ཕུང་པོ་ལྔའི་རྣམ་གཞག

ང་ཚོའི་མྱོང་བའི་སྐད་ཅིག་རེ་རེ་ནི་འགྱུར་ལྡོག་ཅན་གྱི་རྣམ་པ་ཧ་ཅང་མང་པོ་ལས་གྲུབ་པ་ཞིག་རེད། ཕུང་པོ་ལྔའི་ཆ་ཤས་སུ་འགྱུར་ལྡོག་ཅན་གྱི་རྣམ་པ་དེ་དག་གི་ཆེད་དུའམ། ཡང་ན་མི་རྟག་པའི་གྲུབ་ཆ་དེ་དག་གི་ཆེད་དུ་སྡེ་ཚན་གྱི་རྣམ་གཞག་ཅིག་གཏོགས་ཀྱི་ཡོད། 

ཕུང་པོ་ཞེས་པའི་དོན་ནི་མང་པོ་འདུས་པའམ་སྤུངས་པའི་དོན་ཡིན་པས། ཕུང་པོ་དེ་དག་རེ་རེ་ནི་གྲུབ་ཆ་མང་པོ་གཅིག་ཏུ་འདུས་པ་ཞིག་རེད། ཕུང་པོ་གཅིག་གི་གྲུབ་ཆ་རྣམས་ཆོས་མི་འདྲ་བ་ཞིག་ཡིན་སྲིད་པ་སྟེ། དཔེར་ན། བྱམས་པ་དང་ཁོང་ཁྲོ་ལྟ་བུ་རེད། ཡང་ན་དེ་དག་ནི་ཆོས་གཅིག་ལ་འབྱུང་སྲིད་པའི་ཆོས་མི་འདྲ་བ་མང་པོ་ཡིན་སྲིད་པ་སྟེ། དཔེར་ན། བདེ་བའི་རིམ་པ་མི་འདྲ་བའི་ཚོར་བ་ལྟ་བུ་རེད། མྱོང་བའི་ཆ་ཤས་འགྱུར་ལྡོག་ཅན་གྱི་གྲུབ་ཆ་རེ་རེ་སྐད་ཅིག་སྐད་ཅིག་གིས་འགྱུར་བ་འགྲོ་བའི་སྐབས། དེ་ལ་རྒྱུན་གྱི་རིང་ཚད་མི་འདྲ་བ་ཞིག་ཡོད། 

གང་ཡོད་པའམ་གྲུབ་པའི་མཚན་ཉིད་ནི་ཚད་མའི་སྒོ་ནས་གང་ཤེས་རུང་ཡིན་པ་དང་ཆོས་ཐམས་ཅད་ཚད་མའི་སྒོ་ནས་ཤེས་རུང་ཡིན་པ་དེ་ང་ཚོའི་མྱོང་བའི་ཡུལ་ཡིན་སྲིད་པ་སོང་ཙང་། གང་གྲུབ་པའི་ཆོས་ཚང་མ་ང་ཚོའི་མྱོང་བའི་ཡུལ་ཡིན་སྲིད་པ་རེད། འདིའི་དོན་ནི་མི་རྟག་པའི་ཆོས་ཐམས་ཅད་ཕུང་པོ་ལྔའི་ནང་སྡེ་ཚན་དུ་དབྱེ་ཆོག་པ་ཞིག་རེད། དེ་དག་འགའ་ཞིག་ནི་ང་ཚོའི་སེམས་ཀྱི་རྒྱུད་དང་འབྲེལ་ནས་ཡོད་པ་སྟེ། དཔེར་ན། སོ་སོ་རང་ཉིད་ཀྱི་བདེ་སྐྱིད་ལྟ་བུ་དང་། ཡང་འགའ་ཞིག་ནི་སེམས་ཅན་གཞན་གྱི་སེམ་རྒྱུད་དང་འབྲེལ་ནས་ཡོད་པ་སྟེ། དཔེར་ན། སེམས་ཅན་གཞན་ཞིག་གི་བདེ་སྐྱིད་ལྟ་བུ་རེད། དེ་ལས་གཞན་པ་རྣམས་ནི་སེམས་རྒྱུད་གང་དང་ཡང་འབྲེལ་བ་མེད་པ་སྟེ། དཔེར་ན། རྡོ་ལྟ་བུ་རེད། རྟག་པའི་ཆོས་རྣམས་ནི་དཔེར་ན། ནམ་མཁའ་ལྟ་བུ་ནི་ང་ཚོའི་མྱོང་བའི་ཆ་ཤས་ཡིན་སྲིད་ནའང་། དེ་དག་ཕུང་པོ་ལྔའི་སྡེ་ཚན་གྱི་ཁོངས་སུ་གཏོགས་ཀྱི་མེད། 

ཕུང་པོ་ལྔ་ནི་ཁུག་མ་ལྔ་དང་འདྲ་བ་རེད། ང་ཚོའི་མྱོང་བའི་སྐད་ཅིག་རེ་རེའི་ནང་དུ་ཁུག་མ་ལྔ་པོ་རེ་རེ་ནས་གྲུབ་ཆ་གཅིག་གམ་དེ་ལས་མང་བ་ཡོད་པ་དང་། ང་ཚོའི་མྱོང་བའི་ནང་ཡོད་པའི་འགྱུར་ལྡོག་ཅན་གྱི་རྣམ་པ་ཚང་མ་ནི་ཁུག་མ་དེ་དག་གང་རུང་ལས་གཅིག་གམ་ཡང་ན་གཞན་ཞིག་གི་ནང་ཡོད་པ་རེད། ཁུག་མ་དེ་དག་ནི་གྲུབ་ཆ་མང་པོ་འདུས་པ་ལ་གཞི་བྱས་ནས་བཏགས་ཙམ་གྱི་སྤྱི་མཚན་དངོས་མེད་ཅིག་ཡིན་པ་ལས། ཁུག་མ་དང་གྲུབ་ཆ་རྣམས་ང་ཚོའི་ཕྱི་དང་ནང་སོགས་ཡུལ་གང་རུང་ཞིག་ལ་རང་ངོས་ནས་གྲུབ་པ་ཞིག་མེད། དེ་ལྟར་བདེ་སྐྱིད་དང་ཁོང་ཁྲོ་ལྟ་བུ་ཕུང་པོ་ཞིག་ང་ཚོའི་མྱོང་བའི་སྐད་ཅིག་གི་ཆ་ཤས་མིན་པའི་སྐབས། དེ་ནི་ཡུལ་གང་རུང་ཞིག་ལ་རྙེད་དུ་ཡོད་པའི་ཚུལ་དུ་གྲུབ་པ་ཞིག་མེད། 

གཟུགས་ཀྱི་ཕུང་པོ།

ང་ཚོའི་མྱོང་བའི་སྐད་ཅིག་རེ་རེ་ལ་དེའི་ཆ་ཤས་སུ་གཟུགས་ཀྱི་ཕུང་པོ་གཅིག་གམ་གཅིག་ལས་མང་བ་ཡོད། དེ་དག་ནི་གཟུགས་ཀྱི་ཕུང་པོའི་སྡེ་ཚན་བཅུ་གཅིག་གི་ནང་དུ་བསྡུ་བ་ཡིན་ཏེ། 

ཡུལ་ལྔ་ནི།

  1. གཟུགས།
  2. སྒྲ།
  3. དྲི།
  4. རོ།
  5. རེག་བྱ་བཅས་ལྔའོ།།

དབང་པོ་གཟུགས་ཅན་ལྔ་ནི།

  1. མིག་གི་དབང་པོ་ (གཟུགས་འཛིན་པའི་མིག་གི་སྐྱེ་ལྡན་ཕྲ་ཕུང་།)
  2. རྣ་བའི་དབང་པོ་ (སྒྲ་འཛིན་པའི་རྣ་བའི་སྐྱེ་ལྡན་ཕྲ་ཕུང་།) 
  3. སྣའི་དབང་པོ་ (དྲི་འཛིན་པའི་སྣའི་སྐྱེ་ལྡན་ཕྲ་ཕུང་།) 
  4. ལྕེའི་དབང་པོ་ (རོ་འཛིན་པའི་ལྕེའི་སྐྱེ་ལྡན་ཕྲ་ཕུང་།) 
  5. ལུས་ཀྱི་དབང་པོ་ (རེག་བྱ་འཛིན་པའི་ལུས་ཀྱི་སྐྱེ་ལྡན་ཕྲ་ཕུང་།)

སྡེ་ཚན་བཅུ་གཅིག་པ་དེ་ནི་ཡིད་ཀྱི་ཤེས་པ་ཁོ་ནས་རྟོགས་རུང་བའི་གཟུགས་ཀྱི་ཕུང་པོ་ཡིན། ཐུན་མིན་གྱི་ཆ་ནས་བཤད་ན། དེ་དག་ནི། 

  1. གཟུགས་ཀྱི་ཕུང་པོ་ནི། ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་ཡིན་པ་ཁོ་ནའི་ཁྲོད་དུ་ཚུད་ཡོད། དེ་དག་གི་ནང་ང་ཚོའི་དབང་པོ་གཟུགས་ཅན་པ་རྣམས་ལ་མི་མངོན་པའི་གཟུགས་ཀྱི་ཕུང་པོ་རྣམས་ཡོད་པ་སྟེ། དཔེར་ན། ང་ཚོས་རྨི་ལམ་ནང་མྱོང་བའི་སྣང་བརྙན་དང་སྒྲ་སྐད་ལྟ་བུ་རེད། ཕུང་པོ་འདིའི་དེའི་སྔོན་གྱི་གྲུབ་ཆ་བཅུའི་ནང་དུ་ཕྱིའི་སྐྱེ་མཆེད་ལྔ་དང་ནང་གི་སྐྱེ་མཆེད་ལྔ་ཡོད། དཔེར་ན། གཟུགས་ཀྱི་སྐྱེ་མཆེད་དང་མིག་གི་སྐྱེ་མཆེད་ལ་སོགས་པ་ལྟ་བུ་རེད།

གོ་བ་ཡངས་པའི་དབང་དུ་བྱས་ན། ཐ་ན་རྨི་ལམ་མི་གཏོང་བར་གཉིད་མཐུག་པོའི་ནང་ཡོད་སྐབས་སུའང་། ང་ཚོར་ད་དུང་ཡང་གཉིད་ཉམས་སུ་མྱོང་བའི་གཞི་རྟེན་དུ་ལུས་པོ་ཞིག་ཡོད་པ་རེད། དེར་བརྟེན་ང་ཚོའི་གཉིད་ཀྱི་སྐད་ཅིག་རེ་རེ་ལ་གཟུགས་ཀྱི་ཕུང་པོ་ཞིག་ཡོད། 

ཚོར་བའི་ཕུང་པོ།

ཚོར་བ་ལ་ཨིན་སྐད་ནང་ (feeling) ཞེས་བསྒྱུར་ཡོད་པ་དང་དེ་ནི་དོན་དག་ཧ་ཅང་མང་པོ་ལ་གོ་བ་ཡིན། དེའི་ནང་དུ་བདེ་སྡུག་གི་རིམ་པའི་ཚོར་བ་དང་། རེག་བྱའི་ཚོར་བ་སྟེ། དཔེར་ན། འཇམ་རྩུབ་ལྟ་བུ་དང་ཚ་བ་དང་གྲང་བ། བདེ་བ་དང་གདུང་བ། ཡང་ན་གཡོ་འགུལ་ལྟ་བུ་རེད། ཚོར་བ་ (feeling)ཟེར་བ་དེ་ཁོང་ཁྲོ་བ་དང་མངོན་འདོད་ཀྱི་ཚོར་བ་སྟེ། སང་ཉིན་ཆར་བ་འབབ་རྒྱུ་ཡིན་པའི་ཚོར་བ་ལྟ་བུ་སེམས་ཚོར་ (emotions) ལའང་གོ་ཆོག ད་དུང་ཚོར་བ་ཟེར་བ་དེ་མཛེས་ཉམས་ཀྱི་ཚོར་བ་ལའང་གོ་ཆོག དཔེར་ན། སྒྱུ་རྩལ་གྱི་ཚོར་བའམ་ཡང་ན་སེམས་ལ་གནོད་པ་ལྟ་བུ་སེམས་ཚོར་དང་འབྲེལ་བའི་ཚོར་བ་ལྟ་བུ་རེད།

ཚོར་བའི་ཕུང་པོའི་ནང་། གྲངས་འདྲེན་འདིའི་ནང་གི་ཚོར་བའི་རིགས་དང་པོ་ཁོ་ན་འཚུད་ཀྱི་ཡོད། དབང་ཤེས་དང་ཡིད་ཤེས་གང་ཡིན་མིན་ལ་མ་ལྟོས་པར། ང་ཚོའི་མྱོང་བའི་སྐད་ཅིག་རེ་རེ་ལ་དེའི་གྲུབ་ཆའི་ནང་གི་གཅིག་ལྟ་བུ་བདེ་ཚོར་གྱི་རིམ་པའི་རྒྱ་ཁྱོན་གྱི་སྟེང་དུ་མཐའ་གཅིག་ཏུ་བདེ་བ་ནས་བཏང་སྙོམས་དང་དེ་ནས་སྡུག་བསྔལ་གྱི་བར་དུ་ཡོད། 

འདུ་ཤེས་ཀྱི་ཕུང་པོ།

ད་དུང་ང་ཚོའི་སྐད་ཅིག་རེ་རེ་ལ་འདུ་ཤེས་ཀྱི་ཕུང་པོ་ནས་ཆ་རྐྱེན་ཞིག་ཀྱང་ཡོད། འདུ་ཤེས་ནི་སེམས་བྱུང་ཞིག་ཡིན་པ་དང་དེ་ནི་ཆོས་གང་ཞིག་གི་དབང་ཤེས་དང་ཡིད་ཤེས་ཀྱི་ཆ་ཤས་ཡིན། དེས་རང་ཡུལ་ལ་རང་སྟོབས་ཀྱིས་མཚན་མར་འཛིན་པའམ། ཡང་ན་གང་དམིགས་པའི་ཡུལ་མིན་པ་ལས་གང་དམིགས་པའི་ཡུལ་ཡིན་པའི་དམིགས་བསལ་ཁྱད་ཆོས་ལ་ཁྱད་པར་འབྱེད་ཀྱི་ཡོད། དཔེར་ན། མི་ཞིག་གི་གདོང་པ་མཐོང་བ་ལ་བརྟེན་ནས་མི་དེའི་གདོང་པ་དེ་གདོང་པ་མིན་པའི་ཆོས་གཞན་ཚང་མའི་དབྱིབས་དང་ཁ་དོག་ལས་ཁྱད་པར་འབྱེད་པའམ་འདུ་ཤེས་ཀྱི་ཡོད། ཕྱོགས་གཞན་ཞིག་ནས་སྐད་ཅིག་དེའི་ནང་མིག་ཤེས་ཀྱི་མཐོང་བྱར་འགྱུར་བའི་ཡུལ་གྱི་ནང་དུ་ཆོས་གཞན་གང་མཐོང་བ་ལས་ཁྱད་པར་འབྱེད་ཀྱི་ཡོད། 

དེ་ལ་ངོས་འཛིན་པའམ་ཨིན་སྐད་ནང་ (recognition) ཞེས་བསྒྱུར་བ་དེ་ནི་སེམས་བྱུང་འདི་ལྟ་བུ་ལ་ཏག་ཏག་ཅིག་ཆགས་ཀྱི་མེད། ངོས་འཛིན་པ་ནི་ང་ཚོས་ད་ལྟ་གང་ཉམས་སུ་མྱོང་བཞིན་པ་དང་འདྲ་བ་ཞིག་སྔོན་ནས་མྱངས་ཟིན་པ་ཞིག་ལ་གོ་བ་ཡིན་པས། མྱོང་བའི་ཡུལ་གཉིས་པོ་བསྡུར་ནས་དེ་གཉིས་མཉམ་དུ་སྡེ་ཚན་གཅིག་པའི་ཁོངས་སུ་གཏོགས་པ་ལྟར་རྟོགས་ཀྱི་ཡོད། དེར་བརྟེན་ངོས་འཛིན་པའི་རྒྱུད་རིམ་གྱི་ནང་ཁྱད་པར་འབྱེད་པ་དང་འདུ་ཤེས་པ་དེ་ཡོད་ནའང་། དེའི་ནང་ད་དུང་མཉམ་ཉིད་ཀྱི་ཡེ་ཤེས་དེའང་ཡོད་པས། དེ་ནི་ཕུང་པོའི་གྲུབ་ཆ་ཞིག་མིན།

འདུ་བྱེད་ཀྱི་ཕུང་པོ།

འདུ་བྱེད་ཀྱི་ཕུང་པོའི་ནང་འདུ་བྱེད་པའི་འགྱུར་ལྡོག་གི་ཆོས་ཅན་ཚང་མ་ཡོད་པ་དང་དེ་དག་ནི་ཕུང་པོ་གཞན་བཞིའི་ནང་མེད། འདུ་བྱེད་འགའ་ཞིག་ནི་ལྡན་པའི་འདུ་བྱེད་ཡིན་པ་དང་དེ་དང་མཉམ་དུ་མྱོང་བའི་རྣམ་པར་ཤེས་པ་ཡོད་པ་སྟེ། དཔེར་ན། དགེ་བ་དང་མི་དགེ་བའི་སེམས་ཚོར་དང་། རིག་པ་རྩེ་སྒྲིམ། དོ་དབྱིངས་ལྟ་བུ་རེད། གཞན་རྣམས་ནི་གོམས་གཤིས་ལྟ་བུ་ལྡན་མིན་འདུ་བྱེད་ཡིན་པ་རེད། ལྡན་པའི་འདུ་བྱེད་ཅེས་པ་ནི་མཚུངས་ལྡན་རྣམ་པ་ལྔ་ཐུན་མོང་དུ་མཉམ་སྤྱོད་བྱེད་པའི་དོན་ཏེ། དཔེར་ན། དམིགས་པའི་ཡུལ་གཅིག་པ་ལྟ་བུ་རེད། མྱོང་བའི་སྐད་ཅིག་རེ་རེའི་ནང་ཕུང་པོ་འདི་ནས་ཆོས་མང་པོ་དང་ལྡན་ཡོད། 

རྣམ་པར་ཤེས་པའི་ཕུང་པོ།

རྣམ་པར་ཤེས་པའི་ཕུང་པོའི་ཁོངས་སུ་རྣམ་ཤེས་དྲུག་གཏོགས་ཀྱི་ཡོད། དེ་དག་ནི། 

  1. མིག་གི་རྣམ་པར་ཤེས་པ། 
  2. རྣ་བའི་རྣམ་པར་ཤེས་པ།
  3. སྣའི་རྣམ་པར་ཤེས་པ།
  4. ལྕེའི་རྣམ་པར་ཤེས་པ།
  5. ལུས་ཀྱི་རྣམ་པར་ཤེས་པ།
  6. ཡིད་ཀྱི་རྣམ་པར་ཤེས་པ་བཅས་སོ།།

ནུབ་ཕྱོགས་ཀྱི་ཤེས་པའི་བསམ་བློའི་རྣམ་གཞག་ཕལ་ཆེ་བས་རྣམ་པར་ཤེས་པ་ནི་ཤེས་པའི་ཡུལ་གྱི་སྡེ་ཚན་ཡོངས་སུ་རྫོགས་པ་རྟོགས་པའི་ཆ་རྐྱེན་གཅིག་ཁོ་ན་ལྟ་བུར་གོ་བསྡུར་བྱེད་ཀྱི་ཡོད། དེ་ཡང་གཟུགས་སྒྲ་དྲི་རོ་རེག་བྱ་དང་བསམ་བློ་གཏོང་བའི་སྐབས་ལྟ་བུ་ཡིད་ཀྱི་ཡུལ་ཁོ་ན་ལྟ་བུ་རེད། དེ་ལས་ལྡོག་སྟེ། ཕུང་པོའི་ལྔའི་རྣམ་གཞག་གིས་དེ་ཤར་བར་དབང་ཤེས་དང་བསྟུན་ནས་རྣམ་ཤེས་མི་འདྲ་བ་སྣ་ཚོགས་པ་ངེས་བཤད་བྱེད་ཀྱི་ཡོད།

རྣམ་ཤེས་ཀྱིས་ཆོས་གང་ཞིག་གི་ངོ་བོའམ་རིགས་ཁོ་ན་རྟོགས་ཀྱི་ཡོད། དཔེར་ན། མིག་གི་རྣམ་པར་ཤེས་པས་གཟུགས་ཁོ་ན་མཐོང་བ་ལྟ་བུ་རེད།།

Top