ངོ་སྤྲོད།

སངས་རྒྱས་ཆོས་ཀྱི་གཞི་རྒྱ་ཆེ་བའི་སྐབས་དོན་གྱི་ནང་བརྗོད་གཞི་ཇི་ལྟར་རན་འཚམ་ཆགས་ཀྱི་ཡོད་མེད་བལྟ་ཕྱིར། ནང་ཆོས་སློབ་གཉེར་དང་འབྲེལ་བའི་རྣམ་པ་གང་འདྲ་ཞིག་གི་ཐོག་ལ་གོ་བསྡུར་བྱས་ཀྱང་། དེ་ནི་རྟག་ཏུ་ཕན་ཐོགས་ཅན་ཞིག་རེད། འདིའི་དོན་ནི་འཕགས་པའི་བདེན་པ་བཞི་དང་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞིའི་འགྲེལ་བ་ལ་བརྟེན་ནས་བརྗོད་གཞི་དེ་རན་འཚམ་ཇི་ལྟར་ཆགས་ཀྱི་ཡོད་པ་རྟོགས་པ་དེ་རེད། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ལ་ཆོས་ཀྱི་སྡོམ་བཞི་ཞེས་ཀྱང་གྲགས། ཆོས་ཀྱི་སྡོམ་བཞི་ཞེས་པའི་དོན་ནི། སངས་རྒྱས་ཀྱིས་གང་གསུངས་པ་ལ་གཞི་བྱས་ཏེ། ནང་པའི་ལྟ་བ་ཞིག་ཡིན་པའི་ཆ་ནས་མི་ཚེ་ལ་ལྟ་བའི་སྒོ་ནས་འགྲེལ་བརྗོད་བྱེད་པའི་ཐུན་མིན་གྱི་ཁྱད་ཆོས་བཞི་ལ་གོ་བ་ཡིན། 

ང་ཚོས་ནང་པའི་ཆོས་ཀྱི་གང་བརྙེད་པའི་ཆོས་ཚུལ་མང་པོ་ཞིག་ནི་ནང་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མིན་པར་དེ་རྟོགས་རྒྱུ་གལ་ཆེན་པོ་རེད། རྒྱ་གར་གྱི་གྲུབ་མཐའ་གཞན་མང་ཆེ་བའི་ནང་དུའང་ཁྱད་ཆོས་དེ་དག་རྙེད་ཀྱི་རེད། གང་ལྟར་ཡང་། སངས་རྒྱས་ནི་རྒྱ་གར་དུ་བཞུགས་པ་དང་དེའི་རིག་གཞུང་གི་གནས་སྐབས་དང་བསྟུན་ནས་ཆོས་གསུངས་ཡོད། ཏིང་ངེ་འཛིན་ལ་སོགས་པའི་ཆོས་ཚུལ་རྣམས་ནི་རྒྱ་གར་གྱི་ཆོས་གཞན་དང་གང་འཚམ་གྱི་ཐུན་མོང་ལྟ་བུ་རེད། ཁྱད་ཆོས་དེ་དག་ཀྱང་ནུབ་ཕྱོགས་ཀྱི་ཆོས་ལུགས་ཡེ་ཤུ་ལྟ་བུའི་ནང་དུའང་ཡོད། དཔེར་ན། ཚེ་འདི་བློས་གཏོང་བྱེད་པ་དང་སྐྱེ་བ་ཕྱི་མ་བཟང་པོ་ཞིག་ལ་སྐྱེ་བར་འདོད་པ་ལྟ་བུ་རེད། དེ་དག་ནི་ནང་པའི་དམིགས་བསལ་དང་ཐུན་མིན་དེ་འདྲ་གང་ཡང་མིན། ནང་པའི་ཆོས་འདི་གཞན་ལས་ཁྱད་པར་དུ་འབྱེད་པའི་ཐུན་མོང་མ་ཡིན་པ་དེ་གང་གིས་བཟོ་གི་ཡོད་ཅེ་ན། འཕགས་པའི་བདེན་པ་བཞི་དང་ཆོས་ཀྱི་སྡོམ་བཞི་དང་མཉམ་དུ་རན་ཞིང་འཚམ་པོ་ཡོད་པ་དེ་རེད། 

ད་ང་ཚོས་ཆོས་ཀྱི་སྡོམ་བཞིའི་གོ་བསྡུར་གྱི་ནང་དུ་ཕུང་པོ་ལྔ་ཇི་ལྟར་རན་འཚམ་ཆགས་ཀྱི་ཡོད་མེད་ཐད་བརྟག་དཔྱད་བྱ་རྒྱུ་ཡིན། དེ་ཡང་ཕུང་པོ་ལྔ་ནི། གཟུགས་ཀྱི་ཕུང་པོ་དང་། བདེ་སྡུག་གི་ཚོར་བའི་ཕུང་པོ། འདུ་ཤེས་ཀྱི་ཕུང་པོ། རྣམ་པར་ཤེས་པའི་རིགས། འདུ་བྱེད་ཀྱི་ཕུང་པོ་བཅས་སོ། །ཕུང་པོ་ལྔ་པོ་དེ་དག་རེ་རེ་ལས་གཅིག་གམ་དེ་ལས་མང་བའི་རྣམ་གྲངས་ཀྱིས་ང་ཚོའི་མྱོང་བའི་སྐད་ཅིག་རེ་རེ་སྐྲུན་གྱི་ཡོད། 

འདུ་བྱེད་རྣམས་ནི་མི་རྟག་པ་ཡིན།

ཆོས་ཀྱི་སྡོམ་བཞི་ལས་དང་པོ་ནི་འདུ་བྱེད་ཐམས་ཅད་མི་རྟག་པའོ། །ཞེས་པ་དེ་རེད། དེ་ནི་སྐབས་འགར་ཨིན་སྐད་ནང་ (all collected phenomena are impermanent) ཞེས་བསྒྱུར་ཡོད། འོན་ཀྱང་བསྒྱུར་འདིས་མགོ་རྨོངས་གཞི་ཆགས་སྲིད། འདིར་བཀོལ་སྤྱོད་བྱས་པའི་མི་རྟག་པ་ལ་ཨིན་ཚིག་ (impermanent) ཞེས་པ་འདིས་གོ་བ་ལོག་པ་སྟོན་སྲིད། གང་ཡིན་ཞེ་ན། འདིས་ཆོས་གང་ཞིག་དུས་ཡུན་ཐུང་ངུའི་རིང་གི་བར་དུ་གནས་པའི་གོ་བ་སྦྱིན་སྲིད། ང་ཚོས་དེ་འདྲ་ཞིག་གི་སྐོར་ཤོད་ཀྱིན་མེད། དོན་ངོ་མར་སེམས་ཀྱི་རྒྱུད་ལྟ་བུ་ཆོས་འགའ་ཞིག་ནི་སྐད་ཅིག་རེ་རེ་བཞིན་འགྱུར་བ་འགྲོ་བཞིན་པ་དང་། དེ་དག་དུས་ནམ་ཡང་གཏན་དུ་འགྲོ་ཐུབ། མི་རྟག་པ་ལ་ཨིན་སྐད་ནང་ (nonstatic) ཞེས་བསྒྱུར་བའི་དོན་ནི། ཆོས་གང་ཞིག་འགྱུར་བའི་ཆོས་ཅན་དེ་རེད། 

འདུ་བྱེད་ཅེས་པའི་ཐ་སྙད་ལ་མཚོན་ན། ཨིན་སྐད་ནང་ (all affecting variables) ཞེས་བསྒྱུར་ཡོད་པས། (variables) ཞེས་པའི་དོན་ནི་འགྱུར་ལྡོག་ཅན་གྱི་ཆོས་ལ་གོ་བ་ཡིན། དེ་ཡང་ཆོས་དེའི་རྒྱུད་དེ་ཇི་ཙམ་གྱི་བར་དུ་གནས་ཀྱི་ཡོད་མེད་ལ་མ་ལྟོས་པར་འགྱུར་ལྡོག་ཅན་ཡིན་པར་གོ། དེ་ནས་ཨིན་སྐད་ནང་གི་ (affecting) ཞེས་པའི་དོན་ནི་འགྱུར་ལྡོག་ཅན་གྱི་ཆོས་འདི་དག་གིས་ཆོས་གཞན་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད་པ་དང་། དེ་དག་ཀྱང་ཆོས་གཞན་ཞིག་གིས་ཇི་ལྟར་ཤུགས་རྐྱེན་སྤྲོད་ཀྱི་ཡོད་པའི་དོན་རེད། འདིས་མི་རྟག་པའི་ཆོས་ཚང་མ་འགྲེལ་བརྗོད་བྱེད་ཀྱི་ཡོད། 

འདིར་འདུ་བྱེད་ཅེས་པ་ནི་ཕུང་པོ་ལྔ་ལ་གོ་བ་དང་། འདུ་བྱེད་ཀྱི་ཕུང་པོ་གཞན་ཙམ་ལ་གོ་བ་མིན། ཕུང་པོ་ལྔའི་ནང་། ང་ཚོའི་མྱོང་བའི་སྐད་ཅིག་འགའ་ཞིག་གི་ཆ་ཤས་ཡིན་སྲིད་པའི་འགྱུར་ལྡོག་ཅན་གྱི་ཆོས་ཡོད་དོ་ཅོག་འཚུད་ཀྱི་ཡོད། 

ཆོས་གང་ཞིག་སྐྱེ་མ་ཐག་གམ་བྱུང་བ་དང་འགྱུར་ལྡོག་འགྲོ་གི་ཡོད་པ་ཐམས་ཅད་རྒྱུ་དང་རྐྱེན་ལ་རག་ལུས་པ་དང་དེས་ཆོས་གཞན་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད། འདིའི་ཁོངས་སུ་ང་ཚོའི་ཕ་མ་དང་། ཁོར་ཡུག །སེམས་ཚོར། གནམ་གཤིས། ལོ་རྒྱུས་བཅས་གཏོགས་ཀྱི་ཡོད། ང་ཚོས་ཇི་ལྟར་ཚོར་བ་དང་མི་ཚེའི་ནང་གང་ཉམས་སུ་མྱོང་བ་ལ་ཐམས་ཅད་ཀྱིས་ཤུགས་རྐྱེན་སྤྲོད་ཀྱི་ཡོད། རེད་དམ་མ་རེད། ང་ཚོའི་མི་ཚེ་མྱོང་ཚུལ་དང་དེའི་ཐད་ཇི་ལྟར་ཚོར་བ་དེས་སོ་སོ་རང་ཉིད་ཀྱི་མ་འོངས་པའི་མྱོང་བ་ཙམ་དུ་མ་ཟད། ང་ཚོས་འབྲེལ་འདྲིས་བྱེད་ས་ཚང་མའི་མྱོང་བ་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད། 

ཆོས་ཀྱི་སྡོམ་དང་པོའི་ནང་གསུངས་པ་ལྟར། འདུ་བྱེད་ཐམས་ཅད་མི་རྟག་པ་རེད། དེའི་དོན་ནི་དེ་དག་སྐད་ཅིག་སྐད་ཅིག་ལ་འགྱུར་བ་འགྲོ་གི་ཡོད། ཅིའི་ཕྱིར་ཞེ་ན། དེ་དག་ལ་ཤུགས་རྐྱེན་སྤྲོད་པའི་རྒྱུ་དང་རྐྱེན་རྣམས་སྐད་ཅིག་སྐད་ཅིག་ལ་འགྱུར་བ་འགྲོ་གི་ཡོད་པས་རེད། དེ་ནི་རྟོགས་དགོས་པའི་གནད་དོན་ཧ་ཅང་ཟབ་པོ་ཞིག་རེད། དཔེར་ན། ང་ཚོ་སེམས་ཁམས་ཀྱི་ཉམས་འགྱུར་ངེས་ཅན་ཞིག་གི་ནང་ཡོད་སྐབས། ང་ཚོས་སེམས་ཁམས་ཀྱི་ཉམས་འགྱུར་དེ་མུ་མཐུད་དེ་གནས་ཀྱི་ཡོད་ཚུལ་བསམས་ནའང་། དོན་ངོ་མར་ང་ཚོས་གང་མཐོང་བ་དང་། གང་ལ་ལྟ་བ། གང་ཐོས་པ། ང་ཚོའི་ལུས་ཀྱི་ཚོར་བ་སོགས་དེ་ནི་སྐར་ཆ་རེ་རེའི་ནང་འགྱུར་བ་འགྲོ་གི་ཡོད། ང་ཚོ་སེམས་ཁམས་ཀྱི་ཉམས་འགྱུར་གང་འདྲ་ཞིག་གི་ནང་ཡོད་ནའང་། དེ་སྐད་ཅིག་སྐད་ཅིག་ལ་འགྱུར་བ་འགྲོ་གི་ཡོད། དེ་ལ་རྟག་པ་ཞིག་གང་ཡང་མེད། 

ཐ་ན་སྐད་ཅིག་གཅིག་གི་རིང་ལའང་རྟག་པར་མི་གནས་པའི་ཆོས་འདི་ནི་ང་ཚོས་ནམ་རྒྱུན་བརྗོད་པའི་ “ཕྲ་བའི་མི་རྟག་པ་” དེ་རེད། འདིས་ཐ་སྙད་གཉིས་ངོ་སྤྲོད་བྱེད་ཀྱི་ཡོད་པ་ནི། རགས་པའི་མི་རྟག་པ་དང་ཕྲ་བའི་མི་རྟག་པ་གཉིས་ཏེ། 

  • རགས་པའི་མི་རྟག་པ་ནི། ཆོས་གང་ཞིག་དངོས་སུ་མཇུག་རྫོགས་པའམ་འཛད་པའི་སྐབས་དེ་རེད། དཔེར་ན། གལ་ཏེ་ང་ཚོས་སྣུམ་འཁོར་རམ་གློག་ཀླད་ལྟ་བུ་ཉོས་ནས་མཐར་དེ་འཕྲོ་བརླག་འགྲོ་རྒྱུ་ཡིན་པ་ལྟ་བུ་རེད། དེ་ནི་རགས་པའི་མི་རྟག་པ་རེད། དེ་བཞིན་ད་ལྟ་ཡོད་བཞིན་པའི་ཚེ་འདིའང་མཐར་འཛད་འགྲོ་ངེས་རེད། དེ་ཡང་འཆི་ནས་འཛད་པའི་སྐབས། དེ་ནི་རགས་པའི་མི་རྟག་པ་རེད།
  • ཕྲ་བའི་མི་རྟག་པ་ནི། ང་ཚོ་དུས་ནམ་ཞིག་གི་ཚེ་འཆི་རྒྱུ་རེད་ཅེས་པའི་བདེན་དོན་དེ་ཙམ་ལ་གོ་བ་མིན་པར། ང་ཚོའི་སྐད་ཅིག་སྐད་ཅིག་གི་འགྱུར་བཞིན་པའི་ཚེ་ཚད་ཀྱིས་འཆི་བ་དང་ཐག་ཉེ་རུ་ཉེ་རུ་གཏོང་གི་ཡོད། ང་ཚོའི་ཚེ་ཚད་དེ་ཉུང་དུ་འགྲོ་བ་དང་མཉམ་དུ་བར་མཚམས་མེད་པར་སྐད་ཅིག་སྐད་ཅིག་གི་ནང་འཆི་བ་ཡོང་རྒྱུ་ངེས་པ་རེད། དེ་ཅིའི་ཕྱིར་ཞེ་ན། ང་ཚོའི་ད་ལྟའི་མི་ཚེ་དང་ཚེ་ཚད་ནི་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བའི་འདུ་བྱེད་ཡིན་པ་རེད། དེར་མ་ཟད། ང་ཚོ་ཉིང་མཚམས་སྦྱོར་བ་དང་སྐྱེ་བའི་རྒྱུ་དང་རྐྱེན་རྣམས་ནི་དོན་ངོ་མར་ང་ཚོ་འཆི་བའི་རྒྱུ་ཡིན་པ་རེད། དེ་གང་ཡིན་ཞེ་ན། ཕ་ཡི་ཁུ་བ་དང་། མའི་ཁྲག་མཉམ་དུ་འཕྲད་པ། དེ་བཞིན་བར་དོའི་རྣམ་ཤེས་བཅས་རྒྱུ་དང་རྐྱེན་དེ་དག་སྐད་ཅིག་གཅིག་ལས་གནས་ཀྱི་མེད། དེ་གསུམ་འཕྲད་པ་ནི་རགས་པའི་མི་རྟག་པ་རེད། དེ་ནི་དུས་ཡུན་རིང་པོར་མི་གནས་ཤིང་། ཚེ་རབས་ནས་བརྒྱུད་པའི་སྐད་ཅིག་རེ་རེ་སྐྱེད་པར་མུ་མཐུད་ཀྱི་མེད། དོན་ངོ་མར་ཕ་མའི་ཁུ་ཁྲག་འཕྲད་པ་དེ་ནི་ཚེ་འདི་མཇུག་རྫོགས་ཀྱི་ཡོད་པར་འགན་ཡོད་པའི་ཐོག་མའི་རྒྱུ་ཞིག་རེད། གལ་ཏེ་ང་ཚོ་ཉིང་མཚམས་སྦྱོར་མེད་པ་དང་སྐྱེས་མེད་ན། ང་ཚོ་འཆི་ངེས་མ་རེད། ང་ཚོས་ཉིང་མཚམས་སྦྱོར་བ་དང་སྐྱེས་པ་སོང་ཙང་། ང་ཚོ་འཆི་དགོས་ཀྱི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོའི་མི་ཚེའི་སྐད་ཅིག་རེ་རེ་བཞིན་འཆི་བ་དང་ཐག་ཇེ་ཉེ་རུ་འགྲོ་གི་ཡོད། གང་ཡིན་ཞེ་ན། ང་ཚོའི་ཚེའི་ཚད་དེ་ལ་ཐོག་མར་འགོ་བཙུགས་པའི་རྒྱུ་ཡི་ནུས་པ་དང་བྲལ་བའི་གློ་བུར་བའི་རྒྱུ་དང་རྐྱེན་གཞན་གྱིས་ཤུགས་རྐྱེན་སྤྲད་ཡོད། 

ང་ཚོའི་ཚེ་ཚད་ལྟ་བུ་ཐོག་མ་ནས་ཉམས་རྒུད་འགྲོ་བའི་འདུ་བྱེད་ཀྱི་རིགས་ཡོད་པ་རེད། ཡང་ང་ཚོའི་ཀུན་རྫོབ་ཀྱི་རང་བཞིན་གྱི་སེམས་ལྟ་བུ་རྟག་ཏུ་འགྱུར་བ་འགྲོ་བའི་རིགས་གཞན་དག་ཡོད་ནའང་། ཉམས་རྒུད་འགྲོ་གི་མེད། དེ་ནི་ཉམས་རྒུད་འགྲོ་གི་མ་རེད། ཡིན་ནའང་དེ་ནི་ད་དུང་ཡང་ཕྲ་བའི་མི་རྟག་པའི་ཆོས་ཉིད་རེད། སྐབས་དོན་འདི་ལ་ཐོག་མ་དང་མཐའ་མ་མེད་པ་དེ་རེད། ང་ཚོའི་སེམས་ཀྱི་ཀུན་རྫོབ་ཀྱི་རང་བཞིན་གྱིས་ཡུལ་རྣམས་གསལ་ཞིང་རིག་པར་མྱོང་བ་ནི་སྐད་ཅིག་གི་འགྱུར་བ་འགྲོ་གི་ཡོད། དེ་ནི་ང་ཚོས་གང་ཉམས་སུ་མྱོང་བ་དེ་སྐད་རེ་རེའི་ནང་འགྱུར་བ་འགྲོ་གི་ཡོད་པ་དང་། ང་ཚོས་དེ་ཉམས་སུ་མྱོང་བཞིན་པ་དེའང་འགྱུར་བ་འགྲོ་གི་ཡོད། ཕྱོགས་གཞན་ཞིག་ནས་ང་ཚོས་གནས་སྟངས་ཤིག་ཉམས་སུ་མྱོང་བཞིན་པ་དེ་ནི་རྒྱུ་དང་རྐྱེན་ཧ་ཅང་མང་པོ་ལ་བརྟེན་ནས་འབྱུང་གི་ཡོད་པ་དང་གནས་སྟངས་དེ་སྐྲུན་གྱི་ཡོད། དེ་ནི་རྟག་ཏུ་འགྱུར་བ་འགྲོ་བཞིན་ཡོད། འོན་ཀྱང་ཆོས་ཤིག་ཡིན་པ་སོང་ཙང་། གནས་སྟངས་ཁོ་རང་ཉམས་སུ་མྱོང་བ་དེ་ཉམས་རྒུད་འགྲོ་གི་མེད། མི་ཚེ་ངེས་ཅན་རེ་རེ་ཞན་དུ་འགྲོ་གི་ཡོད་ནའང་། དེ་ནི་ཞན་དུ་ཞན་དུ་ཕྱིན་ནས་མཐར་ཐུག་འཛད་ཀྱི་མེད། 

སེམས་ཀྱི་རྒྱུད་དེ་ཐིག་ལྟ་བུར་དུས་ནམ་ཡང་ཐོག་མ་དང་མཐའ་མ་མེད་པར་གཏན་དུ་གནས་ཀྱི་ཡོད་པར་བསམ་བློ་ཐོངས། སྤྱིར་བཏང་དེ་ནི་མཐའ་མཇུག་གི་བར་དུ་སྐད་ཅིག་སྐད་ཅིག་གི་འགྲོ་གི་མེད། གང་ཡིན་ཞེ་ན། དེར་མཐའ་མེད་པ་རེད། འོན་ཀྱང་མི་ཚེ་རེ་རེའི་ནང་ཐིག་དེ་ཉིང་མཚམས་སྦྱོར་བ་ལ་མཆོང་བ་ལྟ་བུ་འགྲོ་བ་དང་། རི་ནས་མར་འབབ་པ་ལྟ་བུ་མི་ཚེ་དེའི་མཐའ་མཇུག་ལ་འགྲོ་གི་ཡོད། དེ་ནས་དེ་སྐྱེ་བ་ཕྱི་མའི་མི་ཚེའི་འགོ་སྟོད་ལ་ཡར་མཆོངས་ནས་མར་རང་འཇགས་འབབ་ཀྱི་ཡོད། དེ་ལྟར་མི་ཚེ་རེ་རེ་དེའི་མཐའ་མཇུག་ཏུ་འཐེན་འགྲོ་གི་ཡོད། འོན་ཀྱང་ཐིག་དེའི་རྒྱུད་དེ་དུས་ནམ་ཡང་གཏན་དུ་འགྲོ་གི་ཡོད། 

ང་ཚོའི་སྐྱེ་བ་སྔ་མའི་ངང་ངམ་ཤུགས་ཀྱི་ལས་ཀྱི་སྐུལ་ཤུགས་སམ་སེམས་པ་ལ་བརྟེན་ནས་དེ་དག་ལ་སྐུལ་སློང་བྱེད་མཁན་གྱི་ཉོན་མོངས་པ་རྣམས་དང་དེ་དག་ལ་བྱ་བ་བྱེད་མཁན་གྱི་ལས་ཀྱི་བག་ཆགས་གསོག་གི་ཡོད། དེ་དག་ནི་ལས་དེ་དག་ཡང་ནས་ཡང་དུ་བྱ་རྒྱུའི་བག་ཆགས་དང་གོམས་པ་རྣམས་རེད། ང་ཚོའི་སེམས་ཀྱི་རྒྱུད་ལ་ཚེ་འདི་དང་ཚེ་ཕྱི་མའི་ཕུང་པོ་ལྔའི་མྱོང་བ་རྣམས་ཡོད། ཕུང་པོ་རྣམས་ནི་གཞི་ལྟ་བུ་དང་ང་ཚོས་ཚེ་དེའི་ནང་གང་ཉམས་སུ་མྱོང་བའི་བརྗོད་དོན་ལྟ་བུར་འབྱུང་གི་ཡོད། ཚེ་དེའི་ནང་ང་ཚོའི་སེམས་ཀྱི་རྒྱུད་དེ་སྐྱེ་བ་བྱེ་བྲག་ཅིག་དང་དེའི་མྱོང་བའི་རིགས་དང་འབྲེལ་བ་ཆགས་ཀྱི་ཡོད། དཔེར་ན། མི་ཚེ་གང་པོར་ཁྱི་དང་། ཞུ་ལུ་མ། མེཀྶི་ཁོའི་བུད་མེད། ཨུ་རུ་སུའི་སྐྱེས་པ་སོགས་ཀྱི་སྐྱེ་བ་དེ་མྱོང་བ་ལྟ་བུ་རེད། མི་ཚེ་དེས་ང་ཚོའི་སེམས་ཀྱི་རྒྱུད་དེ་སྐྲུན་པ་དང་། དེ་སྐྱེ་བ་གཅིག་ནས་གཞན་ལ་འགྱུར་གྱི་ཡོད་ཤག་བྱེད་ཀྱི་ཡོད། ང་ཚོའི་སེམས་ཀྱི་རྒྱུད་དེ་རང་བཞིན་ལྷན་སྐྱེས་ཀྱི་བུད་མེད་ཅིག་གམ་ཁྱི་ཞིག་ཡིན་པ་དེ་འདྲ་མ་རེད། སེམས་ཀྱི་རྒྱུད་རེ་རེ་ནི་སོ་སོ་བ་རེད། འོན་ཀྱང་དེ་ལ་མི་ཚེ་བྱེ་བྲག་གཅིག་དང་གཏན་དུ་མཉམ་དུ་གནས་པའི་ངོ་བོ་ངེས་ཅན་གཅིག་ནི་མེད། 

ང་ཚོས་ཚེ་འདིའི་ནང་རང་གིས་རང་ལ་ཇི་ལྟར་འབྲེལ་བ་བྱེད་ཀྱི་ཡོད་པ་དང་། མཐའ་གཅིག་ཏུ་འབུ་ཞུ་ལུ་མ་ཚུད་པའི་གཞན་ཐམས་ཅད་ལ་འབྲེལ་བ་ཇི་ལྟར་བྱེད་ཀྱི་ཡོད་པ་དེའི་བསྟན་དོན་ཡོངས་སུ་རྫོགས་པ་སེམས་ནང་ངེས་ཤེས་རྙེད་པར་དུས་ཡུན་རིང་པོ་འགོར་རྒྱུ་རེད། འདི་ནི་ཆོས་ཀྱི་སྡོམ་བཞིའི་ངོ་སྤྲོད་ཙམ་ཞིག་རེད། ད་ང་ཚོ་མུ་མཐུད་ནས་འགྲོ་རྒྱུ་ཡིན། 

ཟག་བཅས་ཐམས་ཅད་སྡུག་བསྔལ་བ།

ཆོས་ཀྱི་སྡོམ་གཉིས་པ་ནི་ཟག་བཅས་ཐམས་ཅད་སྡུག་བསྔལ་བ་དེ་རེད། ཚིག་གཞན་ཞིག་གི་ཐོག་ནས་ཞུས་ན། ཟག་བཅས་ཐམས་ཅད་ནི་དཀའ་ངལ་ཅན་ཞིག་ཡིན་པ་རེད། ཟག་བཅས་ཞེས་པའི་ཚིག་འདི་ནམ་རྒྱུན་ཨིན་སྐད་དུ་ (contaminated) ཞེས་བསྒྱུར་ཡོད་ནའང་། ཐ་སྙད་འདི་ནི་ཅུང་ཟད་མི་སྡུག་པ་ཞིག་ཡོད། སློབ་དཔོན་དབྱིག་གཉེན་གྱི་ཆོས་མངོན་པ་མཛོད་ལྟར་ན། ཟག་བཅས་ཀྱི་ཆོས་རྣམས་ནི་ཟག་པའམ་ཉོན་མོངས་རྒྱས་འགྱུར་གྱི་ཆོས་ཞེས་མཚན་ཉིད་གསུངས་ཡོད། ཕྱོགས་གཞན་ཞིག་ནས་དེ་དག་ནི་ཟག་བཅས་ཀྱི་ཆོས་ཇེ་མང་འབྱུང་བར་བྱེད་པའི་ཆོས་ཡིན་པ་རེད། མཚན་ཉིད་འདི་རྟོགས་པར། ང་ཚོས་ཟག་བཅས་ཟེར་བ་དེ་ལ་སྤྱིར་བཏང་གི་གོ་དོན་ཞིག་ཡོད་པ་ནི། ཉོན་མོངས་དང་ངང་ངམ་ཤུགས་ཀྱི་སྐུལ་ཤུགས་ལ་བརྟེན་ནས་འབྱུང་བའི་ཆོས་དེ་རེད། 

ཟག་བཅས་ཀྱི་ཆོས་རྣམས་ང་ཚོའི་སེམས་རྒྱུད་ཀྱི་ལས་ཀྱི་བག་ཆགས་ལས་མྱོང་བའི་ཕུང་པོ་ལྔར་སྣམ་པར་སྨིན་གྱི་ཡོད། བག་ཆགས་འདི་འཇོག་མཁན་གྱི་ངང་ངམ་ཤུགས་ཀྱི་ལས་ཀྱི་སྐུལ་ཤུགས་ནི་ཉོན་མོངས་ལ་བརྟེན་ནས་འབྱུང་གི་ཡོད། ང་ཚོའི་ཉོན་མོངས་དང་ངང་ངམ་ཤུགས་ཀྱི་ལས་ཀྱི་སྐུལ་ཤུགས། དེ་བཞིན་ཕུང་པོ་ལྔ་དང་བཅས་པ་ནི་ང་ཚོ་ཇི་ལྟར་ཡོད་ཚུལ་ལ་རྨོངས་པའི་མ་རིག་པར་བརྟེན་ནས་འབྱུང་གི་ཡོད། གལ་ཏེ་ང་ཚོའི་ཟག་བཅས་ཀྱི་ཕུང་པོ་མ་རིག་པས་གྲོགས་བྱས་ན། དེ་དག་གིས་རྒྱུན་སྲིང་བ་དང་ཟག་བཅས་ཀྱི་ཕུང་པོ་མང་བ་སྐྱེད་པར་བྱེད་ཀྱི་ཡོད། འཁོར་རྒྱུན་འདི་ང་ཚོས་མ་རིག་པ་འགོག་པའི་འགོག་བདེན་དེ་མ་ཐོབ་བར་དུ་དབང་མེད་ཀྱིས་མུ་མཐུད་ཀྱི་རེད། དེའི་བར་དུ་ང་ཚོའི་ཕུང་པོ་ལྔ་ནི་དཀའ་ངལ་དང་སྡུག་བསྔལ་ཡིན། གང་ཡིན་ཞེ་ན། དེ་དག་ནི་ཟག་བཅས་ཀྱི་ཆོས་ཡིན་པའི་ཕྱིར།

སྡུག་བསྔལ་གྱི་རིགས།

སྡུག་བསྔལ་གྱི་རིགས་གསུམ་མམ་དཀའ་ངལ་ཅན་གྱི་མྱོང་བ་གསུམ་ཡོད་དེ། 

  • དང་པོ་ནི། སྡུག་བསྔལ་གྱི་སྡུག་བསྔལ་རེད།
  • གཉིས་པ་ནི། ཆོས་རྣམས་རྟག་ཏུ་འགྱུར་བཞིན་པའི་འགྱུར་བའི་སྡུག་བསྔལ་རེད། དེ་ནི་ང་ཚོའི་བདེ་བ་ཉི་ཚེ་བའམ་བདེ་བ་ཕལ་པ་ལ་གོ་བ་ཡིན། དེ་ནི་ཡུན་དུ་མི་གནས་ཤིང་ནམ་ཡང་འདང་ངེས་དང་ཡིད་ཚིམས་ངེས་མིན། སྐད་ཅིག་རྗེས་མའི་ནང་གང་འབྱུང་རྒྱུ་ཡིན་པའི་ཐད་ང་ཚོར་བསམ་བློ་ཙམ་ཡང་མེད་པ་རེད། དེ་ནི་ཧ་ཅང་ཉེན་སྲུང་མེད་པ་ཞིག་རེད། 
  • གསུམ་པ་ནི། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་རེད། འདི་ནི་ང་ཚོའི་སྐད་ཅིག་སྐད་ཅིག་གི་མྱོང་བའི་དབང་མེད་ཀྱིས་ཟག་པ་དང་བཅས་པའི་ཕུང་པོ་ལ་གོ་བ་ཡིན། གལ་ཏེ་ང་ཚོས་གང་མྱོང་བ་དེ་ཉོན་མོངས་དང་ངང་ངམ་ཤུགས་ཀྱི་ལས་ཀྱི་སྐུལ་ཤུགས་ཀྱི་འབྲས་བུ་ཡིན་པ་དང་། གལ་ཏེ་དགྲ་བཅོམ་པ་མིན་ན། ང་ཚོར་ད་དུང་ཡང་ཉོན་མོངས་ཡོད་པ་དང་དེ་དག་གིས་ལས་ཀྱི་བག་ཆགས་གང་མང་གསོག་བཞིན་ཡོད་པ་དང་། ང་ཚོས་མུ་མཐུད་དེ་ཉོན་མོངས་ཀྱི་སྐད་ཅིག་མང་བ་དང་ལས་མང་བ་གསོག་གི་རེད། ལས་ཀྱི་བག་ཆགས་འདི་ལས་སྨིན་པའི་ཟག་བཅས་ཀྱི་ཕུང་པོ་ནི་སྡུག་བསྔལ་དང་པོ་གཉིས་ཏེ། སྡུག་བསྔལ་གྱི་སྡུག་བསྔལ་ལམ་ཡིད་མི་ཚིམས་པ་དང་བདེ་བ་ཉི་ཚེ་བ་གང་རུང་མྱོང་བའི་གཞི་རྟེན་བྱེད་ཀྱི་ཡོད། 

འདིའང་ཧ་ཅང་ཟབ་པོ་རེད། ང་ཚོས་སྐད་ཅིག་རེ་རེའི་ནང་གང་མྱོང་བཞིན་ཡོད་པ་དང་དཀའ་ངལ་ལ་སོགས་པ་དེ་དག་འབྱུང་བའི་རྒྱུ་མཚན་ནི། ཉོན་མོངས་དང་འདས་པའི་ངང་ངམ་ཤུགས་ཀྱི་སྤྱོད་ལམ་ལ་བརྟེན་ནས་རེད། ང་ཚོ་ད་དུང་ཡང་རྨོངས་བཞིན་ཡོད་པས། ང་ཚོས་སོ་སོ་དོན་ངོ་མར་ཇི་ལྟར་ཡོད་པ་མི་ཤེས་པའི་སྒོ་ནས་གང་མྱོང་བ་ལ་ཡ་ལན་སྤྲོད་ཀྱི་ཡོད། དེ་ལྟར་བྱེད་པར་བརྟེན་ང་ཚོས་དཀའ་ངལ་དེ་ལས་མང་བ་བཟོ་གི་ཡོད། གལ་ཏེ་ང་ཚོས་གནས་སྟངས་འདིའི་ཐད་ལ་ཐབས་ཤིག་མ་བཙལ་ན། འདི་ལས་སྡུག་པ་གང་རེད་དམ། དེ་ནི་མུ་མཐུད་དེ་གཏན་དུ་འགྲོ་གི་རེད། དེ་ནི་དཀའ་ངལ་གཅིག་རྗེས་གཉིས་མཐུད་ཀྱིས་མི་ཚེ་གཅིག་ནས་གཞན་བརྒྱུད་དེ་གཏན་དུ་འགྲོ་གི་རེད། ང་ཚོར་གང་འབྱུང་རྒྱུ་ཡིན་མིན་ལ་མ་ལྟོས་པར། ཉོན་མོངས་སྐྱེ་ངེས་ཡིན་པ་དང་། མ་རིག་པ་དང་ངང་ངམ་ཤུགས་ཀྱི་སྐུལ་ཤུགས་དབང་གིས་བྱ་སྤྱོད་སྤེལ་ནས་དཀའ་རྙོག་དེ་ལས་མང་བ་བཟོ་གི་རེད། དེ་འདྲའི་སྒོ་ནས་ང་ཚོས་དབང་མེད་ཀྱིས་མུ་མཐུད་དེ་དཀའ་ངལ་མང་བ་མྱོང་གི་རེད། དེ་ནི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་རེད།

ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ།

ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱའམ་ཆོས་ཀྱི་སྡོམ་གསུམ་པ་ནི། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་དེ་རེད། ཐ་སྙད་འདི་ནམ་རྒྱུན་ཨིན་སྐད་དུ་ (void and selfless) ཞེས་བརྒྱུར་ཡོད། འོན་ཀྱང་བདག་མེད་པ་ལ་ཨིན་སྐད་ནང་ (selfless) ཞེས་པའི་ཚིག་གི་ཚབ་ལ་ངོས་ནས་ (lacking an impossible soul) ཞེས་བསྒྱུར་རྒྱུ་དགའ་འདེམས་བྱེད་ཀྱི་ཡོད། གང་ཡིན་ཞེ་ན། འདིའི་ལེགས་སྦྱར་སྐད་ལ་ “ཨནཱཏྨན་” ཞེས་བདག་མེད་པ་ཟེར་ཞིང་། དེའི་དོན་ནི་ནང་པ་མིན་པའི་རྒྱ་གར་ཕྱི་རོལ་པའི་གྲུབ་མཐའ་རྣམས་ཀྱིས་བཞེད་པའི་ “ཨཱཏྨན་” མིན་པའམ་བདག་མིན་པ་ཞེས་པར་གོ་བ་ཡིན། 

བདག་ཅེས་པ་དེ་གང་ལ་གོ་བ་ཡིན་ནམ། ནང་པའི་གྲུབ་མཐའ་སྨྲ་བ་ཁག་གི་ཁྲོད་དུ་ཚང་མས་གང་ཟག་གི་བདག་ཁས་ལེན་གྱི་མེད། ཐེག་པ་ཆེན་པོའི་གྲུབ་མཐའ་ཁོ་ནས་ཆོས་ཀྱི་བདག་ཀྱང་ཁས་ལེན་གྱི་མེད། ཆོས་ཀྱི་སྡོམ་བཞི་པོ་དེ་དག་ནང་པའི་གྲུབ་མཐའ་ཚང་མར་གཏོགས་ཀྱི་ཡོད་སྟབས། སྐབས་དོན་འདིར་ཆོས་ཀྱི་སྡོམ་གསུམ་པ་སྟེ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་དེས་ང་ཚོའི་ཕུང་པོ་ཁོ་ནར་གང་ཟག་གི་བདག་མེད་ཅེས་དགག་པ་རྒྱག་གི་ཡོད། ཆོས་ཐམས་ཅད་ལ་མཚོན་ན། གང་ཟག་གི་བདག་གི་བཀོལ་སྤྱོད་རུང་བའི་ཡུལ་ལམ་ཤེས་པའི་ཡུལ་ཁོ་ན་ངོས་ལེན་མི་བྱེད་པ་ཡིན། 

གྲུབ་མཐའ་སྨྲ་བའི་ལུགས་མང་ཆེ་བའི་ནང་། གང་ཟག་གི་བདག་གཉིས་ཡོད་དེ།

  • གང་ཟག་གི་བདག་རགས་པ་སྟེ། འདི་ནི་ང་ཚོས་ “བདག་གམ་ང་” ཟེར་བ་ངོ་མ་ལྟ་བུར་ངོས་འཛིན་བྱེད་པ་དེ་རེད། བདག་དེ་ཡང་རྟག་པ་དང་། གཅིག་པུ། ཆ་མེད། ལུས་སེམས་ལ་ལྟོས་མེད་ཀྱིས་ལོགས་སུ་གནས་ཐུབ་པ་ཞིག་ཡིན། ཕྱོགས་གཞན་ཞིག་ནས་ཕུང་པོ་ལྔ་ལ་ལྟོས་མེད་རང་དབང་གི་སྒོ་ནས་ཡོད་པའི་བདག་དེ་རེད། དེ་ནི་བདག་ཅེས་བྱ་བ་ལོགས་སུ་ང་ཚོས་མྱོང་བ་ཐམས་ཅད་ལ་ལྟོས་མི་དགོས་ཤིང་། ང་ཞེས་བྱ་བ་སོ་སོ་བ་དེས་ང་ཚོའི་ལུས་དང་སེམས་འདི་འཕྲུལ་ཆས་ལྟ་བུར་བཀོལ་སྤྱོད་བྱས་ཏེ། ཆོས་རྣམས་ཉམས་སུ་མྱོང་བ་དང་ང་ཚོའི་སེམས་ནང་གི་སྒྲ་སྐད་ཀྱི་གཏམ་བཤད་བྱེད་པོ་དེ་ཡིན་པ་རེད། 
  • གང་ཟག་གི་བདག་ཕྲ་བ་སྟེ། འདི་ནི་བདག་གམ་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དེ་རེད། རང་རྐྱ་ཐུབ་པའི་རྫས་ཡོད་ཅེས་པའི་དོན་ནི་བདག་གམ་ང་ཞེས་བྱ་དེ་རང་ངོས་ནས་ཕུང་པོ་ལ་ལྟོས་མེད་ཀྱིས་ཤེས་ཐུབ་པ་དེ་རེད། 

འདི་ནི་བདག་ཅེས་པའི་དོན་དེ་རེད། དེ་ལྟ་བུའི་བདག་ནི་མི་སྲིད་པ་ཞིག་ཡིན་པ་དང་། རང་ངོས་ནས་གྲུབ་པའི་བདག་ལོགས་སུ་ཡོད་པ་དང་དེ་ང་ཚོས་རྙེད་དུ་ཡོད་པ། དེ་བཞིན་ང་ཚོས་ “དེ་ནི་བདག་རེད་” ཅེས་བརྗོད་ཐུབ་པ་ཞིག་མི་སྲིད་པ་རེད། གཞན་ལ་ལྟོས་མེད་ཀྱིས་ལོགས་སུ་གྲུབ་པ་དང་རང་ངོས་ནས་གྲུབ་པའི་ཆོས་ཤིག་གང་དུའང་མེད། 

ཆོས་ཀྱི་སྡོམ་གསུམ་པའི་སྐབས་སུ་ང་ཚོར་ཐ་སྙད་གཉིས་ཡོད་དེ། “སྟོང་པ་” དང་ “བདག་མེད་པ་” གཉིས་རེད། འགྲེལ་ཚུལ་འགའ་ཞིག་ལྟར་བྱས་ན། “སྟོང་པ་” ཞེས་པའི་དོན་ནི་ང་ཚོའི་ཕུང་པོ་དང་མྱོང་བ་ལ་གང་ཟག་མེད་པའམ་གང་ཟག་གིས་སྟོང་པ་རེད། དེ་ལ་ “ང་” ཞེས་བྱ་བ་བདག་རགས་པ་ཞིག་གྲུབ་པས་སྟོང་པ་རེད། “བདག་མེད་” ཅེས་པའི་དོན་ནི་བདག་ཕྲ་བ་ཞིག་མེད་པའི་ཕུང་པོ་དེ་རེད། འགྲེལ་ཚུལ་གཞན་ཞིག་ལྟར་ན། “སྟོང་པ་” ནི་ཕུང་པོ་ལ་གང་ཟག་གིས་སྟོང་པ་སྟེ། “བདག་” ཅེས་བྱ་བ་ནི་ཕུང་པོ་དང་གཅིག་ཡིན་པའམ་ཡང་ན་ཕུང་པོ་ལས་མཐའ་གཅིག་ཏུ་ལོགས་སའམ་ཐ་དད་དུ་བདག་ཅིག་ཡོད་པ་དེ་རེད། “བདག་མེད་” ཅེས་པ་ནི་རྒྱུ་མཚན་རིགས་པའི་རྗེས་སུ་འབྲང་བའི་མཇུག་སྡོམ་དེ་རེད། ང་ཚོས་ཤེས་བྱའི་ཆོས་ཐམས་ཅད་ཀྱི་ཁྲོད་དུ་གང་ཟག་གི་བདག་ཅེས་བྱ་བ་ཞིག་མེད་ཅེས་མཇུག་སྡོམ་རྒྱག་ཆོག །དབུ་མ་ཐལ་འགྱུར་བའི་འགྲེལ་ཚུལ་ལྟར་ན། ཆོས་ཀྱི་སྡོམ་གསུམ་པ་ནི་གང་ཟག་གམ་བདག་ཅེས་བྱ་བ་རང་ངོས་ནས་གྲུབ་པ་དང་རང་བཞིན་གྱིས་གྲུབ་པས་སྟོང་པ་ལ་གོ་བ་ཡིན། 

ཆོས་ཀྱི་སྡོམ་གསུམ་པ་རྟོགས་རྒྱུ་ནི་མེད་དུ་མི་རུང་བ་རེད། ང་ཚོའི་མྱོང་བ་སྐྲུན་མཁན་གྱི་ཕུང་པོ་ལ་བདག་ཅེས་བྱ་བ་རང་ངོས་ནས་ཤེས་རུང་ཡིན་པ་ཞིག་ལོགས་སུ་མེད་ལ། ཕུང་པོ་དང་གཅིག་གམ་དུ་མ་དང་གཅིག་པ་ཡིན་པའི་བདག་མེད། དེ་ནི་ཧ་ཅང་གནད་འགགས་ཆེན་པོ་རེད། དེ་ལྟ་བུའི་གོ་རྟོགས་དེ་མེད་ན། མགོ་རྨོངས་པ་དང་དཀའ་ངལ་གྱི་ནང་ལྷུང་གི་རེད། དཔེར་ན། ང་ཚོས་ “ངས་བདག་ཅེས་བྱ་བ་ངོ་མ་དེ་འཚོལ་ཐབས་དང་བདག་ངོ་མ་དེ་ཤེས་ཐབས་བྱེད་ཀྱིན་ཡོད་” ཅེས་བསམ་སྲིད། དེ་ནི་ཕུང་པོ་ལས་ལོགས་སུ་བདག་ཅིག་རྙེད་དུ་ཡོད་པ་ལྟ་བུ་ཡིན་པས། དེ་འདྲ་ཞིག་རྙེད་དུ་མེད། རྟག་པ་དང་འགྱུར་བ་མེད་པ། གཅིག་པུ་དང་གཞན་ལ་ལྟོས་མེད་རང་དབང་དུ་གྲུབ་པའི་བདག་གམ་ང་ཟེར་བ་ཞིག་མེད་ལ། དེ་འདྲ་བའི་ཆོས་གཞན་གང་ལའང་ལྟོས་མེད་ཀྱི་བདག་ཟེར་བ་ཞིག་རྙེད་དུ་ཡོད་པ་དང་བདག་ངོ་མ་ལྟ་བུར་ཤེས་རྒྱུ་ཡོད་པ་ཞིག་མི་སྲིད་པ་ཡིན། 

མྱ་ངན་ལས་འདས་པ་ཞི་བ།

ཆོས་ཀྱི་སྡོམ་བཞི་པ་ནི་མྱ་ངན་ལས་འདས་པ་ནི་ཞི་བ་དེ་རེད། འདིའི་དོན་ནི་ང་ཚོས་ཟག་བཅས་ཉེར་ལེན་གྱི་ཕུང་པོ་འདི་སྤངས་ནས་ཐར་པ་ཐོབ་རུང་ཡིན་པའི་དོན་རེད། ཕྱོགས་གཞན་ཞིག་ནས་བཤད་ན། གལ་ཏེ་ང་ཚོས་ཆོས་ཀྱི་སྡོམ་གསུམ་པ་སྟེ། ཕུང་པོ་འདི་དག་ལ་ལོགས་སུ་བདག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་དང་། དེ་ལྟ་བུའི་ཆོས་ཤིག་མེད་པར་རྟོགས་ན། ང་ཚོ་ཐར་པ་འཐོབ་ཀྱི་ཡོད། དེ་ནི་མྱ་ངན་ལས་འདས་པ་དང་ཞི་བ་དེ་རེད། གང་ཡིན་ཞེ་ན། དེའི་སྐབས་སུ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཟད་པ་རེད། 

ང་ཚོས་འདི་དག་ཐམས་ཅད་ཀྱང་འཕགས་པའི་བདེན་པ་བཞིའི་ནང་ཚུལ་དང་མཐུན་པར་ཇི་ལྟར་རན་ཞིང་འཚམ་པ་ཡོད་པ་ཤེས་ཐུབ། ཆོས་ཀྱི་སྡོམ་དང་པོ་གཉིས་ཏེ། འདུ་བྱེད་ཐམས་ཅད་མི་རྟག་པ་དང་ཟག་བཅས་ཐམས་ཅད་སྡུག་བསྔལ་བ་ཞེས་པ་དེས་འཕགས་པའི་བདེན་པ་དང་པོ་གཉིས་འགྲེལ་བརྗོད་བྱེད་ཀྱི་ཡོད་དེ། སྡུག་བསྔལ་གྱི་བདེན་པ་དང་ཀུན་འབྱུང་གི་བདེན་པ་གཉིས་རེད། ཆོས་ཀྱི་སྡོམ་གསུམ་པ་དང་བཞི་པ་སྟེ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་དང་མྱ་ངན་ལས་འདས་པ་ཞི་བ་གཉིས་ནི། འཕགས་པའི་བདེན་པ་གསུམ་པ་སྟེ། སྡུག་བསྔལ་དང་དེའི་རྒྱུ་དང་བཅས་པ་འགོག་པའི་འགོག་བདེན་ལ་གོ་བ་དང་། དེ་དག་གིས་ཤུགས་ཀྱིས་འཕགས་པའི་བདེན་པ་བཞི་པ་སྟོན་གྱི་ཡོད། དེ་ནི་ལམ་གྱི་བདེན་པའམ་འགོག་བདེན་མངོན་དུ་བྱེད་པའི་རྟོག་མེད་ཀྱི་སྒོ་ནས་བདག་མེད་པ་རྟོགས་པ་དེ་རེད། 

ང་ཚོའི་ཕུང་པོ་ལྔ་ནི་འདུ་བྱེད་ཡིན་པས་མི་རྟག་པ་རེད། གང་ཡིན་ཞེ་ན། དེ་དག་ནི་མ་རིག་པ་ལས་འབྱུང་གི་ཡོད་པ་དང་ཟག་བཅས་ཡིན། དེ་དག་མ་རིག་པ་ལ་བརྟེན་ནས་ཟག་བཅས་ཡིན་པ་སོང་ཙང་། དེ་དག་གིས་སྡུག་བསྔལ་རྒྱུན་སྲིང་བར་བྱེད་པས། སྡུག་བསྔལ་དངོས་སྐྱེད་པར་བྱེད་ཀྱི་ཡོད། གང་ལྟར་ཡང་། ང་ཚོའི་ཕུང་པོ་ནི་གང་ཟག་གི་བདག་མེད་དང་བདག་གིས་སྟོང་པ་རེད། བདག་མེད་པར་རྟོགས་པའི་རྟོག་མེད་ཀྱི་ཤེས་པ་ལ་བརྟེན་ནས་ང་ཚོས་ཐར་པའམ་མྱང་འདས་ཀྱི་གོ་འཕང་འཐོབ་ཀྱི་ཡོད། དེ་ནི་ཞི་བ་སྟེ། ང་ཚོའི་ཕུང་པོ་རྣམས་སྡུག་བསྔལ་དང་དེའི་རྒྱུ་དང་བཅས་པ་ལས་བྲལ་བས་ན་ཞི་བའོ།།

Top