བལྟས་ནས་ “ངས་དགོང་ཟས་ཟ་བའི་རིང་ཁོང་ཁྲོ་མ་ཟ་བར་སྡོད་ཐུབ་བམ་” ཞེས་བསམ་དགོས། 

ནང་མི་ལྷན་འཛོམས་སྐབས་ནམ་རྒྱུན་ཕ་མས་བཀའ་བཀྱོན་བཏང་བ་ནང་བཞིན་ནང་མི་ཚོས་ཀྱང་རང་ཉིད་ལ་གཤེ་གཤེ་གཏོང་ནས་བསུན་པོ་བཟོ་རྒྱུ་མགོ་བཙུགས་ཏེ། “ཁྱེད་རང་ཆང་ས་ག་རེ་བྱས་ནས་རྒྱག་གི་མེད། ཁྱེད་རང་ལ་ལས་ཀ་ཡག་ཙམ་ཞིག་ག་རེ་བྱས་ནས་རག་གི་མེད་རེད། ཁྱེད་རང་ལ་ད་བར་ཕྲུ་གུ་ག་རེ་བྱས་ནས་མེད་རེད་” ཅེས་ཟེར་སྲིད། ངའི་གཅེན་མོས་ང་དང་པོ་ཐུག་པ་དང་། “ཁྱེད་རང་སྐྲ་བཞར་དགོས་འདུག་” ཅེས་ལབ་སོང་། དེ་འདྲའི་སྐབས་སུ་ཁོང་ཚོས་སྐད་ཆ་དེ་ལྟར་དྲི་བ་དེ་ང་ཚོར་སེམས་འཁུར་ཡོད་པ་ལ་བརྟེན་ནས་ཡིན་པ་ཧ་གོ་བ་བྱས་ཏེ་ང་ཚོས། “ང་ལ་སེམས་འཁུར་གནང་བར་ཐུགས་རྗེ་ཆེ་” ཟེར་བ་ཙམ་གྱིས་འགྲིག་བསྡད་ཡོད།  

ཁོ་ཚོའི་སེམས་འཁུར་ཡོང་ས་ཡི་རྒྱབ་ལྗོངས་ལ་ང་ཚོས་བསམ་བློ་བཏང་ནའང་འགྲིག།ཁོ་ཚོའི་དགའ་པོ་ཉེ་རོགས་མང་པོ་ཞིག་གིས། “ཨ། ཁྱེད་རང་གི་ཕྲུ་གུ་ག་རེ་བྱེད་ཀྱི་ཡོད། ཁྱེད་རང་གི་བུ་མོ་ག་རེ་བྱེད་ཀྱི་ཡོད་” ཅེས་འདྲི་སྲིད་ཅིང། ཁོ་ཚོ་ཡང་སྤྱི་ཚོགས་དང་མཐུན་པར་གྲོགས་པོ་རྣམས་དང་མཉམ་གཤིབ་བྱས་ནས་སྡོད་དགོས་ཀྱི་ཡོད། དེ་ཙམ་མ་ཟད་ཁོང་ཚོས་གནོད་སེམས་ཀྱི་སྒོ་ནས་ད་དུང་ཡང་ཆང་ས་ག་རེ་བྱས་ནས་བརྒྱབ་མེད་ཅེས་འདྲི་གི་མེད་པར་། ང་རང་ཚོའི་བདེ་སྐྱིད་ལ་སེམས་འཁུར་ཡོད་པ་སོང་ཙང་དེ་ལྟར་དྲིས་པ་ཞིག་ཡིན། གནས་སྟངས་འདི་འདྲའི་སྐབས་གོམ་པ་དང་པོ་ནི། གནས་སྟངས་འདི་ཧ་གོ་དགོས་པ་དང་། ཧ་གོ་ནས་ཁོ་ཚོས་གནང་བའི་སེམས་འཁུར་ལ་རྗེས་སུ་ཡི་རངས་བྱེད་དགོས། གལ་སྲིད་ཁྱེད་རང་འདོད་པ་ཡོད་ན། ཁྱེད་རང་ད་བར་ཆང་ས་ག་རེ་བྱས་ནས་བརྒྱབ་མེད་པའི་རྒྱུ་མཚན་རྣམས་ངག་འཇམ་པོའི་སྒོ་ནས་འགྲེལ་བཤད་བརྒྱབ་ནའང་འགྲིག།

ཚུལ་མཐུན་མེད་པའི་དྲན་པ་ལ་བརྟེན་ནས་ང་ཚོས་ནམ་རྒྱུན་ཕན་འབྲས་རྩ་ནས་མེད་པའི་གནད་དོན་བཟུང་ནས་སྡོད་ཀྱི་ཡོད། དེ་ནི་ “ལོ་སུམ་ཅུའི་གོང་ཁྱེད་ཀྱིས་འདི་འདྲ་བཤད་སོང་” ཞེས་བཤད་པའམ།  ཡང་ན་ “ཁྱེད་ཀྱིས་ལོ་བཅུའི་གོང་ལ་ག་རེ་བྱས་ནས་འདི་འདྲ་བྱས་ཡིན་” ཞེས་པ་ལྟ་བུ་གནའ་སྔ་མོའི་ལོ་རྒྱུས་དེ་ཚོ་སེམས་ལ་བཟུང་ནས་གཞན་སུ་ལའང་གོ་སྐབས་སྤྲོད་ཀྱི་མེད་པས། ད་ལྟའི་སྐབས་ཁོ་ཚོ་གང་འདྲ་ཡོད་མེད་ཐད་བསམ་བློ་གཏོང་མི་ཐུབ་པ་ཆགས་ཀྱི་ཡོད། ང་ཚོས་སྔོན་ཚུད་ནས་ “ངའི་ཕ་མ་གཉིས་ཡོང་གི་ཡོད་པས་ད་དཔེ་བསགས་ཀྱི་རེད་” བསམ་ནས་བསྡད་ན། ནང་མི་ལྷན་འཛོམས་དེ་བཟོད་དཀའ་བ་ཞིག་ཡོང་རྒྱུ་ཡིན་པ་སྔོན་ཚུད་ནས་ཐག་བཅད་ཟིན་པ་རེད། འདི་ཡིས་ང་ཚོ་ནང་མི་དང་མ་ཐུག་གོང་ངམ་ཐུག་ནས་དགོང་ཚིགས་མ་བཟའ་གོང་ལ་དངངས་འཚབ་ཆེན་པོ་བཟོ་གི་ཡོད། བྱས་ཙང་། ང་ཚོས་དེ་ལས་ཡང་དག་པའི་དྲན་པའི་ཕྱོགས་སུ་ཁ་བསྒྱུར་ནས་ནང་མི་ལྷན་འཛོམས་དེ་ནི། ཁོང་ཚོ་བདེ་པོ་ཡིན་མིན་ཧ་གོ་རྒྱུའི་གོ་སྐབས་ཞིག་དང་། སྔོན་ཚུད་ནས་ཡིན་ཤག་གི་ཚོད་དཔག་གང་ཡང་མེད་པའི་ཐོག་གནས་སྟངས་དང་བསྟུན་ཏེ་ལན་འདེབས་ཡག་གི་གོ་སྐབས་ལྟ་བུར་བསམ་དགོས།  

དྲན་པ་རྒྱུན་སྐྱོང་ཆེད་ཁ་ཡོད་ལག་ཡོད་ཀྱི་བསླབ་བྱ།

དཀའ་ངལ་ཆེ་བའི་གནས་སྟངས་ཡོང་སྐབས་ང་ཚོས་དྲན་པ་རྒྱུན་སྐྱོང་ཇི་ལྟར་བྱེད་དགོས་སམ་ཞེ་ན། དེ་ལ་ང་ཚོས་བསྐྱེད་དགོས་པའི་ཀུན་སློང་ནི།

  • ཀུན་སློང་། དྲན་པ་མི་བརྗེད་པའི་ཆེད་འདུན་པ་ཤུགས་ཆེན་ཡོད་པ།
  • གོམས་འདྲིས། གནད་དོན་ཞིག་རང་བཞིན་གྱིས་དྲན་གསོ་བའི་ཆེད་བརྒྱུད་རིམ་དེར་ཡང་ནས་ཡང་དུ་བསམ་ཞིབ་བྱེད་པ།
  • ཤེས་བཞིན། དྲན་པ་བརླག་པའི་སྐབས་དེ་ལ་རྩད་གཅོད་ཀྱིས་ཉེན་བརྡ་གཏོང་སྟངས།

རང་གི་སྤྱོད་ལམ་ལ་བརྟེན་ནས་རང་གཞན་གཉིས་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་ལྟ་བུ་དགོས་ངེས་ཀྱི་ཆ་རྐྱེན་འདི་དག་གི་གཞི་རྩ་ནི་བྱམས་པ་དང་གཅེས་སྐྱོང་གི་བསམ་བློའི་འཁྱེར་ཕྱོགས་དེ་ཡིན། གལ་སྲིད་རང་གི་བྱ་སྤྱོད་ལ་དོ་སྣང་དང་གཟབ་གཟབ་མ་བྱེད་ན། དྲན་པ་རྒྱུན་སྐྱོང་ཐུབ་པ་ཞིག་མི་ཡོང་། རྒྱུ་མཚན་ནི། དྲན་པ་སྲུང་བའི་སྒྲིག་ཁྲིམས་མེད་པས་ཡིན། ང་ཚོས་དོ་སྣང་དང་བྱམས་སྐྱོང་བྱེད་དགོས་དོན་གང་ཡིན་ནམ་ཞེ་ན། དེ་ནི་ང་ཚོ་འགྲོ་བ་མིའི་རིགས་ཞིག་ཡིན་ཙང་རེད།  རང་གི་ཕ་མ་གཉིས་ནི་འགྲོ་བ་མི་ཞིག་ཡིན་ཅིང་། ང་ཚོ་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་པ་ཡིན་པས། རང་གི་ལས་ཀ་བྱེད་སྟངས་དང་སྐད་ཆ་ཤོད་སྟངས་ཀྱིས་གཞན་གྱི་ཚོར་བ་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། བྱས་ཙང་། རང་གི་བྱ་སྤྱོད་ལ་དོ་སྣང་དང་གཟབ་གཟབ་བྱེད་དགོས་ངེས་རེད། 

ང་ཚོས་སོ་སོ་རང་ཉིད་ལ་བརྟག་དཔྱད་དགོས་ལ་རང་གི་ཀུན་སློང་ལའང་བརྟག་དཔྱད་བྱེད་དགོས། གཞན་གྱིས་རང་ལ་དགའ་པོ་དང་ཡག་པོ་བྱེད་པའི་ཆེད་རང་ཉིད་ཡག་པོ་ཞིག་ཆགས་པར་འདོད་པ་ནི་ཕྲུ་གུའི་ངང་ཚུལ་ལྟ་བུ་ཏོག་ཙམ་གླེན་རྟགས་འདྲ་པོ་ཆགས་པ་རེད། དྲན་ཤེས་ལྡན་ལ་དྲན་པ་རྒྱུན་སྐྱོང་དགོས་པའི་རྒྱུ་མཚན་ཡག་ཤོས་ནི། བྱམས་སྐྱོང་གི་བསམ་བློའི་འཁྱེར་ཕྱོགས་ལ་གཞིར་བཅོལ་ཏེ། གཞན་ལ་བྱམས་བརྩེ་དང་གཅེས་སྐྱོང་བྱེད་པ་དེ་ཡིན།

ཏིང་ངེ་འཛིན།

ཏིང་ངེ་འཛིན་ལ་སྦྱོར་བའི་འཕགས་ལམ་ཡན་ལག་བརྒྱད་ཀྱི་གསུམ་པ་ནི། ཡང་དག་པའི་ཏིང་ངེ་འཛིན་ཟེར་བ་དེ་ཡིན། ༼དེ་ནི་ཏིང་ངེ་འཛིན་དེ་རང་ལ་གོ་དགོས།༽ ཏིང་ངེ་འཛིན་ཞེས་པ་ནི། དངོས་སུ་ཡུལ་ཞིག་གི་སྟེང་སེམས་འཇོག་པ་ལ་ཟེར། གང་ཞིག་ལ་སེམས་གཏོད་པར་འདོད་པའི་ཡུལ་དེ་བཟུང་བ་དང་ཆབས་ཅིག་དྲན་པས་རྒྱུན་སྐྱོང་བར་བྱེད་པས་དམིགས་གཏད་མི་བརླག་པ་ཡིན། འོན་ཀྱང་དང་པོ་དམིགས་པའི་ཡུལ་ལ་འཇུག་པའམ། ཡུལ་དེ་བཟུང་བར་བྱེད་པའི་དོན་དུ་ཏིང་ངེ་འཛིན་ནི་མེད་དུ་མི་རུང་བ་ཞིག་ཡིན།

ང་ཚོས་རིག་པ་སྒྲིམ་ནས་ཏིང་ངེ་འཛིན་བསྐྱེད་ཐབས་བྱེད་ཀྱི་ཡོད། འདས་པའི་གནས་སྟངས་དང་བསྡུར་ན་དེང་དུས་རིག་པ་སྒྲིམ་ཚུལ་ཆ་བགོས་བྱས་པ་དེ་མང་དུ་འགྲོ་གི་ཡོད། དེ་ལ་བརྟེན་ནས་ཡུལ་གང་ཡང་རུང་བ་ཞིག་ལ་རིག་པ་རྩེ་སྒྲིམ་དེ་ཆ་ཚང་བ་ཞིག་ཡོང་ཐུབ་ཀྱི་མེད། ང་ཚོས་གཟུགས་མཐོང་བརྙན་འཕྲིན་ནང་གསར་འགྱུར་ཞིག་བལྟ་སྐབས་བརྙན་འཕྲིན་གྱི་དཀྱིལ་དེར་མི་ཞིག་གིས་ཉིན་རེའི་གསར་འགྱུར་བརྒྱུད་གཏོང་བྱེད་བཞིན་ཡོད་པ་དང། དེའི་འོག་དུ་གསར་འགྱུར་གཞན་རྣམས་ཡིག་བྱང་ཞིག་ནང་ལྡེབ་བྲིས་བྱས་ནས་བཀོད་ཡོད། དེ་བཞིན་བརྙན་འཕྲིན་གྱི་སྣེ་ཟུར་ལའང་ཁྱབ་བསྒྲགས་རིགས་སྟོན་བཞིན་ཡོད་སྲིད། བྱས་ཙང་། ང་ཚོས་དེ་དག་ཐམས་ཅད་ལ་རིག་པ་རྩེ་སྒྲིམ་གྱིས་དོ་སྣང་ཆ་ཚང་བ་ཞིག་སྤྲོད་མི་ཐུབ། གལ་སྲིད་ང་ཚོས་ལས་ཀ་མང་པོ་དུས་གཅིག་ལ་བྱེད་ཐུབ་བསམ་ནའང། སངས་རྒྱས་ཡིན་ན་མ་གཏོགས་སུ་གང་གིས་ཀྱང་བརྒྱ་ཆ་བརྒྱ་ལས་ཀ་ཚང་མར་དུས་གཅིག་ལ་དམིགས་པ་གཏད་མི་ཐུབ། 

མཚམས་རེ་ང་ཚོ་མི་གཞན་མཉམ་དུ་ཡོད་པ་དང་ཁོ་ཚོས་རང་ལ་སྐད་ཆ་ཤོད་བཞིན་པའི་སྐབས་ང་ཚོའི་སེམས་ཀྱི་དམིགས་གཏད་དེ་ལག་ཐོགས་ཁ་པར་སྟེང་ལ་བཞག་ནས་ཁོ་ཚོས་སྐད་ཆ་ཤོད་བཞིན་པ་ཡིན་ཀྱང་དེ་ལ་དོ་སྣང་ཙམ་ཡང་མ་བྱས་པ་ནི་སེམས་ཀྱི་དམིགས་གཏད་ནོར་བ་རེད། ཡུལ་ཞིག་གི་སྟེང་ལ་སེམས་ཀྱི་དམིགས་པ་གཏད་ཡོད་པའི་དབང་དུ་བཏང་ནའང་དེ་རྒྱུན་འཛིན་བྱེད་ཡག་དཔེ་ཁག་པོ་ཡོད། དེང་སང་གནས་ཚུལ་འགྱུར་བ་ཧ་ཅང་མགྱོགས་པོ་འགྲོ་གི་ཡོད་པ་ལ་གོམས་པའིརྐྱེན་གྱིས་ཡུལ་གཅིག་རྗེས་གཉིས་མཐུད་ལ་དམིགས་པ་གཏད་ན་ང་ཚོ་ལས་སླ་པོར་ཉོབ་འགྲོ་གི་ཡོད། ཡུལ་འདི་ལ་ཁྱུག་ཙམ་དང་། ཡུལ་ཕ་གིར་ཁྱུག་ཙམ་དམིགས་པ་གཏད་པའི་ཏིང་ངེ་འཛིན་གྱི་རིགས་ནི་བར་ཆད་རེད་ལ། དེ་ནི་ཡང་དག་པའི་ཏིང་ངེ་འཛིན་མ་ཡིན། རྩེ་གཅིག་པའི་ཏིང་ངེ་འཛིན་ཚུལ་དང་ལྡན་པ་ཞིག་སྒོམ་ཐུབ་པ་ཞེས་པའི་དོན་ནི། ཉོབ་སྣང་མེད་པའི་སྒོ་ནས་ཡུལ་གཅིག་ལ་དགོས་ངེས་ཀྱི་དུས་ཡུན་གང་རིང་རིང་ཞིག་གི་བར་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་གནས་ཐུབ་པ་དེ་ལ་ཟེར་གྱི་ཡོད། 

དམིགས་པ་ཡུན་རིང་སྡོད་མི་ཐུབ་པའི་འགོག་རྐྱེན་གཙོ་བོ་ཞིག་ནི་ང་ཚོ་སྐྱིད་པོ་གཏོང་འདོད་ཡོད་ཙང་ཡིན། འདི་ནི་ཡང་དག་མིན་པའི་དྲན་པ་དང་འབྲེལ་བ་ཡོད། དེ་ཡང་མུ་མཐུད་ནས་ཡུལ་ལ་འཇུག་འདོད་ཀྱི་འདུན་པ་བསྐྲུན་རྒྱུའི་ཚབ་ལ་གནས་སྐབས་བདེ་བ་ཙམ་གྱིས་ང་ཚོར་འདོད་པ་ཚིམས་ཀྱི་རེད་བསམ་གྱི་ཡོད། སྤྱི་ཚོགས་ཚན་རིག་པ་རྣམས་ཀྱིས། ང་ཚོ་འགྲོ་བ་མི་རྣམས་ལ་དྲ་རྒྱའི་བརྒྱུད་ལམ་སོགས་ནས་བྱ་བ་བྱེད་ཐུབ་པ་དང་། ཡུལ་ལ་བལྟ་ཐུབ་པའི་གདམ་ཀ་འཛད་མཐའ་མེད་པ་ཞིག་ཡོད་པ་དེ་ཚོད་ཀྱི་ང་ཚོ་དངོས་གནས་ཉོབ་ཤུགས་ཇེ་ཆེར་དང། དངངས་འཚབ་ཇེ་ཆེར། སེམས་ངལ་ཇེ་ཆེར་ཆགས་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད། ང་ཚོ་ཡུལ་ཞིག་ལ་བལྟ་བཞིན་པའི་སྐབས་དེ་ལས་ལྷག་པའི་སྤྲོ་སྣང་ཞིག་ཡོད་སྲིད་པས་གོ་སྐབས་དེ་བརླག་འགྲོ་ཡོང་བསམ་པའི་ཞེད་སྣང་ཞིག་ཡོང་གི་ཡོད། དེ་འདྲའི་ཐོག་ལ་མུ་མཐུད་ནས་འགྲོ་སྟེ་ཡུལ་གཅིག་ལ་སེམས་འཇོག་ཐུབ་ཀྱི་མེད། སྤྱིར་བཏང་དམིགས་པ་སྲུང་རྒྱུ་དེ་ཁག་པོ་ཡོད་ཀྱང་། དུས་གཅིག་ལ་བྱ་བ་མང་པོ་མཉམ་དུ་མི་ཡོང་བའི་ཆེད་སོ་སོའི་མི་ཚེ་ལས་སླ་རུ་གཏོང་ཐབས་ལ་འབད་བརྩོན་བྱེད་རྒྱུ་ནི་བྱེད་རིན་ཆོག་པ་ཞིག་ཡིན། ཏིང་ངེ་འཛིན་ཡར་རྒྱས་ཕྱིན་པ་དང་མཉམ་དུ་གང་ཞིག་ལ་གདོང་ལེན་བྱེད་ཐུབ་པའི་ཡུལ་གྱི་དམིགས་ཚད་ཀྱང་རྒྱ་སྐྱེད་གཏོང་ཐུབ།

གལ་སྲིད་ཁྱེད་རང་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་དེ་ཡག་པོ་ཞིག་ཡོད་ན། སེམས་རྣམ་གཡེང་དང་བྲལ་བའི་ཐོག་དུས་གཅིག་ལ་ཡུལ་གཅིག་དང་གཅིག་ནས་གཞན་ལ་དམིགས་པ་གཏད་ཐུབ། འདི་ནི་ཨེམ་ཆིའམ་སྨན་པ་དང་འདྲ་བར་དུས་གཅིག་གི་ནང་ནད་པ་གཅིག་ལ་བརྟག་དགོས་ཤིང། དེ་རང་ལ་རྩེ་གཅིག་ཏུ་དམིགས་པ་གཏད་དགོས་པ་ལས་དེའི་སྔོན་གྱི་ནད་པ་དང་རྗེས་ཀྱི་ནད་པའི་ཐོག་བསམ་བློ་མི་གཏོང་བ་ལྟ་བུ་རེད། སྤྱིར་བཏང་སྨན་པས་ཉིན་གཅིག་གི་ནང་ནད་པ་མང་པོར་བལྟ་ཆོག་ཀྱང་། ཁོ་ཚོས་ནམ་རྒྱུན་དུས་གཅིག་གི་ནང་ནད་པ་གཅིག་རང་གི་སྟེང་དམིགས་པ་གཏད་ཀྱི་ཡོད་པ་ནི། རྩེ་གཅིག་པའི་ཏིང་ངེ་འཛིན་བསྐྱེད་པ་ལ་ཡག་ག་དང་ཕན་ཐོགས་ཆེ་བ་ཡོད། 

གང་ལྟར་ཡང་། དེ་ལྟ་བུ་ནི་དངོས་གནས་དྲང་གནས་དཀའ་ལས་ཁག་པོ་ཡོད། ང་ལྟ་བུར་ཆ་བཞག་ན། དྲ་ཚིགས་འདི་དང་འབྲེལ་ཡོད་ཀྱི་བྱ་བ་མང་པོ་ཞིག་བྱེད་དགོས་པ་དང་། སྐད་ཡིག་མང་པོ་ཞིག་ལ་བསམ་གཞིགས་སོགས་བྱེད་དགོས་ཀྱི་ཡོད་པས། ཡུལ་གཅིག་ལ་དམིགས་པ་གཏད་ནས་སྡོད་ཡག་དཀའ་ལས་ཁག་པོ་འདུག གནས་ཚུལ་མང་པོ་ཞིག་དུས་གཅིག་ལ་ཡོང་བས། རྙོག་འཛིང་ཆེ་བའི་ལས་ཀ་བྱེད་མཁན་སུ་འདྲ་ཞིག་ཡིན་ནའང་དཀའ་ངལ་གཅིག་པ་ཡོད། ཡིན་ནའང་ཏིང་ངེ་འཛིན་ནི་རིམ་པས་བཞིན་དུ་གོང་འཕེལ་དུ་གཏོང་ཐུབ་པ་ཞིག་ཡིན།

ཕྱོགས་བསྡོམས།

ཏིང་ངེ་འཛིན་གྱི་གེགས་རྣམས་མེད་པ་བཟོ་བར་བྱེད་པའི་སྐོར་ལ་གང་ལ་གང་འཚམས་ཀྱི་རྒྱ་ཆེན་པོ་རེད། ཐབས་ཤེས་ལས་སླ་པོ་ཞིག་ནི། ང་ཚོ་ལས་ཀ་བྱེད་བཞིན་པའི་སྐབས་སུ་ལག་ཐོག་ཁ་པར་ཁ་བརྒྱབ་ནས་འཇོག་པའམ། ཡང་ན་ཉིན་གཅིག་ནང་དུས་གཅིག་གཉིས་ཀྱི་རིང་གློག་ཀླད་འཕྲིན་ཡིག་ལ་ལྟ་བཤེར་བྱེད་རྒྱུའི་དུས་ཚོད་ངེས་གཏན་བཟོས་པ་ཡིན་ན། རང་གི་བྱེད་དགོས་པའི་བྱ་བ་དེ་ག་རང་ལ་བློ་རྩེ་གཅིག་ཏུ་གཏད་ཐུབ། དེ་ནི་སྨན་པའམ་སློབ་དཔོན་ཆེན་མོ་ལྟ་བུ་དུས་རྒྱུན་ལས་ཁུངས་ཀྱི་དུས་ཚོད་དང་བསྟུན་དགོས་པས། ང་ཚོ་དུས་ཚོད་ག་དུས་བྱུང་བྱུང་དེ་རྣམས་ཐུག་འཕྲད་དུ་འགྲོ་ན་མི་འགྲིག་པར། ཁོ་ཚོར་དུས་ཁོམ་ཡོད་པའི་སྐབས་ངེས་ཅན་ཞིག་དང་བསྟུན་ཏེ་འགྲོ་དགོས། ང་ཚོས་ཀྱང་དེ་ལྟར་བྱེད་ཐུབ་ལ་བྱེད་དགོས་ངེས་ཞིག་ཡིན་ཞིང་། དེས་ང་ཚོའི་ཏིང་ངེ་འཛིན་གོང་འཕེལ་དུ་གཏོང་བར་ཕན་ཐོགས་ཀྱི་ཡོད།

སྤྱི་ཚོགས་ཀྱི་འཕེལ་རིམ་ལ་བལྟས་ན་དོ་སྣང་བྱེད་འདོད་པ་ཞིག་ཡོད། སྔོན་མ་ཡིན་ན། ཏིང་ངེ་འཛིན་ལ་བར་ཆད་བྱེད་མཁན་་གཙོ་བོ་ནི། སེམས་གཡེང་བ་དང་ཉིན་མོའི་རྨི་ལམ་ལྟ་བུ་རྟོག་འཆར་སོགས་སེམས་ཀྱི་གནས་སྟངས་མི་འདྲ་བ་རྣམས་ཡིན། ད་དེང་སང་ཡིན་ན། བར་ཆད་བྱེད་མཁན་ཧ་ཅང་མང་དུ་ཕྱིན་ཡོད་པ་དང་། དེ་དག་ལས་མང་ཆེ་བ་ནི་ཕྱི་ལོགས་ཀྱི་ཐོན་རྐྱེན་ནས་ཡོང་གི་ཡོད་པ་དཔེར་ན། ལག་ཐོག་ཁ་པར་དང་ངོ་དེབ། གློག་འཕྲིན་སོགས་ཡིན། དེ་དག་མང་དྲགས་ནས་དོན་དངོས་ཐོག་དེ་དག་གིས་ང་ཚོར་དབང་དུ་མི་བསྒྱུར་བར་འབད་བརྩོན་བྱེད་དགོས་པའི་ས་ལ་སླེབས་ཡོད། དེ་དག་གི་དབང་དུ་མི་ཤོར་བ་བྱེད་པ་ལ་བརྒྱུད་ལམ་ཁག་གི་གནོད་འཚེ་ཅན་གྱི་ཆ་ཤས་རྣམས་ངོས་འཛིན་བྱེད་དགོས། མི་མང་པོར་ཉམས་མྱོང་ཡོད་པའི་ཆ་ཤས་གསལ་ཤོས་ཞིག་ནི། ང་ཚོའི་རིག་པ་རྩེ་སྒྲིམ་གྱི་ཚད་དེ་ཐུང་དུ་འགྲོ་གི་ཡོད་པ་དེ་ཡིན། འཕྲུལ་སྒྲ་ (Twitter) ལ་ཡིག་འབྲུ་ཚད་བཀག་ཡོད་ཅིང་། ངོ་དེབ་ལ་ནང་དོན་ཁ་སྐོང་གི་རིམ་པ་རྒྱུན་ཆད་མེད་པར་སྤོར་བཞིན་ (update) ཡོད་པ་སོགས་འགྱུར་ལྡོག་འགྲོ་ཤུགས་ཧ་ཅང་མྱུར་བས་ང་ཚོའི་རིག་པ་རྩེ་སྒྲིམ་གྱི་ནུས་པ་ཡུལ་གཅིག་གི་སྟེང་ལ་མི་སྡོད་པ་ཡིན། དེ་ནི་ཏིང་ངེ་འཛིན་ལ་གེགས་སུ་གྱུར་བའི་གོམས་གཤིས་ངན་པ་རིམ་གསོག་བྱེད་ཀྱི་ཡོད་པས། འདི་དག་ལ་ངེས་པར་དུ་གཟབ་གཟབ་བྱེད་དགོས་པ་ཞིག་ཡིན་ནོ།།

Top