ཕྱི་ལོ་ ༡༩༧༠ ལོར་རྡོ་རྗེ་གདན་དུ་ངོས་རང་ཐོག་མར་སེར་ཀོང་མཚན་ཞབས་རིན་པོ་ཆེ་དང་མཇལ་འཕྲད་བྱུང་། དེའི་སྐབས་སུ་ངོས་རང་ཧར་ཝརྜ་སློབ་ཆེན་ལ་རིག་པའི་ཆུ་གཏེར་གྱི་ཆེད་རྩོམ་གྲ་སྒྲིག་ཆེད་གསང་བ་འདུས་པའི་རྒྱུད་ལ་སློབ་སྦྱོང་བྱེད་བཞིན་པའི་སྐབས་ཡིན་པས། དེའི་ཐད་རིན་པོ་ཆེ་ནས་བཀའ་སློབ་ལམ་སྟོན་གནང་རོགས་ཞེས་ཞུ་བར་བཅར་ཡིན། ངོས་རང་ལ་མཚོན་ན་དེ་ལྟ་བུའི་ཚད་མཐོ་ལ་གཏིང་ཟབ་པའི་བརྗོད་གཞིའི་ཐད་སློབ་སྦྱོང་བྱ་རྒྱུའི་མཚན་ཉིད་རྩ་བ་ནས་ཚང་མེད་ནའང་། ཇི་ལྟར་རིན་པོ་ཆེ་ནས་ཆོས་ལ་དོ་སྣང་ཡོད་མཁན་གྱི་མི་སུ་འདྲ་ཞིག་ལ་གནང་ཕྱོགས་གང་ཡོད་པ་གཅིག་མཚུངས་སུ་ངས་དོ་སྣང་བྱས་པ་དེ་ལའང་རིན་པོ་ཆེ་ནས་གལ་གནད་ཅན་དུ་བརྩིས་གནང་སོང་། འོན་ཀྱང་ཐབས་ལ་མཁས་པའི་བླ་མ་ཞིག་ཡིན་པའི་ཆ་ནས་ཁོང་གིས་དེ་དུས་ང་རང་གྲ་སྒྲིག་མེད་པ་དེ་ཐད་ཀར་མ་གསུངས་བར། ང་རང་རང་གིས་གྲ་སྒྲིག་མེད་པ་དེ་ཤེས་པའི་ཆེད་དུ་རྒྱུད་སྟོད་མཁན་ཟུར་ཞིག་གི་དྲུང་དུ་བཏང་གནང་བ་དང་བཅས་དེར་ངས་ཐོག་མར་ལམ་རིམ་སྐོར་ལ་སློབ་སྦྱོང་བྱས་ཏེ་དེའི་སྐོར་བྲིས་པ་ཡིན།
འབུམ་རམས་པའི་ཕྱག་ཁྱེར་དེ་ང་ལ་ཐོབ་པའི་རྗེས་ཀྱི་ཕྱི་ལོ་ ༡༩༧༢ ལོར་བོད་ཀྱི་དཔེ་མཛོད་ཁང་དུ་སློབ་སྦྱོང་དང་ཡིག་སྒྱུར་ཆེད་དུ་རྡ་རམ་ས་ལར་ཕྱིར་ལོག་བྱས་པ་ཡིན། ཕྱི་ལོ་ ༡༩༧༤ ཡས་མས་ནས་བོད་ཀྱི་ཁ་སྐད་འདང་ངེས་ཡར་རྒྱས་ཕྱིན་པ་དང་བསྟུན་གསུང་སྒྱུར་བ་མི་དགོས་པའི་ཐོག་ང་རང་རིན་པོ་ཆེ་མཇལ་དུ་འགྲོ་ཐུབ་པ་ཆགས་སོང་། རིན་པོ་ཆེ་དང་མཉམ་དུ་ཡོད་པའི་སྐབས་སུ་ཁོང་གིས་མི་གཞན་ལ་ཡོད་པའི་ལས་ཀྱི་ནུས་ཤུགས་དང་ང་ཚོ་གཞན་དག་མཉམ་དུ་ལས་ཀྱི་འབྲེལ་བ་གང་ཡོད་པ་རྣམས་མཁྱེན་ཐུབ་པའི་མངོན་ཤེས་ཡོད་ཅེས་ཐེངས་ཁ་ཤས་གསལ་སྟོན་གནང་གི་རེད། ང་རང་མ་འོངས་པར་ཁོང་གི་གསུང་སྒྱུར་བ་ཞིག་དང་མཐར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་སྒྱུར་བ་ཞིག་བྱེད་ཐུབ་པ། དེ་བཞིན་ངོས་རང་ཉིད་ཀྱང་ཆོས་ཀྱི་སློབ་དཔོན་ཞིག་ཆགས་ཐུབ་པའི་ནུས་པ་དེ་ང་ལ་ཡོད་པ་ཕལ་ཆེར་རིན་པོ་ཆེས་སྔོན་ཚུད་ནས་མཁྱེན་གྱི་འདུག རྒྱུ་མཚན་དེ་ལ་བརྟེན་ནས་ང་རང་ཁོང་མཇལ་བར་ཕྱིན་པའི་སྐབས། ཁོང་མཇལ་ཁ་ཞུ་མཁན་གཞན་དག་དང་ཐུག་འཕྲད་གནང་བཞིན་པའི་སྐབས་སུ་ང་ཁོང་གི་ཤག་ལ་སྡོད་ཅེས་གསུངས་གནང་གི་རེད། དེ་ལྟར་ངས་རིན་པོ་ཆེ་དང་མཉམ་དུ་རྗེས་སུ་དུས་ཚོད་བསྐྱལ་བ་ཚང་མའི་ནང་ང་རང་སྒེར་གྱི་སྒོར་ལ་ནམ་ཡང་སྐད་ཆ་བྲིས་གནང་གི་མི་འདུག རིན་པོ་ཆེ་དེའི་སྐོར་ལ་མཁྱེན་དགོས་དོན་མེད་པ་ལྟ་བུ་སྣང་སོང་། ངེད་གཉིས་དབར་གྱི་འབྲེལ་བའི་ནང་གི་དམིགས་ས་གཅིག་པུ་དེ་ནི་ཆོས་ཀྱི་འབྲེལ་བ་ཁོ་ན་དེ་རེད།
རིན་པོ་ཆེ་གཞན་དག་དང་མཉམ་དུ་ཇི་ལྟར་སེམས་བཟང་པོ་དང་ཐབས་མཁས་པོ་ཡོད་པ་མཐོང་ཞིང་། སོ་སོ་རང་ཉིད་ཀྱི་སྐྱོན་གྱི་ཆ་རྣམས་རྟོགས་པ་ལ་བརྟེན་ནས་ངས་ཁོང་ལ། བོང་བུ་ལྟ་བུ་ང་འགྲོ་བ་མི་ཡང་དག་པ་ཞིག་བཟོ་གནང་རོགས་ཞེས་འབོད་སྐུལ་ཞུས་པ་ཡིན། དེ་ལ་རིན་པོ་ཆེ་བཞད་མོ་བཞད་ཙམ་གནང་སྟེ། མི་རིང་བར་ཁོང་ནས་དུས་རྒྱུན་བེད་སྤྱོད་གནང་བའི་ཐ་སྙད་མང་དག་ཅིག་འགྲེལ་བརྗོད་དང་བཅས་ངོས་རང་གསུང་སྒྱུར་བ་ཞིག་ཆགས་པའི་ཆེད་སྦྱོང་བརྡར་གཟབ་ནན་གནང་འགོ་ཚུགས་པ་རེད། ཐེངས་ཤིག་རིན་པོ་ཆེ་ནས་ངས་མིང་ཚིག་གི་དོན་དག་ཏག་ཏག་ཤེས་ཀྱི་ཡོད་མེད་བརྟག་ཕྱིར། ང་ལ་བོད་ཀྱི་ཚིག་མཛོད་བཀླགས་ཏེ་མིང་ཚིག་དེ་དག་རེ་རེ་ལ་ཚིག་སྒྲུབ་རེར་བཟོས་ནས་ང་ལ་སྟོན་དགོས་ཞེས་གསུངས་བྱུང་། ཁོང་གིས་ “ངས་ཆོས་ཚིག་བེད་སྤྱོད་བྱས་པའི་དབྱིན་སྐད་ནང་བསྒྱུར་བ་དེ་དག་གི་གོ་དོན་ཁྱད་པར་བ་རྣམས་འགྲེལ་བརྗོད་བྱོས་” ཞེས་གསུངས་པ་དང་། དེ་ལྟར་བོད་ཀྱི་ཐ་སྙད་དེ་དག་གི་གོ་དོན་ཁྱད་པར་བ་འགྲེལ་བརྗོད་བྱས་རྗེས་ཁོང་གིས་བོད་སྐད་ནང་དོན་དག་ངོ་མ་གང་ཟེར་གྱི་ཡོད་པ་དེ་དབྱིན་སྐད་ནང་གང་ཡིན་པ་འཚོལ་རོགས་གནང་གི་རེད། ཁོང་གིས་ “ཚིག་གི་གོ་དོན་ཁྱད་པར་བ་འདི་དག་ཧ་ཅང་གལ་ཆེན་པོ་ཡིན་པ་དང་ང་ཚོས་རྟག་ཏུ་ཚིག་ལས་དོན་ཇི་ལྟར་འོ་མ་འཇོ་བ་ནང་བཞིན་འཇོ་དགོས་” ཞེས་གསུངས་གནང་གི་རེད།
མི་རིང་བར་ནུབ་ཕྱོགས་པ་ཚོས་རིན་པོ་ཆེ་ལ་བཀའ་ཆོས་དང་། བཀའ་དབང་། རྗེས་སྣང་སོགས་གནང་རོགས་ཞེས་འབོད་སྐུལ་ཞུས་པའི་སྐབས། ངོས་ནས་རིན་པོ་ཆེ་ལ་གསུང་སྒྱུར་བྱེད་འགོ་ཚུགས་པ་ཡིན། ངའི་དྲན་པ་ལ་སྦྱོང་བརྡར་སྤྲོད་པའི་ཆེད་ང་རང་རིན་པོ་ཆེ་དང་མཉམ་དུ་ག་དུས་ཡོད་ནའང་། སྐབས་རེར་རིན་པོ་ཆེས་གསུང་མཚམས་བཞག་ནས་ཁོང་གིས་ག་རེ་བཤད་པ་དེ་ཡང་བསྐྱར་ཤོད་ཅེས་དང་། ཡང་ངས་གང་བཤད་པ་དེ་ཡང་བསྐྱར་ཤོད་ཅེས་གསུངས་གནང་གི་རེད། གལ་ཏེ་ཁོང་གིས་གང་འགྲེལ་བརྗོད་གནང་བ་དེ་ངས་ཏག་ཏག་གོ་ཚོད་མེད་པ་ཚོར་བའམ། ཡང་ན་ངས་ནོར་བ་བསྒྱུར་ཡོད་ན། དེ་ཡང་བསྐྱར་ཁོང་ལ་སྒྱུར་ཤོག་ཅེས་བཀའ་གནང་གི་རེད། དེ་ཡང་སློབ་མ་ཚང་མས་དུས་ཡུན་རིང་པོར་སྒུག་དགོས་བྱུང་ནའང་ཁོང་གིས་དེ་ལྟར་གསུངས་ཏེ། ཁོང་ནས་ངས་ཏག་ཏག་གོ་ཚོད་ཡོད་པའི་ཐུགས་ཡིད་ཚིམས་པ་ཞིག་མ་བྱུང་བར་དུ་ང་ལ་མུ་མཐུད་སྒྱུར་བཅུག་གི་མ་རེད། དེ་ག་ནང་བཞིན་དགོང་དྲོ་ང་རང་ནང་ལ་མ་ལོག་བར་དུ་ཁོང་གིས་ཆོས་གང་གསུངས་པ་དེ་དག་ཟིན་བྲིས་སུ་འགོད་བཅུག་གི་མ་རེད། བྱས་ཙང་། ངས་ཚང་མ་དྲན་དགོས་ཀྱི་ཡོད།
ཐེངས་ཤིག་གསུང་ཆོས་ཤིག་གི་སྐབས་སུ་ཁོང་གིས་བེད་སྤྱོད་གནང་བའི་ཐ་སྙད་གཅིག་གི་དོན་དག་གང་ཡིན་ཞེས་ངས་དྲིས་པ་དྲན་གྱི་འདུག དེ་དུས་ཁོང་གིས་ང་ལ་ “ངས་ཐ་སྙད་འདིའི་དོན་དག་ལོ་བདུན་གྱི་གོང་ནས་འགྲེལ་བཤད་རྒྱག་ཚར་བ་ཡིན། དེ་ངས་དྲན་གྱི་འདུག ཁྱེད་ཀྱིས་ག་རེ་བྱས་ནས་དྲན་གྱི་མི་འདུག” ཅེས་བཀའ་བཀྱོན་གནང་བྱུང་། ནམ་རྒྱུན་ངས་ནོར་འཁྲུལ་ག་དུས་བྱས་པ་དང་གླེན་རྟགས་ཀྱི་རིགས་ག་དུས་བྱས་ནའང་རིན་པོ་ཆེས་ང་ལ་བཏགས་གནང་བའི་ཁོང་གི་མིང་དགའ་ཤོས་ “ལྐུགས་པ་” ཞེས་འབོད་དེ་བཀའ་བཀྱོན་གནང་གི་རེད། དེ་ཡང་ང་ཚོ་མི་ཚོགས་མང་པོའི་དཀྱིལ་དུ་ཡོད་ནའང་དེ་ལྟར་འབོད་གནང་གི་རེད། དེ་ལྟར་ཁོང་གིས་ངའི་ང་རྒྱལ་ཆུང་དུ་གཏོང་བར་རོགས་རམ་ཇི་ལྟར་གནང་ཡོད་པ་ལ་རྗེས་སུ་ཡི་རངས་ཞུ་བ་དང་སྦྲགས་རིན་པོ་ཆེ་དང་མཉམ་དུ་ཡོད་སྐབས་ང་རང་ཁོང་ཁྲོ་རྩ་བ་ནས་ཟ་མྱོང་མེད།
ངས་གཞན་གྱི་ཆེད་དུ་གསུང་སྒྱུར་བྱེད་བཞིན་པའི་སྐབས་ལས་གཞན་དུས་འཁོར་མ་གཏོགས་ཁོང་གིས་ང་ལ་གང་ཡང་བསླབ་གནང་གི་མ་རེད། དུས་འཁོར་ལ་ཆ་བཞག་ན། ང་རང་དེ་ལ་དམིགས་བསལ་གྱི་འབྲེལ་བ་ཞིག་ཡོད་པ་དང་མ་འོངས་པར་༧གོང་ས་༧སྐྱབས་མགོན་ཆེན་པོས་དུས་འཁོར་གྱི་དབང་གནང་སྐབས། ངོས་ནས་གསུང་སྒྱུར་བྱེད་ཐུབ་ཅིང་། དུས་འཁོར་གྱི་སྐོར་ལ་དེབ་གཅིག་ངས་འབྲི་ཐུབ་ངེས་ཡིན་པ་རིན་པོ་ཆེས་ཚོར་ཡོད་པ་དེ་ངས་ཕྱིས་སུ་ཤེས་རྟོགས་བྱུང་། དེ་ལྟར་ངས་ཆོས་ལ་སློབ་སྦྱོང་བྱེད་པའི་ཀུན་སློང་གཅིག་རང་ཡོད་པ་ནི་གཞན་ལ་ཕན་འདོགས་རྒྱུ་དེ་ཡིན་པ་དང་། ངས་གང་སྦྱངས་པ་ཐམས་ཅད་ཡིག་ཐོག་ཏུ་བཀོད་དེ། མ་འོངས་པར་ངས་གཞན་ལ་བརྒྱུད་སྐུལ་ཐུབ་པར་བྱ་དགོས་ཞེས་ལག་ལེན་དངོས་ཀྱི་ནང་རིན་པོ་ཆེས་ང་ལ་བཀའ་སློབ་ལམ་སྟོན་དེ་ལྟར་གནང་ཡོད། ང་རང་རིན་པོ་ཆེ་དང་མཉམ་དུ་ལོ་ངོ་དགུའི་རིང་ལ་བསྡད་པའི་བརྒྱུད་རིམ་ནང་ཁོང་གིས་ང་ལ་ཐུགས་རྗེ་ཆེ་ཐེངས་གཉིས་ཙམ་གསུངས་གནངས་སོང་། དེ་བཞིན་ངས་རིན་པོ་ཆེ་དང་༧གོང་ས་མཆོག་ལ་ཞབས་ཏོག་སྒྲུབ་པའི་ཀུན་སློང་ནི་གཞན་ཕན་ཁོ་ན་ཡིན་དགོས་པ་ལས་སོ་སོ་རང་ཉིད་ཀྱི་མགོ་ལ་བྱིལ་བྱིལ་བཏང་ན་ངས་མཇུག་མ་གཡུགས་དགོས་བསམ་པའི་ཆེད་དུ་རྩ་བ་ནས་མིན་པའི་ལམ་སྟོན་གནང་བྱུང་། རིན་པོ་ཆེའི་དྲུང་དུ་ཆོས་ཞུ་མཁན་ནུབ་ཕྱོགས་པའི་ཁྲོད་ནས་སྐད་གྲགས་ཅན་ཞིག་ནི་དབྱིན་ལེནྜ་ནས་ཡིན་པའི་ཨེ་ལེན་ ཊར་ནར་ (Alan Turner) རེད། ཨེ་ལེན་ནི་རྡོ་རྗེ་འཇིགས་བྱེད་ཀྱི་སྐོར་ཧ་ཅང་དོ་སྣང་ཡོད་མཁན་ཞིག་ཡིན་པ་དང་དེའི་སྐོར་གསུང་ཆོས་མང་དག་ཅིག་རིན་པོ་ཆེ་ལས་ཞུས་ཤིང་། དེ་དག་ཐམས་ཅད་ངོས་ནས་བསྒྱུར་བ་ཡིན། དེ་དག་ལས་འགའ་ཞིག་ནི་འཇིགས་བྱེད་བདག་བསྐྱེད་སྐོར་ལ་ནུབ་ཕྱོགས་ཚོགས་སྡེ་ཁག་ལ་གསུངས་པའི་གསུང་ཆོས་ཁག་ཡིན་པ་དང་། འགའ་ཞིག་ནི་རིན་པོ་ཆེས་ཨེ་ལེན་ངེད་གཉིས་ལ་གནང་བའི་སྒེར་གྱི་གསུང་ཆོས་རྣམས་རེད། དེ་དག་ནི་སྦྱིན་སྲེག་དང་། བདག་འཇུག ཐིག་ཚད་དང་བཅས་པ་ཡིན་ཞིང་། ཐིག་ཚད་དེ་ཡང་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་ཐིག་ཚད་ཙམ་མིན་པར་གསང་འདུས་དང་དུས་འཁོར་གྱི་དཀྱིལ་འཁོར་ཐིག་ཚད་ཀྱང་ཡོད། ཁོང་གིས་ཤོག་བུ་ཆེན་པོ་ཞིག་གི་སྟེང་དུ་དཀྱིལ་འཁོར་དེ་དག་ཁོང་དང་མཉམ་དུ་འབྲི་བཅུག་གནང་གི་རེད། དེ་ཙམ་དུ་མ་ཟད། ཁོང་གིས་ཡི་དམ་གྱི་ལྷ་རེ་རེའི་བློས་བླངས་ཀྱི་ཚད་རྣམས་ང་ཚོར་བསླབས་ཏེ། དེ་དག་གང་འདྲ་ཡོད་ང་ཚོར་སྟོན་པའི་ཆེད་དུ་པག་རྣམས་བཟོ་བཀོད་སྒྱུ་རྩལ་གྱི་ཁྱད་ཆོས་སྣ་ཚོགས་པའི་འདྲ་གཟུགས་སུ་བཀོད་བཅུག་གི་རེད།
ཨེ་ལེན་གྱིས་བོད་སྐད་མི་ཤེས་ཀྱང་། ཁོང་མགོན་ཁང་ནང་ཆུ་ཚོད་མང་པོའི་རིང་བསྡད་ནས་ཁ་ཏོན་ཆོ་ག་ལ་ཉན་གྱི་རེད། ཁོང་གིས་རེ་བསྐུལ་ཞུས་པ་ལྟར། རིན་པོ་ཆེས་ཁོང་ལ་མགོན་པོ་ཕྱག་དྲུག་གི་བསྐང་གསོ་གསུངས་གནང་སོང་། དེ་ནས་ལོ་མང་རིང་ཉིན་ལྟར་ཨེ་ལེན་གྱིས་བསྐང་གསོ་དང་མཉམ་དུ་འཇིགས་བྱེད་བདག་འཇུག་བསྒྲུབ་པ་རེད། ཨེ་ལེན་ནི་ཧ་ཅང་དོ་ཁུར་ཅན་གྱི་ཉམས་ལེན་པ་ཞིག་ཡིན་པས། ཕྱིས་སུ་རིན་པོ་ཆེས་ཁོང་ལ་ “ངའི་དབྱིན་ཇིའི་རྣལ་འབྱོར་པ་” ཞེས་གསུངས་གནང་གི་རེད། དེའི་རྒྱུ་མཚན་གྱིས་རིན་པོ་ཆེ་ནུབ་ཕྱོགས་སུ་ཐེངས་གཉིས་ཕེབས་པའི་སྐབས། ཨེ་ལེན་ལ་ད་དུང་སྒེར་གྱི་ཆོས་འབྲེལ་གནང་དགོས་པ་སོང་ཙང་། ཐེངས་མ་གཉིས་ཀ་ཨེ་ལེན་གྱི་ནང་ལ་བཞུགས་གནང་ཡོད།
ཉིན་མ་གཅིག་རིན་པོ་ཆེས་ང་ལ། “ཚིག་སྒྲུབ་རེ་རེ་བཞིན་དུ་ཁྱེད་རང་གང་ལ་སློབ་སྦྱོང་བྱེད་འདོད་ཡོད་པའི་དཔེ་ཆ་གང་འདྲ་ཞིག་ཡིན་ནའང་དེ་དག་འགྲེལ་བཤད་གནང་མཁན་གྱི་བླ་མ་ཞིག་མི་སྲིད་པ་ལྟ་བུ་ཡིན་པ་དང་། ཁྱེད་ཀྱིས་བོད་ཡིག་ནང་ཡོད་པའི་དཔེ་ཆ་དེ་དག་སོ་སོ་རང་ངོས་ནས་ཀློག་དགོས་ཤིང་། གོ་མ་ཚོད་པ་དང་མ་རྟོགས་པ་རྣམས་བླ་མ་ཞིག་ལ་བཀའ་འདྲི་ཞུས་ནས་བརྗོད་པ་དེ་དག་འགྲེལ་བཤད་གནང་རོགས་ཞེས་ཞུ་དགོས་ཀྱི་ཡོད་” ཅེས་འགྲེལ་བརྗོད་གནང་བྱུང་། ལམ་སྟོན་འདིའི་རྗེས་སུ་ཁོང་གིས་གསང་འདུས་དང་། དུས་འཁོར། གསང་སྔགས་ས་ལམ་བཅས་ཀྱི་འགྲེལ་བ་ཁ་ཤས་ཀློག་རྒྱུར་ཕྱག་རོགས་གནང་བར་བརྟེན་དེ་དག་ཐམས་ཅད་ཀྱང་ངོས་ནས་རིམ་པས་དབྱིན་སྐད་ནང་བསྒྱུར་བ་ཡིན། རིན་པོ་ཆེ་ནས་ཐ་ན་ཁོང་གི་མཁྱེན་རྟོགས་འགའ་ཞིག་ཀྱང་ང་དང་མཉམ་སྤྱོད་གནང་བྱུང་། དཔེར་ན། ཉོན་མོངས་ཀྱི་ས་བོན་ཚུད་པའི་ཉོན་སྒྲིབ་ཐམས་ཅད་ནི་ཉོན་མོངས་པ་ཡིན་པས། ཤེས་པ་ཡིན་ཡིན་ལ་ལྡན་མིན་འདུ་བྱེད་མིན་ཏེ། རྒྱུ་མཚན་ལ་ཐ་ན་འབྲས་ཀྱི་ས་བོན་དེའང་འབྲས་ཡིན་ཞེས་གསུངས་པ་ལྟ་བུ་རེད།
དེ་ནས་མི་རིང་བར་ངོས་ནས་༧གོང་ས་མཆོག་གི་གསུང་ཆོས་རྣམས་ཀྱང་སྒྱུར་འགོ་ཚུགས་ཤིང་། ཐོག་མར་ངས་གསུང་ཆོས་ཉན་བཞིན་པའི་སྐབས་སུ་ཟིན་བྲིས་སུ་བཀོད་པ་རྣམས་མདོར་བསྡུས་བཟོས་པའི་རྗེས་སུ་དེ་དག་ནུབ་ཕྱོགས་ཀྱི་སློབ་མ་རྣམས་ལ་ཀློག་གི་ཡོད། དེ་ལྟར་༧གོང་ས་མཆོག་གིས་ཆོས་གསུང་བཞིན་པ་དང་རེས་མོས་བཞིན་ངས་སྒྱུར་འགོ་ཚུགས་ཤིང་། མཐར་༧གོང་ས་མཆོག་གིས་ཆོས་གསུང་བཞིན་པ་དང་དུས་གཅིག་ཏུ་ངས་ཐད་ཀར་སྒྱུར་འགོ་ཚུགས་པ་ཡིན། དེའི་སྐབས་སུ་དུས་ཚོད་མང་ཆེ་བ་ང་རང་རིན་པོ་ཆེའི་ཉེ་འགྲམ་དུ་སྡོད་དགོས་ཤིང་། རིན་པོ་ཆེ་ནས་ངའི་སྤྱོད་པ་ལ་གང་གཟབ་ཀྱིས་གཟིགས་གནང་སྟེ། ངས་རྒྱུན་སྲོལ་གྱི་འགྲོ་སྟངས་དང་ག་དུས་འགལ་བ་ཡིན་ན། ཁོང་གིས་བཀའ་བཀྱོན་གནང་གི་རེད། རིན་པོ་ཆེས་ནུབ་ཕྱོགས་པ་མང་ཆེ་བས་དྲི་བ་གང་འདྲ་གཏོང་དགོས་ཤེས་ཀྱི་མེད་པའམ། ཡང་ན་སྐད་ཆ་བཤད་ཡག་མང་དྲགས་ནས་ཁོང་ཚོས་ག་རེ་འདྲི་བཞིན་པ་དེ་གསལ་པོ་ཞིག་མེད་པར་ཚོར་འདུག ཁོང་གིས་དུས་རྒྱུན་ང་ལ་ཁོང་ཚོས་ག་རེ་བཤད་པ་ཚང་མ་སྒྱུར་མི་དགོས་པར་དྲི་བ་གང་ཡིན་པ་དེ་སྒྱུར་ཞེས་གསུང་གནང་གི་རེད། འདི་དང་འདྲ་བར་༧གོང་ས་མཆོག་གི་གསུང་ཆོས་སྐབས་སུ་ནུབ་ཕྱོགས་པ་ཚོས་དྲི་བ་རྣམས་ཡིག་ཐོག་ལ་ཕུལ་དུས་ཁོང་གིས་ང་དང་མཉམ་དུ་དྲི་བ་རྣམས་བཀླགས་གནང་སྟེ། དྲི་བ་གསལ་པོ་མེད་པ་དང་ཁྱད་མཚར་པོ་དེ་དག་ཟུར་འདོན་གནང་བ་དང་༧གོང་ས་མཆོག་ཐུགས་མཉེས་པོ་ཡོང་བ་དང་ཆོས་ཉན་མཁན་རྣམས་ལ་ཕན་ཐོགས་ཆེ་བའི་འབྲེལ་ཡོད་ཀྱི་དྲི་བ་རྣམས་བཟོས་གནང་གི་རེད།
ཐེངས་ཤིག་ང་རང་དུས་འཁོར་ལས་རུང་གི་མཚམས་ལ་གནས་བཞིན་པའི་སྐབས། ངོས་རང་མ་ན་ལིར་༧གོང་ས་མཆོག་གི་བཀའ་དབང་དང་གསུང་ཆོས་ལ་གསུང་སྒྱུར་བྱེད་དུ་འགྲོ་རོགས་ཞེས་སྐུ་སྒེར་ཡིག་ཚང་ནས་འབོད་སྐུལ་གནང་གི་འདུག དེའི་སྐབས་སུ་རིན་པོ་ཆེ་ནས་མཚམས་ཐུན་བཞག་ནས་ལམ་སེང་འགྲོ་དགོས་ཞེས་བཀའ་ཕེབས་པ་དང་། ང་ཚོས་སྒྲུབ་ཐུབ་པའི་ཞབས་ཏོག་གལ་ཆེ་ཤོས་དེ་ནི་༧གོང་ས་མཆོག་ལ་ཞབས་འདེགས་སྒྲུབ་རྒྱུ་དེ་ཡིན་པ་རེད། རིན་པོ་ཆེས་ཐུགས་ཁུར་དང་སྐུ་ལས་ཧ་ཅང་བསྐྱོན་ནས་ང་ལ་བསླབ་པ་སློབ་གཉེར་གྱི་གོ་སྐབས་གནང་བ་དེ་༧གོང་ས་མཆོག་ལ་ཞབས་ཏོག་གི་འབུལ་བ་ལྟ་བུར་སྤྱན་འབུལ་ཞུ་ཐུབ་པའི་ཆེད་དུ་རེད་འདུག་ཅེས་སྐབས་རེར་ངས་དེ་ལྟར་ཚོར་གྱི་འདུག ངོས་ནས་ཀྱང་རིན་པོ་ཆེའི་ཐུགས་དགོངས་ཇི་བཞིན་དུ་བསྐང་བའི་ཆེད་འབད་བརྩོན་གང་ཐུབ་བྱས་པ་ཡིན།
ང་རང་རིན་པོ་ཆེ་དང་མཉམ་དུ་ཡོད་པའི་སྐབས་འགའ་ཞིག་ལ་ཁོང་གིས་མངོན་ཤེས་བསྟན་གནང་སོང་། ཐེངས་མ་ཞིག་ང་ཚོ་རྡ་སར་ཡོད་པའི་དགའ་ལྡན་སྒྲུབ་སྡེའི་ལམ་དུ་བསྐྱོད་བཞིན་པའི་སྐབས། ཁོང་གིས་ཁ་ལོ་པ་ལ་མགྱོགས་པོ་བྱོས། ད་ལྟ་དགོན་པའི་ནང་མེ་ཤོར་འདུག་ཅེས་གསུངས་སོང་། དེ་ནི་དངོས་གནས་དེ་ལྟར་བྱུང་འདུག ང་རང་རིན་པོ་ཆེ་དང་མཉམ་དུ་ནུབ་ཕྱོགས་སུ་ཆོས་འབྲེལ་ལ་ཐེངས་མ་གཉིས་ཕྱིན་པའི་སྐབས། ཡང་ཐེངས་མ་ཞིག་ལ་ང་རང་པེ་རིས྄་ལ་སྔོན་ནས་འགྲོ་བཞིན་པ་དང་ཁོང་གིས། “ཁྱེད་རང་འཆར་གཞི་ལས་ཉིན་གཅིག་རྗེས་ལུས་ཐེབས་ནས་འབྱོར་གྱི་རེད་” ཅེས་གསུངས་བྱུང་། དེ་ལྟར་ལམ་བར་དུ་ངའི་སྣུམ་འཁོར་འཕྲོ་བརླག་ཕྱིན་པའི་རྐྱེན་གྱིས་དེ་ལྟར་དངོས་སུ་བྱུང་བ་ལྟ་བུ་རེད། དེ་ག་ནང་བཞིན་ཐེངས་ཤིག་རིན་པོ་ཆེ་ཁོང་ཉིད་རྡོ་རྗེ་འཇིགས་བྱེད་ཡིན་པ་དེ་དངོས་སུ་ང་ལ་གསལ་སྟོན་གནང་བྱུང་། ངས་ཡི་དམ་གྱི་ལྷའི་ཞལ་གྱི་ཁྱད་ཆོས་སོགས་བཀའ་འདྲི་ཞུས་པས། གློ་བུར་ཐོག་རྒྱག་ཏུ་ཁོང་གིས་ལྗགས་རྩེ་རིང་པོ་དང་། ཀུན་ཏུ་དམར་ཞིང་སྡང་བའི་མིག་དང་ལྡན་པའི་ཞལ་ངོ་ཡི་དམ་གྱི་ལྷ་དང་གཅིག་པ་གཅིག་རྐྱང་བསྒྱུར་གནང་སོང་། དེ་ནི་དངོས་གནས་ཡ་མཚན་ཆེ་ལ་འཇིགས་སུ་རུང་བ་འདུག
རིན་པོ་ཆེ་ཡུ་རོབ་དང་བྱང་ཨ་རིའི་ཕྱོགས་སུ་ཐེངས་གཉིས་གདན་འདྲེན་ཞུས་པའི་སྐབས། ངོས་ནས་མཐོང་མཆན་དང་གནམ་གྲུ་གྲ་སྒྲིག་བྱས་ཏེ་ཁོང་དང་མཉམ་དུ་གསུང་སྒྱུར་ལ་ཕྱིན་པ་ཡིན། ངས་འབྲི་དགོས་ངེས་ཀྱི་ཡིག་འབྲེལ་ཁག་དང་འགེང་དགོས་པའི་སྙན་ཞུའི་རིགས་ཚང་མར་ཞིབ་མོར་ལྟ་ཞིབ་བྱས་ཤིང་། གཞུང་ཚབ་ཁག་གི་ནང་འགྲོ་དགོས་པ་ཚང་མ་ངའི་སྔོན་འགྲོའི་ཆ་ཤས་སུ་ངོས་འཛིན་པའི་ཐོག་ནས་བྱས་པ་ཡིན། ཆོས་ཁྲིད་ཡུལ་སྐོར་དེ་དག་གི་རིང་ལ་རིན་པོ་ཆེས་མདོ་སྔགས་ཀྱི་བརྗོད་བྱ་རྒྱ་ཆེ་ལ་གཏིང་ཟབ་པའི་སྐོར་གསུང་ཆོས་གནང་བ་དེ་དག་ལས་ཆེས་དཀོན་པའི་རིགས་རྣམས་ནི་འཇིགས་བྱེད་དང་རྡོ་རྗེ་རྣལ་འབྱོར་མའི་སྔགས་བཏུ་ཆོ་ག་རྣམས་རེད།
རིན་པོ་ཆེ་ནི་དུས་རྒྱུན་ལྡན་ནས་འགྲུལ་བཞུད་ཀྱི་བརྒྱུད་རིམ་ཚང་མའི་ནང་ཚུལ་ལྡན་གྱི་ཉམས་ལེན་པ་ཞིག་དང་ཁ་ཡོད་ལག་ཡོད་གནང་མཁན་ཞིག་ཡིན་པ་རེད། ཐ་ན་རྡི་ལིར་ཕེབས་དགོས་ནའང་རྟག་ཏུ་མེ་འཁོར་རིམ་པ་གསུམ་པའི་ནང་ཕེབས་འདོད་གནང་གི་རེད། ཁོང་གིས་ “ཁྱེད་རང་མེ་འཁོར་རིམ་པ་དང་པོ་ཡག་ཤོས་བརྒྱུད་ནས་འགྲོ་རུང་རིམ་པ་གསུམ་པ་བརྒྱུད་ནས་འགྲོ་རུང་བསླེབ་སར་གཅིག་པ་བསླེབ་ཀྱི་རེད་” ཅེས་གསུངས་གནང་གི་རེད། ཟ་ཁང་རྒྱས་སྤྲོས་ཆེ་ལ་རྫིག་པོ་དེ་འདྲའི་ནང་གདན་འདྲེན་ཞུ་བ་ལྟ་བུ་ཁོང་གི་ཆེད་དུ་དགོས་མེད་དངུལ་འགྲོ་སོང་གཏོང་མཁན་ལ་ཐུགས་མཉེས་པོ་མི་གནང་བར་ང་ཚོ་སྡོད་སའི་ནང་མི་དེའི་ནང་དུ་བཞུགས་ནས་ཞལ་ལག་བཞེས་རྒྱུ་མཉེས་པོ་གནང་གི་རེད། བླ་ཆེན་ཁག་གཞན་དག་ཞལ་ལག་ལ་གདན་འདྲེན་ཞུ་སྐབས། ལོགས་སུ་ཁང་པ་ཞིག་གི་ནང་གཅིག་པུར་ཞལ་ལག་བཞེས་ཀྱི་ཡོད་པ་ནང་བཞིན་རིན་པོ་ཆེ་དེ་འདྲར་མཉེས་པོ་མི་གནང་བར་ནང་མི་ཚང་མ་དང་མཉམ་དུ་ཞལ་ལག་མཆོད་གནང་གི་རེད། རིན་པོ་ཆེས་ང་ལ་རྟག་ཏུ་ཕན་ཚུན་འདྲིས་པོ་དང་ཁ་བསང་པོའི་ཐོག་སོ་སོའི་ཉེར་འཁོར་དུ་ཡོད་པའི་མི་རྣམས་བདེ་པོ་ཇི་ལྟར་བཟོ་ཚུལ་དང་། རང་ཉིད་མི་ཆེན་པོ་ཞིག་ཡིན་མདོག་མདོག་ལྟ་བུ་ནམ་ཡང་བྱ་རྒྱུ་མེད་པ་དེ་དག་དཔེའི་སྒོ་ནས་བཀའ་སློབ་ལམ་སྟོན་གནང་གི་རེད། ཁོང་གིས་ང་ལ་ “མ་འོངས་པར་ཁྱེད་ཆོས་ཀྱི་སློབ་དཔོན་ཞིག་ཆགས་ནས་སློབ་མ་ཚོས་ཁྱེད་རང་སངས་རྒྱ་ལྟ་བུར་འཛིན་པའི་སྐབས། སོ་སོ་རང་ཉིད་སངས་རྒྱས་རྩ་བ་ཉིད་ནས་མིན་པ་དེ་ཤེས་བཞིན་དུ་དེས་སོ་སོ་རང་ཉིད་ཀྱི་བླ་མ་དགེ་བའི་བཤེས་གཉེན་རྣམས་སངས་རྒྱས་ཡིན་པར་ནམ་ཡང་ཐེ་ཚོམ་སྐྱེ་འཇུག་རྒྱུ་མེད་” ཅེས་གསུངས་བྱུང་།
རིན་པོ་ཆེ་ཁོང་ཉིད་ཀྱི་མིག་དཔེ་བཟང་པོ་བརྒྱུད་ནས་ང་ལ་གནད་དོན་མང་པོ་ཞིག་བསླབས་གནང་བ་དང་དེ་དག་ལ་ངོས་ནས་དུས་རྟག་ཏུ་གང་གསུངས་པ་ཇི་བཞིན་དུ་སྒྲུབ་པར་འབད་བརྩོན་བྱེད་ཀྱིན་ཡོད། རིན་པོ་ཆེ་ཡེ་ཤུའི་ཆོས་དཔོན་པཽཔ་དང་མཇལ་འཕྲད་གནང་སྐབས་ཡིན་ན་འདྲ། མི་ར་བཟི་ཞིག་དང་ཐུག་འཕྲད་གནང་སྐབས་ཡིན་ནའང་འདྲ། ཡང་ན་ཕྲུ་གུ་མང་པོ་དང་མཉམ་དུ་བཀའ་མོལ་གནང་བའི་སྐབས་ཡིན་ནའང་འདྲ་སྟེ། ཁོང་གིས་ཚང་མར་གུས་ཞབས་གཅིག་མཚུངས་དང་འདྲ་མཉམ་གྱི་ལྟ་ཚུལ་འཛིན་གནང་བ་དང་། དེ་དག་ཐམས་ཅད་ཆོས་ལ་དོ་སྣང་ཡོད་པ་དེ་ལ་གཙིགས་ཆེན་འཛིན་གནང་གི་རེད། འགྲིམ་འགྲུལ་གནང་བའི་སྐབས་ག་ཚོད་དཀའ་ལས་ཁག་པོ་ཡོད་མེད་ལ་མ་ལྟོས་པར། རིན་པོ་ཆེ་བོད་ཀྱི་ས་མཚམས་སུ་ཡོད་པའི་དམག་སྒར་ལ་གཡག་བཞོན་ནས་ས་ཐག་རིང་ཤོས་སུ་གནས་པའི་ཆོས་ལ་དོ་སྣང་ཡོད་མཁན་རྣམས་ཀྱི་ཆེད་དུ་ཆོས་གསུངས་བར་ཕེབས་གནང་གི་རེད། དེ་ལྟར་རིན་པོ་ཆེ་དགོངས་པ་རྫོགས་པའི་རྗེས་སུ་ངོས་ནས་ཀྱང་དམར་ཤོག་ཡུལ་གྲུ་ཁག་དང་། ལྷོ་ཨ་རི། ཨཧྥ་རི་ཀ་དང་དབུས་ཤར་རྒྱལ་ཁབ་ཁག་གི་ནང་ཡོད་པའི་སློབ་ཆེན་ཁག་གི་ནང་ཆོས་ཁྲིད་ལ་ཕྱིན་ཏེ། རིན་པོ་ཆེའི་དགོངས་གཞི་དང་མཐུན་པར་བྱ་རྒྱུར་འབད་བརྩོན་བྱས་ཡིན། དམར་ཤོག་རྒྱལ་ཁབ་ཁག་གི་ནང་གསང་བའི་ཐོག་ནས་མི་རྣམས་ཀྱི་ཁྱིམ་དུ་འཛོམས་ཏེ་ཆོས་ཁྲིད་བྱེད་ཀྱི་ཡོད།
རིན་པོ་ཆེ་དགོངས་པ་མ་རྫོགས་པའི་བདུན་ཕྲག་ཁ་ཤས་ཀྱི་སྔོན་ལ་སྤི་ཏི་ལ་ང་རང་ཁོང་དང་མཇལ་བ་མཐའ་མ་དེ་ཡིན། དེའི་སྐབས་༧སྐྱབས་མགོན་རིན་པོ་ཆེས་སྤི་ཏི་ལ་དུས་འཁོར་དབང་ཆེན་ཐེངས་དང་པོ་གནང་རྒྱུ་དེ་རིན་པོ་ཆེ་ནས་གོ་སྒྲིག་གནང་འདུག ངས་ནུབ་ཕྱོགས་པ་ཆོས་ཞུ་བ་སྤྱི་སྤྱོད་རླངས་འཁོར་གང་གོ་སྒྲིག་བྱས་པ་ཡིན། དབང་གི་སྐབས་སུ་ངོས་ནས་༧གོང་ས་མཆོག་ནས་བཀའ་ཆོས་གསུངས་མ་ཐག་དུས་གཅིག་ཏུ་གསུང་སྒྱུར་བྱས་པ་ཡིན། དེའི་སྐབས་སུ་ང་རང་ཧང་སངས་དགོས་པ་ཞིག་ལ། ང་རང་སློབ་མའི་ནང་གི་གཙོ་བོ་ཞིག་ཏུ་ངོས་འཛིན་པའི་ཐོག་དབང་རྫས་ཐམས་ཅད་ང་ལ་གནང་བྱུང་། དེ་ནི་རིན་པོ་ཆེས་ང་ལ་གནང་བའི་ངེད་གཉིས་ཁ་བྲལ་གྱི་རྔན་པ་ཞིག་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད།
དབང་གི་རྗེས་སུ་རྡ་རམ་ས་ལར་ཕྱིར་མ་ཕེབས་གོང་ངོས་རང་རིན་པོ་ཆེ་མཇལ་བར་ཕྱིན་པ་དང་། དེའི་སྐབས་ངས་རིན་པོ་ཆེ་ལ་དབང་ཆོག་གི་སྐོར་ལ་དྲི་བ་འགའ་ཞིག་དྲིས་པ་ཡིན། ཁོང་གིས་བཀའ་ལན་གནང་པའི་རྗེས་ “གསུང་ཆོས་ནང་གི་དཀའ་གནད་རྣམས་ཤེས་རྟོགས་ཡོང་བར། ཁྱེད་ཀྱིས་རྟག་ཏུ་རྒྱུ་མཚན་རིགས་པ་ལ་བསྟེན་དགོས་” ཞེས་བཀའ་སློབ་གནང་བྱུང་། འདི་ནི་རིན་པོ་ཆེས་ང་ལ་གནང་བའི་བཀའ་སློབ་ཆེས་མཐའ་མ་དེ་རེད། ངའི་མི་ཚེ་གང་པོར་རིན་པོ་ཆེ་ནས་ང་ལ་ཡིད་ཆེས་དང་རེ་བ་གནང་བ་བཞིན་འབད་བརྩོན་བྱས་ཤིང་། ཁོང་གི་བཀའ་སློབ་དང་མིག་དཔེ་བཟང་པོའི་རྗེས་སུ་འབྲང་རྒྱུ་ཐབས་ཤེས་བྱས་ཡིན། ང་རང་ནམ་རྒྱུན་དཀའ་ངལ་གང་འདྲ་ཞིག་བྱུང་ནའང་། རིན་པོ་ཆེས་དཀའ་ངལ་དེ་དག་ལ་གདོང་ལེན་ཇི་ལྟར་གནང་ངེས་ཡིན་པ་ལ་བསམ་གཞིགས་བྱེད་པའི་སྐབས། ངས་དཀའ་ངལ་དེ་དག་སེལ་བའི་ཐབས་གང་ཡོད་པའམ་ངས་གང་བྱེད་དགོས་མིན་གསལ་པོར་ཤེས་ཀྱི་འདུག
རིན་པོ་ཆེས་ང་ལ་ཆོས་ཚུལ་དམིགས་བསལ་ཅན་མང་དག་ཅིག་གནང་ཡོད་པ་དང་ཁོང་གིས་མངོན་ཤེས་ཀྱི་སྒོ་ནས་དེ་དག་ངས་མ་འོངས་པར་འཛམ་གླིང་གང་སར་རྒྱུན་འཛིན་དང་བརྒྱུད་སྤེལ་བྱེད་ཀྱི་ཡོད་པ་མཁྱེན་གྱི་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད། དེ་ནི་ངས་ནང་ཆོས་སྦྱོངས་ཞེས་པའི་དྲྭ་ཚིགས་བརྒྱུད་དེ་འཛིན་སྐྱོང་སྤེལ་གསུམ་ལ་འབད་བརྩོན་བྱེད་བཞིན་པ་འདི་ཡིན། རིན་པོ་ཆེའི་དྲུང་ནས་ང་ལ་ཆེས་དཀོན་པོ་དང་རྩ་ཆེ་ཤོས་ཀྱི་ཆོས་ཤིག་ཐོབ་པ་ནི། རིན་པོ་ཆེའི་ཡབ་དམ་པ་སེར་ཀོང་རྡོ་རྗེ་འཆང་ནས་ཐོབ་པའི་དྲང་ངེས་ལེགས་བཤད་སྙིང་པོའི་བརྒྱུད་པ་དམིགས་བསལ་ཅན་ལྕགས་ལུང་ཞེས་པ་དེ་རེད། དེ་ནི་རྡོ་རྗེ་འཆང་ཁོང་ཉིད་ལ་ཐད་ཀར་དག་སྣང་གི་ནང་རྗེ་ཙོང་ཁ་པ་ཆེན་པོ་ཉིད་ཀྱིས་གནང་བ་ཞིག་རེད་འདུག ལོ་མང་པོའི་རྗེས་སུ་༧གོང་ས་མཆོག་གི་བཀའ་འཁྲོལ་གནང་བ་ལྟར། ངས་ཆོས་འདི་ཁོང་གི་ཡང་སྲིད་རིན་པོ་ཆེ་ལ་རང་འཇགས་ཕར་འབུལ་རྒྱུའི་ཐུན་མོང་མ་ཡིན་པའི་གོ་སྐབས་ཐོབ་པ་མ་ཟད། དེ་ནི་ཁོང་གི་ཡང་སྲིད་རིན་པོ་ཆེའི་གསུང་ཆོས་རྣམས་དྲྭ་ཚིགས་སུ་འགོད་འགོ་ཚུགས་པའི་ཐོག་ནས་སེར་ཀོང་གི་བརྒྱུད་པ་མུ་མཐུད་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་གཞག་ཅིག་ཡིན། དེ་ལྟར་ཐབས་ཚུལ་ཆུང་ངུ་མང་པོ་བརྒྱུད་ནས་ངས་རིན་པོ་ཆེའི་ཚད་མེད་པའི་བཀའ་དྲིན་དང་ཡིད་ཆེས་ལ་དྲིན་ལན་འཇལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།།